ཉེ་ཆར་ཁོ་བོས་ཧི་མ་ལ་ཡའི་རིག་མཛོད་ཁང་ནས་དབའ་བཞེད་སྐོར་ལ་ཞུ་དག་ཞིབ་མོའི་ལུགས་སུ་བྱས་པ་ཡིན་ལ།  ཞུ་དག་བྱ་ཞོར་དུ་འོག་གི་ཞུས་ཟིན་འདི་ཉིད་བཀོད་པ་ཡིན།

སྤྱིར་དབའ་བཞེད་ཀྱི་སྐོར་ལ་བདེ་སྐྱིད་ཀྱིས་རྩོམ་སྒྲིག་བགྱིས་ཤིང་སྤྱི་ལོ་2009ལོར་དཔར་བའི་《སྦ་བཞེད་ཕྱོགས་བསྒྲིགས་》ཞེས་པའི་ནང་དུ་སྦ་བཞེད་ཞབས་བཏགས་མ་རིགས་གཉིས་དང་།  སྦ་བཞེད།  དབའ་བཞེད་བཅས་གཞུང་བཞི་བཀོད་འདུག 

ཡང་ལོངས་ཁང་ཕུན་ཚོགས་རྡོ་རྗེས་རྩོམ་སྒྲིག་བགྱིས་ཤིང་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་2010ལོར་དཔར་བའི་《དབའ་བཞེད་བཞུགས་སོ་》ཞེས་པའི་ནང་དུ་དབའ་བཞེད་དང་། སྦ་བཞེད།  སྦ་བཞེད་ཞབས་བཏགས་མ་དང་།  རྦ་བཞེད་བཅས་གཞུང་བཞི་བཀོད་འདུག་ལ།  ཕྱི་མ་འདི་ནི་སྦ་བཞེད་ཀྱི་ལྡེབ་ལྔ་དྲུག་གི་འཕྲོར་དབུས་པ་བློ་གསལ་གྱི་སློབ་མ་ཞིག་གི་བརྩམས་པར་སྙམ་པའི་རྒྱལ་རབས་ཆོས་འབྱུང་མགོ་མི་ཚང་བ་ཞིག་གཞུང་གཅིག་གི་ཚུལ་དུ་བཀོད་འདུག་པ་ནི་རྩོམ་སྒྲིག་པས་ཞིབ་ཆ་མ་ཕྱེད་པ་ཞིག་ཏུ་འདུག  །

དེ་ལྟར་དབའ་བཞེད་སྐོར་འདི་ལ་སྔོན་གྱི་དཔེ་བཤུ་བྱེད་མཁན་སོ་སོའི་དཔེ་རྒྱུན་ལས་དཔེ་རིགས་མི་འདྲ་བ་མང་དུ་བྱུང་ཡོད་ཅིང་།  དེ་དག་ཀྱང་རྩ་བའི་ཆ་ནས་རིགས་བསྡུ་བྱས་ན་གཞུང་གསུམ་དུ་ངེས་ཏེ།  དེ་ནི་དབའ་བཞེད་དང་།  སྦ་བཞེད།   སྦ་བཞེད་ཞབས་བཏགས་མ་གསུམ་ཡིན།

དབའ་བཞེད་དང་།  སྦ་བཞེད།   སྦ་བཞེད་ཞབས་བཏགས་མ་འདི་གསུམ་པོ་ཡང་སྔ་མ་སྔ་མའི་རྨང་གཞིའི་སྟེང་ནས་ཕྱི་མ་ཕྱི་མ་གྲུབ་པ་ཞིག་གི་ཚུལ་དུ་སྣང་བ་སྟེ།   སྔ་མ་སྔ་མའི་ཚིག་དོན་ཕལ་མོ་ཆེ་བ་ཕྱི་མ་རུ་སྣང་ཞིང་།   སྔ་མར་མི་གསལ་བའི་གཏམ་རྒྱུད་དང་ནང་དོན་ཕྱི་མ་རུ་འཁོད་པའི་ཚུལ་ནི་འོག་ཏུ་གསལ་བའོ།  །

དབའ་བཞེད་ནི་སྦ་བཞེད་དང་།  སྦ་བཞེད་ཞབས་བཏགས་མ་གཉིས་དང་བསྡུར་ན་ཚིག་དོན་གང་ཐད་ནས་མདོར་བསྡུས་པ་ཞིག་ཡིན་མོད།  འོན་ཏེ་དེ་གཉིས་ལས་ཀྱང་ཁུངས་བཙུན་པ་དང་ནོར་འཁྲུལ་ཉུང་བ་ཞིག་ཡིན་པ་དང་།  གཞུང་ཕྱི་མ་གཉིས་ལ་གཏམ་རྒྱུད་མང་ཞིང་ནང་དོན་ཐད་ནོར་འཁྲུལ་ཆེ་བ་ཞིག་ཡིན་པའང་འོག་གི་གཤིབ་བསྡུར་ལས་ཤེས་ཐུབ།

ལོ་རྒྱུས་ཞིབ་འཇུག་པ་པ་ཚབ་པ་སངས་དབང་འདུས་ཀྱིས་དབའ་བཞེད་ཀྱི་ཤོག་ཛར་ཞིག་ཏུན་ཧོང་ཡིག་རྙིང་ཁྲོད་ནས་ཀྱང་བྱུང་བར་བཤད་པས།   དེ་ལྟ་ན་དབའ་བཞེད་ཀྱི་ཐོག་མའི་གཞི་ནི་བོད་བཙན་པོའི་དུས་སྐབས་ཀྱི་ཡིག་ཚང་ཞིག་ཡིན་པ་རྗེས་སུ་དཔག་ཆོག་པ་ཞིག་རེད།

དབའ་བཞེད་འདི་སྦ་བཞེད་འབྲིང་བ་ཡིན་པ་དང་།  སྦ་བཞེད་འདི་སྦ་བཞེད་ཆེ་བ་ཡིན་ཚུལ་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་གསལ་བས།  དབའ་བཞེད་ལས་ཀྱང་ཚིག་དོན་བསྡུས་པ་ཞིག་ཡོད་སྣང་སྟེ་ད་བར་མཐོང་ལམ་དུ་མི་མངོན། གཅིག་བྱས་ན་བསམ་ཡས་ཀྱི་མནའ་གཙིགས་ལས།  སངས་རྒྱས་ཀྱི་ཆོས་བོད་ཡུལ་དུ་སྔ་ཕྱིར་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་གཅིག་ཀྱང་ཟླ་ལ་བཞག་གོ །ཞེས་པའི་བཀའ་མཆིད་དེ་ཡིན་སྲིད་པར་མ་ཟད། དབའ་བཞེད་ཀྱི་མིང་ངོ་མ་ཡང་གཞུང་དངོས་ལས་སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟ་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་ཞེས་འབྱུང་ལ།  འདིས་ནི་གཞུང་འདི་ཡང་བཀའ་མཆིད་དངོས་ཀྱི་རྨང་གཞིའི་སྟེང་དུ་ དུས་ཕྱིས་དབའ་ཡི་རུས་རྒྱུད་ལ་དགའ་བའི་མི་སྣ་ཞིག་གིས་དབའ་གསལ་སྣང་མི་སྣ་གཙོར་བོར་བྱས་པའི་གཏམ་རྒྱུད་གསར་བསྣན་གྱིས་བྲིས་ཏེ། དབའ་བཞེད་ཅེས་མིང་གསར་དུ་བཏགས་པར་ཡང་ཚོད་དཔག་བྱ་ཆོག་པ་ཞིག་ཏུ་སྣང་།

ཡང་སྦ་བཞེད་ལ་གཙང་མ་དང་ལྷད་ཅན་གཉིས་སུ་ཕྱེ་བའི་སྦ་བཞེད་གཙང་མ་ནི་ཕྱིས་ཀྱི་འདོད་ཚུལ་དེ་ཙམ་མ་བསྲེས་པ་དང་།  སྦ་བཞེད་ལྷད་ཅན་ནི་ཕྱིས་ཀྱི་མཁས་པའི་འདོད་ཚུལ་བར་བར་དུ་བསྲེས་པ་སྟེ།  དཔེར་ན་སྦ་བཞེད་ཀྱི་དཔེ་ཁ་ཅིག་ལས།   ཏོན་ཙེན་གྱི་རྩོད་ཚུལ་ཐད་ནས།  ཡང་ལུགས་གཅིག་ལ་ཞེས་དང་།  ཕྱིས་དགེ་བའི་བཤེས་གཉེན་མཁས་པ་རྣམས་ན་རེ།  ཞེས་སོགས་ནི་སྦ་བཞེད་ཁུངས་དག་ལ་མེད་ཅིང་ལྷད་བཅུག་པར་མཁས་པའི་དགའ་སྟོན་ལས་འབྱུང་།

གང་ལྟར་སྦ་བཞེད་རྒྱས་པ་ནི་དབའ་བཞེད་ལ་གཏམ་རྒྱུད་དུ་མ་ཞིག་ཁ་སྣོན་བྱས་ཏེ་བརྩམས་པ་ཞིག་སྟེ།   དཔེར་ན་ཁྲི་སྲོང་རྒྱ་བཟའ་ལས་འཁྲུང་ཚུལ་གྱི་གཏམ་རྒྱུད་དང་། མགོས་བློན་གྱིས་གཡོ་ཐབས་སྒོ་ནས་མ་ཞང་གསོན་པོར་དུར་ཁང་དུ་མནན་ཚུལ་གྱི་གཏམ་རྒྱུད།  མཆོད་རྟེན་དཀར་པོའི་ནང་རྫོངས་ཆེད་དུ་རྒྱ་གར་ལ་དམག་ཆེན་དྲངས་ཏེ་རིང་བསྲེལ་བླངས་ཚུལ་གྱི་གཏམ་རྒྱུད་སོགས་དབའ་བཞེད་ལ་མེད་ཅིང་སྦ་བཞེད་ན་ཡོད་པའོ།  །

སྦ་བཞེད་ཞབས་བཏགས་མ་ནི་སྦ་བཞེད་ཆེ་བ་དེ་ལ་མུ་ནེ་བཙན་པོ་ནས་ཇོ་བོ་རྗེའི་བར་གྱི་ལོ་རྒྱུས་ཞབས་སུ་བཏགས་ནས་བཀོད་པ་ཞིག་རེད།

དབའ་བཞེད་དང་།  སྦ་བཞེད།  སྦ་བཞེད་ཞབས་བཏགས་མ་གསུམ་གར་ཡང་གཞུང་གཅིག་ལ་དཔེ་རྒྱུན་མང་དུ་འཕེལ་ཞིང་། དེ་དག་ལ་མཆན་ཡོད་མེད་དང་།  མཆན་རྒྱས་བསྡུས་ཀྱི་ཁྱད་པར་ཕྲན་བུ་རེ་ཡོད་སྣང་ལ། དེའི་དབང་གིས་དཔེ་ཕན་ཚུན་བསྡུར་ན་ཚིག་སྣ་ཅུང་ཟད་རེ་མི་འདྲ་བའི་ཁྱད་པར་ཡང་བྱུང་སྣང་ཞིང་རྩ་བའི་གཞུང་གཅིག་ཡིན་པའང་གསལ་བོ་རེད་འདུག །

སྦ་བཞེད་ཀྱི་མཇུག་བྱང་ལས།   བསམ་ཡས་བཞེངས་པའི་གཏམ་རྒྱུད་འདི་ལས་ཞིབ་པ་མེད། ཅེས་གསུངས་པ་ལྟར་ཡིག་ཚང་འདི་གསུམ་ནི་བསམ་ཡས་གཙུག་ལག་ཁང་གི་ལོ་རྒྱུས་ཀྱི་དཔྱད་གཞི་རིན་ཐང་བྲལ་བ་ཞིག་ཡིན་ལ།  བསྟན་པ་ཕྱི་དར་དུས་ཀྱི་ལོ་རྒྱུས་སྨྲ་བ་མཐའ་དག་གིས་འདི་ཉིད་ཁོ་ནར་བརྟེན་ནས་བསམ་ཡས་ཀྱི་ལོ་རྒྱུས་འབྲི་གི་ཡོད་པ་རྒྱལ་རབས་དང་ཆོས་འབྱུང་རྣམས་ལ་བལྟས་པས་ཤེས་ཤིང་།  རྒྱལ་རབས་གསལ་མེ་ལས་ཀྱང་།  རྒྱས་པར་འདོད་ན་བསམ་ཡས་ཀྱི་བཀའ་གཙིགས་ཆེན་མོ་ལ་གཟིགས་ཤིག  །ཅེས་པའི་བཀའ་གཙིགས་ཆེན་མོ་ཡང་སྦ་བཞེད་འདི་ཉིད་ཡིན་ནོ།  །

འདིར་དབའ་བཞེད་དང་།  སྦ་བཞེད་བར་ཁྱད་པར་གང་ཡོད་ངེས་པའི་དོན་དུ་གཞུང་གཉིས་གཤིབ་བསྡུར་གྱིས་གསལ་བར་འགོད་པར་བྱའོ།  །

༡ དབའ་བཞེད་ལས།  ཁྲི་སྲོང་རྒྱ་ཚ་ཡིན་ཚུལ་མི་འབྱུང་ཞིང་འཁྲུངས་ཡུམ་དང་འཁྲུངས་ལོ་ཡང་མི་གསལ།  དགུང་ལོ་བཅུ་གསུམ་པར་རྒྱལ་སྲིད་བཟུང་བ་དང་། དུས་མཚུངས་སུ་སྣ་ནམ་ཞང་གིས་ཆོས་འགོག་གི་ཁྲིམས་བུ་ཆུང་བཅས་ཤིང་ཐང་ལ་འབར་ལ་བཀྱོན་ཕབ་པ་དང་། གསལ་སྣང་གིས་མཁན་པོ་མང་ཡུལ་དུ་དྲངས་ནས་བླ་མར་བཀུར།  ཡེ་ཤེས་དབང་པོ་དབྱངས་སུ་བཏགས་པར་བཤད།   སང་ཤི་རྒྱ་ཕྲུག་ཡིན་སྐོར་གྱི་གཏམ་རྒྱུད་མི་གསལ།   

གོང་གི་དོན་ཚན་དེར་ཏུན་ཧོང་གི་ཡིག་ཚང་དང་འགལ་བའི་ཚིག་དོན་གྱི་ཆ་གང་ཡང་མི་མངོན་ཞིང་། དགུང་ལོ་བཅུ་པར་རྒྱལ་སྲིད་བཟུང་བ་དེ་ཏུན་ཧོང་ཡིག་ཚང་དང་མཐུན།  སྐབས་དེར་ཞང་བློན་གྱིས་ཆོས་ལུགས་འགོག་པའི་ཁྲིམས་བཅས་པའང་བསམ་ཡས་ཀྱི་མནའ་གཙིགས་དང་མཐུན་ནོ།  །

༢ སྦ་བཞེད་ལས།  ཁྲི་སྲོང་རྒྱ་བཟའ་ལས་ཡོས་ཀྱི་ལོར་འཁྲུངས་ཚུལ་ཞིབ་པར་འབྱུང་ཞིང་། དགུང་ལོ་བཞི་པར་ཡབ་རྒྱལ་པོས་རྒྱ་གར་ནག་ཏུ་ཆོས་ཕྱིར་ཕོ་ཉ་བ་བཏང་བ་དང་།   དུས་མཚུངས་སུ་ཡབ་རྒྱལ་པོ་གྲོངས།  ཁྲི་སྲོང་རང་ལོ་བརྒྱད་པར་རྒྱལ་སྲིད་བཟུང་བ་དང་སྣ་ནམ་མང་ཞང་གིས་ཆོས་འགོག་གི་ཁྲིམས་བུ་ཆུང་བཅས་ཤིང་ཆོས་བློན་ལང་འབལ་གཉིས་ལ་བཀྱོན་ཕབ་པར་བཤད།  གསལ་སྣང་གིས་མཁན་པོ་མང་ཡུལ་དུ་དྲངས་ནས་བླ་མར་བཀུར།  ཡེ་ཤེས་དབང་པོ་དབྱངས་སུ་བཏགས།  མཁན་པོས་རྒྱ་རབས་དགུ་ལ་སྒུག་པ་དང་བོད་དུ་ཆོས་ཚུགས་པའི་ལུང་བསྟན་གནང་།  རྒྱ་ཕྲུག་སང་ཤི་རྒྱ་ཡུལ་སོང་བར་ཡང་ཧྭ་ཤང་གིས་བཙན་པོ་སྐུ་གཤེགས་པ།  བོད་ནི་མཁན་པོས་གདུལ་སྐལ་ཡིན་པ།  གླེགས་བམ་གསུམ་བསྐུར་ནས་ཁྲི་སྲོང་ནར་སོན་ཚེ་འབུལ་ཚུལ།  སང་ཤི་བོད་དུ་འཁོར་ནས་ཆོས་དཔེ་རྫ་ལ་སྦས་ཚུལ་སོགས་གསལ།

གོང་གི་དོན་ཚན་ནང་གི་ཁྲི་སྲོང་རྒྱ་ཚ་ཡིན་པ་དང་།  འཁྲུངས་ལོ་ཡོས་ལོ་ཡིན་པ།  དགུང་ལོ་བཞི་པར་ཡབ་བཙན་པོ་མེས་ཨག་ཚོམ་འདས་པ།  ལོ་བརྒྱད་པར་སྲིད་བཟུང་བ།   མ་ཞང་གིས་ཆོས་བློན་ལང་འབལ་གཉིས་ལ་ཆོས་ཀྱི་དབང་གིས་བཀྱོན་ཕབ་པ་བཅས་ནི་ཏུན་ཧོང་ཡིག་ཚང་དང་ཞོལ་རྡོ་རིང་གཉིས་དང་དངོས་སུ་འགལ་བ་སྟེ།   གཏེར་ཡིག་ལས།  ཁྲི་སྲོང་མཆིམས་བཟའ་མང་མོ་རྒྱན་གྱི་སྲས་ཡིན་པ་དང་།  འཁྲུངས་ལོ་རྟ་ལོ་ཡིན་པ།  དགུང་ལོ་བཅུ་གསུམ་པར་ཡབ་མེས་ཨག་ཚོམ་འདས་པ།  ལོ་བཅུ་གསུམ་པར་སྲིད་བཟུང་བ།   ལང་འབལ་གཉིས་ཀྱིས་བློ་ལོག་གིས་ཡབ་མེས་ཨག་ཚོམ་བཀྲོང་པའི་དབང་གིས་བཀྱོན་ཕབ་ཚུལ་བཅས་ཤིན་ཏུ་གསལ་ཞིང་འཐད་པའོ།  །

༡ དབའ་བཞེད་ལས། ཅོག་རོ་སྐྱེས་བཟང་རྒྱལ་ཀོང་ཤི་བ་དང་།  མ་ཞང་སྐུ་གླུད་ཚུལ་དུ་གསོན་པོར་དུར་ཁུང་དུ་བཅུག་པ་ལས།   བརྒྱུད་རིམ་མི་གསལ།   མ་ཞང་གསོན་དུར་དུ་བཅུག་རྗེས་མཁན་པོ་གདན་དང་པོ་དྲངས་ཤིང་ལོ་ཕྱེད་རིང་ཆོས་གསུངས་པ་དང་དེ་ནས་ལྟས་ངན་བྱུང་བར་བརྟེན་མཁན་པོ་ཕྱིར་ཕེབས་དགོས་བྱུང་ཚུལ་དང་བཙན་པོས་ཐབས་ཀྱིས་མོལ་ནས་སླར་ཡང་སྤྱན་འདྲེན་པར་ཁ་མཆམས་ཚུལ་འཁོད།  

ཏུན་ཧོང་གཏེར་ཡིག་ལས་ཀྱང་།  སྤྱི་ལོ་758ཁྱི་ཡི་ལོ་ལ་བློན་སྐྱེས་བཟང་རྒྱལ་ཀོང་བློན་ཆེའི་འོག་དཔོན་འཚལ་འཚལ་བ་ལས་གུམ།  ཞེས་གསལ།  

༢ སྦ་བཞེད་ལས།  མ་ཞང་སྐུ་གླུད་དུ་གསོན་པོར་དུར་ཁུངས་སུ་བཅུག་པའི་བརྒྱུད་རིམ་གྱི་གཏམ་རྒྱུད་རྒྱས་པར་གསལ།  མ་ཞང་གསོན་དུར་དུ་བཅུག་རྗེས་མཁན་པོ་གདན་དང་པོ་དྲང་། ཟླ་བཞིའི་རིང་ཆོས་གསུངས་པ་དང་དེ་ནས་ལྟས་ངན་བྱུང་བར་བརྟེན་མཁན་པོ་ཕྱིར་ཕེབས་དགོས་བྱུང་ཚུལ་དང་མཁན་པོས་སླད་ནས་སློབ་དཔོན་ཡང་གདན་དྲང་དགོས་པར་གསུངས་ཤིང་བཙན་པོས་ཀྱང་ཐབས་ཀྱིས་མོལ་ནས་སླར་ཡང་སྤྱན་འདྲེན་པར་ཁ་མཆམས།  གསལ་སྣང་དང་སང་ཤི་གཉིས་རྒྱ་ཡུལ་དུ་ཕོ་ཉར་བཏང་ཚུལ་སོགས་སང་ཤི་རྒྱ་ཡུལ་སོང་ཚུལ་དང་མཐུན་པའི་གཏམ་རྒྱུད་འཁོད།

༡ དབའ་བཞེད་ལས།  མཁན་པོ་སླར་ཡང་དྲངས་ཤིང་།   མཁན་པོས་སློབ་དཔོན་དང་གཙུག་ལག་ཁང་གི་ལས་མཁན་དང་བཅས་བོད་དུ་བྱོན།  མཁན་པོ་དང་སློབ་དཔོན་གྱིས་ལྷ་རྟེན་ལ་ལྷ་ཕབ་ཏེ་ཡུལ་ལྷ་དམ་བཞག་གི་ཆོ་ག་ལན་གཅིག་བགྱིས་ཤིང་ལན་གཉིས་ལུས་པར་བཤད།  ཡུན་མི་རིང་བར་རྒྱལ་བློན་ཚོའི་བློ་དོགས་དབང་གིས་སློབ་དཔོན་ཕྱིར་རྒྱ་གར་དུ་ཕེབས་དགོས་བྱུང་བ་ལས་རྒྱལ་བློན་རྣམས་ལ་ཆོས་གསུང་ཚུལ་མི་གསལ།

༢ སྦ་བཞེད་ལས།  མཁན་པོ་སླར་ཡང་དྲངས་ཤིང་།  མཁན་པོས་སློབ་དཔོན་དང་གཙུག་ལག་ཁང་གི་ལས་མཁན་དང་བཅས་བོད་དུ་བྱོན།  མཁན་པོ་དང་སློབ་དཔོན་གྱིས་ལྷ་རྟེན་ལ་ལྷ་ཕབ་ཏེ་ཡུལ་ལྷ་དམ་བཞག་གི་ཆོ་ག་ལན་གཉིས་བགྱིས་ཤིང་ལན་གཅིག་ལུས་པར་བཤད།  ཡུན་མི་རིང་བར་རྒྱལ་བློན་ཚོའི་བློ་དོགས་དབང་གིས་སློབ་དཔོན་ཕྱིར་ཕེབས་དགོས་བྱུང་བ་དང་བྱོན་ཁར་རྗེ་འབངས་ཉེར་གཅིག་ལ་མན་ངག་ལྟ་འཕྲེང་དང་གསང་སྔགས་ཀྱི་དབང་དང་ཕུར་བུ་འབུམ་སྡེ་བཅས་གནང་བ་དང་དཔེ་མང་པོ་གཏེར་དུ་སྦས་རྗེས་སྲིན་ཡུལ་དུ་བྱོན་པར་གསལ། 

༡ དབའ་བཞེད་ལས།  ཕག་ལོར་བན་བོན་འགྲན་ནས་བོན་ཚར་བཅད་པ་དང་།  བོན་ཤིད་དང་དམར་ཆོག་བསྣུབས་པར་གསལ།

༢ སྦ་བཞེད་ལས།   ཕག་ལོར་བན་བོན་འགྲན་ནས་བོན་ཚར་བཅད་པ་དང་།  བོན་ཤིད་དང་དམར་ཆོག་བསྣུབས་ཤིང་བོན་དཔེ་རྣམས་ཆུ་ལ་སྐུར་བ་དང་མཆོད་རྟེན་གྱི་ཞབས་འོག་ཏུ་མནན་ཚུལ་གསལ།

༡ དབའ་བཞེད་ལས།   ཡོས་ལོར་བསམ་ཡས་ཀྱི་ས་ཆོག་མཛད་རྗེས་ཐོག་མར་ཨརྱ་པ་ལོ་གླིང་བཞེང་བ་དང་།  དེ་འཕྲལ་བསམ་ཡས་བཞེང་བར་གསུངས།  ཨོ་ཏན་ཏ་པུ་རིའི་གཏམ་རྒྱུད་མི་གསལ།

༢ སྦ་བཞེད་ལས།  ཡོས་ལོར་ཁྲི་སྲོང་རང་ལོ་བཅུ་གསུམ་པ་ཡིན་ཞིང་འགོས་ཀྱི་གྲོས་ཐབས་ལྟར་བསམ་ཡས་བཞེང་པའི་མགོ་ཚུགས་པ་དང་།  བོན་བློན་རྟ་ར་ཀླུ་གོང་བྱང་དུ་སྤྱུགས་ཚུལ་གསལ།  བསམ་ཡས་ཀྱི་དཔེ་ཨོ་ཏན་ཏ་པུ་རིའི་གཏམ་རྒྱུད་འཁོད།

གོང་གི་དོན་ཚན་ནང་གི་ཁྲི་སྲོང་རང་ལོ་བཅུ་གསུམ་པ་ཡོས་ལོར་བསམ་ཡས་བཞེང་མགོ་ཚུགས་པར་གསུངས་པ་བསམ་ཡས་ཀྱི་མནའ་གཙིགས་དང་འགལ་ཏེ།  མནའ་གཙིགས་ལྟར་ན་ཁྲི་སྲོང་གི་རང་ལོ་ཉི་ཤུ་བ་ན་ཆོས་ཀྱི་དགོངས་པ་སྐྱེས་ཏེ་ཆོས་འགོག་གི་ཁྲིམས་མེད་པར་བྱས།   དེ་ལྟར་ན་བསམ་ཡས་བཞེངས་པའི་ལོ་ནི་ཁྲི་སྲོང་གི་རང་ལོ་ཧྲིལ་བོ་ཉེར་གཅིག་པའི་ཡོས་ཀྱི་ལོ་ཡིན་པ་འཁྲུལ་བ་མེད་ངེས།

༡ དབའ་བཞེད་ལས།  བསམ་ཡས་བཞེངས་པ་དང་གླིང་གཞན་མཆོད་རྟེན་བཞི་བཞེང་ཚུལ་ཙམ་གསལ།   དེའི་མཆན་དུ་ལུག་ལོ་ལ་གྲུབ་ནས་མཁན་པོས་རབ་གནས་ལན་གསུམ་བྱས་པར་བཤད།

༢ སྦ་བཞེད་ལས།   བསམ་ཡས་ཀྱི་དབུ་རྩེ་རིམ་གསུམ་དང་།  གླིང་བཞི་གླིང་ཕྲན་བརྒྱད།  གནོད་སྦྱིན་བང་མཛོད་གཉིས།  མཆོད་རྟེན་ལྔ། མགོན་ཁང་བཞི་དང་བཅས་པའི་ཕྱི་ནང་གི་བཀོད་པ་ཞིབ་ཏུ་གསལ་ལ།  ལྕགས་རི་ཟུར་མར་མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱིས་སྤྲས་པ།  མཆོད་རྟེན་ནག་པོའི་ལག་དཔོན་ངན་ལམ་སྟག་ར་ཀླུ་གོང་གིས་བྱས་པ་དང་།   མཆོད་རྟེན་དཀར་པོའི་ནང་རྗོངས་ཆེད་དུ་རྒྱ་གར་དུ་དམག་ཆེན་དྲང་ཚུལ་དང་།   བཞེང་སྐྲུན་རྒྱ་ཆེན་པོ་དེ་ཡོས་ལོ་ནས་ཡོས་ལོའི་བར་ལོ་བཅུ་གཉིས་ཀྱིས་གྲུབ་པ་དང་།  མཁན་པོས་རབ་གནས་དང་པོ་གསུམ་མཛད་ཚུལ་དང་དགའ་སྟོན་བྱས་ཚུལ་སྐོར་ཞིབ་མོ་དང་།  སྤྱིར་རབ་གནས་ལན་བརྒྱད་བྱས་པར་གསལ།

༡ དབའ་བཞེད་ལས།  གཙུག་ལག་ཁང་ནི་བརྩིགས་ཞལ་མ་སྲོས་པའི་བར་སྐབས་སུ་དབའ་གསས་སྣང་རབ་ཏུ་བྱུང་བར་དབའ་ཡེ་ཤེས་དབྱངས་སུ་བཏགས་པ་དང་།  མཆིམས་ཤཀྱ་པྲ་བྷ།  པ་གོར་བཻ་རོ་ཙ་ན།  དབའ་རྨ་གཟིགས་ཀྱི་བུ།  ཞང་ལྷ་བུ།  སྣ་ནམ་བསེ་བཙན།  ཤུད་པོ་ཁོང་སླེབ་དྲུག་གིས་ལོ་ཙ་ལོབ་པ་དང་།  དྲུག་པོ་དེ་དང་དབའ་རྨ་གཟིགས་ཀྱི་བུ་རབ་ཏུ་བྱུང་བར་དབའ་རདྣ་ཞེས་ཐོགས་པར་གསལ།   དེའི་མཆན་དུ་སྐད་ལོབ་པ་དྲུག་པོ་སོགས་ཀྱིས་ཆོས་མང་དུ་བསྒྱུར་ཚུལ་བཤད།  

༢ སྦ་བཞེད་ལས།  བསམ་ཡས་བཞེང་གྲུབ་རྗེས་བདག་སྐྱོང་ཞན་པོར་གྱུར་པས་ནང་དུ་བྱི་བ་བརྒྱབ་པ་དང་། མཆོད་པ་ཆད་པ་སོགས་ཀྱི་གནས་ཚུལ་ལྷག་པས།  གཙུག་ལག་ཁང་གི་བདག་སྐྱོང་བའི་ཆེད་དུ་ཡོས་ཀྱི་ལོར་ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ་མཆིམས་ལེགས་གཟིགས་དང་། བེ་རོ་ཙ་ན་སོགས་ལ་སློབ་དཔོན་གྱིས་སྐད་བསླབས།  སྦ་ཁྲི་གཟིགས་རབ་ཏུ་བྱུང་ནས་སྦ་དཔལ་དབྱངས་བཏགས།  བཙན་པོས་རདྣ་ཞེས་བསྔགས་ཏེ་རབ་བྱུང་ལ་སྔ་བ་ཡིན།  དེ་ནས་གསལ་སྣང་སོགས་སད་མི་དྲུག་རབ་ཏུ་བྱུང་བཤད། 

ཡང་སྦ་བཞེད་གཞན་ཞིག་ལས།  ལུག་ལོའི་དཔྱིད་རའི་ཡར་ངོ་ལ་མཁན་པོས་ཡོད་སྨྲའི་དགེ་སློང་བཅུ་གཉིས་དང་བཅས་ཏེ་དབའ་རཏྣ།  སྦ་གསལ་སྣང་། འབའ་སངས་ཤི།  བཻ་རོ་ཙ་ན་སོགས་སད་མི་བདུན་རབ་ཏུ་བྱུང་བར་གསལ།

༡ དབའ་བཞེད་ལས།   ལུག་ལོའི་དགུན་འབྲིང་ལ་བསམ་ཡས་ཀྱི་ཞལ་བསྲོ་ཆེན་མོ་མཛད་ཚེ་བཙུན་མོ་ཁྲི་རྒྱལ་སོགས་མི་བརྒྱ་རབ་ཏུ་བྱུང་བའི་མཁན་པོ་དབའ་རཏྣས་མཛད།  མནའ་གཙིགས་མཛད།  བཀའ་གཙིགས་ཀྱི་རྡོ་རིང་བསླངས། དགེ་འདུན་གྱི་འཚོ་བ་ཁབ་སོ་ཆེན་མོ་ལས་སྦྱར།  གདུག་ཁྲིམས་མི་གཅོད་པ་སོགས་མཛད་པར་བཤད།  

བསམ་ཡས་ཀྱི་མནའ་གཙིགས་ལས།  ལུག་ལོ་དཔྱིད་རའི་ཚེས་བཅུ་བདུན་ལ་བསམ་ཡས་ཀྱི་རྟེན་བཙུགས་ཏེ་གཙིགས་ཡིག་བྲིས་པ་དང་།  སྐབས་དེར་མཆིམས་ཞང་རྒྱལ་གཟིགས་ཤུ་ཐེང་བློན་ཆེན་པོ་ཡིན་པར་གསལ་ལོ།  །

ཏུན་ཧོང་གཏེར་ཡིག་ལས་སྤྱི་ལོ་764ཤིང་འབྲུག་ཡར་སྔོན་ལ་དབའས་སྣང་བཞེར་ཟླ་བཙན་བློན་ཆེན་ཡིན་པ་དང་།  སྤྱི་ལོ་764ལོར་མགོས་ཁྲི་བཟང་ཡང་བློན་ཆེན་དུ་བསྐོས་པ།   རྒྱལ་གཟིགས་ཤུ་ཐེང་ལ་གཡུ་ཡིག་གནང་ནས་གོ་གནས་བསྟོད་པ་བཅས་ཧ་ཅང་གསལ་ལ།   སྐབས་དེ་ཡན་དུ་རྒྱལ་གཟིགས་ཤུ་ཐེང་བློན་ཆེན་ཡིན་པ་མི་གསལ་མོད།  སྤྱི་ལོ་767མེ་ལུག་ལོར་རྒྱལ་གཟིགས་ཤུ་ཐེང་བློན་ཆེན་པོ་ཡིན་ན་འགལ་བ་མི་སྣང་ངོ་།  །དེས་ན་གོང་གི་དབའ་བཞེད་དང་བསམ་ཡས་མནའ་གཙིགས་ནང་གི་ལུག་ལོ་དེ་སྤྱི་ལོ་767མེ་ལུག་ལོ་ཡིན།   འོན་ཏེ་ལོ་དེར་དབའ་རཏྣས་བཙུན་མོ་ཁྲི་རྒྱལ་སོགས་ཀྱི་རབ་བྱུང་གི་མཁན་པོ་བྱས་པར་གསུངས་དེ་དོགས་གཞི་ཅན་དུ་འདུག་སྟེ།  མཁན་པོ་ཞི་བ་འཚོ་བཞུགས་བཞིན་དབའ་ཡིས་མཁན་པོ་བྱེད་དོན་དེ་ཙམ་མེད་པ་དང་།  དབའ་རང་ཉིད་ཀྱང་བསྙེན་པར་རྫོགས་ནས་ལོ་བཅུ་འགོར་མེད་ངེས་པས་རབ་བྱུང་གི་མཁན་པོའི་མཚན་ཉིད་རྫོགས་དཀའ་བའོ།  །

༢ སྦ་བཞེད་ལས།   ལུག་ལོའི་དགུན་འབྲིང་ལ་བསམ་ཡས་ཀྱི་ཞལ་བསྲོ་ཆེན་མོ་མཛད་ཚེ་བཙུན་མོ་ཁྲི་རྒྱལ་སོགས་མི་སུམ་བརྒྱ་རབ་ཏུ་བྱུང་བའི་མཁན་པོ་དབའ་རཏྣས་མཛད།  དབུ་རྩེའི་བྱ་འདབ་དང་མཆོད་རྟེན་བཞི་ལྕགས་ཐག་གིས་སྦྲེལ།  མནའ་གཙིགས་མཛད།  བཀའ་གཙིགས་ཀྱི་རྡོ་རིང་བསླངས། དགེ་འདུན་པ་རྣམས་ཆབ་འོག་ནས་བཏོན་ཏེ་འཚོ་བ་ཁབ་སོ་ཆེན་མོ་ལས་སྦྱར།  གདུག་ཁྲིམས་མི་གཅོད་པ་སོགས་མཛད་པར་བཤད། ཡུམ་རྒྱས་པ་སོགས་རྒྱ་དཔེ་ཕལ་མོ་བསྒྱུར་བ་དང་།  མི་ཆོས་ཀྱི་གཏམ་དང་ཡིག་ཚང་རྒྱས་པར་མཛད་ཚུལ་གསལ།  

སྦ་བཞེད་གཞན་ཞིག་ལས།  ཞལ་བསྲོ་ཆེན་མོ་མཛད་ཚེ་བཙུན་མོ་ཁྲི་རྒྱལ་སོགས་མི་སུམ་བརྒྱ་རབ་ཏུ་བྱུང་བའི་མཁན་པོ་དབའ་རཏྣས་མཛད།  ཅེས་པའི་དུས་དེ་ལུག་ལོ་ཡིན་པ་མི་གསལ།  གལ་ཏེ་བཙུན་མོ་ཁྲི་རྒྱལ་སོགས་རབ་ཏུ་བྱུང་བའི་ལོ་འདི་བསམ་ཡས་རྟེན་འཛུགས་ཀྱི་མེ་ལུག་ལོ་མ་ཡིན་པར་མཁན་པོ་འདས་ཟིན་རྗེས་སམ། ཡང་ན་དབའ་ཡིས་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་སྐབས་ཤིག་ཡིན་ན་དབའ་ཡིས་མཁན་པོ་བྱས་པ་དེ་ཡང་མི་འགྲིག་པ་མེད་དོ།  །

༡ དབའ་བཞེད་ལས།  སློབ་དཔོན་འདས་ཚུལ་མི་གསལ།    ཡེ་ཤེས་དབང་པོ་རིང་ལུགས་སུ་བསྐོས།  དེར་ཞང་བློན་ཆེན་པོའི་གོང་གྲལ་ཕུལ།  ཆོས་ཀྱི་མདུན་ས་ཡང་འདུན་ས་ཆུང་ངུའི་གོང་དུ་བཀུར།  རིང་ལུགས་པ་དེས་གསོལ་བ་ལྟར་བཙན་པོས་དགེ་འདུན་པ་རེ་ལ་ཁྱིམ་བདུན་བདུན་ལྷ་རིས་སུ་བཅད་པར་ཡེ་ཤེས་དབང་པོས་དཀོན་མཆོག་ལ་ཁྱིམ་༢༠༠དང་དགེ་འདུན་རེ་ལ་ཁྱིམ་གསུམ་རེས་ཆོག་པར་མཛད་དེ་ལྷ་རིས་ལོགས་སུ་བཅད།  མྱང་བན་སོགས་མ་རངས་ནས་མི་སྙན་པར་བརྗོད་པར་བརྟེན་ཡེ་ཤེས་དབང་པོ་རི་ཁྲོད་ལ་བྱོན།  དབའ་དཔལ་དབྱངས་རིང་ལུགས་སུ་བསྐོས། བར་སྐབས་དེར་རྒྱ་ནག་པོའི་གཅིག་ཅར་བའི་ལྟ་བ་ཆེར་དར་བས།  རིམ་གྱིས་པ་མཁན་པོའི་རྗེས་འབྲང་བར་དུ་ལྟ་སྤྱོད་མི་མཐུན་པའི་རྩོད་པ་འཕེལ་ཚུལ་གསལ།  

༢ སྦ་བཞེད་ལས།  སློབ་དཔོན་བསམ་ཡས་ཀྱི་འོག་ཁང་དུ་རྟ་ཡི་འཕྲ་ཕོག་པས་ཡེ་ཤེས་དབང་པོ་ལ་ཞལ་ཆེམས་དང་བཅས་འདས།    ཡེ་ཤེས་དབང་པོ་རིང་ལུགས་སུ་བསྐོས་པ་སོགས་གོང་བཞིན།  བར་སྐབས་དེར་རྒྱ་ནག་པོའི་གཅིག་ཅར་བའི་ལྟ་བ་ཆེར་དར་བས།  རིམ་གྱིས་པ་མཁན་པོའི་རྗེས་འབྲང་བར་དུ་ལྟ་སྤྱོད་མི་མཐུན་པའི་རྩོད་པ་འཕེལ་ཚུལ་དང་།  ཏོན་མིན་དང་རྩེ་མིན་གྱི་སྒྲ་བཤད་མ་དག་པ་སོགས་བྱུང་།

༡ དབའ་བཞེད་ལས།  བཙན་པོས་ཡེ་ཤེས་དབང་པོ་བཀུག་ནས་ཐབས་དྲིས་པས།  ཡེ་ཤེས་དབང་པོའི་མཁན་པོའི་ཞལ་ཆེམས་ལྟར་ཀ་ཤི་གདན་དྲངས་ནས་ཏོན་ཙེན་རྩོད་པའི་གྲྭ་བཤམ།  ཀ་ཤི་དང་ཧྭ་ཤང་བར་བགྲོ་གླེང་གནང་རྗེས།   སངས་ཤིས་གཉིས་ཀ་འགལ་མེད་ཀྱི་ཚུལ་སྨྲས།  དབའ་དཔལ་དབྱངས་ཀྱིས་ཏོན་མིན་དགག་ནས་ཙེན་མིན་བསྒྲུབས།   ཙེན་མིན་པ་ཤགས་ལས་རྒྱལ་བ་ལྟར་བཙན་པོས་ཏོན་མིན་བཀག  ཆོས་བསྒྱུར།   འཆད་ཉན་དང་སྒོམ་སྒྲུབ་སྤེལ།  ཡུལ་དང་ཡུལ་དུ་ཡང་ཆོས་ཀྱི་སློབ་དཔོན་བསྐོས།  ཡེ་ཤེས་དབང་པོ་འདས།   བཙན་པོས་ཁོ་ཡང་ཚེ་རིང་དུ་མི་ཐུབ་གསུང་།  

༢ སྦ་བཞེད་ལས།  བཙན་པོས་ཡེ་ཤེས་དབང་པོ་བཀུག་ནས་ཐབས་དྲིས་པས།  ཡེ་ཤེས་དབང་པོའི་མཁན་པོའི་ཞལ་ཆེམས་ལྟར་ཀ་ཤི་གདན་དྲངས་ནས་ཏོན་ཙེན་རྩོད་པའི་གྲྭ་བཤམ།  ཀ་ཤི་དང་ཧྭ་ཤང་བར་བགྲོ་གླེང་གནང་རྗེས།   དཔལ་དབྱངས་ཀྱིས་གཉིས་ཀ་འགལ་མེད་ཀྱི་ཚུལ་སྨྲས།  དབའ་ཡེ་ཤེས་དབང་པོས་ཏོན་མིན་དགག་ནས་ཙེན་མིན་བསྒྲུབས།   ཙེན་མིན་པ་ཤགས་ལས་རྒྱལ་བ་ལྟར་བཙན་པོས་ཏོན་མིན་བཀག  ཧྭ་ཤང་གིས་གཙུག་ལག་ཁང་ཞིག་བཞེངས་ནས་སླར་རྒྱ་ཡུལ་དུ་གཤེགས། བཙན་པོའི་ངོར་ཀ་ཤིས་སྒོམ་རིམ་གསུམ་དང་སྣང་བ་བརྩམས།  ཧྭ་ཤང་གི་དཀར་པོ་ཆིག་ཐུབ་ཀྱི་བཤད་ཚུལ་ཡང་བཀོད།  ཆོས་གྲྭ་བ་རྣམས་ལ་ཕོག་ཐོབ་ཆེར་བསྩལ།  སློན་དཔོན་པདྨའི་ཆོས་འཕྲོ་གསབ་ཕྱིར་བཻ་རོ་ཙ་ན་རྒྱ་གར་དུ་པན་ཌི་ཏ་དྲང་དུ་བཏང་བས་གོ་མ་ཆོད།   ཚ་རོང་དུ་སྤྱུགས། ཀ་ཤི་སྒྲ་སྒྱུར་གླིང་དུ་མུ་སྟེགས་པས་བཀྲོངས། ཙེན་མིན་པ་རྣམས་ཀྱིས་ཆོས་འཕྲོ་བསྒྱུར།   འཆད་ཉན་དང་སྒོམ་སྒྲུབ་སྤེལ།  བཙན་པོས་ཡུལ་དང་ཡུལ་དུ་ཡང་ཆོས་ཀྱི་སློབ་དཔོན་བསྐོས།  དཔལ་དབྱངས་དང་ཡེ་ཤེས་དབང་པོ་འདས།   བཙན་པོས་ཁོ་ཡང་ཚེ་རིང་དུ་མི་ཐུབ་གསུང་།  ཡེ་ཤེས་དབང་པོའི་བུ་མོས་བསྐུལ་བ་ལྟར་ཆོས་གྲྭ་ཞིག་དང་།  མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས། སུམ་པ་ཆོས་ལ་གནག་པས་ཆེད་དུ་ཞང་བློན་ཁྲི་སུམ་སྤོགས་ཀྱིས་སུམ་པ་ཁྲི་སྡེ་བཞི་ཆོས་ལ་བཙུད།  གླང་དཔལ་གྱི་སེང་གེ་སོགས་གླང་རིལ་ཆོས་ལ་བཙུད།   གླང་དང་དབའ་གཉེན་དུ་འབྲེལ།  ཅིག་ཆར་པའི་བན་དེ་ལང་ཀ་ཆོས་ཀྱི་རིང་ལུགས་པ་ཡིན་པ་དང་།  བསམ་ཡས་ཀྱི་དུས་མཆོད་ཉམས་པར་གྱུར་པ།  ཤནྟི་དང་དབའ་ཡེ་ཤེས་དབང་པོའི་བུ་མོ་གཉིས་སོགས་ཀྱིས་གསོས།  དབའ་བཟའ་འདས།   ཁ་ཅིག་གི་འདོད་ཚུལ་བཙན་པོས་ཐུགས་ལས་ཆུང་ངུར་གཞོལ་བཞེད་ནས་པཎཌི་ཏ་སྤྱན་འདྲེན་དུ་བཏང་བས་བི་མ་ལ་བྱོན་པ་དང་།  དེ་ལས་སློབ་དཔོན་པདྨ་སམ་བྷ་བའི་ཆོས་འཕྲོ་ཞུས།  མུ་ནེ་བཙན་པོར་རྒྱལ་སྲིད་གཏད་དེ་ཟུང་མཁར་ལ་སྒོམ་དུ་གཤེགས་པ་ཡང་བཀོད་དོ།  །

དེ་ཡན་གྱིས་དབའ་བཞེད་དང་སྦ་བཞེད་གཉིས་ལ་གཞུང་ཚན་བཅུ་རུ་ཕྱེ་སྟེ་གཤིབ་བསྡུར་བྱས་པ་འདི་ཀས་གཞུང་གཉིས་དེ་ཡོངས་སུ་རྫོགས་ཡོད་ལ།   ཞར་ལ་ལོ་རྒྱུས་འཆད་པ་ལ་རྡོ་རྗེའི་ཚིག་ལྟ་བུར་གྱུར་པ་ཏུན་ཧོང་ཡིག་རྙིང་དང་།  བསམ་ཡས་མནའ་གཙིགས་ཟུང་དང་ཡང་འབྲེལ་ཡོད་ཐད་ནས་གཤིབ་བསྡུར་བྱས་ཡོད།  གཤིབ་བསྡུར་འདི་ཉིད་ཀྱིས་གཞུང་གཉིས་བར་གྱི་མི་འདྲ་བའི་ཁྱད་པར་དང་།  ཡིག་ཚང་གསར་རྙིང་།   རིན་ཐང་ཆེ་ཆུང་།  རྣམ་པར་དག་མིན་བཅས་ལེགས་པར་ངེས་ཐུབ་པ་ཡིན་ནོ།  །

ཁྲི་སྲོང་ལྡེ་བཙན་སྤྱི་ལོ་742ཆུ་རྟ་ལོར་འཁྲུངས།   སྤྱི་ལོ་755ཤིང་ལུག་ལོར་རང་ལོ་བཅུ་གསུམ་པར་ཡབ་བཙན་པོ་གཤེགས་ཏེ་རྒྱལ་སྲིད་བཟུང་།  སྤྱི་ལོ་761ལྕགས་གླང་ལོར་རང་ལོ་ཉི་ཤུ་བར་ཆོས་སྤེལ་རྒྱུའི་དགོངས་པ་སྐྱེས།  སྤྱི་ལོ་762ལོར་མཁན་པོ་ཞི་བ་འཚོ་བོད་དུ་གདན་དྲངས།  སྤྱི་ལོ་763ཆུ་ཡོས་ལོར་མཁན་སློབ་ཆོས་གསུམ་གདན་འཛོམ་གྱིས་བསམ་ཡས་རྨང་བཏིང་།   སྤྱི་ལོ་767མེ་ལུག་ལོར་བསམ་ཡས་འབྱོངས་ཏེ་རྟེན་འཛུགས་རབ་གནས་མཛད།  ལོ་ཚིགས་འདི་ནི་ཏུན་ཧོང་གཏེར་ཡིག་དང་བསམ་ཡས་མནའ་གཙིགས་རྒྱའི་ཐང་ཡིག་གསར་རྙིང་བཅས་སུ་གཅིག་མཐུན་དུ་གསལ་བས་འཁྲུལ་བ་མེད་དོ། །

2019-6-25ཉིན་དག་པར་བཅོས་སོ།  །