ནང་དོན་གནད་བསྡུས།  རྩོམ་ཡིག་འདིར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རི་མོ་བརྩམས་ཆོས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐྱ་བྲིས་མ་དེ་སྲོང་བཙན་གྱི་བྲིས་འབུར་རྙིང་མ་ཁག་ལ་དཔེར་བལྟས་ནས་བྲིས་པ་དང་། སྔོན་གྱི་སྐུ་བརྙན་རྣམས་ཀྱང་རྒྱལ་པོ་སྲོང་བཙན་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བར་བཞེད་པའི་ལོ་རྒྱུས་ལ་གཞིགས་ནས་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་སྒྲུབ་ཐབས་ལྟར་བཞེངས་པར་འདོད་པའི་ལྟ་ཚུལ་ཞིག་བརྗོད་ཡོད།

བརྡ་ཆད་གཙོ་བོ།  སྲོང་བཙན་སྒམ་པོ།  སྤྱན་རས་གཟིགས་སེམས་ཉིད་ངལ་གསོ།  སྒྲུབ་ཐབས།


རང་ཅག་གི་མཇལ་སྐལ་དུ་སྨིན་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྣང་བརྙན་ཕལ་ཆེ་བ་ནི་མཁས་དབང་དགེ་ཆོས་ཀྱིས་བཞེངས་པར་གྲགས་པའི་སྲོང་བཙན་སྒམ་པོའི་སྐྱ་རིས་མ་དང་ཇི་བཞིན་ཏེ། མཁས་དབང་ཁོང་གིས་“སྔོན་དུས་ཀྱི་ཡིན་ངེས་པའི་སྐུ་བརྙན་བྲིས་འབུར་ཅི་རིགས་ཞིག་(ཤིག)མཇལ་རྒྱུ་བྱུང་ན་ཡང་རྣམ་པ་གསལ་བར་འཆར་ནུས་”[1]ཞེས་གསུངས་པ་ལྟར། སྤྱི་ལོ་2010ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་ཞིང་ཁོང་གི་གསུང་འབུམ་གྱི་སྟོད་ཆར་གསལ་བའི་ཕྱག་རིས་གཅེས་བཏུས་ལས་རི་མོ་གསུམ་པ་སྲོང་བཙན་སྒམ་པོའི་སྐྱ་རིས་མ་(པར་དང་པོ་ལ་གཟིགས།)དེ་ནི་རི་མོ་བ་ཁོང་གིས་རྒྱལ་པོ་སྲོང་བཙན་སྒམ་པོའི་བྲིས་འབུར་རྙིང་མ་ཁག་ལ་དཔེར་བལྟས་ནས་བྲིས་པ་ཞིག་ཡིན་པ་ཕོ་བྲང་དམར་པོའི་ཆོས་རྒྱལ་སྒྲུབ་ཕུག་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བཞུགས་པའི་ཆོས་རྒྱལ་གྱི་སྐུ་བརྙན་དག་ལ་མཇལ་ན་ཤེས་ནུས་པར་སྙམ།《ཧི་མ་ལ་ཡའི་མི་དང་ལྷ་》ཞེས་བྱ་བའི་རྒྱ་ཡིག་གི་འགྱུར་དེབ་ཅིག་ཏུ་ཁོང་གི་རི་མོའི་བློ་སྦྱོང་དང་ལག་ལེན་ཐད་ནས་གླེང་བའི་རྩོམ་ཐུང་ཞིག་འདུག ། དེར་མཁས་དབང་ཁོང་ཉིད་བཙོན་ལས་གྲོལ་རྗེས་ཀྱི་ཉིན་ཞིག་ལ་“ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་གནའ་བོའི་སྐུ་བརྙན་དང་ལྡེབས་རིས།ཀ་བ་དང་གདུང་མར་བརྐོས་པའི་རྒྱན་རིས་རྣམས་ལ་ཞིབ་ཏུ་གཟིགས་པར་ཆས་ཤིང་།སྟེང་ཁང་གི་ཀུན་དགའ་ར་བར་བཞུགས་པའི་སྲོང་བཙན་སྒམ་པོའི་འབུར་སྐུ་ལ་མཇལ་བར་ཤིན་ཏུ་སྤྲོ་”[2]ཞེས་བརྗོད་པ་ལ་བསམ་ན་དེབ་དཀར་མཁན་པོས་གཙུག་ལག་ཁང་དུ་བཞུགས་པའི་སྲོང་བཙན་སྒམ་པོའི་སྐུ་བརྙན་ཞིག་ལ་དམིགས་བསལ་གྱིས་དོ་སྣང་བྱེད་པའང་ང་ཚོས་ཤེས་ཐུབ་བོ།།

ཁྲི་སྲོང་བཙན་(617-650)གྱི་སྐྱ་རིས་མ་དེ་ནི་དབུ་ལ་འོད་དཔག་མེད་བཞུགས་པ་ལ་ཐོད་ཀྱིས་གཡོགས་ཤིང་། ཞལ་འཛུམ་ཞིང་ཞི་བ། སྨྲ་ར་ཅུང་ཟད་དང་ལྡན་པ། ཕྱག་གཡས་ས་གནོན་གྱི་ཕྱག་རྒྱ་མཛད་ཅིང་། གཡོན་ངལ་གསོའི་ཚུལ་དུ་གདན་ལ་བརྟེན་པ། ཞབས་གཡོན་པ་སེམས་དཔའི་སྐྱིལ་མོ་ཀྲུང་ལ་གཡས་པ་ཅུང་ཟད་བརྐྱངས་ནས་བཞུགས་ཤིང་། སྣ་རྒྱན་དང་མགུལ་རྒྱན་སོགས་ཀྱིས་བརྒྱན་པ། སྐུ་ལ་གོང་ཁ་གཡོན་དུ་བསྐོར་བའི་ཟ་འོག་གི་བེར་དང་ལྷམ་སྣེ་འཁྱིལ་བཅས་མནབས་འདུག ། 《དེབ་ཐེར་དཀར་པོ་》རུ་“བོད་ཀྱི་རྗེ་བློན་རྣམས་ཀྱང་ཕལ་ཆེར་ཏ་ཟིག་པའི་སྲོལ་ལུགས་གནང་བ་ཡིན་ནམ་སྙམ་སྟེ། སྲོང་བཙན་གྱིས་དར་དམར་པོའི་ལ་ཐོད་བཞེས་པ་སོགས་ཀྱང་བཤད་ལ། ཟ་འོག་གི་བེར་དང་། ཕྱགས་ལྷམ་སྣེ་འཁྱིལ་གྱོན་པ་སོགས་ཀྱང་ཏ་ཟིག་གི་སྲོལ་དང་འདྲ་”[3]ཞེས་གསུངས་པ་ཡང་ཁོང་གི་རི་མོ་བརྩམས་ཆོས་འདི་ནས་མངོན་ཐུབ། 《མ་ཎི་བཀའ་འབུམ་》དང་《ཉང་ཆོས་འབྱུང་།》《བུ་སྟོན་ཆོས་འབྱུང་》སོགས་ནི་དེ་ལས་ཐ་དད་དེ། སྲོང་བཙན་གྱིས་ལ་ཐོད་བཅིངས་པ་ནི་དབུའི་འོད་དཔག་མེད་གཡོགས་ཆེད་དུ་ཡིན་པར་གསུངས་ཏེ། དང་པོ་ལས་“དེ་ནས་ཕོ་བྲང་དེ་ཉིད་དུ་སྐུ་བལྟམས་པ་དང་མཚན་དང་དཔེ་བྱད་དུ་(མ)ལྡན་པ། སངས་རྒྱས་ཨ་མི་དེ་བས་དབུ་བརྒྱན་པ་ཅིག་(ཞིག)འཁྲུངས་སོ། ། ་་་་་་་་་་་ ཡབ་རྒྱལ་པོས་དབུའི་ཨ་མི་དེ་བ་དར་ལེ་བརྒན་ཐོད་དུ་དཀྲིས་ནས་སྦས་སོ། །”[4]ཞེས་པ་ལྟ་བུའོ། ། 

གོང་དུ་གསལ་བའི་པར་གསུམ་གྱི་རྒྱལ་བོ་སྲོང་བཙན་སྒམ་པོའི་བཞུགས་སྟངས་ལ་མཚོན་ན་ཅུང་ཁྱད་པར་ཅན་ཞིག་སྟེ། ཕྱག་གཡས་ས་གནོན་གྱི་ཕྱག་རྒྱ་མཛད་ཅིང་གཡོན་ངལ་གསོའི་ཚུལ་དུ་གདན་ལ་བརྟེན་པ། ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བཞུགས་ཡོད་པ་དེ་འདྲ་རེད། དེ་ནི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་བཞུགས་སྟངས་དང་ཤིན་ཏུ་འདྲ་བས། འདི་ལྟའི་བཞུགས་སྟངས་ཅན་གྱི་སྲོང་བཙན་གྱི་བྲིས་འབུར་མཐའ་དག་ནི་འཕགས་པ་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་བཞུགས་ཚུལ་ལ་དཔེར་བླངས་ནས་བཞེངས་པ་ཞིག་ཨེ་ཡིན་སྙམ་པའི་དོགས་པ་ཞིག་འགོག་མེད་དུ་སྐྱེས། (པར་གཉིས་པ་དང་གསུམ་པ། བཞི་པ་བཅས་ལ་གཟིགས།) 

པར་ལྔ་པ་ནས་བདུན་པའི་རྗེ་བཙུན་འཇམ་དཔལ་དབྱངས་དང་རྗེ་བཙུན་བྱམས་མགོན། ཕྱག་ན་རྡོ་རྗེ་བཅས་ཀྱི་ལི་མ་གསུམ་ཡང་ཕྱག་གཉིས་ཀྱི་ཕྱག་རྒྱ་མཛད་ཚུལ་དང་ཞབས་གཉིས་ཀྱི་བཞུགས་སྟངས་གང་ཐད་ནས་རྩོམ་འདིར་གླེང་བའི་སྲོང་བཙན་སྒམ་པོའི་སྣང་བརྙན་དང་ཆ་འདྲ་ནའང་། འདི་དག་གི་ཐུན་མོང་ལ་དབུ་ལ་འོད་དཔག་མེད་ཀྱིས་བརྒྱན་མེད་པས་གུས་པས་སྲོང་བཙན་གྱི་བཞུགས་ཚུལ་དེ་ནི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་བཞུགས་སྟངས་ལ་དཔེར་བླངས་པར་སེམས། དེ་ཅིའི་ཕྱིར་ཞེ་ན། བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཕལ་མོ་ཆེར་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་འཕགས་པ་སྤྱན་རས་གཟིགས་ལས་འཇམ་དབྱངས་དང་ཕྱག་རྡོར་སོགས་ཀྱི་སྤྲུལ་བར་སྒྲུབ་པ་ཞིག་མེད་ལ།《མ་ཎི་བཀའ་འབུམ་》གྱི་གླེགས་བམ་གཉིས་པ་ལས།“ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་དེས། བོད་ཡུལ་སྲིན་པོ་གདོང་དམར་འདུལ་བའི་དོན་དུ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས་བོད་ཡུལ་གྱི་རྒྱལ་པོར་སྐུ་སྤྲུལ་ནས་འགྲོ་བའི་དོན་མཛད་”[5]ཅེས་དང་། འགོས་ལོཙྪ་བ་གཞོན་ནུ་དཔལ་(1392-1481)གྱི་《དེབ་ཐེར་སྔོན་པོ་》རུའང་“སྤྱན་རས་གཟིགས་ཉིད་རྒྱལ་པོའི་ཆ་བྱད་དུ་སྤྲུལ་པའི་སྲོང་བཙན་སྒམ་པོས་བསྒྲུབས་པའི་ལྷ་དང་གཙུག་ལག་ཁང་རྣམས་ཀྱང་བོད་ཀྱིས་མཆོད་པར་བྱ་བའི་སྙིང་པོ་ཡིན་ཞིང་། རྒྱལ་པོ་བཞུགས་པའི་ཕོ་བྲང་བྱུང་བའི་རི་ལ་ཡང་པོ་ཏ་ལ་ཞེས་མིང་དུ་ཆགས་སོ།།”[6]ཞེས་སོགས་གསལ་བ་ལས་ཀྱང་དཔགས་ནུས།  ལར་《ལྡེའུ་ཆོས་འབྱུང་》དང་《ཆོས་འབྱུང་མཁས་པའི་དགའ་སྟོན།》 《འབྲུག་པའི་ཆོས་འབྱུང་》སོགས་སུ་རྒྱལ་པོ་སྲོང་བཙན་སྒམ་པོ་ནི་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྤྲུལ་བར་བརྗོད་ཀྱང་འདིར་གླེང་བའི་སྲོང་བཙན་གྱི་སྣང་བརྙན་ནི་དེ་ལས་ལྡོག་པ་མཐོང་ཆོས་ལྟར་རེད།

རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐའི་(1575-1635)《སྒྲུབ་ཐབས་རིན་འབྱུང་》དུ་“ཁ་སརྤ་ཎི་སེམས་ཉིད་ངལ་གསོ་ནི། ཇོ་བོ་ཁ་སརྤ་ཎི་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་དང་། གཡོན་གདན་ལ་བརྟེན་པས་པདྨ་དཀར་པོའི་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་འཛིན་པ། ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པའོ།།”[7]ཞེས་པ་དང་བསྡུར་ན།ཁ་སརྤ་ཎི་སེམས་ཉིད་ངལ་གསོས་ཕྱག་གཡས་ཀྱིས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་སྲོང་བཙན་གྱིས་ས་གནོན་གྱི་ཕྱག་རྒྱ་མཛད་པ་མ་གཏོགས་བཞུགས་སྟངས་ལ་ཁྱད་པར་ཡེ་ནས་མི་འདུག །

དེས་ན་ས་གནོན་གྱི་ཕྱག་རྒྱ་མཛད་པའི་སེམས་ཉིད་ངལ་གསོ་ཡོད་དམ་ཞེ་ན་དེའང་ཡོད་དེ།སྨིན་གླིང་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེའི་(1646-?)གསུང་འབུམ་ལས་《ནོར་བུའི་རྒྱ་ཅན་ལས་སྤྱན་རས་གཟིགས་སེམས་ཉིད་བདེ་ཆེན་ངལ་གསོའི་སྒྲུབ་ཐབས་བྱིན་རླབས་ཀྱི་ཆོ་ག་བཅས་བཞུགས་སོ།།》ཞེས་པ་རུ།“སེམས་ཉིད་ངལ་གསོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་པ། རལ་པའི་ཐོར་ཚུགས་སུམ་བརྩེགས་ཀྱི་རྩེ་མོར་སྣང་བ་མཐའ་ཡས་ཀྱི་ཞལ་ཕྱུང་བ། གཡས་པུས་སྟེང་དུ་ས་གནོན་གྱི་ཕྱག་རྒྱ་མཛད་པ། གཡོན་གདན་ལ་བརྟེན་པ་དང་བཅས་ཏེ་མེ་ཏོག་པདྨ་དཀར་པོའི་ཡུ་བ་ནས་འཛིན་པ། རལ་པའི་རྩ་ཆིངས། སྙན་རྒྱན། ཕྱག་ཞབས་ཀྱི་གདུ་བུ་གསེར་ལས་བྱས་པ་ཙམ་མ་གཏོགས་རྒྱན་སྤངས་པ་དྲང་སྲོང་གི་ཆ་ལུགས་ཅན།རི་དྭགས་ཀྱི་པགས་པ་ནུ་མ་གཡོན་པ་བཀབ་པའི་ཡན་ལག་སྐེད་པར་མདུད་ཅིང་། སྐུ་སྨད་དར་འཇའ་རིས་ཀྱི་ན་བཟའ་ཞབས་ལ་དཀྲིས་པ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ་”[8]ཞེས་པ་འདིར་འཕགས་པ་སྤྱན་རས་གཟིགས་སེམས་ཉིད་ངལ་གསོས་ཕྱག་གཡས་ས་གནོན་གྱི་ཕྱག་རྒྱ་མཛད་པ་གསལ་བོར་བསྟན།

པར་བརྒྱད་པའི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོས་ཕྱག་གཡས་ནི་ས་གནོན་གྱི་ཕྱག་རྒྱ་མཛད་ཡོད་པ་དེས་ཀྱང་བདེན་དཔང་བྱེད་ཐུབ་པར་སྙམ། གཞན་ཡང་སྤྱན་རས་གཟིགས་སེང་གེ་སྒྲའི་སྒྲུབ་ཐབས་དང་སྐུ་བརྙན་ཁག་ལ་གཞིགས་ནའང་སྲོང་བཙན་གྱི་སྐུ་བརྙན་དང་ཤིན་ཏུ་མཚུངས་ན་ཡང་། རྒྱལ་དབང་ལྔ་པ་ཆེན་པོའི་(1617-1682)《འཕགས་མཆོག་སེམས་ཉིད་ངལ་གསོ་ལ་བརྟེན་པའི་ཉེ་བརྒྱུད་བླ་མའི་རྣལ་འབྱོར་》ལས།

“ཆོས་ཀུན་མི་དམིགས་སྟོང་པ་ཉིད་དུ་གྱུར།། སྟོང་པའི་ངང་ལས་རང་གི་སྤྱི་གཙུག་ཏུ།། སེང་ཁྲི་པདྨ་ཟླ་བའི་གདན་སྟེང་དུ།། ངོ་བོ་རང་གི་རྩ་བའི་བླ་མ་དེ།། རྣམ་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས།། སྐུ་མདོག་རབ་དཀར་ཞལ་གཅིག་ཕྱག་གཉིས་པ།། གཡས་པ་མེ་ཏོག་པདྨ་དཀར་པོ་འཛིན།། གཡོན་པ་སེམས་ཉིད་ངལ་གསོའི་ཚུལ་གྱིས་བརྟེན།། མཐོན་མཐིང་དབུ་སྐྲ་རལ་པའི་ཐོར་ཚུགས་ལ།། ལྷག་མ་གསིལ་བུས་སྐུ་ཡི་སྟོད་ཕྱོགས་མཛེས།། རྩེ་ཕྲན་སྙན་ཆ་མགུལ་རྒྱན་གདུ་བུ་སོགས།། རིན་ཆན་(ཆེན)རྒྱན་སྤྲས་དར་གྱི་ན་བཟས་བཀླུབས།། ཀྲྀཥྞ་སཱ་རའི་པགས་པ་ཕྲག་པར་བཀལ།། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་ཚུལ་གྱིས་བཞུགས།།”ཞེས་དང་།“དེ་ནས་གསོལ་བ་བཏབ་པ་ནི། ངོ་མཚར་ཡིད་འོང་ལྟ་ན་སྡུག་པའི་ཡུལ།། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན།། ཆོས་སྐུ་འོད་དཔག་མེད་ལ་གསོལ་བ་འདེབས།། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།། ས་ལ་གནས་པའི་དག་པའི་ཞིང་གི་མཆོག། ལྷོ་ཕྱོགས་རི་བོ་གྲུ་འཛིན་ཕོ་བྲང་ན།།ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས།། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།།གངས་ཅན་བོད་ཡུལ་དབུས་འགྱུར་རྡོ་རྗེ་གདན།། ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་བཟང་ན།། སྤྲུལ་སྐུ་སྲོང་བཙན་སྒམ་པོར་གསོལ་བ་འདེབས།། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།།”[9]

ཞེས་པ་ལས་སྤྱན་རས་གཟིགས་སེམས་ཉིད་ངལ་གསོ་དང་ཆོས་རྒྱལ་སྲོང་བཙན་སྒམ་པོ་གཉིས་ཀྱི་འབྲེལ་བ་ཞིག་བསྟན་ཡོད་པར་སྙམ་ཞིང་། སྒོས་སུ་མཇུག་གི་གསོལ་འདེབས་ཤོ་ལོ་ཀ་གསུམ་དུ་རིམ་པར་ཆོས་སྐུ་འོད་དཔག་མེད་དང་། ལོངས་སྐུ་སྤྱན་རས་གཟིགས།སྤྲུལ་སྐུ་སྲོང་བཙན་སྒམ་པོ་ཞེས་གསུངས་པ་ལས་ཀྱང་། སྲོང་བཙན་གྱི་བྲིས་འབུར་གང་རུང་གི་དབུ་ལ་འོད་དཔག་མེད་ཀྱིས་བརྒྱན་ཞིང་། བཞུགས་སྟངས་ཐད་ནས་སྤྱན་རས་གཟིགས་སེམས་ཉིད་ངལ་གསོ་ལྟར་བཞེངས་པའི་དགོས་པ་དང་རྒྱུ་མཚན་ཡང་ངེས་ཅན་ཞིག་མཐོང་ནུས་པར་སྙམ།  དེ་མིན་ད་དུང་ཆོས་འབྱུང་ཁག་ཏུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་(742-797)ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་བར་བཤད་[10]པས་ཁོང་གི་བྲིས་འབུར་གྱི་ཕྱག་མཚན་ལ་གླེགས་བམ་དང་ཤེས་རབ་ཀྱི་རལ་གྲི་བསྣམས་པ་དང་། རྒྱལ་བོ་ཁྲི་རལ་བ་ཅན་ནམ་ཁྲི་གཙུག་ལྡེ་བཙན་(806-841)ནི་ཕྱག་ན་རྡོ་རྗེའི་སྤྲུལ་བར་གྲགས་[11]པས་ཁོང་གི་སྐུ་འདྲ་དང་ཐང་ག་བཅས་སུ་ཕྱག་མཚན་ལ་རྡོ་རྗེ་བཟུང་བ་ཡང་དེ་ལས་མ་འདས་ལ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བྲིས་འབུར་གང་རུང་དུ་དམིགས་གསལ་གྱིས་སྲོང་བཙན་གཅིག་པུ་ལས་གཞན་གཉིས་ཀྱི་སྣང་བརྙན་འདི་ལྟར་བཞེངས་སྲོལ་མེད་པ་དེས་ཀྱང་བདེན་དཔང་བྱེད་ཐུབ་པར་སྙམ། 

མདོར་ན་མཁས་དབང་དགེ་འདུན་ཆོས་འཕེལ་(1903-1951)གྱིས་བྲིས་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐྱ་རིས་མ་དེ་ནི་རི་མོ་དྲན་དབང་གང་དེས་རང་སྣང་གང་ཤར་གྱིས་བྲིས་པ་ཞིག་མིན་པར་སྔོན་གྱི་སྐུ་རྟེན་རྙིང་མ་རྣམས་ལ་དཔེ་བྱས་ནས་བྲིས་པ་དང་། སྲོང་བཙན་གྱི་བྲིས་འབུར་རྙིང་མ་དག་ཀྱང་སྤྲུལ་བའི་བཟོ་བོ་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་སྒྲུབ་ཐབས་དང་ཆོ་ག་སོགས་ལ་ཁུངས་བཅོལ་ནས་བཞེངས་པར་བསམ་མོ། །      


དང་པོ། པར་གྱི་གསལ་བཤད། 

  1. 《མཁས་དབང་དགེ་འདུན་གྱི་གསུང་འབུམ་བཞུགས་སོ།།》དགེ་འདུན་ཆོས་འཕེལ་གྱིས་བརྩམས།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2010ལོའི་ཟླ་10པར་པར་ཐེངས་གཉིས་པ་དཔར།སྟོད་ཆའི་ཤོག་གྲངས་485ན་གསལ། པར་འདིའི་མ་ཡིག་དངོས་གང་དུ་བཞུགས་མིན་རྩད་བཅད་མོད་མ་རྙེད་ལ། སྒོས་སུ་རི་མོ་འདི་ཁོང་གི་ཕྱག་བྲིས་དངོས་ཡིན་མིན་ལ་ཐེ་ཚོམ་ཟ་མཁན་ཡང་ཡོད་པས་མཁྱེན་རྒྱ་ཡངས་པའི་ཀློག་མཁན་སུ་ཞིག་གིས་འདིའི་སྐོར་ལ་རྒྱུས་ཡོད་ན་གསལ་བཤད་རེ་གནང་རྒྱུ་སྙིང་ནས་རེའོ། ། 
  2. ཕོ་བྲང་པོ་ཏ་ལའི་ཆོས་རྒྱལ་སྒྲུབ་ཕུག་ཏུ་བཞུགས་པའི་སྲོང་བཙན་སྒམ་པོའི་སྨན་སྐུ།
  3. ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བཞུགས་པའི་སྲོང་བཙན་སྒམ་པོའི་ལི་མ།
  4. ཕོ་བྲང་པོ་ཏ་ལར་བཞུགས་པའི་སྲོང་བཙན་སྒམ་པོའི་ལི་མ།
  5. ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བཞུགས་པའི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ལི་མ།
  6. ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བཞུགས་པའི་རྗེ་བཙུན་བྱམས་མགོན་གྱི་ལི་མ།
  7. ཕྱག་ན་རྡོ་རྗེའི་ལི་མ།
  8. སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་ལི་མ།
  9. ཁྲ་འབྲུག་ལྷ་ཁང་གི་སྟེང་ཁང་ན་བཞུགས་པའི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་མུ་ཏིག་གི་ཐང་ག
  10. བླ་བྲང་བཀྲ་ཤིས་འཁྱིལ་གྱི་གུང་ཐང་མཆོད་རྟེན་དུ་བཞུགས་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྣང་བརྙན།

གཉིས་པ། ལུང་ཁུངས།

[1]《དེབ་ཐེར་དཀར་པོ།》[M]དགེ་འདུན་ཆོས་འཕེལ་གྱིས་བརྩམས།མི་རིགས་དཔེ་སྐྲུན་ཁང་།སྤྱི་ལོ་2015ལོའི་ཟླ་5པར་པར་ཐེངས་བཅུ་པ་དཔར། ཤོག་གྲངས་15ན་གསལ།

[2]希瑟•卡尔梅著,《作为画家的根敦群培》[J]《喜马拉雅的人与神》图齐等著,向红笳译。中国藏学出版社出版,2012年第2次印刷,P235

[3]གོང་གི་མཆན་དང་པོའི་ཤོག་གྲངས་15ན་གསལ།

[4]《མ་ཎི་བཀའ་འབུམ།གླེགས་བམ་དང་པོ།》[M]ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་ཀྱིས་མཛད།གྲུབ་ཐོབ་དངོས་གྲུབ་སོགས་ཀྱིས་གཏེར་ནས་བཏོན།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་2011ལོའི་ཟླ་1པོར་པར་ཐེངས་དང་པོ་དཔར། ཤོག་གྲངས་273ན་གསལ།

[5]《མ་ཎི་བཀའ་འབུམ།གླེགས་བམ་གཉིས་པ།》[M]ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་ཀྱིས་མཛད།གྲུབ་ཐོབ་དངོས་གྲུབ་སོགས་ཀྱིས་གཏེར་ནས་བཏོན།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།སྤྱི་ལོ་2011ལོའི་ཟླ་1པོར་པར་ཐེངས་དང་པོ་དཔར། ཤོག་གྲངས་1ན་གསལ།

[6]《དེབ་ཐེར་སྔོན་པོ།》[M]འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།སྤྱི་ལོ་1985ལོའི་ཟླ་1པོར་པར་ཐེངས་དང་པོ་དཔར། སྨད་ཆའི་ཤོག་གྲངས་1173ན་གསལ།

[7]《རིན་འབྱུང་ལྷ་སྐུ་སུམ་བརྒྱ།》[M]རྗེ་བཙུན་ཏཱ་ར་ནཱ་ཐ་ཀུན་དགའ་སྙིང་པོས་བརྩམས།མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2007ལོའི་ཟླ་6པར་པར་ཐེངས་དང་པོ་དཔར།ཤོག་གྲངས་113ན་གསལ།

[8]《སྨིན་གླིང་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེའི་གསུང་འབུམ།》[EB/OL]འགྱུར་མེད་རྡོ་རྗེས་བརྩམས།ནང་བསྟན་དཔེ་ཚོགས་ལྟེ་གནས།ས་བཅད་ཨང་།03JM2804CZ104124ཤོག་གྲངས་3ན་གསལ།

[9]《རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ།》[M]ངག་དབང་བློ་བཟང་རྒྱ་མཚོས་མཛད།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་2009ལོའི་ཟླ་9པར་པར་ཐེངས་དང་པོ་དཔར།པོད་18པའི་ཤོག་གྲངས་48ནས་49བར་གསལ།

[10]《འབྲུག་པའི་ཆོས་འབྱུང་།》 [M]འབྲུག་པ་པདྨ་དཀར་པོས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ་2013ལོའི་ཟླ་6པར་པར་ཐེངས་གཉིས་པ་དཔར། ཤོག་གྲངས་221ན་གསལ།

[11]གོང་གི་མཆན་བཅུ་པའི་ཤོག་གྲངས་228ན་གསལ།