ཁྱེད་ཉིད་གྲོངས་ཟིན་པའི་གནས་ཚུལ་ཐོས་དུས་བདག་པེ་ཅིང་གི་ས་འོག་མེ་འཁོར་དུ་བསྡད་དེ་ཁྱིམ་ལ་ལོག་པའི་ལམ་སྐབས་ཡིན། ཡིད་སྐྱོའི་གནས་ཚུལ་དེས་མི་བརྒྱ་ཕྲག་དུ་མའི་དཀྱིལ་ན་ཡོད་པའི་ང་ལ་ཁེར་རྐྱང་གི་སྡུག་བསྔལ་ཡར་མི་ཐེག་པ་ཞིག་བྱིན། ཕ་ཡུལ་ཞེས་པའི་རེག་རྒྱུ་སྟོན་རྒྱུ་མེད་ཀྱང་དྲན་རྒྱུ་དུངས་རྒྱུ་ཡོད་པ་དེའི་ཆ་ཤས་ཆེན་པོ་གཅིག་ནི་ཁྱེད་དང་ཁྱེད་ལྟ་བུས་གྲུབ་ཡོད་དེ། ཁྱེད་དང་ཁྱེད་ལྟ་བུ་དག་མེད་པར་གྱུར་ཚེ། ངས་ཕ་ཡུལ་ཞེས་པའི་གཟི་བརྗིད་དང་དྲོད་རླབས། མཛེས་སྡུག་ལ་སྔར་ལྟར་བསམ་ཚོད་བྱེད་མི་ཐུབ་པར་འདུག

ཁོང་གི་མིང་ལ་འབྱུང་གནས་ཟེར། སྡེ་བའི་ནང་ཁོ་ལས་ན་ཅུང་ཟད་གཞོན་པ་ཐམས་ཅད་ཀྱིས་ཁོང་ལ་ཨ་ཕ་འབྱུང་གནས་ཞེས་འབོད། ཁོ་བོ་ཧ་ལམ་ལོ་དྲུག་ཡིན་པའི་སྐབས་ཐེངས་དང་པོར་ངེད་ཀྱི་ཁྱིམ་མཚེས་ལྟ་བུར་ཡོད་པའི་ཁོང་ཚང་ལ(ཧ་ལམ་སྤྱི་ལེ་གཉིས་ཙམ)ཨ་ཕ་དང་མཉམ་དུ་སོང་། ཁྱིམ་ཚང་གཞན་ལ་རྟ་ནོར་ལུག་གསུམ་ལས་མེད་པ་ལ། ཁོང་ཚང་ལ་ནི་རྟ་ནོར་ལུག་གསུམ་ཕན་ཆད་ནས་ཤྭ་བ་མང་པོ་ཡོད་ཅིང་། ཤྭ་བ་ལ་ཆེད་དུ་བཙུགས་པའི་ལྕགས་རའང་ཆེན་པོ་མཐོན་པོ་དེ་འདྲ་ཡོད། ཉིན་དེར་ཤྭ་བའི་རྭ་གཅོད་པའི་ཉིན་མོ་རེད་ཟེར་ང་ནི་རྩེད་མོར་གཡེང་ནས་རྭ་བཅད་པ་མ་མཐོང་མོད། ཕྱི་དྲོའི་ཆ་ལ་ཁོང་གིས་མི་རྣམས་ལ་ཤྭ་ཁྲག་(ཤྭ་བའི་རྭ་ཁྲག)སྟེར་གྱིན་པ་མཐོང་སོང་། ཁོང་གི་ལུས་ཤ་ཅུང་ཟད་རྒྱགས་ལ་ཉིན་དེར་གོ་ལྭའི་ཁོག་སྟོད་ནག་པོ་ཆེན་པོ་ཞིག་གྱོན་འདུག་ཅིང་། མགོར་རྒྱ་ཞྭ་ལེབ་མོ་དཀར་པོ་ཞིག་གྱོན་འདུག ཁོང་བྱིས་པ་ལ་དོ་སྣང་དང་ཀུ་རེ་རྩེད་མོ་གནང་མཁན། ཀ་ར་དང་སྒོར་མོ་སྟེར་མཁན་ཞིག་རེད་འདུག་ཅིང་།  ཉིན་དེར་ཡང་ང་ལ་ཀ་ར་དང་ཀ་ར་ཉོ་བྱེད་ཀྱི་སྒོར་མོ་རེ་བྱིན་སོང་།   ཁོའི་ཆུང་མ་བསོད་ཤེས་ནི་ངའི་ཕ་ཕྱོགས་ནས་ཤ་ཉེ་གཙོ་བོ་ཞིག་ཡིན་ཞིང་། མོ་ཡང་བྱིས་པ་རྣམས་དང་སྒོས་སུ་ངེད་དང་ངེད་ཀྱི་སྤུན་རྣམས་ལ་དུངས་དུངས་བྱེད་མཁན་ཞིག་ཡིན་པས། ངེད་ཚོ་ཚང་མ་ཁོང་ཚང་ལ་རུ་ཉུལ་ལ་འགྲོ་བར་ཤིན་ཏུ་དགའ་ཞིང་། ལོ་སར་ལ་ནི་ཆེད་དུ་ཁོང་གཉིས་སར་མ་སོང་དུས་ཧ་ལམ་མེད། 

གུས་པ་སློབ་གྲྭར་སོང་ནས་སྦྱངས་འབྲས་ཅུང་ཟད་ཡག་པོ་བྱུང་བར་བརྟེན། ནམ་ཁོང་སར་སོང་ན་དམིགས་བསལ་གཅེས་གཅེས་དང་སྐུལ་ལྕག་བྱེད་ཅིང་། ང་རང་ཡང་ཁོང་ལ་འདང་ཇེ་ཆེར་གྱུར། གུས་པས་དམའ་འབྲིང་སྐབས་ནས་རྩོམ་རེ་ཟུང་བྲིས་ཏེ་གངས་རྒྱན་ན་ཆུང་ཚགས་པར་དང་རྫོང་གི་ལྷ་གཡག་དུས་དེབ་སོགས་སུ་སྤེལ་མྱོང་བ་ལ་ཁོང་ནས་ཀྱང་གོ་ཐོས་བྱུང་མྱོང་འདུག་སྟེ། མཐོ་འབྲིང་སྐབས་ཀྱི་དབྱར་གནང་དུས་ཤིག་ལ། ང་ཡུལ་གཞན་དུ་སོང་ནས་ཕྱིར་ཁྱིམ་དུ་ལོག་དུས། ནང་མིས་དེ་རིང་ཁྱོད་ཡོད་རྒྱུ་ན་བཟང་འདུག ཨ་ཕ་འབྱུང་གནས་སླེབས་སོང་། ཁྱོད་ཁྱིམ་ན་མེད་པ་ཤེས་རྗེས་ཁོང་རུ་ནང་ལ་མ་ཡོང་ཐལ་ཟེར། ངས་དོན་ཅི་རེད་དྲིས་པར། ཁོ་རུའི་ཕར་ཀར་ཡོང་ནས་ཁྱོད་ཡོད་མེད་དྲིས་སོང་། ཁྱོད་མེད་པ་ཤེས་རྗེས་ད་རུ་ནང་ལ་མི་ཡོང་། ཁྱིམ་ལ་མགྲོན་པོ་འགའ་སླེབས་གྲབས་ཡོད། མདང་ངས་རྨི་ལམ་ཞིག་རྨིས་ཐལ། རྗེས་མ་ནས་བཟུང་ཁོས་རྩོམ་རེ་བྲིས་ན་ལས་ཀ་ཅི་བྱས་ན་མིང་འབྲི་དགོས་དུས་མིང་ལ****ཞེས་ཕྲིས་ཞེས་ཤོད། དེའི་ནང་ན་རྟེན་འབྲེལ་ཞིག་ཡོད། རྨི་ལམ་གཤིས་གི་ཡག་གི་ཟེར། ཁོ་ཧ་ཅང་དགའ་འདུག ཁྱོད་ཡོད་ན་རྨི་ལམ་ཅི་རྨིས་གསལ་བོར་བཤད་རྩིས་ཡོད་འདུག་ཅེས་ནང་མིས་ང་ལ་དེ་ལྟར་བཤད། ངས་ཡིད་ལ་ཁོའི་གཟུགས་རིས་དང་ངོ་གདོང་ཤར་ཅིང་སེམས་འགུལ་ལྟ་བུ་ཞིག་ཐེབས་ནས་བྲང་ཁོག་ཏུ་སྐྱུར་ཤ་ལངས་ཤིང་། མིག་ཀོང་དུ་མཆི་མ་འཁྱིལ། 

2014ལོར་གུས་པ་ཨ་རི་ནས་ཕྱིར་ཕ་ཡུལ་ལ་འབྱོར་བའི་ཉིན་མོ་དེ་ངས་བརྗེད་ཐབས་བྲལ། ཉིན་དེར་ངེད་ཚང་གི་རྩྭ་རའི་རྒྱབ་ཕྱོགས་སུ་ཡོད་པའི་མཱ་ཇག་གམ་མཱ་པུའུ་ཧྤང་གི་མཁར་ཤུལ་གྱང་རོ་དེ་དག་ངས་དུས་རྒྱུན་ལྟར་མཐོང་མ་སོང་། འཁྲུལ་སྣང་འདྲ་ཞིག་སྐྱེས་ཏེ་རླངས་འཁོར་སྒེའུ་བརྒྱུད་གཡས་གཡོན་དུ་ཡང་ཡང་བཙལ་མོད་མ་མཐོང་བས། ཨ་ཕ་ལ་དྲིས་པར་ཁོས་དེ་བཤིགས་པ་རེད་ཟེར། སུས་བཤིགས་པ་རེད་དྲིས་པར་ཁོས་མི་འགས་བཤིགས་པ་རེད་ཟེར། ཅིའི་ཕྱིར་བཤིགས་པ་རེད། དེ་ནི་ངོ་མ་ནོར་འཁྲུལ་ཆེན་པོ་རེད། ངས་ལོ་རྒྱུས་ཀྱི་བདེན་དཔང་ཞིག་དེ་ལྟར་ཐལ་བར་གཏང་དོན་ཧ་མ་གོ་ཞིང་ཕངས་སེམས་ཆེན་པོས་ནོར་བ་ཡིན་ལུགས་སྐད་བརྒྱབ།  འོན་ཀྱང་ངའི་ཕ་རྒན་ལྷོད་ལྷོད་ངང་ཁོ་ཚོས་ས་དགྲ་ཞིག་རེད་སྙམ་པ་ཡིན་རྒྱུ་རེད། ཡང་གཅིག་བཤད་ན་མཱ་ཇག་གི་མཁར་བཤིགས་པར་འཁྲུལ་རྒྱུ་ཅང་མེད་ཀ་ཟེར། ངས་དེ་ནི་མཱ་ཇག་གིས་བཙན་གནོན་བཤུ་བཞོག་བྱས་པའི་བདེན་དཔང་ཞིག་རེད། ད་ནི་རང་གིས་བདེན་དཔང་མེད་པར་བྱས་པ་རེད་སོགས་སྨྲས། འོན་ཀྱང་ངས་ཐེངས་གཉིས་ཙམ་ལ་དྲིས་པར་མི་དེ་དག་སུ་ཡིན་གསལ་བོར་བཤད་རྩིས་མི་འདུག་པས། ངས་ཡང་དོགས་པ་ཞིག་དང་བཅས་མུ་མཐུད་མ་དྲིས། དེའི་རྗེས་ཀྱང་ངས་སྡེ་བའི་མི་གཞན་ལ་ཁ་བརྡ་བྱེད་སྐབས་དེའི་ཕྱོགས་བསམ་བཞིན་བཤད་ཅིང་དེ་ནོར་བ་ཡིན་ཚུལ་སྨྲས་ཏེ། བཤིགས་མཁན་དེས་ཨེ་གོ་ན་བསམ། 2017ལོར། གུས་པ་ཆེད་དུ་ཁོང་བཟའ་མི་གཉིས་ལ་ལྟ་རུ་སོང་ཞིང་ཁ་བརྡ་ཡར་མར་མང་པོ་བྱས་པ་དང་། དེ་ལས་མང་ཆེ་བ་ནི་མཱ་ཇག་གིས་སྔོན་ཆད་སྒར་རུ་འབྲོག་གཉིས་ལ་བཙན་གནོན་བཤུ་བཞོག་ཇི་ལྟར་བྱས་ཚུལ་སྐོར་རེད། ཉིན་དེར་ཁོང་གིས2013ལོ་དེར་ཁོས་རང་གི་འགྲོ་སོང་བཏང་ནས་ལམ་ལས་འཁོར་ལོ་ཡོད་པའི་རྒྱ་འགའ་གླས་ཏེ། མཱ་ཇག་གི་མཁར་ཤུལ་གྱང་ར་དང་བཅས་པ་ས་ས་མལ་རྡོ་རྡོ་མལ་བྱས་པ་ཡིན། དེ་མིག་ལམ་ན་མེད་ན་ལོ་ལོན་ཚོ་དགེ་བ་ཞིག་རེད་ཟེར། ངས་གཞི་ནས་གྱང་རོ་བཤིགས་མཁན་དེ་ཤེས་སོང་། འོན་ཀྱང་། ངས་ཁོའི་བསམ་སྟངས་ལས་སྟངས་ཧ་གོ་ཐུབ་པས།   ལེ་བདའ་འཁང་ར་ལས་ལྡོག་སྟེ། ང་ལ་སེམས་འགུལ་ཐེབས་བྱུང་།  

2011ལོར། ངེད་གཉིས་ཕྲད་ཐེངས་ཤིག་ལ་ཁོང་གིས་སྡེ་བའི་ལོ་རྒྱུས་མགོ་རྔ་ཚང་བ་ཞིག་འབྲི་དགོས་འདུག ད་ཁྱོད་ཀྱང་སློབ་མཐར་ཕྱིན་པ་རེད། ངས་ད་དུང་མི་འགའ་རེ་ལ་དེའི་སྐོར་ཁ་བརྡ་བྱེད་དགོས། དེའི་རྗེས་ནས་ཐག་གཅོད་ཟེར། དེ་དུས་ང་ལ་དེ་འདྲ་ཞིག་འབྲི་བའི་བསམ་ཚུལ་ཡོད་མ་མྱོང་ལ། ངས་འབྲི་ནུས་པ་ཞིག་ཀྱང་མིན་པ་འདྲ་བས། ངས་མི་ནུས་ཚུལ་བཤད་ནས་དང་ལེན་འདྲ་ཅི་ཡང་མ་བྱས། 2014ལོར་ཡང་ཁོང་གིས་ཡང་བསྐྱར་དེའི་སྐོར་བཤད་བྱུང་ལ། ཁོས་མི་གནད་ཡོད་འགའ་ལ་ཁ་བརྡ་བྱས་ཡོད་ཚུལ་དང་། ད་ནི་དངོས་སུ་འབྲི་མགོ་ཞིག་བརྩམས་ན་དགའ་ཟེར། དེའི་ཕྱིས་སུའང་ཁོ་དང་འཕྲད་ཐེངས་རེ་ལ་དེའི་སྐོར་ཁ་བརྡ་བྱེད་ཅིང་། ངེད་ཚོ་ལོ་ལོན་རྒན་རབས་ཚོ་ད་དུང་ཡོད་ཐོག་ལ་ཁྱོད་ཚོས་འབྲི་ཐུབ་ན་བཟང་ཟེར། དེ་དུས་ངས་ནི་ཁོང་གི་ལྷག་བསམ་དང་དོན་དེའི་གལ་ཆེན་རང་བཞིན་ཞེ་ཐག་པ་ནས་ཧ་གོ་ཡང་། དེ་ང་གཅིག་པུས་འབྲི་ནུས་པ་དང་ཆོག་པ་ཞིག་ཀྱང་ག་ལ་ཡིན། འོན་ཏེ་ཁོང་གིས་ནི་ཡུན་རིང་བོར་དེའི་ཕྱོགས་ལ་བསམ་བློ་བཏང་། སེམས་ཁུར་བྱས་པ་ཡིན་འདུག་སྟེ།   ཁོང་རང་ནས་ལོ་རྒྱུས་ཀྱི་ས་བོན་ཚུལ་དུ་ཟིན་ཐོ་མང་པོ་བཀོད་འདུག་ཟེར་བ་ཕྱིས་སུ་གོ་ཐོས་བྱུང་། གལ་ཏེ། ཁོང་ལ་ལོ་རྒྱུས་འབྲི་བའི་ཡོན་ཏན་ཡོད་ན་ཁོ་གཅིག་པུས་མི་ཚེགས་རྒྱུ་ཚེགས་ལ་མ་འཛེམ་པར་སྔ་མོ་ནས་བྲིས་ཏེ་འཚགས་ཡོད་པ་ཐག་གིས་ཆོད།  དེའི་རྗེས་སུ་སྡེ་བའི་ལོ་རྒྱུས་འབྲི་མགོ་ཡང་བརྩམས་ཡོད་ལ།  ཁོང་ནི་དེ་མགོ་རྩོམ་དུ་འཇུག་མཁན་གཙོ་བོ་ཞིག་ཡིན།   འོན་ཏེ།   ཡིད་ཕངས་པ་ཞིག་ལ་ད་ནི་ཁོང་གིས་རང་སྡེའི་ལོ་རྒྱུས་དེ་མཐོང་མ་ཐུབ་པ་རེད།  

2015ལོ་ནས་ཁོ་བོས་ལོ་རྒྱུས་སྐོར་གྱི་རྩོམ་ཞིག་འབྲི་བཞིན་ཡོད་པར་འབྲི་བའི་གོ་རིམ་ཁྲོད་སྔར་གྱི་དོན་དག་ཅིག་གི་ཞིབ་ཆ་དང་དག་མིན་རྩད་གཅོད་ཆེད་དུ་མི་རྒན་པ་རེ་ལའང་སྐབས་སྐབས་སུ་བཅར་འདྲི་བྱེད་དགོས་རྐྱེན།  ཐེངས་ཤིག་ཆེད་དུ་ཁོང་གི་སར་སོང་ནས་འབྲེལ་ཡོད་གནས་ཚུལ་དྲིས།    ཁོང་ནི་སྤྱི་ལོ1944ལོར་སྐྱེས་ཤིང་ལོ་དགུ་ཡི་སྟེང་གྲྭ་པ་བྱས།  ལོ་བཅུ་བཞི་ལ་སོན་སྐབས་མཉམ་ལས་ཁང་ཚུགས་རྐྱེན་གྲྭ་པ་ཚང་མ་དགོན་པ་ནས་ཕྱིར་བསྐྲད་པས།   1959ལོར།  ཟོག་སྨན་བྱེད་དགོས་ཞེས་ལོ་དེའི་དབྱར་ཁར་མཚོ་སྔོན་སྟོང་སྐོར་སློབ་གྲྭར་ཟོག་སྨན་བསླབ་དུ་སོང་བ་དང་།  དེ་ནས་བཟུང་ཆོས་སྒོ་ཕྱེས་པའི་བར་ཏེ་ལོ་ཉི་ཤུའི་རིང་ལ་ཟོག་སྨན་བྱས་འདུག་ཅིང་དེའི་རྗེས་ལ(སྤྱི་ལོ1981ལོ)བྲག་དམར་སྡེ་བའི་རུ་ཆུང་ཞིག་གི་རུ་དཔོན་ལ་བསྐོས་པ་དང་།  ལོ་གསུམ་རྗེས་བྲག་དམར་སྡེ་བའི་སྡེ་དཔོན་ལ་བསྐོས་ཏེ་སྤྱི་ལོ1994ལོའི་བར་དུ་སྡེ་དཔོན་གྱི་བྱ་བ་བསྒྲུབས་འདུག   ཁོང་ཚང་གི་ཤྭ་གསོའི་ལས་གྲྭ་དེ་ནི་དུས་སྐབས་དེ་ཤེད་ཅིག་ལ་བཙུགས་འདུག་སྟེ། སྐབས་དེར་སྡེ་མིས་ཁེ་ལས་བསྒྲུབ་ཚེ་སྲིད་ཇུས་ཀྱི་ངོས་ནས་རྒྱབ་སྐྱོར་ཡོད་པའི་ལས་གཞི་ཞིག་སླེབས་འདུག   དེ་ཡང་ཁོང་གིས“ཤྭ་ར་བཙུགས་པར་རྒྱུ་མཚན་གསུམ་ཡོད་དེ།  གཅིག་ན། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཐུབ་པས་དགེ་བ་ཆེ། གཉིས་སུ། བོད་སྨན་ལ་སྨན་སྣ་མཁོ་འདོན་བྱེད་ཐུབ། གསུམ་དུ། ཞོར་ལ་སྒེར་གྱི་ཡོང་སྒོ་ཡང་འཚོལ་ཐུབ”ཟེར།  ཁོང་གིས་སྡེ་དཔོན་གྱི་འགན་གྲུབ་རྗེས་ཀྱང་།  སྡེ་བའི་དོན་དུ་ཡར་རྒྱུགས་མར་འདུར་བྱེད་རྒྱུ་མཚམས་བཞག་མི་འདུག        

ད་ནི་ངའི་དྲན་ངོགས་ཀྱི་རྒད་པོ་འདི་འཇིག་རྟེན་འདི་དང་གཏན་དུ་ཁ་གྱེས་སོང་།  འདི་ལྟར་ཁོང་གི་སྐོར་ལ་ཕྱིར་འདང་ཞིག་བརྒྱབ་ཚེ་ཁོང་ནི་དེ་འདྲའི་གཅེས་སུ་འོས་ཤིང་རླབས་ཆེ་ལ།  ངའི་དྲན་འཛིན་དུ་ཚེ་གང་བོར་ཉར་དགོས་པའི་མི་ཞིག་ཏུ་གྱུར་འདུག   དེ་ཡང་ཁོང་གཅེས་སུ་འོས་ཤིང་རླབས་ཆེ་ལུགས་ནི་མཐའ་འཁོར་གྱི་མི་དང་རང་ཉིད་གཏོགས་སའི་སྤྱི་ཚོགས་ལ་བཟུང་བའི་ཞེ་ཐག་པའི་ལྷག་བསམ་དང་ཁ་ཞེ་གཉིས་མེད།  ཁ་ལག་ཐོད་ཐུག་པའི་རྣམ་འགྱུར་དང་མི་གཞི་རེད།   དེ་ལྟར་ཡིན་པས།  ངས་ཁོང་གི་ཆེས་མཐའ་མའི་རེ་བ་སྟེ།  རང་སྡེའི་ལོ་རྒྱུས་ཤིག་ཡོད་ན་སྙམ་པའི་རེ་བ་དེ་མ་འགྲུབ་པར་ཕངས་སེམས་སྐྱེ་ཞིང་། དེ་བས་ཀྱང“ལོ་རྒྱུས”དངོས་སུ་བརྒྱུད་མྱོང་བའི་དཔང་པོ་དག་དེ་ལྟར་རེ་རེ་བཞིན་གཤེགས་ཤིང་ལོ་རྒྱུས་འབྲི་འགན་ཡོད་པའི་ཕྱི་རབས་པ་དག་གིས་ཕྲག་ཏུ་བབས་པའི་འགན་མ་གྲུབ་པར་ཕངས་སེམས་སྐྱེའོ།།

2019.7.7