ཀྲང་ཞའོ་ལིན་སོགས་ཀྱིས་བརྩམས།

སྒྱུར་པ་པོའི་གསལ་བཤད། ཀྲུང་གོའི་ཚན་རིག་ཁང་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་གནའ་དཔྱད་རིག་པའི་ཞིབ་འཇུག་པ་ཀའོ་ཞིན་(高星)ཚན་ཆུང་དང་བོད་རང་སྐྱོང་ལྗོངས་གནའ་དཔྱད་དང་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་སྒོས་ལོ་ངོ་གསུམ་རིང་གནའ་ཤུལ་བཙལ་འཚོལ་དང་བསྔོག་དཔྱད་བརྒྱུད། སྤྱི་ལོ2018ལོའི་ཟླ11པའི་ཚེས30ཉིན། གསར་དུ་རྙེད་པའི་རྡོ་ཆས་རྙིང་མའི་གནའ་ཤུལ་གལ་ཆེན་ཀྱི་དཔྱད་འབྲས་ཉེ་ཆར་ཀྲུང་གོའི་ཚན་རིག་ཁང་གི་ཞིབ་འཇུག་སྐུ་གཞོན་ཀྲང་ཞའོ་ལེན་(张晓凌)དང་བདག་གི་དགེ་རྒན་དམ་པ་(John W Olsen)སོགས་ཀྱིས་ཨ་མེ་རི་ཁའི་ཚན་རིག་《Science》དུས་དེབ་སྟེང་བཀོད་ཡོད། གནའ་ཤུལ་འདི་ནི་མདོ་དབུས་མཐོ་སྒང་གི་དབུས་རྒྱུད་བོད་ལྗོངས་ནག་ཆུ་ས་ཁུལ་ཤན་རྩ་རྫོང་གཞུང་སྨད་ཤང་རྡོ་ར་གྲོང་ཚོའི་ནག་མཚོའི་འགྲམ་རྒྱུད་དུ་གནས་ལ། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ300ལྷག་གི་ཆར་ཡོད་ཅིང་། རྒྱ་མཚོ་ངོས་ལས་མཐོ་ཚད་སྨི4600བར་མཚམས་སུ་ཆགས་ཡོད། ཡུལ་མིས་གནས་འདི་ལ་ཉྭ་སྟི་ལྟར་འབོད་ཕྱིར་མཚན་གྱི་ཟུར་ལས་འཕྲོས་ཏེ་གནའ་དཔྱད་རིག་གཞུང་སྨྲ་བའི་སྡེ་རུ་ཉྭ་སྟིའི་གནའ་ཤུལ་ཟེར། ཆེད་རྩོམ་འདིའི་ནང་དུ་གནའ་ཤུལ་གྱི་ཆགས་ཚུལ་དང་། རྒྱ་ཁྱོན། རིག་གནས་ཀྱི་ས་རིམ། ཡོ་ཆས་ཀྱི་གྲངས་འབོར་དང་རིགས། དགྱེན་གྱི་གཞི་རྒྱུ། ལོ་ཚིགས་བརྟག་དཔྱད་ལ་མཁོ་བའི་ཐབས་ལམ། ས་ཁོངས་དང་མི་རྒྱུད་བར་གྱི་འབྲེལ་འདྲིས། གནའ་ཤུལ་རྙེད་པའི་རིན་ཐང་སོགས་ཕྱོགས་སྣ་མང་ལ་རིགས་པ་ཡང་དག་གིས་དཔྱད་དེ་ཉྭ་སྟིའི་གནའ་ཤུལ་འདི་ལ་ཉུང་མཐའ་ཡང་ལོ་ངོ་ཁྲི་གསུམ་ནས་བཞི་ཡན་གྱི་ལོ་རྒྱུས་ཡོད་པ་མ་ཟད། བོད་ལྗོངས་ཀྱི་གནའ་དཔྱད་ལོ་རྒྱུས་སྟེང་ཚན་རིག་གིས་བསྔོག་དཔྱད་གནང་བའི་རྡོ་ཆས་རྙིང་མའི་གནའ་ཤུལ་ཐོག་མ་དེ་ཡིན་གཤིས། མདོ་དབུས་མཐོ་སྒང་སྟེང་འགྲོ་བ་མིའི་རིགས་གཞིས་ཆགས་གནང་ཡོད་པའི་སྐོར་བསྟན་ཡོད། 

སྒྱུར་པ་པོས་དབྱིན་ཡིག་གི་རྩོམ་གདན་གཞིར་བྱས་ཏེ་བོད་ཡིག་ཏུ་བསྒྱུར་བའི་གོ་རིམ་ཁྲོད་གནའ་དཔྱད་རིག་གཞུང་དང་བསྟུན་ཅི་ཐུབ་བྱས་མོད། དེང་གི་དུས་སུ་བོད་དུ་གནའ་དཔྱད་རིག་པའི་གཞུང་ལུགས་མེད་པའི་བཀག་རྒྱ་དང་ཆེད་ལས་ཐ་སྙད་མི་འདང་བ་སོགས་ཀྱི་དབང་གིས་མ་རྩོམ་ལ་གོ་བ་ཡང་དག་མ་ལོན་པ་དང་། གོ་དོན་འཁྲུལ་བ། སྔ་ཕྱི་འཛོལ་བ་སོགས་ཀྱི་གནད་དོན་མི་ཉུང་བ་ཡོང་སྲིད་མོད། སྒང་བ་བོད་ཀྱི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་རྒྱུས་ལོན་བྱུང་ཐུབ་པརདགེ་མཚན་མི་དམན་པ་ཡོད་ཕྱིར་དཀའ་ཁག་ལ་མ་འཛེམ་པར་བསྒྱུར་ཅི་ཐུབ་སྒོས་སྤེལ་བ་འདིས་ཀྱང་བོད་ཀྱི་གནའ་དཔྱད་རིག་གཞུང་གོང་འཕེལ་དུ་འགྲོ་བའི་རྒྱུར་གྱུར་བ་དང་ཆབས་ཅིག་ཀློག་པ་པོ་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་ཡོང་རྒྱུ་མཁྱེན་མཁྱེན། 

ནང་དོན་གནད་བསྡུས། མདོ་དབུས་མཐོ་སྒང་ནི་འཛམ་གླིང་སྟེང་རྒྱ་མཚོ་ངོས་ལས་ཆེས་མཐོ་ཞིང་འགྲོ་བ་མིའི་རིགས་ཀྱི་འཚོ་སྡོད་ལ་མཁོ་གལ་ཤིན་ཏུ་ཆེ་བའི་ཡུལ་གྲུ་ཞིག་ཡིན་པས། ང་ཚོས་ཡུལ་འདིར་ཆགས་པའི་ཉྭ་སྟིའི་གནའ་ཤུལ་འདི་དུས་ནམ་ཞིག་དང་གཞིས་གྲོང་མ་ལག་ཐོག་མའི་ཆགས་སྟངས་སྐོར་ལ་བརྟག་དཔྱད་བྱས་པ་ཡིན། གནའ་ཤུལ་འདི་ནི་རྒྱ་མཚོའི་ངོས་ལས་སྨི་4600མཚམས་སུ་ཆགས་ཡོད་ལ། ལོ་ངོ་ཁྲི་གསུམ་བཞི་ལྷག་གི་ལོ་རྒྱུས་ལྡན་པའི་རྡོ་ཆས་རྙིང་མའི་གནའ་ཤུལ་ཞིག་ཡིན་ཏེ། དེ་རུ་གདོད་མའི་འགྲོ་བ་མིའི་རིགས་ཀྱིས་བེད་སྤྱོད་བཏང་མྱོང་བའི་རྡོའི་ཡོ་ཆས་འབོར་ཆེན་རྙེད་སོན་བྱུང་ཡོད་པས་ཡུལ་འདི་ནི་གནའ་ནས་བཟུང་གཉུག་མའི་འགྲོ་བ་མིའི་རིགས་ཀྱིས་བདག་ཏུ་བཟུང་ཡོད་པ་རྟོགས་ཐུབ། གནའ་ཤུལ་འདི་ཡིས་འཛམ་གླིང་ཡང་རྩེ་རུ་འཚོ་སྡོད་བྱས་པའི་གདོད་མའི་མི་རིགས་ཀྱི་ལོ་རྒྱུས་དང་འགྲོ་བ་མིའི་རིགས་མཐོ་སྒང་དུ་གཞིས་ཆགས་པའི་སྐོར་ལ་རིགས་ལམ་ཡང་དག་གིས་སྒྲུབ་བྱེད་གཏོང་ཐུབ། 

གནད་ཚིག  མདོ་དབུས་མཐོ་སྒང་། ཉྭ་སྟིའི་གནའ་ཤུལ།   རྡོ་ཆས་རྙིང་མ།   གནའ་དཔྱད། 

མདོ་དབུས་མཐོ་སྒང་ནི་འཛམ་གླིང་སྟེང་ས་བབ་ཆེས་མཐོ་ལ་ལོ་འཁོར་མོ་ཡུག་ཏུ་གནམ་གཤིས་གྲང་ངར་ཆེ་ཞིང་སྐྱེ་དངོས་སྐྱེ་ཚད་ཐུང་བ། རྫ་དུག་གི་ཉེན་ཁ་ཕོག་སླ་ཕྱིར་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ལ་ཁ་གཏད་བྱེད་དཀའ་བའི་ཡུལ་ཁམས་ཞིག་ཡིན་ནའང་ལོ་རྒྱུས་སྟེང་མིའི་རིགས་དུས་ཀྱི་མཐའ་མར་མཐོ་སྒང་གི་ཡུལ་གྲུ་འདི་རུ་གཞིས་ཆགས་ཡོད་པས།(1) ཡུལ་གྲུ་བདག་ཏུ་བཟུང་བའི་དུས་ཚོད་དང་རིག་གནས་མ་ལག་གྲུབ་ཚུལ་སྐོར་ལ་ཞིབ་འཇུག་བྱ་བར་དོན་སྙིང་ཆེན་པོ་ལྡན། མིག་སྔར། ཡུལ་ལུང་འདི་རུ་འགྲོ་བ་མིའི་རིགས་ཁྲི་ལོ་དང་པོའི་དུས་རབས་སམ་འཁྱགས་རོམ་དུས་ཀྱི་མཐའ་མའི(Holocene)གོང་དུ་གནས་འདི་རུ་གཞིས་ཆགས་པའི་སྐོར་གྱི་ཁུངས་བཙན་པའི་བདེན་དཔང་མེད་ནའང་། མཐོ་སྒང་གི་མཐའ་མཚམས་སུ་རྡོ་ཆས་རྙིང་མའི་དུས་ཀྱི་གནའ་ཤུལ་འགའ་རྙེད་ཡོད།(2-8)  [པར། s1དང་རེའུ་མིག་s1

པར་གཉིས་པ། སྙིགས་བསགས་ལས་གྲུབ་པའི་ས་རིམ་གསུམ་གྱི་གོ་རིམ་དང་ས་རིམ་དང་ས་རིམ་བར་གྱི་འབྲེལ་བ། OSL དང་AMS གཉིས་ཀྱི་དམར་དཔེའི་གནས་སྟངས། སྙིགས་བསགས་གོ་རིམ་གྱི་རིས་འགྲེལ། གནའ་ཤུལ་ས་རིམ་གྱི་དབྱེ་བ། མཛོད་ནུས་བཟོ་བཅོས་བྱས་རྗེས་ཐག་ཆོད་ཟིན་པའི་སོལ་རྒྱུའི་ལོ་ཚིགས། ས་རིམ་བར་གྱི་འབྲེལ་བ་དང་བྱུང་རིམ་གསུམ་གྱི་OSLགྱི་ལོ་ཚིགས། 

ཉུང་མཐའ་ཡང་ལོ་ངོ་ཁྲི་གསུམ་ལྷག་གི་ལོ་རྒྱུས་ལྡན་པའི་ཉྭ་སྟིའི་གནའ་ཤུལ་ནི་མཚོ་ངོས་ལས་སྨི་4600མཚམས་ཀྱི་མཐོ་སྒང་གི་དབུས་རྒྱུད་དུ་ཆགས་ལ། འཛམ་གླིང་སྟེང་ས་བབ་ཆེས་མཐོ་ལ་གནའ་དཔྱད་རིག་པའི་རིག་གནས་མ་ལག་གི་ཆགས་རིམ་མངོན་གསལ་དོད་པའི་ཡུལ་གྲུ་ཞིག་ཏུ་ངོས་འཛིན་གནང་ཡོད།(9) གསར་རྙེད་བྱུང་པའི་གནའ་ཤུལ་འདི་ཡིས་མདོ་དབུས་མཐོ་སྒང་སྟེང་འགྲོ་བ་མིའི་རིགས་གཞིས་ཆགས་པའི་ལོ་རྒྱུས་ལ་ངོས་ཟིན་གཏིང་ཟབ་ལོན་པ་དང་། རྒྱ་མཚོ་ངོས་ལས་མཐོ་ཚད་སྨི4000ཡན་གྱི་ཡུལ་གྲུ་ཏུ་མིའི་རིགས་འཚོ་སྡོད་བྱུང་ཐུབ་པར་དངོས་ཡོད་ཀྱི་སྒྲུབ་བྱེད་གཏོང་ཐུབ་པས། མ་འོངས་བར་མུ་མཐུད་དུ་ཞིབ་འཇུག་བྱ་བར་སྐུལ་འདེད་བྱ་ཐུབ་པ་མ་ཟད། (Pleistocene age)འཁྱགས་རོམ་དུས་རབས་སུ་བྱུང་བའི་འགྲོ་བ་མིའི་རིགས་མཐོ་སྒང་དུ་འཚོ་སྡོད་ཐུབ་པའི་(Denisovan) དྷེ་ནེ་སཱོ་བན་མི་རིགས་ཀྱི་དགྱེན་རྒྱུ་དང་འབྲེལ་བ་ཡོད་པའི་ངོས་ནས་ཞིབ་འཇུག་བྱ་བར་ནུས་པ་གལ་ཆེན་ཐོན་ཐུབ་སྙམ། (10)

ཆ་སྙོམས་ལྟར་ན་རྒྱ་མཚོ་ངོས་ལས་སྨི5000མཚམས་སུ་ཆགས་པའི་ཉྭ་སྟིའི་གནའ་ཤུལ་ནི་གནའ་དཔྱད་རྟོག་དཔྱོད་པས་སྤྱི་ལོ་2013ལོར་བྱང་ཐང་གི་ཤར་རྒྱུད་དུ་རྙེད་པ་དང་། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནུབ་བྱང་མཚམས་ཀྱི་ས་ལེ་དབར་སུམ་བརྒྱ་ལྷག་གི་གསེར་གླིང་མཚོ་དང་ངོན་མཚོའི་ལྷོ་རྒྱུད་དུ་ཆགས་ཡོད་དེ།(པར། 1) གནའ་ཤུལ་ས་ཁྱོན་གྱི་ཤར་ནུབ་ལ་སྤྱི་ལེ་གཅིག་དང་ལྷོ་བྱང་ལ་སྤྱི་ལེ་གཉིས་ལྷག་དང་། ས་ངོས་སུ་རྡོ་གཡམ་ནག་པོའི་རྡོ་ཆས་སྟོང་ཕྲག་ལྷག་ཁ་ཐོར་ངང་ས་ཁར་བཀྲམས་ཡོད། ང་ཚོས་སྤྱི་ལོ2013དང་། 2016ནས་2018བར་གྱི་དུས་ཡུན་ཐེངས་གསུམ་ལ་གནའ་དཔྱད་བསྔོག་འདོན་དང་ས་གཤིས་རིག་པའི་དམར་དཔེ་འཚོལ་ཞིབ་བརྒྱུད་གནའ་ཤུལ་དངོས་སྦས་རིག་པ་དང་ས་ངོས་ཤུལ་དངོས་ཁྱབ་ཚུལ་ལ་བརྟག་དཔྱད་བྱས་པ་ཡིན། [རྒྱུ་ཆ་དང་ལག་ལེན2]

པར་གསུམ་པ། ཉྭ་སྟིའི་གནའ་ཤུལ་ལས་རྙེད་པའི་རྡོ་ཆས། ཀ ས་རིམ་དང་པོ་ནང་ཐོན་པའི་ལག་ཆ། འབུག་དང་འབྲད་ཆས། ས་རིམ་གསུམ་པ་ལས་ཐོན་པའི་འབྲད་ཆས། ཁ། ས་རིམ་དང་པོ་ནས་གཉིས་པའི་ཁྲོད་ཐོན་པའི་རྡོ་ལེབ། ག ས་རིམ་དང་པོ། གཉིས་པ། གསུམ་པ་ལས་ཐོན་པའི་རྡོ་སྙིང་། ང། ས་རིམ་དང་པོ་། གཉིས་པ། གསུམ་པ་བཅས་ནས་ཐོན་པའི་རྡོ་གྲི། 

རྒྱ་མཚོ་ངོས་ལས་སྨི4600ལྷག་གི་ངོན་མཚོའི་སྡིངས་ཆའི་རྒྱུད་དུ་ཆགས་པའི་ཉྭ་སྟིའི་བསགས་སྙིགས་བྱེ་རྡོའི་ས་རིམ་གྱི་མཐུག་ཚད་ལ་ལི་སྨི170ལྷག་ཡོད་དེ། གོང་ནས་འོག་བར་ལ་སའི་རིམ་པ་གསུམ་དུ་དབྱེ་ཆོག་ཏེ། ས་ངོས་ནས་ཐུར་དུ་ལི་སྨི10ནས་20བསྔོགས་མཚམས་སུ་སྙིགས་གསོག་ལས་གྲུབ་པའི་རྡེའུ་ཧྲུག་དང་བྱེ་ཞིབ་ཡོད་པ་དང་། ས་ངོས་དེ་རུ་རྡོ་ཆས་དང་གཡའ་རྡོའི་སྙིགས་རོ་དུ་མ་རྙེད་ཡོད། མཐུག་ཚད་ལ་ལི་སྨི་50ནས་80ཡོད་པའི་ས་རིམ་བསྔོགས་རྗེས་བྱེ་ཞིབ་ལས་གྲུབ་པའི་ཆགས་རིམ་ཁྲོད་རྣམ་པ་མི་གསལ་བའི་ས་རིམ་དང་པོའི་མཚམས་སུ་ཟུར་ལྡན་རྡོ་ཧྲུག་འདུས་ཡོད། དེའི་འཕྲེད་ཀྱི་ཆུ་ཡུར་ཁ་ཤས་ཁྲོད་རྡོ་ཧྲུག་དང་བྱེ་མ་མཉམ་འདུས་ཀྱི་རྡོ་གོང་བརྒྱངས་ཡོད་པས་ཕྱི་ངོས་ནས་དཔྱད་ན་མཚམས་རེར་དྲག་ཆུ་རྒྱུགས་ཡོད་པ་རྟོགས་ཐུབ། གཞན་ཡང་གནའ་ཤུལ་ཆགས་སའི་གཞི་མར་འཁྱགས་རོམ་ཐེབས་པས་ས་གཤིས་འཛིངས་རྙོག་ཅན་དང་། དྲག་རླུང་གིས་གཙེས་པའི་ས་ངོས་ཉིལ་ཟད་ཅན། དེ་མིན་ས་རིམ་དང་པོ་དང་གཉིས་པའི་བར་མཚམས་སུ་དབྱེ་མཚམས་མི་གསལ་བའི་རྡོ་ཧྲུག་ཁ་གྲམ་ངང་ཁྱབ་ཡོད།  གྲང་ངད་ལྡན་པའི་གནམ་གཤིས་ཀྱི་ཆ་རྐྱེན་འོག་ཡུན་རིང་ལ་ཉིལ་ཟད་ཐེབས་ཡོད་པའི་འདོད་ཚུལ་ལྟར་ན། ས་རིམ་གསུམ་པར་བྱིང་བསགས་ཐེབས་པའི་བྱེ་འདམ་གྱི་ཆུ་སྙིགས་ཁྲོད་བྱེ་ཧྲུག་དང་མཉམ་དུ་ཉ་ལྕིབས་ཀྱི་ཤུན་སྐོགས་འདུས་ཡོད། དེ་རུ་རྒྱ་ཆེ་ལ་ཞིབ་ལས་གནང་བའི་ཆུ་ཡུར་ལ་ཉི་བཀྲག་དང་ལྷགས་པས་གཙེས་པ་དང་། རྒྱུགས་ཆུའི་སྙིགས་བསགས་དང་བྱེ་ཞིབ་སོགས་གཡའ་རྡོ་དང་མཉམ་འདུས་སུ་གྲུབ་ཡོད་པས་སྟེང་ནས་དཔྱད་ན་ཉིལ་ཟད་ཤུགས་ཆེན་བྱུང་རྐྱེན་ནི་རྒྱུགས་ཆུ་དྲག་ཏུ་རྒྱུ་བ་དང་བསྟུན་ནས་གནམ་གཤིས་ཚ་དྲོད་རྒྱས་ལ་གཤེར་ཚབས་མངོན་གསལ་ཡིན་པ་དང་། ཉི་ལྷགས་དང་ཆུ་བོ་རྒྱུགས་ཡོད་པའི་དབང་གིས་སའི་ཆགས་རིམ་འཁྲུགས་ཏེ་ཉིལ་ཟད་ཤུགས་ཆེན་ཐེབས་རྐྱེན་གནམ་གཤིས་གཞའ་ཚན་ཅན་ཡིན་པ་ཤེས་ཐུབ། 

མིས་བཟོས་རྡོ་ཆས་ནི་ས་རིམ་གོང་གི་ལི་སྨི138མཚམས་སུ་བསྔོག་འདོན་བྱུང་ཡོད་དེ། ས་རིམ་དང་པོར་ཡོ་ཆས3124དང་། ས་རིམ་གཉིས་པར་ཡོ་ཆས223། ས་རིམ་གསུམ་པར་ཡོ་ཆས336རྙེད་སོན་བྱུང་། ས་རིམ་གཉིས་པའི་ཡོ་ཆས་དག་ཆུ་ཡུར་གཙོ་བོ་ནང་རྙེད་ཡོད་ནའང་རིམ་པ་འདིའི་གྲུབ་ཆར་གཏོགས་པའི་བྱེ་ཞིབ་ཁྲོད་དུ་ཡོ་ཆས་ཐོན་མེད་པ་དང་། ཡོ་ཆས་འདི་རིགས་ཀྱི་རིགས་དང་། ལག་རྩལ། རྣམ་པ་སོགས་མི་འདྲ་བས་སྟེང་ནས་ཁ་ཁར་ཆགས་པས་ས་རིམ་གསུམ་ལས་ཐོན་པའི་ཡོ་ཆས་འདི་དག་རེ་རེ་བཞིན་རྩད་གཅོད་དང་ར་འཕྲོད་འབྱུང་མི་ཐུབ་ནའང་ཡོ་ཆས་ཆུང་ཙིག་དག་ས་རིམ་དང་པོ་སྟེང་རྙེད་ཡོད་ཕྱིར། ང་ཚོས་སྡོམ་ཚིག་གམ་ཚོད་དཔག་ལྟར་ན་བསྔོག་འདོན་གནང་ནས་རྙེད་པའི་ཡོ་ཆས་ཡོངས་རྫོགས་ནི་གནས་གཅིག་ཏུ་འདུས་པའི་གནའ་ཤུལ་ཁེར་རྐྱང་ཅན་ཏུ་གཏོགས་ལ། ས་རིམ་གསུམ་པ་ནི་ཐོག་མའི་རིག་གནས་ཀྱི་འཕྲེད་ཐིག་ལྟར་སྣང་། གོང་གི་ས་རིམ་གཉིས་ནས་རྙེད་པའི་ཡོ་ཆས་ནི་གཞིས་ཆགས་གོང་ལ་གྲུབ་པའི་གནའ་ཤུལ་སྟེང་བསྐྱར་བཟོས་ཀྱི་མཇུག་འབྲས་ལས་བྱུང་བར་འདོད། 

སོལ་རྒྱུ་ཡིས་ལོ་ཚིགས་བརྟག་ཐུབ་པས་སྐྱེ་ལྡན་ཤུལ་དངོས་ཤིན་ཏུ་དཀོན་པའི་དབང་གིས་གནའ་ཤུལ་གྱི་ལོ་ཚིགས་གུང་བསྒྲིགས་ཐད་ལ་ (the optically stimulated luminescence ) ཚ་བའི་འོད་ཀྱི་ངར་ཤུགས་ཀྱི་མཐོང་རིག་ལས་ལོ་ཚིགས་བརྟག་དཔྱད་ཀྱི་བྱེད་ཐབས་སྤྱད་ཡོད་དེ།(11) བསྔོག་དཔྱད་ཟིན་པའི་གནའ་ཤུལ་གསུམ་ནས་མཁོ་འདོན་བྱས་པའི་ཡོ་ཆས་ཀྱི་དམར་དཔེ་24ལ་(OSL)ལོ་ཚིགས་བརྟག་ཐབས་ཀྱི་ལག་ལེན་སྤྱད་དེ་ལོ་ཚིགས་བརྟག་པ་ཡིན། (པར 2A) [རེའུ་མིག་s4དང་རྒྱུ་ཆ་དང་ལག་ལེན 4.2]

སྡེ་ཚན་རེ་ལ། (OSL)ཡི་ལོ་ཚིགས་བརྟག་ཐབས་ཀྱི་ཐབས་ཤེས་ལ་བརྟེན་ནས་བྱུང་པའི་ལོ་ཚིགས་དེ་དག་ས་རིམ་ལས་རྙེད་པའི་ཡོ་ཆས་ཀྱི་ལོ་ཚིགས་དང་ལོ་རབས་ས་རིམ་རིག་པའི་ལོ་ཚད་དང་མཐུན་ཆོས་སུ་གྲུབ་པས། (པར 2B)  ས་རིམ་དང་པོའི་ལོ་ཚད་ནི་ཆིག་ཁྲི་གསུམ་སྟོང་ནས་བཞི་ཁྲི་བར་བརྒལ་དུ་གཏོགས་པའི་ས་གཞི་འཁྱམས་རོམ་བསྡམས་པའི་དུས་སུ་སྡོམ་ཚིག་འགོད་ཐུབ། (the accelerator mass spectrometry 14c) སོལ་རྒྱུ14པའི་མགྱོགས་མྱུར་རྡུལ་ཕྲན་འགྱུར་ནུས་དབྱེ་ཞིབ་བརྟག་ཆས་བརྒྱུད་དེ་ས་རིམ་རིམ་པ་དང་པོའི་འོག་ནས་ཐོན་པའི་ཉ་ལྕིབས་ཀྱི་ཤུན་སྐོགས་ལ་བརྟག་རྗེས་ད་སྔ་བར་དུ་ལོ་ངོ་ཆིག་ཁྲི་ཉིས་སྟོང་བཞི་བརྒྱ་ནས་ལོ་ངོ་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་བར་དུ་ཡོད་པ(OSL)ལོ་ཚིགས་བརྟག་ཆས་ལས་ཤེས་རྟོགས་བྱུང་བ་དང་། ས་རིམ་གཅིག་ལས་ཐོན་པའི་ལོ་ཚིགས་དང་ཤིན་ཏུ་མཐུན་ཕྱིར་ལོ་ཚད་བརྟག་ཆས་ལ་ཡིད་བརྟན་འཕེར་ཐུབ། ས་རིམ་གཉིས་པའི་ལོ་ཚིགས་ནི་ལོ་ངོ་ཉིས་ཁྲི་ལྔ་སྟོང་ནས་ལོ་ངོ་གཅིག་ཁྲི་བརྒྱད་སྟོང་བར་མར་ཆགས་པ་དང་། འདི་ནི་ས་གཞི་འཁྱགས་རོམ་གྱིས་བསྡམས་པའི་དུས་མཐའ་མའི་སྐབས་སུ་ཡང་བསྐྱར་འགྲོ་བ་མི་ཡི་རྩོལ་བས་བསྐྲུན་པའི་སྙིགས་གསོག་ཡོ་ཆས་དག་རེད་དེ། འདི་ནི་ང་ཚོས་ཡུལ་དངོས་ཀྱི་བརྟག་དཔྱད་དང་རྗེས་ཐོགས་ཀྱི་རྟོག་ཞིབ་བརྒྱུད་དེ་དཔྱད་སྐབས་དེ་དུས་གནམ་གཤིས་ཀྱི་ཆ་རྐྱེན་དང་འབྲེལ་བ་ཡོད་པ་མངོན་གསལ་རེད། ས་རིམ་གསུམ་པའི་སྟེང་རྙེད་པའི་ཉ་ལྕིབས་ཀྱི་ཤུན་སྐོགས་དེ (AMS)མགྱོགས་མྱུར་རྡུལ་ཕྲན་འགྱུར་ནུས་དབྱེ་ཞིབ་ཀྱི་ལོ་ཚད་བརྟག་ཆས་གཞིར་བཟུང་ནས་དཔྱད་ན་ལོ་ངོ་བཞི་ཁྲི་ལྔ་སྟོང་ནས་ལོ་ངོ་བཞི་ཁྲིའི་ལོ་རྒྱུས་ཡོད་པ་དང་། [པར། 2A. རེའུ་མིག་s5དང་རྒྱུ་ཆ་དང་ལག་ལེན 4.1] བསྟར་ཆགས་ཀྱི་ས་རིམ་གསུམ་ལ་ (OSL)དང་སོལ་རྒྱུ་བརྟག་ཆས་ལས་དཔྱད་ན་ཉྭ་སྟིའི་གནའ་ཤུལ་ལས་ཐོན་པའི་རྡོ་ཆས་ཀྱི་ཐོག་མའི་ལོ་ཚིགས་ནི་ལོ་ངོ་བཞི་ཁྲི་ནས་གསུམ་ཁྲི་བར་དུ་ཁེལ་ཡོད།

སྲིད་ཞེང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཉི་ཤུ་ལྷག་ཡོད་པའི་ས་རིམ་བསྔོགས་རྗེས་རྡོ་ཆས་ཁྱོན3683ལྷག་རྙེད་སོན་བྱུང་ཡོད་པ་དང་། རྡོ་ཆས་འདུ་སར་ལོ་མའི་དབྱིབས་ཀྱི་རྡོ་སྙིང་དང་། རྡོ་ལེབ། རྡོ་གྲི  རྡོ་གཞོག རྡོ་དུམ་དང་རྡོའི་ཡོ་ཆས་སོགས་འདུས་ལ། [པར།3 པར། s2ནས s6 རེའུ་མིག་s2དང་རྒྱུ་ཆ་དང་ལག་ལེན5] རྡོ་ཆས་ཕོན་ཆེ་བའི་མངོན་གསལ་གྱི་ཁྱད་ཆོས་ནི་རྡོ་གྲི་དང་རྡོའི་གཞོག་ཆས་ཡིན་ཏེ། རྡོ་གྲིའི་རྣམ་པ་ནི་སྙུང་གཟུགས་ལས་(Levallois)ལི་ཝ་ལཱོ་ཝའི་རྣམ་པ་ལྟར་སྣང་། རྡོའི་གཞོག་ཆས་མང་ཆེ་བ་ནི་རིང་ལ་ཁ་ཞེང་དོག་པའི་རྡོ་སྙིང་ལས་ལོགས་སུ་བཅག་ནས་ཐོན་པས་རྡོ་ཆས་མང་ཆེ་བ་ནི་ཁ་ཕྱོགས་མི་གསལ་བའི་རྡོ་ལེབ་ལས་གྲུབ།[པར s2ནསs5 དང་རེའུ་མིག་s6] རྡོའི་གཞོག་ཆས་ལ་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོད་དེ།[དུམ་བུ72ནས་91] ཡང་བསྐྱར་བཟོ་བཅོས་གནང་ཟིན་པའི་རྡོ་ཆས་ཁྲོད་དུ་གཞོག་ཆས་དང་། སྙུང་བུ། བཙབ་སྟ། གཏུབ་ཆས་དང་གཟོང་བུ་སོགས་ཡོད་མོད་རྡོ་ཆས་ཀྱི་དབྱིབས་རྣམ་སོགས་ལ་ཞིབ་ལས་གནང་མེད་ནའང་རྡོ་ཆས་དག་ནི་འོས་ཞིང་འཚམས་ལ་སྟབས་བདེ་པོ་འདུག རྡོ་ཆས་མང་ཆེ་བ་ནི་ཤར་ངོས་སྨི800ཁུལ་གྱི་གནའ་ཤུལ་བསྔོགས་ནས་ཐོན་པ་དང་། རྡོ་རྒྱུ་མང་ཆེ་བ་ནི་ཉྭ་སྟིའི་དེའུ་འབུར་ས་ངོས་སུ་བྱུང་བའི་འབུར་ཐོན་བྲག་རྡོ་སྟེ་རྡོ་གཡམ་ནག་པོ་ལས་གྲུབ་པ་ཁོ་ན་ཡིན།[པར། s7ནས s8 ] བསྡུར་ཚད་ཤིན་ཏུ་མཐོ་བའི་རྡོ་ཆས་ཀྱི་སྙིགས་རོ་སྟེང་ནས་དཔྱད་ན། བཟོ་བཅོས་བྱས་ཟིན་པའི་རྡོ་ཆས་ཀྱི་གྲངས་འབོར་ཉུང་ནའང་། གནའ་ཤུལ་གྱི་ཆེ་ཆུང་དང་དེའི་ཉེ་འགྲམ་དུ་ཆགས་པའི་རྡོ་ཆས་ཀྱི་ཐོན་ཁུངས་ངོས་ནས་དཔྱད་ན་གནས་འདི་ནི་རྡོ་ཆས་ཀྱི་ལས་གྲྭ་ཞིག་ཏུ་སྣང་སྟེ། གདོད་མའི་བོད་རིགས་ཀྱིས་གནས་དེ་རུ་རྡོ་རྒྱུ་བེད་སྤྱད་དེ་རྡོ་ཆས་ཀྱི་རྒྱུ་ཆ་བཙལ་འཚོལ་དང་ལས་སྣོན་བྱེད་ས་ཞིག་ཏུ་ཆགས་ཡོད། གནའ་ཤུལ་དེ་རུ་སྲོག་ཆགས་རིགས་ཀྱི་ཤུལ་དངོས་དང་། ཐབ་ཚང་། ཁང་བའི་གྲུབ་ཚུལ་སོགས་ད་སྔ་བར་དུ་གསར་དུ་རྙེད་སོན་བྱུང་མེད། 

ཉྭ་སྟིའི་གནའ་ཤུལ་ནི་མདོ་དབུས་མཐོ་སྒང་སྟེང་ཐེངས་དང་པོར་རྡོ་ཆས་རྙིང་མའི་ས་རིམ་ལྡན་པའི་གནའ་ཤུལ་བསྔོག་ཡུལ་ཞིག་ཡིན་ལ། ཁོར་ཡུག་འདིའི་ཁྱད་ཆོས་ནི་ས་སྒང་ཧྲིལ་པོ་གྲང་ངར་དང་སྐམ་ཤས་ཆེ་ལ།  རླུང་ཁམས་ཁྲོད་རྫ་དུག་གི་ཕོག་ཚད་ཤིན་ཏུ་མཐོ་གཤིས་གདོད་མའི་འགྲོ་བ་མི་གཞིས་ཆགས་དཀའ་བས་གནས་ཤིག་ཡིན། གང་ལྟར་ཀྱང་མདོ་དབུས་མཐོ་སྒང་གི་ཡུལ་དབུས་སུ་ད་སྔ་བར་དུ་ཡིད་བརྟན་འཕེར་ཆོག་པའི་རྡོ་ཆས་རྙིང་མའི་གནའ་ཤུལ་རྙེད་མེད་གཤིས།[པར། s1དང་རེའུ་མིག་s1] གནའ་དཔྱད་རིག་པ་པོས་མཚོ་ངོས་ནས་མཐོ་ཚད་རྨིད་4000ལྷག་གི་མཚམས་སུ་ཁྲི་ལོ་དང་པོའམ་འཁྱགས་རོམ་དུས་ཀྱི་མཐའ་མའི་དུས་Holocene(12)ནས་འཁྱགས་རོམ་དུས་རབས་Pleistocene Holocene གོང་གི་དུས་རབས་འདི་གཉིས་ཀྱི་འགྱུར་མཚམས་(13)སུ་ཐེངས་དང་པོ་འགྲོ་བ་མིའི་རིགས་གཞིས་ཆགས་པར་འདོད་པ་དགྱེན་གྱི་གཞི་རྒྱུ་རིག་པའི་སྟེང་ནས་དཔྱད་ན། མཐོ་སྒང་གི་འགྲོ་བ་མིའི་རིགས་ནི་རྡོ་ཆས་གསར་མ་དང་རྡོ་ཆས་རྙིང་མའི་དུས་མཇུག་གི་དུས་རིམ་མི་འདྲ་བའི་དུས་སུ་གནས་སྤོས་བར་འདོད་དེ།(14-17) བོད་ཀྱི་ཐོག་མའི་འཁྱགས་རོམ་དུས་སུ་གཞིས་ཆགས་པ་པོ་དང་དེང་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་འབོར་བར་ལ་དགྱེན་གྱི་གཞི་རྒྱུ་རྒྱུན་མཐུད་ངང་གནས་ཡོད། ཉྭ་སྟིའི་གནའ་ཤུལ་གྱི་ལོ་རབས་དང་རྡོ་ཆས་ཚོགས་ཀྱི་གྲུབ་ཚུལ་གྱི་ཁྱད་ཆོས་སྟེང་ནས་དཔྱད་ན་ཆེས་ཉུང་མཐའ་ཡང་ལོ་ངོ་བཞི་ཁྲི་ནས་གསུམ་ཁྲི་དུས་སུ་མཐོ་སྒང་གི་འགྲོ་བ་མིའི་རིགས་ཀྱི་སྔོན་ཐོན་ཅན་གྱི་རྡོ་ཆས་ལག་རྩལ་བེད་སྤྱད་དེ་ཁྱིམ་གཞི་སྐྲུན་ཡོད་པ་དང་། མཐོ་སྒང་གི་ཁོར་ཡུག་ཏུ་ལོ་རྒྱུས་སྔོན་ནས་བཟུང་འགྲོ་བ་མིའི་རིགས་གཞིས་ཆགས་བྱུང་ཡོད་པར་བདེན་དཔང་བྱས་ཐུབ། ད་སྔ་དངོས་སུ་བརྟག་དཔྱད་བྱས་ཟིན་པའི་ལྷོ་ཨཱ་མེ་རི་ཁའི་ (Andes) ཨན་ཏིའི་མཐོ་སྒང་དུ་འགྲོ་བ་མིའི་རིགས་གཞིས་ཆགས་པ་ལས་ཀྱང་ཉྭ་སྟིའི་གནའ་ཤུལ་ཅུང་སྔ་བ་ཡོད་པས་ལྟ་ཚུལ་བཏོན་ཡོད།(9)

གདོད་མའི་འགྲོ་བ་མིའི་རིགས་ཀྱིས་འཛམ་གླིང་ཡང་རྩེ་རུ་རྫ་དུག་གི་གནོན་ཤུགས་དང་ཐོན་ཁུངས་ཉུང་བ་དང་མཉམ་དུ་མཐོ་སྒང་དུ་གཞིས་ཆགས་པར་ཅི་ལྟར་ཡ་ལན་སྤྲད་ཡོད་པ་རེད་ཅེ་ན། (Marine isotope stage)རྒྱ་མཚོའི་རྫས་རྒྱུ་མཐུན་པའི་གོ་རིམ་གསུམ་པའི་དུས་སྐབས་སུ་མཐོ་སྒང་དུ་གནས་བཅོས་ཡོད་པ་དང་།(18) མཐོ་སྒང་སྐྱེ་དངོས་ཀྱི་ཆ་རྐྱེན་དེང་གི་དུས་དང་འདྲ་བའམ་ཡང་ན་དེ་ལས་ལེགས་པས། རྔོན་ལས་དང་ལོ་ཏོག་འཚོལ་བསྡུ་མཁན་གྱིས་གནས་འདི་རུ་དུས་ཚིགས་བེད་སྤྱད་དེ་རྡོ་ཆས་བཟོ་སྤྱད་ཀྱི་རྡོ་རྒྱུ་དང་ཐོན་ཁུངས་གཞན་དག་བཙལ་འཚོལ་བྱུང་ཐུབ་པ་དང་། EPASI geneདགྱེན་རྒྱུ་ཡིས་ཡུལ་ཚོ་འདིའི་མི་འབོར་ལ་རྫ་དུག་ཕོག་ཚད་ཉུང་བར་ཕན་པས། མིག་སྔར་ཡོད་པའི་དགྱེན་རྒྱུ་འདི་ནི(Denisovan)ངྷེ་ནེ་སཱོ་བན་མི་རྒྱུད་དང་འབྲེལ་བ་ཡོད་པའི་སྒེར་གྱི་DNA(deoxyribonucleic acide )ལས་འཕྲོས་བར་འདོད་པ་དང་།(10) ཁོར་ཡུག་དང་། དགྱེན་གྱི་གཞི་རྒྱུ། གནའ་དཔྱད་རིག་པའི་དཔྱད་གཞི་སོགས་ལས་གནད་དོན་གཞན་དག་འཐུས་སྒོ་ཚང་བའི་སྒོ་ནས་ཐག་གཅོད་གནང་ཐུབ་ལ། གདོད་མའི་བོད་རིགས་མཐོ་སྒང་དུ་གཞིས་ཆགས་པའི་རྣམ་པའི་སྐོར་ལ་སྐྱེ་དངོས་རིག་པ་དང་ལག་རྩལ་གཉིས་ཟུང་སྦྲེལ་གྱི་ངོ་བོའི་སྟེང་ནས་དཔྱད་འབྲས་ཐོན་ཡོད། 

ཉྭ་སྟིའི་གནའ་ཤུལ་ལས་རྙེད་པའི་གཟེ་དབྱིབས་ཅན་གྱི་རྡོ་སྙིང་འབོར་ཆེན་དེ་དག་རྒྱ་ནག་ལྷོ་ཕྱོགས་ཀྱི་གནའ་ཤུལ་འགའ་ལས་རྙེད་པའི་ནང་སའི་དམིགས་བསལ་ཅན་གྱི་རྡོ་ཆས་དང་བཟོ་རྩལ་གྱི་གྲུབ་ཚུལ་སྟེང་ནས་ཕལ་ཆེར་མཐུན་ཆོས་ཡོད་ནའང་།(19,20) ལག་རྩལ་གྱི་རྣམ་པའི་སྟེང་ནས་དཔྱད་ན་རྡོ་ཆས་ཚོགས་ལ་རིགས་དབྱེ་ན་(Siberia)  ཞི་པོ་ལི་ཡ་དང(Mongolia) སོག་པོའི་རྡོ་ཆས་རྙིང་མའི་གོང་གི་བཟོ་རྩལ་དང་ཤིན་ཏུ་མཐུན།(21) རྡོ་ཆས་དུ་མ་འདུ་གནས་ཀྱི་ས་རིམ་རིག་པ་འདྲ་བའི་རྨང་གཞིའི་སྟེང་ནས་ཚོད་དཔག་བྱས་ན་གདོད་མའི་འགྲོ་བ་མིའི་རིགས་ཀྱི་མེས་པོའི་geneདགྱེན་རྒྱུ་ཕར་འདྲེས་ཚུར་འདྲེས་བྱུང་ཡོད་པ་རྟོགས་ཐུབ། དེ་ཡི་ངོས་ནས་གདོད་མའི་འགྲོ་བ་མིའི་རིགས་ནི་ལོ་ངོ་གསུམ་ཁྲི་ནས་བཞི་ཁྲིའི་དུས་སུ་བོད་དང་(Siberia)ཞི་པོ་ལི་ཡའི་མི་རྒྱུད་འབྲེལ་འདྲིས་ལས་མཆེད་སྲིད་པའི་(Denisovan) ངྷེ་ནེ་སཱོ་བན་རིགས་རྒྱུད་ཀྱིས་འཁྱགས་རོམ་གྱིས་བསྡམས་པའི་(Pleistocene)དུས་མཇུག་ཏུ་ཁོ་ཚོའི་དགྱེན་གྱི་གཞི་རྒྱུ་ལས་བརྒྱ་ཆའི་4ནས་6ཙམ་དེང་གི་(Melanesians)མཱེ་ལ་ཉི་ཤི་ཡའི་དགྱེན་གྱི་རྒྱུ་ཚོགས་ལ་ཆ་རྐྱེན་བསྐྲུན་ཡོད་པ་དང་ཡ་གླིང་སོགས་སུ་ཁྱབ་བདལ་དུ་ཕྱིན་ཡོད་པར་འདོད།(22) དེ་ཕྱིར་མདོ་དབུས་མདོ་སྒང་ནི (Denisovan) དྷེ་ནེ་སཱོ་བན་མིའི་རིགས་ཀྱི་DNA དགྱེན་གྱི་གཞི་རྒྱུ་ལྷོ་ཕྱོགས་སུ་མཆེད་ཡུལ་ཞིག་ཏུ་སྙམ། གཞི་རྒྱུ་འདི་ཡིས་རྒྱ་མཚོ་ངོས་ནས་མཐོ་བའི་ཁོར་ཡུག་ཏུ་རྫ་དུག་གི་ཉེན་ཁ་དེ་དག་ཡུལ་དུས་དང་བསྟུན་ནས་གོམས་འདྲིས་སུ་ཆགས་པར་དགེ་མཚན་ངེས་ཅན་བསྐྲུན་ཡོད། 

འགྲོ་བ་མིའི་རིགས་མདོ་དབུས་མཐོ་སྒང་དུ་གཏན་འཇགས་ངང་གཞིས་ཆགས་པའི་དུས་ཚོད་དང་གོམས་ནུས་ཕྱོགས་ལ་རྩོད་གཞི་མི་འདྲ་བ་བྱུང་ཡོད་དེ།(1-3,8,13,15-17) ཆེད་ལས་མཁས་པ་ལ་ལས་ཀྱིས་འགྲོ་བ་མིའི་རིགས་གཏན་འཇགས་ངང་འཛམ་གླིང་ཡང་རྩེ་རུ་གཞིས་ཆགས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ཞིང་ལས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པར་འདོད་པ་དང་། (3) གཞན་ཁ་ཤས་ཀྱིས་མཐོ་སྒང་དུ་སྐྱེ་དངོས་རིག་པའི་གོམས་འདྲིས་དང་གདུག་རྩུབ་ཅན་གྱི་ཁོར་ཡུག་ལ་གོམས་ལོབས་སུ་གྱུར་བར་ཡུན་རིང་བའི་ལོ་རྒྱུས་དང་གཞིས་ཆགས་པར་དངོས་ཡོད་ཀྱི་དུས་ཡུན་ངེས་ཅན་དགོས་པའི་ལྟ་ཚུལ་བཏོན་ཡོད། (1,23) ཚོད་ལྟའི་གོམ་ཁ་འདི་ནི་འགྲོ་བ་མིའི་རིགས་མཐོ་སྒང་དུ་རྒྱལ་ཁའི་ངང་གཞིས་ཆགས་པར་སྔོན་ནས་བཟུང་གནས་ཚུལ་ཁུངས་འཕེར་བ་ཞིག་ཡོད་པ་དང་། (12) ཉུང་མཐའ་ཡང་ལོ་ངོ་གསུམ་ཁྲི་ཡོད་པའི་ཉྭ་སྟིའི་གནའ་ཤུལ་གྱིས་འགྲོ་བ་མིའི་རིགས་མདོ་དབུས་མཐོ་སྒང་དུ་གཞིས་གྲོང་གསར་ཆགས་ཀྱི་ལོ་རྒྱུས་ཡོད་པའི་ལེའུ་གསར་བའི་ཡོལ་བ་གསར་དུ་ཕྱེས་ཡོད། 

ཐུགས་རྗེ་ལེགས་འབུལ།

རྩོམ་འདི་ནི་ཀྲུང་གོའི་ཚན་རིག་ཁང་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་གནའ་དཔྱད་རིག་པའི་ཆེད་མཁས་དང་རྩོམ་མཁན་ཀྲང་ཞའོ་ལེན་(张晓凌)དང་བདག་གི་དགེ་རྒན་དམ་པ་(John W Olsen) སོགས་ཀྱིས་མོས་མཐུན་དང་ཆོག་མཆན་འོག་བསྒྱུར་བ་ཞིག་ཡིན་ལ། མཁྱེན་ལྡན་མ་ཁོང་གིས་དབྱིན་ཇིའི་རྩོམ་གདན་དང་པར་རིས་སྣ་ཚོགས་མཁོ་འདོན་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ལྷག་པར་དུ་བདག་གི་དགེ་རྒན་(John W Olsen) ལགས་ཀྱིས་རྩོམ་འདི་བསྒྱུར་བའི་གོ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ཆེད་དུ་བཀའ་དྲིན་ཞུས་པ་ཡིན། 

དཔྱད་གཞིའི་ཡིག་ཆ།

1. P.J.Brantinghan, X.Gao. World archaeol.38,387-414 (2006)

2. M.C.Meyer et al., Science 355,64-67 (2007) 

3. F.H. Chen et al ., Science347, 248-250(2015)

4. Z. M. An, Z.S. Yin, B.Y. Li, Curr. Anthropol 23, 493-499 (1982)

5. B.Y. Yuan, W. Huang, D. Zhang, Chin, Sci. Bull.52, 2675-2679(2007)

6.P.J.Brantingham, J.W. Olsen, G.B. Schaller, Antiquity 75, 319-327(2001)

7. D.B.Madsen et al., Archaeol.Res. Asia11. 15-26 (2017)

8.M.Aldenderfer, High Alt.Biol.12,141-147 (2011)

9.K. Rademaker et al., Science 346, 466-469 (2014)

10.E.Huerta-Sanchez et al., Nature 512.,194-197 (2014)

11. R.G.Robert, O.B.Lian. Nature 520,438-439 (2015)

12. P.J.Brantinghan et al., Chin. Sci. Bull.48,1510-1516 (2003)

13. P. J. Brantinghan, D. Rhode, D. B. Madsen. Science 329, 1467 (2010)

14 .L.L. Cavalli-Storza, P. Menozzi, A. Piazza, The History and Geography of Human Gene(Princeton Univ. Press,1994) 

15.M.Zhao et al., Proc. Nati. Acad. Sci. U.S.A. 106 21230-21235 (2009)

16.Z.Qin et al., Am. J. Phys. Anthropol.143,555-569 (2010)

17. C.M.Beall, Annu, Rev. Anthropol.  43,251-272 (2014)

18. Y. F. Shi, G. Yu, X. D. Liu, B. Y. Li, T. D. Yao, Palaeogeogr. Palaeoclimatol. Palaeoecol. 169,69-83(2001)

19. F. Peng,  H. Wang, X. Gao, Quat.Int.347,12-20 (2014)

20. A.P. Derevianko, X. Gao, J. W. Olsen, E. P. Rybinm, Archaeol. Ethnol. Anthropol. Eurasia 40, 2-18(2012)

21. F. Li, S.L. Kuhn, J. W. Olsen, F. Chen, X. Gao, J. Anthropol. Res. 70,35-67(2014)

22. S. Sawyer et al, Proc. Natl. Acad. Sci. U.A.S. 112, 15696-15700 (2015)

23. C.M.Beall, Annu. Rev. Anthropol. 30, 423-456 (2001)

པར་དང་པོ། ཉྭ་སྟིའི་གནའ་ཤུལ་གྱི་ཆགས་ཡུལ་དང་བསྔོག་འདོན་སྡེ་ཚན། ཀ གནའ་ཤུལ་ཆགས་ཡུལ་གྱི་ལྗོངས་བཀོད་ཀྱི་ས་ཁྲ།  ཁ། ངོན་མཚོ་འདབས་འབྲེལ་གྱི་གནའ་ཤུལ་གྱི་ཆགས་ཡུལ་དང་མཚོ་མོ་གཞན་དག ག། ས་རིམ་གསུམ་པའི་སྟེང་ཁ་གྲམ་ངང་ཐོར་པའི་ཡོ་ཆས།  

མཐོ་སྒང་གི་ཞིབ་འཇུག་གྲངས་གཞིའི་དཔྱད་གཞི་ཁག་ནི་http//vterrain/org/Elevation/global/. 

Html. satellite imagery for courtery of Google Earth. ལས་དྲངས་བ་ཡིན། 

པར་གཉིས་པ། སྙིགས་བསགས་ལས་གྲུབ་པའི་ས་རིམ་གསུམ་གྱི་གོ་རིམ་དང་ས་རིམ་དང་ས་རིམ་བར་གྱི་འབྲེལ་བ། OSL དང་AMS གཉིས་ཀྱི་དམར་དཔེའི་གནས་སྟངས། སྙིགས་བསགས་གོ་རིམ་གྱི་རིས་འགྲེལ། གནའ་ཤུལ་ས་རིམ་གྱི་དབྱེ་བ། མཛོད་ནུས་བཟོ་བཅོས་བྱས་རྗེས་ཐག་ཆོད་ཟིན་པའི་སོལ་རྒྱུའི་ལོ་ཚིགས། ས་རིམ་བར་གྱི་འབྲེལ་བ་དང་བྱུང་རིམ་གསུམ་གྱི་OSLགྱི་ལོ་ཚིགས། 

པར་གསུམ་པ། ཉྭ་སྟིའི་གནའ་ཤུལ་ལས་རྙེད་པའི་རྡོ་ཆས། ཀ ས་རིམ་དང་པོ་ནང་ཐོན་པའི་ལག་ཆ། འབུག་དང་འབྲད་ཆས། ས་རིམ་གསུམ་པ་ལས་ཐོན་པའི་འབྲད་ཆས། ཁ། ས་རིམ་དང་པོ་ནས་གཉིས་པའི་ཁྲོད་ཐོན་པའི་རྡོ་ལེབ། ག ས་རིམ་དང་པོ། གཉིས་པ། གསུམ་པ་ལས་ཐོན་པའི་རྡོ་སྙིང་། ང། ས་རིམ་དང་པོ་། གཉིས་པ། གསུམ་པ་བཅས་ནས་ཐོན་པའི་རྡོ་གྲི།