མདོ་དབུས་མཐོ་སྒང་ནི་སའི་གོ་ལའི་ཐོག་ཆེས་མཐོ་བ་རི་བོ་ཧི་མ་ལ་ཡའི་རི་རྒྱུད་གཙོ་བོར་གྱུར་པ། གངས་རིའི་ཕྲེང་བ་ཚར་དུ་མངར་བའི་རི་རྒྱུད་བཅུ་གསུམ་དང་། གངས་ར་ཉེར་ལྔ་སོགས་དར་དཀར་གྱི་ཡོལ་བ་བཤམས་པ་ལྟར་བླ་ན་མཐོ་ཞིང་། གསེར་མདོག་རྣམ་པར་བཀྲ་བའི་རྩ་ཐང་གི་མཛེས་ལྗོངས་སུ། དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་མཚོ་དང་མཚེའུ་གཡུ་མདངས་རྣམ་པར་བཀྲ་བ་ཁྲི་སྟོང་མང་པོས་མཛེས་པར་བརྒྱན་པའི་ཁོར་ཡུག་གིས་བསྐྱངས་པའི་མི་རིགས་ལ་ཡང་། གནའ་ནས་ད་ལྟའི་བར་དུ་དཀར་མདོག་ལ་བཀྲ་ཤིས་རྟེན་འབྲེལ་དུ་འཛིན་པ་དང་། གསེར་གཡུ་ལ་རིན་ཐང་མངོན་པར་མཐོ་བའི་མཛེས་སྤྱོད་ཀྱི་ལྟ་བ་རྙེད་པ་སོགས་སྣོད་བཅུད་ཕན་ཚུན་བརྩེ་བ་ཟབ་མོའི་རྟེན་འབྲེལ་ལས། ཤེས་རིག་དང་དཔལ་ཡོན་མང་པོ་ཞིག་རིམ་གྱིས་རྙེད་སོན་བྱུང་བ་ནི་བཤད་མ་དགོས་པ་ཞིག་རེད།  

དེ་ལྟར་ཕྱི་ནང་སྣོད་བཅུད་ཀྱི་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པའི་མདོ་དབུས་མཐོ་སྒང་འདི་ནི། འཛམ་གླིང་ཐོག་མི་གྲངས་ཆེས་མང་བ་ཨེ་ཤའི་ཡ་པའི་འཚོ་གནས་གཙང་ཆབ་མང་པོའི་འབྱུང་གནས་སུ་གྱུར་པ་མ་ཟད། གངས་ཏི་སེ་ནི་ཤེས་རིག་མང་པོའི་ཕ་ས། ཆོས་ལུགས་མང་པོའི་ཞིང་ཁམས། སངས་རྒྱས་མང་པོའི་སྒྲུབ་གནས། ལྷ་སྒྲུང་མང་པོའི་བརྗོད་གཞི། ཁ་འབབ་རྣམ་བཞི་སོགས་གྲགས་ཅན་གཙང་ཆབ་དུ་མའི་མགོ་ཁུངས་སུ་གྱུར་པ་འདི་ལ། མཐོང་བ་མངོན་གྱུར་དང་གསང་བ་ལྐོག་གྱུར་གྱི་ལོ་རྒྱུས་རིང་མོ་ཞིག་ཡོད་པ་གཞིར་བཅས། ཉེ་ཆར་གནའ་རྫས་རིག་པའི་ཞིབ་འཇུག་དཔྱད་འབྲས་ལྟར་ན་མི་ལོ་ཁྲི་གསུམ་ནས་བཞིའི་བར་ལ་མཐོ་སྒང་གི་ས་ཆ་འདིར་འགྲོ་བ་མིའི་རིགས་འཚོ་སྡོད་བྱས་པའི་དཔང་རྟགས་རྙེད་པ་ལྟར། ཞིབ་འཇུག་གི་ཐབས་ལམ་དང་ནུས་པ་བར་མ་ཆད་པར་ཡར་རྒྱས་སུ་འགྲོ་བཞིན་པ་འདིས།  ནམ་ཉི་མ་ཞིག་ལ་ལྷ་སྒྲུང་དང་བོན་ཆོག་དག་ལས་བཤད་པ་ལྟར་རྒྱ་བོད་ཧོར་གསུམ་སྤུན་ཡིན་པ་མ་ཟད་དེ་དག་གི་ཡབ་མེས་གཙོ་བོར་གྱུར་པའི་ཤར་ཕྱོགས་མིའི་རིགས་ཀྱི་འབྱུང་ཁུངས་ཡང་།  གངས་ཏི་སེ་གཙོ་བོར་བྱས་པའི་མདོ་དབུས་མཐོ་སྒང་གི་ས་ཆ་ནས་མི་རྙེད་པའི་ངེས་པ་ཞིག་མེད་པར་སེམས། ད་ལམ་འདིར་བརྗོད་བྱ་ནི་བཀྲ་ཤིས་ཁ་བཏགས་ཤེས་རིག་གི་བྱུང་བ་ལ་ཅུང་ཟད་དཔྱད་པའི་སྐབས་སུ་བབ་པ་ལས། 

གཅིག །   ཁ་བཏགས་ཤེས་རིག་ནི་གནའ་དུས་བོད་མིའི་དཀར་མདོག་ལ་བཅངས་བའི་བརྩེ་བ་ལས་བྱུང་བ།  

༡ གནའ་མིའི་འཇིགས་རྟེན་ལྟ་ཚུལ་གྱིས་དཀར་མདོག་ལ་བཅང་བའི་བརྩེ་སེམས།

གསང་བའི་མཛོད་ཆེན་ལས། སྲིད་པ་དང་པོ་སྣང་མུན་དགེ་སྡིག་དང་། །དཀར་ནག་ཡོད་མེད་འཕེལ་འགྲིབ་གང་སྟོང་དང་། །ཞེས་གསལ་བ་ལྟར་སྣང་བ་དང་མུན་པ། དགེ་དང་སྡིག །དཀར་དང་ནག ། ཡོད་དང་མེད། འཕེལ་དང་འགྲིབ། གང་དང་སྟོང་ཞེས་སྲིད་པ་ཆགས་གནས་ལ་ཕན་གནོད་དམ་ལེགས་ཉེས་གཉིས་སུ་ལྟ་བའི་བསམ་བློ་ཐོག་མར་བྱུང་བ་མཚོན་ཡོད་ལ། དེའི་ནང་གི་དཀར་པོ་ལ་མཚོན་ན་དེ་ཉིད་ལས། ཕྱ་རྗེ་རིང་དཀར་དཀར་ཕྱོགས་དབང་བྱེད་སྐྱོངས། །སྲིད་རྗེ་འབྲང་དཀར་སྲིད་པའི་རིགས་བརྒྱུད་སྤེལ། །སྐོས་རྗེ་འབྲང་དཀར་ལེགས་ཉེས་སྐོས་དྲང་འདེངས། །གནས་སྐབས་མགོན་དང་རྟེན་དུ་གྱུར་པའོ། །ཞེས་ཕྱ་རྗེ་ལྷ་དང་། སྲིད་རྗེ་མི། སྐོས་རྗེ་དྲང་བདེན་གྱི་ལེགས་ཉེས་འབྱེད་པོ་གསུམ་ཆར་དཀར་མདོག་གིས་མཚོན་ཡོད།  ཡང་ཕོ་ལྷ་དགྲ་ལྷའི་རྟེན་འཛུགས་ལས། ཕོ་ལྷའི་རྟེན་དུ་ནི། ལྷོ་གཉུག་ལྡེམ་པ་ལ། །གཡག་རྔ་དཀར་པོ་བཏགས་པ་བཙུགས། །མ་ལྷའི་རྟེན་དུ་ནི། །གསེར་འཕང་གཡུ་ལོ་ལ། །དར་གྱི་གཅེའུ་ཡིས་བརྒྱན་པ་བཙུགས། །སྲོག་ལྷའི་རྟེན་དུ་ནི། །མདའ་བཟང་བྱ་རྒོད་མ་ལ། །གཡག་རྔ་དང་དར་ཚོན་གྱིས་བརྒྱན་པ་ལ། །དུང་དང་བསེ་མིག་མ་འོལ་བ་བཏགས་ཏེ་བཙུགས། ཞེས་དང་།  མི་ལ་ལྷ་དགོས་སྟེ། །སྲོག་འཚོ་བའི་ལྷ་དགོས་སོ། །ལྷ་ལ་ཡང་མི་དགོས་ཏེ། །གསོལ་ཞིང་མཆོད་པའི་མི་དགོས་སོ། །ལྷ་ལ་གསོལ་བའི་མི་མེད་ན། །ལྷ་ཡང་བསེ་རགས་སུ་འདས་སོ། །ཅེས་ལྷ་མིའི་སྲིད་པ་ཕན་ཚུན་རྟེན་བརྟེན་པའི་བདག་ཉིད་དང་། དེ་ཡང་དཀར་པོ་ནི་རྟེན་འབྲེལ་གྱི་མཚོན་བྱེད་དུ་འཛིན་པ་འདི། གནའ་དུས་འཇིགས་རྟེན་ལྟ་ཚུལ་གྱིས་དཀར་མདོག་ལ་བཅངས་བའི་བརྩེ་སེམས་མཚོན་པར་བྱས་ཡོད།

༢  གནའ་བོའི་ཚེ་སྲོག་ལྟ་ཚུལ་གྱིས་དཀར་མདོག་ལ་བཅང་བའི་བརྩེ་སེམས།

ཝེར་མི་སྨོན་གཞུང་ལས། བསྭོ། མཐུ་ཆེན་ཝེར་མ་ཇི་ལྟར་སྲིད། །དང་པོ་ཅི་ཡང་མེད་པ་ལ། །སྲིད་པ་ཡོད་རླུང་དཀར་པོ་སྲིད། །ཡོད་རླུང་དཀར་པོའི་ནང་ཤེད་ནས། །ཡོད་ཀྱི་བྱ་བུར་དཀར་པོ་སྲིད། །བྱ་བུར་དཀར་པོའི་ནང་ཤེད་ནས། །སྲིད་པའི་ཡོད་སྒོང་དཀར་པོ་བྱུང་། །ཡོད་སྒོང་དཀར་པོ་རྡོལ་ནང་ནས། །སྲིད་པའི་དུང་གི་མི་རྟ་དང་། །ཕོ་ལྷ་དུང་ཁྱུང་དཀར་པོ་སྲིད། །ཅེས་ལྷ་མི་གཉིས་ཀ་དཀར་པོ་ཡིན་པར་བཤད། ཕོ་ལྷ་དགྲ་ལྷའི་རྟེན་འཛུགས་ལས། ལྷའི་རྟེན་དུ་གཡུ་མཆོང་གི་སྒྲོན་མེ་འདེགས་པ་དང་། སྤོས་ཀྱི་དུད་པ་བཏང་བ་དང་། །མཚལ་གྱི་སྣང་མ་བལྟམས་པར་བཅད། །དར་དཀར་གྱི་ཡོལ་བ་བྲིས་སོ། །ལྷ་དགུའི་ཕ་རོལ་ནས། །དུང་གི་མི་ཕོ་ལ། །རྒྱང་ཐག་སྣ་དགུ་ཕྱག་ན་བསྣམས་པ་སྤྱན་དྲངས་སོ། །དེ་ལ་མིང་དང་མཚན་གསོལ་པ། །ཕོ་ལྷ་རྒྱང་དགུ་བྱའོ། །སྟངས་མི་རྗེ་སྲིན་པོ་ཐང་གི་ཕོ་ལྷ་རུ་བཀོས་སོ། །བུད་མེད་དཀར་མོ་ལ། །གཡུའི་གོ་ཅོག་ཅན་ནི། །དཔྱལ་གྱི་མ་ལྷར་བཀོས་སོ། །དཔྱལ་མ་བདག་བཙུན་མོའི་མ་ལྷ་བཀོས། །ཞེས་དང་། ཡང་མི་ཕོ་དཀར་པོ་ལ། །དུང་གི་ལྡེ་མིག་ཕྱག་ན་བསྣམས། །མིང་དང་མཚན་གསོལ་བ། །སྲོག་ལྷ་ཉམས་ཆེན་ལགས། །མི་རྗེ་སྟངས་དཔྱལ་གྱི་ལྷར་བཀོས། །དེར་སྟངས་ལྷ་མཆིས་པས། །བུ་དང་ཚ་བོ་ཡང་མཆིས་སོ། །མོ་ལ་ལྷ་མཆིས་པས་དཔལ་དང་སྲིད་ཀྱང་ཟིན། །མི་རྗེ་སྲིན་པོ་སྟངས་དཔྱལ་ལ། །བུ་དང་སྲས་བལྟམས་པ་ནི། །མི་རྗེ་འབྲང་དཀར་དང་། །མི་བཙན་བ་ག་དང་། །མི་བཙན་བཀོས་དྲུག་དང་མཆེད་གསུམ་བལྟམས། །དེ་ནི་མི་སྐྱིད་དུ་སྐྱིད་དོ། །གཡང་ཚོ་རུ་ཚོ་ཡོ། །དགའ་ཡལ་ཡལ་གྱིས་ཉི་མ་མི་ནུབ། །དྲོ་ཐབ་ཐིབ་ཀྱིས་ནམ་མི་ལངས་སོ། །ཞེས་པ་སོགས་ལྷ་སྒྲུང་དང་བླ་བསླུའི་ཆོ་ག་རྣམས་སུ་མང་བས་ཚང་མ་འགོད་ཚོད་མེད་རུང་། མདོར་བསྡུས་ན་གནའ་བོ་གདོད་མའི་དུས་སུ་བླ་ཡོད་པར་འཛིན་པའི་འདུ་ཤེས་བྱུང་བ་ནས་བཟུང་། དེ་དང་ངོ་བོ་གཅིག་པ་ཐོག་མའི་ལུས་ལྷ་གསུམ་རྙེད་པ་སྟེ་གོང་གི་ཕོ་ལྷ་མོ་ལྷ་སྲོག་ལྷ་གསུམ་ཡིན། དེའི་རྗེས་ཞང་ལྷ་རྙེད་པས་ལྷ་བཞི་ནི་བོད་མིའི་མེས་པོ་རྣམས་ཀྱི་ཚེ་སྲོག་གནས་པའི་གཞི་དང་རིགས་རྒྱུད་སྤེལ་བའི་ལྷ་ཡང་ཡིན་ལ། ཕ་རུས་མ་མཆོག་ཅེས་རིགས་རུས་ཀྱི་ལོ་རྒྱུས་འཆད་སྐབས་ཞང་པོའི་རུས་ཡང་ལྷན་དུ་སྦྱར་སྲོལ་ཡོད་ལ། དེ་ནས་རིམ་གྱིས་ལྷ་རིགས་མང་པོར་འཕེལ་སྟེ་ལུས་སྟེང་གི་འཕྲག་ལྷ་སོགས་དང་། དགྲ་ལྷ་ཚོང་ལྷ་སོགས་ལས་ལྷ་དང་། ཕུག་ལྷ་ཐབ་ལྷ་སོགས་ཁྱིམ་ལྷ་དང་། རྩེ་ལྷ་ཐོག་པ་དང་སྒོ་ལྷ་སྟག་གཡག་སོགས་ཁང་པའི་ལྷ་བཅས་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པའི་ལྷ་རྣམས་ནི་དཀར་མདོག་གིས་མཚོན་པར་བྱས་པ་ནི་ལྷ་སྒྲུང་དག་ལས་མང་ཡང་མདོར་བསྡུས་ཙམ་ཞིག་གོ །

༣ གནའ་བོའི་རྟེན་འབྲེལ་ལྟ་ཚུལ་གྱིས་དཀར་མདོག་ལ་བཅང་བའི་བརྩེ་སེམས།

ཡང་ཁྱུང་གི་གཞི་འདིངས་ལས། གཡང་དཀར་ལུག་གི་སོག་བལ་དང་། །ལྷ་གཡག་དཀར་པོའི་རྩིད་པ་ལ། །གཡུང་དྲུང་ཚེའི་མདུད་པ་བྱས། །ཡོན་བདག་རྣམས་ལ་སྲུང་སྐུད་བཏགས། །མི་འཆི་ཚེའི་རྨུ་ཐག་མཛོད། །སྣེ་མོ་ལེའུ་སྐུ་ལྷའི་བཟུང་། །ལྷ་ཡི་རྨུ་ཐག་དཀར་པོ་འདིས། །ཡོན་བདག་ཁྱོད་ཀྱི་ཚེ་སྲོག་བསྲིང་། །ལྷའི་རྨུ་ཐག་ཡར་ལ་ཟུང་། །ཕོ་ལྷ་དགྲ་ལྷའི་རྨུ་ཐག་ཡར་ལ་ཟུང་། །ཝེར་མའི་རྨུ་ཐག་ཡར་ལ་ཟུང་། །ཚེ་རྫིའི་རྨུ་ཐག་ཡར་ལ་ཟུང་། །ཤུགས་མགོན་རྨུ་ཐག་ཡར་ལ་ཟུང་། །སྲིད་ཀྱི་རྨུ་ཐག་ཡར་ལ་ཟུང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེའི་རྨུ་ཐག་ཡར་ལ་ཟུང་། །རྨུ་ཐག་དཀར་པོ་གྱེན་དུ་དྲོངས། །བྱུར་ཐག་ནག་པོ་ཐུར་དུ་ཆོད། །གཤེན་བོན་བདག་གི་སྨྲང་བསྟོད་དོ། །དཀར་ཕྱོགས་བསྟན་པའི་ཁ་འཛིན་མཛོད། །ཡོན་བདག་མི་ནོར་རྒྱབ་བརྟེན་གྱིས། །ལྷ་མི་གཤེན་གསུམ་བསམ་པ་འགྲུབ།  །བསཱོ། ཆའོ། ལྷ་རྒྱལ་ལོ། །ཞེས་གསལ་བའི་ཡིག་ཆ་འདིའི་བྲིས་གཟུགས་ལ་བལྟས་ན་ལོ་ཉིས་བརྒྱ་ཡས་མན་ཙམ་གྱི་དཔེ་ཞིག་ཡིན་ཚོད་ཀྱང་། ནང་དོན་ལ་ཆེས་གནའ་བོའི་དུས་ཀྱི་བསམ་བློའི་འདུ་ཤེས་མ་ཉམས་པ་སྟེ་སྲིད་པའི་ཁམས་སུ་ལྷ་མི་གཤེན་གསུམ་ཡོད་ལ། ལྷ་མེད་ན་མི་ལ་མགོན་སྐྱབས་མེད། མི་མེད་ན་ལྷ་ལ་མཆོད་མི་མེད། གཤེན་མེད་ན་ལྷ་མིའི་བར་གྱི་འབྲེལ་བ་དང་། འདྲེའི་གནོད་པ་བཟློག་མི་མེད་པའི་འདུ་ཤེས་འཛིན་གྱི་ཡོད་པ་ལྟར་ལྷ་ལ་རྨུ་ཐག་དཀར་པོ་གྱེན་དུ་འདྲེན་པའི་གསོལ་སྨོན་དང་འབྲེལ་བལ་ཐག་དཀར་པོ་ཞིག་ཁང་སྟེང་དུ་ཡར་འདོགས་པ་དང་། འདྲེའི་གནོད་པ་བཟློག་ཆེད་བྱུར་ཐག་ནག་པོ་ཞེས་པའི་ཐག་པ་ནག་པོ་ཞིག་བཅད་ནས་མར་གཡུག་པའི་ཆོ་ག་ཞིག་རེད། 

ཆོ་ག་འདིའི་གོང་འོག་ཚང་མར་ཕྱིས་དར་རིག་གནས་ཀྱི་ཤུགས་རྐྱེན་ཚིག་གཅིག་མ་ཐེབ་པ། གནའ་མི་དག་གི་རྟེན་འབྲེལ་ལྟ་ཚུལ་དག་མ་ཞིག་ཏུ་མཐོང་བ་ལྟར། དཀར་མདོག་ནི་གནའ་སྔ་མོ་ནས་བོད་མིའི་བཀྲ་ཤིས་པའི་རྫས་རྟགས་ཞིག་ཏུ་འཛིན་གྱི་ཡོད་པ་ཤེས་ཐུབ། ཡང་ལྷ་གསོལ་ཞིག་ལས། ལྷ་གཡག་དཀར་པོ་གཅིག །དུང་རུ་གནམ་དུ་གཡུགས། །དུང་རུ་དཀར་པོ་གཅིག །གནམ་གྱི་བདུད་ལ་བསྒྱུར། །རྨིག་བཞི་ས་ལ་འཁྲབས། །དུང་མིག་དཀར་པོ་ཡི། །ལྷ་སྲིན་དབྱལ་ཐག་གཅོད། །རྔ་མ་ནམ་མཁར་གཡུག། །རྔ་དཀར་སྤྲུག་པ་ཡིས། །ལྷ་བཙན་བྲན་དུ་ཁོལ། །ངར་སྐད་ཐེང་གསུམ་ངར། །ཁམས་གསུམ་དབང་དུ་བསྡུད། །རུ་བསིག་ལན་གསུམ་སྤྲུག། སྲིད་གསུམ་དབང་དུ་བསྡུད། །ཅེས་པ་ལྟར་དཀར་པོ་ནི་སྣང་བ་དགེ་བ། ཡོད་པ། འཕེལ་བ་སོགས་བཀྲ་ཤིས་པར་འཛིན་ཅིང་། དེས་སྡིག་མུན་མེད་འགྲིབ་སྟོང་སོགས་མི་མཐུན་པ་རྣམས་བཟློག་པའི་རྟེན་འབྲེལ་དུ་བརྩི་བཞིན་ཡོད། 

ཁྱུང་བརྩལ་ལས།  ལྷ་རྟ་སྙན་དཀར་བདུད་རྟ་ནག་པོ། ལྷ་གཡག་དཀར་པོ་བདུད་གཡག་རོག་པོ། ལྷ་ལུག་དཀར་པོ་བདུད་ལུག་ནག་པོ། ཞེས་ལྷ་བདུད་གཉིས་དེ་དཀར་ནག་གཉིས་ཀྱི་མཚོན་ཡོད། སོ་འཕྲང་རིམ་དགུ་ལས། ཕྱི་ནི་དར་དཀར་རས་གུར་ཕུག །ཝེར་མ་རྣམས་ཀྱི་འདུ་ཁང་ཡིན། །ནང་དུ་ཕྱིང་དཀར་གྲུ་བཞི་བཞག །ཝེར་མ་རྣམས་ཀྱི་བཞུགས་གདན་ཡིན། །ནས་ཀྱི་གཡུང་དྲུང་བྲིས་པ་འདི། །ཝེར་མ་རྣམས་ཀྱི་རྒྱུ་ལམ་ཡིན། །དབུས་སུ་རྦ་དཀར་ཚིག་གསུམ་འདི། །ཝེར་མ་རྣམས་ཀྱི་སྐུ་རྟེན་ཡིན། །ཞེས་དང་། ཡང་། ལ་ཉེ་དགུ་ཆོག་ལས། བསྭོ། དུང་ཁྱུང་དཀར་པོ་ལ་ཉེ་བཟང་། །ཁྲུང་ཁྲུང་དཀར་མོ་ལ་ཉེ་བཟང་། །དུང་གཡག་དཀར་པོ་ལ་ཉེ་བཟང་། །དུང་གི་བྱ་རྒོད་ལ་ཉེ་བཟང་། །ཞེས་པ་སོགས་ཆེས་གནའ་དུས་ཀྱི་ཤེས་རིག་དམངས་ཁྲོད་དུ་མི་རབས་ནས་མི་རབས་བརྒྱུད་དེ་རྒྱུན་འཛིན་བྱས་པ་དང་། དེ་འདྲའི་གཏོ་ཆོག་དང་། ལྷ་སྒྲུང་། སེལ་ཡིག་སོགས་ཡིག་ཆ་མང་པོའི་ནང་དུ་དཀར་མདོག་ནི་བཀྲ་ཤིས་རྟེན་འབྲེལ་མཚོན་པའི་རྟེན་རྫས་གལ་ཆེན་ཞིག་ཏུ་བརྩིས་ཚུལ་དཔེར་ན། བོད་ཀྱི་འབྲོང་གཡག་ཕལ་ཆེ་བ་ནི་ནག་པོ་དང་ཁམ་པ། བྲེ་བོ་དང་ག་པ་སོགས་མང་བ་ལས་དཀར་པོ་ཧ་ཅང་ཉུང་རུང་། གནའ་བོའི་ཆོ་ག་དང་ལྷ་སྒྲུང་རྣམས་སུ་བཤད་པའི་ལྷ་གཡག་ཚང་མ་དཀར་པོ་ཡིན་པར་བཤད་ཡོད། དེ་ཡང་གོང་གི་ལྷ་གསོལ་གྱི་གཡག་དཀར་པོ་དང་། སྒོ་ལྷ་སྟག་གཡག་གཉིས་ཀྱི་ཡ་གྱལ་གྱི་གཡག་ཀྱང་དཀར་པོ་དང་། ཕྱྭ་གཤེན་གྱི་ལྷ་ཀུ་བྱི་མང་སྐེ་ཞེས་པའི་བོན་གྱི་ལྷ་དེ་ཡང་གཡག་དཀར་པོའི་རྣམ་པར་ཡོད་ཚུལ་དང་། ཡར་ལྷ་གཤམ་པོ་ཡང་གཡག་དཀར་ཞིག་ཏུ་སྤྲུལ་ཚུལ་སོགས་ད་དུང་དམངས་ཁྲོད་གཏམ་རྒྱུད་དུ་ཡང་གཡག་དཀར་དང་འབྲེལ་བའི་གཏམ་རྒྱུད་མང་པོ་བཤད་རྒྱུ་ཡོད་པ་ནི། གནའ་དུས་བོད་མི་རྣམས་ཀྱི་སེམས་ཁམས་སུ་བཀྲ་ཤིས་ལེགས་ཚོགས་ཀྱི་རྟེན་འབྲེལ་ཡོད་ཚད་དཀར་མདོག་གིས་མཚོན་པར་བྱས་པའི་སྐོར་མང་ཡང་ཡི་གེའི་འཇིགས་པས་དེ་ཙམ་མོ། །

༤  གནའ་བོའི་སྣོད་བཅུད་ལྟ་ཚུལ་གྱིས་དཀར་མདོག་ལ་བཅང་བའི་བརྩེ་སེམས།

འབུམ་པའི་ཡིག་རྙིང་ལས། གནམ་ཡང་དཀར་པོ་ལ། །ཕུ་མདའ་ཡང་དཀར་པོ། །གདགས་སྲིབས་ཀྱང་དཀར་པོ། །ཡུལ་ཡང་དུང་གི་ཡུལ། །མཚོ་དུང་མཚོ་དཀར་མོའི་ནང་ན། །དུང་གི་མི་ཕོ་འབུམ། །ཞེས་དཀར་པོ་འབའ་ཞིག་བཤད་པ་དང་། ཡུལ་གྱི་གཞི་བདག་ཕལ་ཆེ་བ་དཀར་པོ་སྟེ། ལྷ་རབས་ཡར་ལྷ་ཤམ་པོ་ནི། མི་དཀར་གཡག་དཀར་མགོ་བོ་ཅན། །སྐུ་ལ་དར་དཀར་བེར་ཆེན་གསོལ། །ཕྱག་ན་ཤེལ་གྲི་མདུང་དར་དཀར། །ལྷ་དམག་འབུམ་གྱི་འཁོར་གྱིས་བསྐོར། །ཞེས་དང་། ཡུལ་ལྷའི་བླ་རྡོ་སྲོག་འཁོར་སྐབས། ཤེལ་རི་གངས་རི་དང་གནས་གཙང་མ་རི་བྲག་དཀར་པོ་ལྷ་གནས་ས་ནས། བླ་རྡོ་ཤེལ་དཀར་རམ། རྡོ་དཀར་པོ་གཙང་གཞུག་ཅན་ལ་གཡག་དཀར་པོའི་སྙིང་ཁྲག་གིས། ཨ་བྲིས། དར་དཀར་ལ་ཨ་དེ་བ་ཏྲི་ཛ་ཛ་ཞེས་བྲིས་གཡག་དཀར་སྙིང་ཚལ་བཅས་གཡག་དཀར་པོའི་ར་གཡས་པའི་རྩེ་མོའི་ཁབ་བཅས་བཅིང་བར་བྱའོ། །ཞེས་གསལ། ཡང་རང་གི་མདུན་དུ་ཐང་ལྷ་དཀར་པོ་རྟ་ངང་དཀར་ལ་ཆིབས་པ། སྐུ་ལ་བེར་དཀར་ལྷུབ་གྱོན་བྱས་པ། དབུ་རལ་བུའི་སྟེང་ན་རིན་པོ་ཆེ་དང་རྡོ་རྗེ་ཕྱེད་པས་བརྒྱན་པ། གཡས་སྦ་ལྕགས་དང་གཡོན་ཤེལ་ཕྲེང་འདྲེན་པ། ཞེས་དཀར་པོ་དང་། ཡེ་ལྷ་ཁྲི་འབུམ་སྙེགས་ལས། བཀྲ་ཤིས་ལྷ་རྣམས་གསོལ་ལ། །ནམ་མཁའ་བཀྲ་ཤིས་པའི་རྟགས་སུ། །གཡུ་གཙོང་གཙོང་སྨྲ་ཤེས་དང་། །ས་གཞི་བཀྲ་ཤིས་པའི་རྟགས་སུ། །གསེར་ཁ་ཁ་རྒོད་ཤེས་དང་། །སྟངས་ཁྱོ་ག་བཀྲ་ཤིས་པའི་རྟགས་སུ། །སྲིད་མདའ་ལྟོང་དཀར་བཅུ་གསུམ་དང་། །དཔྱལ་མོ་བཀྲ་ཤིས་པའི་རྟགས་སུ། །གཡུ་འཕང་སྔོན་མོ་བཅུ་གསུམ་དང་། །ཅེས་སོགས་མདའ་ལྟོང་དཀར་བཅུ་གསུམ་ནི་སྐྱེས་པ་ཁྱོ་ག་བཀྲ་ཤིས་པའི་རྟགས་སུ་བཤད་པ་དང་།  དགྲ་ལྷ་ཀ་འཛུགས་རྡོ་རྗེ་ཕ་ལམ་ལས། དཔའ་རྩལ་བསྐྱེད་པའི་དགྲ་ལྷ་མི་དཀར་དུང་གི་སེངྒེ་བཅིབས་ནས་ཤེས་རབ་རལ་གྲི་འཛིན་པ། དཔའ་བརྗིད་བཙན་པའི་དགྲ་ལྷ་མི་དཀར་རྒྱ་སྟག་བཅིབས་ནས་དར་ཁྲ་འཛིན་པ། ཀུན་གྱི་བཀུར་བའི་དགྲ་ལྷ་མི་དཀར་གླང་ཆེན་བཅིབས་ནས་དར་མདུང་འཛིན་པ། སྙན་པ་ཐོབ་པའི་དགྲ་ལྷ་མི་དཀར་གཡུ་འབྲུག་བཅིབས་ནས་དུང་དཀར་འཛིན་པ། བསམ་དོན་འགྲུབ་པའི་དགྲ་ལྷ་མི་དཀར་དུང་ཁྱུང་བཅིབས་ནས་ཡིད་བཞིན་ནོར་བུ་བསྣམས་པ།  ཞེས་ཕྱི་ཡུལ་གྱི་གངས་རི་དཀར་པོ་དག་ལ་གནས་པའི་གཞི་བདག་དཀར་པོ་རྣམས་ཀྱིས། ནང་བཅུད་ཀྱི་སྐྱེ་འགྲོ་རྣམས་ལ་མགོན་སྐྱབས་དང་གདོང་གྲོགས་བྱེད། ནང་བཅུད་ཀྱི་ཡུལ་མིས་གཞི་བདག་རྣམས་ལ་བརྩི་བཀུར་དང་གསོལ་མཆོད་བྱ་སྟེ་སྣོད་བཅུད་ཕན་ཚུན་རྟེན་འབྲེལ་གྱི་མཚོན་རྟགས་ཐམས་ཅད།  དཀར་མདོག་ལ་བྱེད་པ་ནི་གནའ་བོའི་བོད་ཡུལ་གྱི་དམངས་སྲོལ་དག་མ་ཞིག་ཡིན་པ་ཤེས་ཐུབ།  

གཉིས་པ།  བོད་བཙན་པོའི་སྐབས་ཀྱི་བཀྲ་ཤིས་རྟེན་འབྲེལ་གྱི་འདུ་ཤེས།  

ཐང་ཡིག་ལས། རྒྱའི་ཕོ་ཉ་བས་བོད་ཀྱི་བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་མཇལ་སྐབས་ཀྱི་མཐོང་བ། བཙན་པོའི་སྐུ་ལ་སྟག་སྤགས་དཀར་པོ་གསོལ། དབུ་ལ་དར་ཐོད་དམར་པོ་བཅིང་།  ཕྱག་ན་གསེར་གྱི་མདའ་གཅིག་ཐོགས། ཞེས་དང་། ཡང་། བོད་ཀྱི་བང་སོའི་རྩིག་པར་ཚོན་དམར་པོ་བྱུག་པའི་ངོས་སུ་སྟག་དཀར་པོ་ཞིག་བྲིས་འདུག་པ་ནི། གསོན་ཚེ་སྟག་སྤག་གྱོན་ཞིང་འདས་ཚེ་སྟག་གི་གཟུགས་བརྙན་རི་མོ་བྲི་བ་ནི་དཔའ་བོའི་རྟགས་སུ་ངོམ་པ་འདྲ།  ཞེས་བྲིས་པ་ལྟར་ན་སྟག་ནི་དཔའ་བོ་མཚོན་བྱེད་དང་།  དེ་ཡང་དཀར་པོ་ནི་བཀྲ་ཤིས་རྟེན་འབྲེལ་དུ་བརྩི་བ་ནི་བཤད་མ་དགོས་པ་རེད།  སྲིད་པ་རྒྱུད་ཀྱི་ཁ་བྱང་ལྟར་ན། རྒྱལ་པོའི་བོན་ལ་ཆེ་བའི་ཡིག་ཚང་གནང་བ་ནི། དབུའི་ཆས་སུ་དབུ་སྐྲ་རྩེ་རྒྱལ་དང་། དར་དཀར་བ་ཏིའི་འགྱིང་ཐོད་དང་། གཡུ་ཞུ་སྔོན་པོ་སྟག་ཞུ་ཁྲ་བོ་ལ། རྒོད་ཀྱི་ལྡེམ་ཕོད་དང་། གཡུའི་བྱ་རུ་བཙུགས་པ་གནང་། ཞེས་དང་། ཡང་། ན་བཟའ་དབྱི་དཀར་སྤྱང་དཀར་གྱི་ཐུལ་པ་ལ་སྟག་གཟིག་གུང་གསུམ་གྱི་གོང་ལག་བཏང་བ་གནང་། ཞེས་དཀར་མདོག་ནི་ཐོབ་དང་རྟེན་འབྲེལ་མཚོན་བྱེད་དུ་བརྩི་བ་ནི་མངོན་གསལ་དོད་པོ་ཡོད། ཡང་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལས། ཆོས་རྒྱལ་གྱིས་གུ་རུ་ལ་ཕྱག་བྱས་ནས། ཕྱག་རྟེན་དུ་དར་དཀར་པོ་ཡུག་གཅིག་ལ་གསེར་གྱི་བུམ་པ་འབྲས་ཆང་གསར་བ་ཞིག་གིས་གང་ཕུལ། ཞེས་པ་སོགས་བོད་བཙན་པོའི་དུས་སུ་ཡང་སྔར་བཞིན་དཀར་མདོག་ནི་བཀྲ་ཤིས་རྟེན་འབྲེལ་གྱི་མཚོན་དོན་གལ་ཆེན་ཞིག་ཡིན་པ་ཤེས་ནུས། 

གསུམ་པ། བོད་སིལ་བུའི་སྐབས་དཀར་མདོག་ལ་བཀྲ་ཤིས་རྟེན་འབྲེལ་དུ་འཛིན་པའི་ལྟ་ཚུལ།

མངའ་རིས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཇོ་བོ་ཨ་ཏི་ཤ་ཐོག་མར་བསུ་བ་བྱེད་སྐབས། རྟ་པ་སུམ་བརྒྱ་ཙམ་ཞིག་གིས་གོས་དཀར་པོ་འབའ་ཞིག་གྱོན། རྒྱན་ཆ་ཐམས་ཅད་དཀར་པོ་འབའ་ཞིག་བྱས། བློན་ཆེན་ལྷའི་དབང་ཕྱུག་དང་། ལྷའི་བློ་གྲོས། ལྷའི་ཤེས་རབ། ལྷའི་སྲིད་འཛིན་བཞི་ལ་དར་མདུང་དཀར་པོ་ཐོགས་པའི་འཁོར་སུམ་བརྒྱ་དྲུག་ཅུའི་བསྐོར། གཞན་ཐམས་ཅད་ལ་ཡང་དར་ཆུང་ཆུང་རེ་དང་། ཆུ་དར་གྱི་གདུགས་ཉི་ཤུ། པི་ཝང་གླིང་བུའི་སྒྲ་སྙན་དང་བཅས་བློན་པོ་བཞིས་རས་དཀར་པོ་དཀར་སངས་བ་རེ་ཕྱག་རྟེན་དུ་ཕུལ། ཞེས་བཤད། ཇོ་བོའི་ལམ་ཡིག་ལས། དགེ་བཤེས་སྟོན་པ་ལ་འཕྲང་ཁ་བེར་ཆུང་གིས་རྟ་བཟང་པོ་གཅིག་གི་མཐུར་མདའ་དར་ཡུག་དཀར་པོ་ལ་བྱས་པ་ཕུལ། ཞེས་དང་། ཡང་ཇོ་བོ་རྗེ་ལ་དགེ་བཤེས་སྟོན་པས་དར་དཀར་པོ་ཡུག་གཅིག་ཕུལ་ཏེ་དོན་ཚན་གསུམ་ཞུས་ཞེས་གསལ་བ་ལྟར། སྤྱི་ལོ་༡༠༤༠ཙམ་ལ་མཐོ་རིམ་མི་སྣའི་ཁྲོད་དུ་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ་དར་རས་དཀར་པོ་ཞིག་འབུལ་སྲོལ་ཡོད་པ་ནི། གནའ་བོའི་མེས་པོ་རྣམས་ཀྱིས་དཀར་མདོག་ལ་འཛིན་པའི་རྟེན་མཚོན་རྒྱུན་འཛིན་བྱས་པ་གོར་མ་ཆག་རུང་། ད་དུང་ད་ལྟའི་ཁ་བཏགས་ཀྱི་རྣམ་པ་ཞིག་ནི་གྲུབ་མེད་པར་མངོན། 

བཞི་པ། ས་སྐྱའི་སྲིད་དབང་སྐབས་སུ་ད་ལྟའི་ཁ་བཏགས་ཀྱི་ཤེས་རིག་བྱུང་བའི་ཚོད་དཔག

དེ་ཡང་ས་སྐྱའི་སྲིད་འཛིན་ཐོག་མ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི་སྤྱི་ལོ་༡༢༣༥ལ་སྐུ་འཁྲུངས་སྟེ་༡༢༨༠ལོར་ཞིང་དུ་གཤེགས་པ་ཞིག་སྟེ། ཁོང་གིས་སྤྱི་ལོ་༡༢༥༣་ལ་ཡོན་གོང་མར་དབང་བསྐུར་བའི་ཡོན་ལ་བོད་ཁྲི་སྐོར་བཅུ་གསུམ་དང་།  ༡༢༦༠ལོར་དབང་གཉིས་པའི་ཡོན་ལ་བོད་ཆོལ་ཁ་གསུམ་ཕུལ་བ་ནས་བཟུང་བོད་ཁམས་ཡོངས་ལ་ས་སྐྱས་དབང་བསྒྱུར་བ་ཞིག་རེད།  དེས་ན་ཁོང་ནི་ཡོན་གོང་བའི་དབུ་བླ་དང་བོད་ཀྱི་རྒྱལ་པོར་གྱུར་པ་ཞིག་རེད། འོན་ཀྱང་ད་ལྟའི་ཆར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་རྣམ་ཐར་གཙོ་བོར་གྱུར་པའི་འབྲེལ་ཡོད་ཡིག་ཆ་དག་ལས། ཁ་བཏགས་ཀྱི་སྲོལ་ཁོང་གིས་བཏོད་པའི་ལོ་རྒྱུས་ཁ་གསལ་མ་རྙེད་རུང་། རྒྱུ་མཚན་གསུམ་ལ་བརྟེན་ནས་ཁོང་གིས་སྲོལ་གཏོད་གནང་བའི་ཚོད་དཔག་བྱེད་ཀྱི་ཡོད།

དང་པོ།  བོད་ཀྱི་བགྲེས་སོང་རྣམས་ཀྱི་ངག་རྒྱུན་ལྟར་ན་དང་ཐོག་བོད་ཡུལ་དུ་དམངས་སྲོལ་བལ་དང་རྩམ་པ་སོགས་ཀྱི་དཀར་བཏགས་རྒྱག་སྲོལ་ཡོད་པ་གཞིར་བཞག་གི་ཐོག །དུས་ཆེན་ཁྱད་པར་བ་དཔེར་ན་ལྷ་བབ་དུས་ཆེན་ལྟ་བུའམ།  ཡང་ན་གནམ་ལོ་གསར་ཚེས་ལྟ་བུའི་སྐབས་སུ་དམངས་སྲོལ་དུ་རས་དཀར་པོ་ཁ་གང་བ་དང་།  ཡང་ན་སྣམ་བུ་དཀར་པོ་འདོམ་གང་བའི་ངོས་སུ་གསེར་མཚལ་གྱིས་བཀྲ་ཤིས་རྫས་རྟགས་སོགས་ཀྱི་རི་མོ་དང་།  རང་ཉིད་གང་འདོད་ཀྱི་སྨོན་ཚིག་ཤོ་ལོ་ཀ་རེ་འབྲི་སྲོལ་ཡོད་པ་དང་།  ཡང་བྱ་གཞག་གལ་ཆེན་རྣམས་ཀྱི་ཚེ་ཆོས་སྐྱོང་སྲུང་མའི་སྐུ་རྟེན་ལ་སྙན་དར་འབུལ་བའི་སྐབས།  སྙན་དར་གྱི་ངོས་སུ་གཟུགས་རིས་སྣ་ཚོགས་དང་འཕྲིན་བཅོལ་གྱི་སྨོན་ཚིག་འབྲི་སྲོལ་ཡོད་པ་ལ་གཞི་བཅོལ་སྟེ་ཆོས་རྒྱལ་འཕགས་པས་འཆར་འགོད་གནང་།  སོག་པོའི་སྦྱིན་བདག་བྱས་ཏེ་རྒྱ་ཡུལ་ནས་བཟོས་པའི་བཤད་སྲོལ་ཡོད་པ་དང་།

གཉིས་པ།  སོག་ཡུལ་དུའང་ཁ་བཏགས་བེད་སྤྱོད་གཏོང་བ་མ་ཟད་དམངས་ཁྲོད་ཀྱི་ཤོད་སྲོལ་ལ། ནང་ཆོས་དང་ཁ་བཏགས་ཀྱི་ལུགས་སྲོལ་ཐོག་མར་བོད་ནས་བྱུང་ཞིང་།  བོད་ཀྱི་ཁ་བཏགས་དཀར་པོ་ཡིན་པའི་རྒྱུ་མཚན་ཡང་བོད་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན་པའི་རྐྱེན་གྱིས་དང་།  སོག་ཡུལ་གྱི་ཁ་བཏགས་སྔོན་པོ་ཡིན་པའི་རྒྱུ་མཚན་ནི་སོག་པོ་འཕགས་པ་ཕྱག་ན་རྡོ་རྗེའི་ཞིང་ཁམས་ཡིན་པས་ཚོན་མདོག་སྔོན་པོ་བྱེད་སྲོལ་དང་།  རྒྱ་ནག་གི་ཁ་བཏགས་དམར་སེར་བྱེད་པ་ནི་རྒྱ་ནག་རྗེ་བཙུན་འཇམ་དབྱངས་ཀྱི་ཞིང་ཁམས་ཡིན་པའི་རྐྱེན་གྱིས་རེད་ཅེས་ཤོད་སྲོལ་ཡོད་པ་སྟེ། བོད་དུ་ཁ་བཏགས་སྔོན་པོ་དང་སེར་པོ་ནི། རྒྱལ་པཎ་རྣམ་གཉིས་སོགས་བླ་ཆེན་རྣམས་ཀྱིས་སྲུང་མདུད་བྱ་སྟ་གནང་བ་དང་། མིང་ལ་ཡང་སོག་དར་ཞེས་འབོད་པ་ལས་ཁ་བཏགས་ཅེས་འབོད་སྲོལ་མེད་པར་གྲགས། བོད་པས་ཁ་བཏགས་དཀར་པོ་མ་ཡིན་པའི་ཚོན་མདོག་གཞན་པ་བེད་སྤྱོད་བྱེད་སྲོལ་མེད་པ་རྒན་རབས་རྣམས་མགྲིན་གཅིག་ཏུ་སྨྲ །

གསུམ་པ། གོང་གསལ་ལྟར་སྤྱི་ལོ་༡༠༤༠ཙམ་ལ་ད་ལྟའི་ཁ་བཏགས་ཀྱི་རྣམ་པ་ཆགས་མེད་པ་དང་། དེ་རྗེས་རྗེ་རིན་པོ་ཆེའི་རྣམ་ཐར་ལས་སྤྱི་ལོ་༡༤༠༨ལ་གཙུག་ལག་ཁང་ཉམས་གསོ་གནང་སྐབས་ཁ་བཏགས་ཞེས་པའི་མིང་དངོས་སུ་ཐོན་ཡོད་པ་དང་། ཡང་སྤྱི་ལོ་༡༤༡༡ལ་ཀརྨ་པ་དེ་བཞིན་གཤེགས་པ་ལྷ་སར་ཕེབས་སྐབས་སྐྱི་འཕན་གྱི་བདག་པོ་གཞིས་ཀ་སྣེའུ་པས་ལྷ་ས་པོ་ཏ་ལ་ཕུལ་ནས་བཞུགས་སྐབས་ཀརྨ་ནས་སི་ཏུ་རིན་པོ་ཆེས་གདན་འདྲེན་ལ་བྱོན། མཇལ་དར་ཁ་བཏགས་ཉིན་མོ་བདེ་ལེགས་མ་ཆེ་བ་ཞིག་ཕུལ་ཞེས་གསལ་བ་དང་། ཡང་བྱ་བཀྲ་ཤིས་རྣམ་རྒྱལ་གྱིས་སྤྱི་ལོ༡༤༢༤ལ་མཛད་པ་འཇིགས་རྟེན་ལུགས་ཀྱི་བསྟན་བཅོས་དཔྱད་དོན་གསལ་བའི་སྒྲོན་མེ་ལས། དར་ལ་ཁ་ཐགས་ཁ་དོ་མན་ལ་བཏགས། །འོན་ཀྱང་ཁ་ཐགས་ཡུག་ཏུ་ཆགས་པའང་སྲིད། །ཉིན་མོ་བདེ་ལེགས་གཟབ་མའི་ཡི་གེ་དང་། །བཀྲ་ཤིས་རྟགས་བརྒྱད་ཡོད་པ་མཆོག་ཡིན་ཏེ། །བཀྲ་ཤིས་ཁ་བཏགས་ཞེས་སུ་གྲགས་པའོ། །ཞེས་གསལ་བ་ལྟར་ན་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་མགོ་ཙམ་ལ་ཡོངས་ཁྱབ་ཀྱིས་ཁ་བཏགས་བེད་སྤྱོད་སྲོལ་ཡོད་པ་མ་ཟད།  ཁ་བཏགས་བཟང་ངན་དབྱེ་བ་འབྱེད་པའི་བསྟན་བཅོས་ཀྱང་བྱུང་ཡོད་པ་ལ་གཞིག་ན།  སྤྱི་ལོ་༡༠༤༠ནས་༡༤༠༨བར་ལོ་སུམ་བརྒྱ་ལྷག་ཙམ་གྱི་ནང་ལ་བོད་ཡུལ་ཙམ་མ་ཚད་རྒྱ་བོད་ཧོར་གསུམ་ཆར་ཤུགས་རྐྱེན་ལྡན་པ་ཞིག་ལ་འགྲོ་མགྲོན་ཆོས་རྒྱལ་འཕགས་པ་ལས་མ་བྱུང་བས། ད་ལྟའི་ཡོངས་ཁྱབ་ཀྱི་ཁ་བཏགས་འདི་ནི་འགྲོ་མགོན་འཕགས་པས་སྲོལ་བཏོད་གནང་སྟེ་བོད་ཀྱི་ཁ་བཏགས་དཀར་པོ་དང་། སོག་པོའི་ཁ་བཏགས་ནི་སྔོན་པོ་དང་རྒྱ་ནག་གི་ཁ་བཏགས་ནི་སེར་པོ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་རུང་ད་དུང་དཔང་རྟགས་ཁུངས་བཙན་རྙེད་པའི་རེ་སྒུག་བྱ་བཞིན་ཡོད།

༥  དགའ་ལྡན་ཕོ་བྲང་སྐབས་སུ་ཁ་བཏགས་ཀྱི་ཤེས་རིག་འཕེལ་རྒྱས་ཆེས་ཆེ་བའི་སྐབས།

རྒྱལ་དབང་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དང་།  སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུ་ཀཱུ་ལའི་གོས་བཟང་གི་ཁ་སྐོང་། གསེར་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་སོགས་སུ་འཁོད་པའི་ཁ་བཏགས་གྲངས་ཀ་ཁྲི་གཉིས་དང་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་ཙམ་དང་།  ཡང་ཕུར་ལྕོག་ངག་དབང་བྱམས་པའི་བསྟན་འགྱུར་དཀར་ཆག་ལས། མཛོད་བཏགས་བརྒྱ་དང་ཉི་ཤུ་ཐམ་པ།  བསོད་བཏགས་བརྒྱ་དང་ཉི་ཤུ་རྩ་བཞི།    སྐྱ་ཆེན་འདི་ཨ་ཤེ་ཡིན་པར་བཤད་བརྒྱ་དང་ལྔ་བཅུ།   བཀྲས་བཏགས་ཆིག་སྟོང་བརྒྱད་བརྒྱ་དང་ལྔ་བཅུ་ང་བརྒྱད་ཅེས་བཤད།  

ལྔ་པ་ཆེན་པོའི་རྣམ་ཐར་ལྟར་ན་ཁ་བཏགས་དབྱེ་བ་བཅུ་གཅིག་ཙམ་སྟེ། ༡ཁ་བཏགས་མ་རིག་གཉིད་སངས་མ། ༢ཁ་བཏགས་དཀོན་མཆོག་རིན་ཆེན་མ།  ༣ ཁ་བཏགས་རྟགས་བརྒྱད་ཉིན་བདེ་མ། ༤ ཁ་བཏགས་ཉིན་མོ་བདེ་ལེགས། ༥ བསོད་ནམས་ཁ་བཏགས། ༦ ཨ་ཤེ་ཁ་བཏགས། ༧ འཕྲིན་ལས་དར་རྒྱས་མ། ༨ ཟུབ་ཕྱི་ཁ་བཏགས་ཆུ་རིས་མ། ཟུབ་ཕྱི་ཁ་བཏགས་དཀྱུས་མ། ༩ ཁ་བཏགས་ཀུན་བཟང་མཆོད་སྤྲིན་མ། ༡༠ ཁ་བཏགས་རྣམ་བཅུ་དབང་ལྡན་མ། ༡༡ སོག་དར་བཅས་བཅུ་གཅིག་གི་མིང་དངོས་སུ་ཐོན་ཡོད། ཁ་བཏགས་རིང་ཐུང་ལ་མཚོན་ན། ཐུང་ཤོས་ལ་འདོམ་ཕྱེད་ཙམ་དང་རིང་ཤོས་ལ་འདོམ་བརྒྱད་ཙམ་ཡོད་པར་གསལ།  

ཡང་ཁ་བཏགས་མཐིང་ཁྲ་དང་། ཁ་བཏགས་གསེར་པར་མ། ཁ་བཏགས་ཀྱི་འཕན། ཁ་བཏགས་དམར་པོ། ཁ་བཏགས་ཀྱི་ཕྱེ་ཕུར། བཀྲས་བཏགས། རྒྱལ་བཏགས་རྣམས་ནི་ད་ལྟའི་ཆར་ཚོད་དཔག་ཙམ་ལས་ལོ་རྒྱུས་ཁ་གསལ་མ་རྙེད་པས་ཞིབ་ཕྲ་ཞུ་མ་ཤེས། ཁ་བཏགས་དེ་དག་རེ་རེའི་ཆེ་ཆུང་དབྱེ་བ། རི་མོ་དང་སྨོན་ཚིག་སོགས་ཞིབ་ཕྲ་ནི་ཡི་གེར་འཇིགས་ནས་འགོད་མ་ཐུབ་པས་རྒྱས་པ་ནི་བཀྲ་ཤིས་ཁ་བཏགས་གུས་སྲོལ་གྱི་འཕེལ་རིམ་ལོ་རྒྱུས་ལས་ཤེས་ནུས།  

༦  ཁ་བཏགས་ཀྱི་མིང་གི་བྱུང་བ། 

ཁ་བཏགས་ཞེས་པའི་མིང་འདི་བྱུང་བའི་ཐད་དཔྱད་གཞིའི་གནས་མང་པོ་ཞིག་ཡོད་རུང་ཆེས་ཐག་ཉེ་བ་གཉིས་ཏེ། དང་པོ་ནི། སྔར་རས་སམ་དར་དཀར་ཁ་གང་བ་རེ་འབུལ་སྲོལ་ཡོད་པ་དེ་ལ་ཁ་ཚར་བཏགས་པའི་རྒྱུ་མཚན་གྱིས་ཁ་བཏགས་ཅེས་འབྱུང་ཉེ་བ་དང་།  གཉིས་པ་ནི། གནའ་སྔ་མོ་བོད་ཀྱི་དམངས་ཁྲོད་དུ་བེད་སྤྱོད་བྱེད་པའི་བརྡ་རྙིང་པ་ཞིག་སྟེ་དེང་དུས་ལྟར་ན་དཀར་བཏགས་ཞེས་པའི་དོན་ཡིན།  གནའ་སྔ་མོ་བོད་ཀྱི་དམངས་ཁྲོད་དུ་ཀ་ཁ་ག་གསུམ་གྱི་སྒྲ་གདངས་དབྱེ་བ་གསལ་པོ་མ་ཕྱེད་པར།  ཧ་ལམ་འདྲ་བོ་ཞིག་ཀློག་པའི་དབང་གིས་གང་རུང་རུང་བེད་སྤྱོད་གཏོང་སྲོལ་ཡོད་པ་སྟེ། ཀ་ཁ་ག་གསུམ་གྱི་སྒྲ་གདངས་ཧ་ལམ་འདྲ་བ་དང་སྡེ་པ་གཅིག་ཡིན་པ་བཅས་ཀྱིས་གང་རུང་ཞིག་བེད་སྤྱོད་གཏོང་གི་ཡོད། དཔེར་ན་ཏུན་ཧོང་ཡིག་རྙིང་དུ་ཡང་ཀ་ཁ་ག་གསུམ། ཅ་ཆ་ཇ་གསུམ། ཏ་ད་གཉིས། པ་ཕ་བ་གསུམ་སྒྲ་གདངས་ཧ་ལམ་འདྲ་བའི་དབང་གིས་གང་བྱང་བྱུང་བེད་སྤྱོད་གཏོང་སྲོལ་ཡོད་པ་སྟེ། མང་སྲོང་མང་བཙན་ཡབ་སྲས་ཀྱི་དོན་ཆེན་ལོ་ཚིགས་ལས། བཙན་པོ་ཉེན་ཀར་ན་བཞུགས་ཤིང་ཞེས་པ་འདི་དེང་དུས་ལྟར་ན་ཉེན་མཁར་ཞེས་པའི་དོན་ཡིན་ཞིང་ཕོ་བྲང་འདི་ལྷ་ས་སྐྱིད་ཆུའི་ཉིན་ངོས་ལོ་ཞེས་པའི་སར་ཡོད་པར་བཤད་པ་དང་། ཡང་བཙན་པོ་མེར་གེ་ན་བཞུགས་ཞེས་པ་ལ། མེར་ཁེ་དང་མེར་ཀེ་ཞེས་གང་འདོད་འདོད་བྲིས་པ་སོགས་ཏུན་ཧོང་ཡིག་རྙིང་གཙོ་བོར་གྱུར་པའི་ཡིག་རྙིང་དག་ལ་བལྟས་ན་གོ་བ་གསལ་པོ་ཞིག་སྐྱེ་ནུས། སྐད་གསར་བཅད་དག་གི་སྐབས་སུ་ཚོན་མདོག་དཀར་པོ་ལ་ད་དཀར་འབྲི་རྒྱུའི་གཏན་ཁེལ་ཡིག་ཐོག་ཏུ་བྱུང་ན་ཡང་།  དམངས་ཁྲོད་དུ་ཁ་བཏགས་ཞེས་པའི་ཁ་དང་།  ཁ་བ་འབབ་ཞེས་པའི་ཁ་སོགས་ནི་མིང་ཚིག་དུ་གྲུབ་ཟིན་པའི་རྐྱེན་གྱིས།  སྐད་གསར་བཅད་ཀྱིས་ཀྱང་བཅོས་བསྒྱུར་མ་ཐུབ་པར་བརྡ་རྙིང་པ་མུ་མཐུད་བེད་སྤྱོད་བྱས་ཏེ།  གནའ་ནས་ད་ལྟའི་བར་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ་མི་ཕྱུགས་རྣམས་ཀྱི་མགུལ་དུ་རྩམ་པ་དང་། ས་དཀར། བལ་དཀར། རས་དཀར་སོགས་གཡོགས་ཏེ་ཁ་བཏགས་ཅེས་འབོད་པའི་ཐ་སྙད་དེ།  སྐད་གསར་བཅད་ལྟར་ན་དཀར་བཏགས་ཅེས་པའི་དོན་ཡིན་ཞིང་དེ་ལྟར་འབོད་དགོས་རུང་། ཐ་སྙད་དེ་བེད་སྤྱོད་མ་བྱས་པའི་ཁར་བཏགས་ཅེས་པའི་བྱ་ཚིག་གི་ནུས་པ་ཡང་ཉམས་ཏེ་ཁ་བཏགས་ཅེས་མིང་ཀྱང་ཞིག་དུ་གྱུར་པ་མ་ཟད།   དེང་སང་མིང་དེ་ཡང་ངེས་བཟུང་ཅན་གྱི་དར་དཀར་པོ་བཀྲ་ཤིས་རྟགས་བརྒྱད་དང་། ཉིན་མོ་བདེ་ལེགས་སོགས་སྨོན་ཚིག་གི་རི་མོའི་མཚན་པའི་དངོས་པོ་ཞིག་གི་མིང་དུ་གྱུར་ཡོད། འོན་ཀྱང་དེ་དང་མཚུངས་པར་དམངས་ཁྲོད་དུ་དུས་ཚོད་ལ་མཚོན་ན་གནའ་ནས་ད་ལྟའི་བར་དང་། ས་ཆ་ལ་མཚོན་ན་སྟོད་མངའ་རི་ནས་མདོ་སྨད་དཔལ་རིས་ཚུན་ཆོད་གཅིག་མཚུངས་ཀྱིས། མིའི་གོས་ཀྱི་གོང་བ་དང་། རྟ་ཕྱུགས་རྣམས་ཀྱི་སྐེ་ལ་ལུག་བལ་སོགས་དཀར་པོའི་རྟགས་རྒྱག་པ་མ་ཟད། མིང་ལ་ཡང་ཁ་བཏགས་ཅེས་འབོད་པའི་དམངས་སྲོལ་གྱི་གོམས་གཤིས་དེ་ད་དུང་མུ་མཐུད་གནས་བཞིན་པ་ནི་མདོར་བསྡུས་ཙམ་མོ། །གཞན་ཡང་དམངས་ཁྲོད་དུ། ཁ་དར་དང་། དར་ཁ། དར་ཀ་སོགས་གང་རུང་འབོད་སྲོལ་ཡོད་པ་དང་།  རྩོམ་པ་པོ་རྣམས་ཀྱིས་ལྷ་རྫས་དང་། ལྷ་གོས། ལྷ་རེག་སོགས་མིང་སྣ་ཚོགས་འདོགས་སྲོལ་ཡོད།

ཁ་བཏགས་ཀྱི་རིན་ཐང་ལ་མཚོན་ན། སྤྱི་ལོའི་དུས་རབས་བཅུ་དགུ་པའི་ལོ་རབས་སུམ་ཅུའི་ནང་དུ་ཆབ་མདོའི་རྒྱུད་ཀྱི་སྡེ་ཤོག་ཕན་ཚུན་རྩ་ས་རྩོད་གླེང་བྱུང་སྟེ། འདུམ་འགྲིགས་སྐབས་སུ་ཕྱོགས་ཕན་ཚུན་ཁ་བཏགས་འབུལ་རེས་བྱེད་སྐབས་ཁ་བཏགས་ཡག་ཤོས་རེ་ལ་རྟ་རྒོད་མ་རེའི་རིན་གྱིས་ཉོ་དགོས་པ་དང་།  ཡང་མགོ་ལོག་ཕྱོགས་ནས་ཁ་བཏགས་ཉོ་ཚོང་བྱེད་སྐབས་ཁ་བཏགས་ལེགས་ཤོས་ལ་གཡག་རེ་སྤྲད་ནས་ཉོ་དགོས་ཚུལ་དང་།  དེང་སང་དམངས་ཁྲོད་ཀྱི་ཤོད་སྲོལ་ལ་ཁ་བཏགས་ནང་མཛོད་དང་བར་མཛོད་ཅེས་པའི་མིང་འབོད་པ་ནི།    རྒྱ་ནག་གོང་མའི་མཛོད་ནང་མར་ཉར་འཇོག་བྱས་ཏེ་རྩ་ཆེན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ནང་མཛོད་དང་། མཛོད་བར་མར་ཉར་ཚགས་བྱེད་སྲོལ་ཡོད་པ་བརྟེན་ནས་བར་མཛོད་ཅེས་འབོད་སྲོལ་ཡོད་པར་བཤད། དེ་ཡང་སྤྱི་ལོའི་དུས་རབས་བཅུ་དགུ་པའི་སྟོད་ཙམ་གྱི་བགྲེས་སོང་མང་པོའི་ངག་རྒྱུན་ལྟར་ན།  ཁ་བཏགས་ལ་གཅིག་ནས་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་ཀྱི་རིན་ཐང་དང་། གཉིས་ནས་གུས་སྲོལ་མཚོན་བྱེད་ཀྱི་རིན་ཐང་། གསུམ་ནས་རྒྱུ་ནོར་གྱི་རིན་ཐང་ཡོད་དེ་བོད་ཀྱི་ཁྱིམ་ཚང་མི་རེ་ངོ་རེར་སྣམ་ཕྲུག་དང་། དར་གོས་ཆེན། འབུ་རས། ཁ་བཏགས་སྣ་ཚོགས། སྟག་གཟིག་གི་ལྤགས་པ། གཟི་བྱུར། གསེར་དངུལ་སོགས་འདྲ་མཉམ་ཀྱིས་གསོག་འཇོག་བྱེད་སྲོལ་ཡོད་པ་མ་ཟད།  ཁ་བཏགས་གཡར་སྐྱི་ཡང་བྱེད་སྲོལ་ཡོད་པར་བཤད། དེས་ན་ད་ལྟའི་བོད་ཀྱི་བཀྲ་ཤིས་པའི་ལྷ་རྫས་ཁ་བཏགས་དཀར་པོ་འདི་ནི་གནའ་བོ་གདོད་མའི་མེས་པོ་རྣམས། མཛེས་ཤིང་ལྟ་ན་སྡུག་པ་མཐོ་སྒང་ཁ་བའི་ཡུལ་དུ་འཚོ་གནས་ཀྱི་ཁྱིམ་གཞིས་བཟུང་བ་ནས་མགོ་བརྩམས་ཏེ། འཇིགས་རྟེན་དང་། ཚེ་སྲོག །རྟེན་འབྲེལ། ཁོར་ཡུག་བཅས་ལ་འཛིན་པའི་བརྩེ་སེམས་གཉོམ་པོ་དེ་རིམ་གྱིས་གོང་འཕེལ་དུ་སོང་ནས།  མཐོ་སྒང་བོད་མིའི་དམངས་སྲོལ་རིག་གནས་རྒྱ་ཆེ་ལ་རྒྱུན་རིང་བ་ཞིག་ཏུ་གྲུབ་པ་རེད། དེ་ཡང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཆོས་དང་རིག་གཞུང་གི་ནང་དོན་མཚོན་པའི་བརྗོད་བྱ་ཕུན་སུམ་ཚོགས་པ་མང་པོའི་ཕྱུག་ཅིང་། ལྷག་པར་དུ་མི་དང་མིའི་དབར་གྱི་འབྲེལ་བའི་བརྒྱུད་རིམ་ནང་ལ་མེད་ཐབས་མེད་པ། ལྷད་མེད་ཀྱི་ལྷག་བསམ། བྱམས་པ་དང་བརྩེ་བ། ཡ་རབས་དང་གུས་ཞབས། གཞུང་བཟང་དང་བཀྲ་ཤིས་པ། རྟགས་དང་རྟེན་འབྲེལ་བཟང་བ། ལས་དང་སྨོན་ལམ་མཐུན་པ་སོགས། བོད་མིའི་སྐྱེ་འགྲོ་མཐོ་དམན་ཀུན་ལ་འཛིན་པའི་སྲོལ་རྒྱུན་གྱི་གུས་སྲོལ་མཐའ་དག་མཚོན་ཐུབ་པའི་དངོས་རྫས་རིན་ཐང་བྲལ་བའི་མཆོག་ནོར་ཞིག་ཏུ་གྱུར་ཡོད། །   

དེ་ཡང་། སྣོད་ཀྱི་དགེ་མཚན་བཅུད་ཀྱི་དཔལ་དུ་གྲུབ། །བཅུད་ཀྱི་དགེ་ཚོགས་སྣོད་ཀྱི་གཡང་དུ་འཁྱིལ། །སྣོད་བཅུད་རྟེན་འབྲེལ་ལེགས་པའི་ཕྱོགས་སུ་འགྲིགས། །འཕྲལ་ཡུན་ཀུན་ཏུ་བཀྲ་ཤིས་དཔའ་འབར་ཤོག །ཅེས་པའི་ཚིག་ཤོ་ལོ་ཀ་འདི་ཕྱིས་བྱོན་རྫ་དཔལ་སྤྲུལ་གྱིས་མཛད་པ་ཞིག་ཡིན་རུང་བརྗོད་བྱ་ནང་དོན་གྱི་ཆ་ནས། གནའ་ནས་ད་ལྟའི་བར་དུ་མཐོ་སྒང་བོད་མིའི་སྣོད་བཅུད་ཕན་ཚུན་བརྩི་འཇོག་དང་མཉམ་གནས་ཀྱི་ལྟ་ཚུལ་མཚོན་ཡོད། ། 

ཅེས་རྒན་བློ་བཟང་ལགས་ནས་སློབ་ཁྲིད་ཀྱི་ཆ་རྐྱེན་དུ་མདོར་བསྡུས་ཞིག་དགོས་ཞེས་གསུང་བསྐུལ་གནང་བ་བཞིན། ཁ་བཏགས་ཤེས་རིག་གི་ཟིན་ཐོ་ལས་ཉུང་བསྡུས་ཙམ་ཞིག་ལས་བྲེལ་གྱི་བར་གསེང་ནས།  ༢༠༡༩ལོའི་ཟླ༧་ཚེས་༡༨་ལ་ཀརྨ་བདེ་ལེགས་ཀྱིས་ཕུལ་བའོ། །