སྟག་ལུང་ཡར་ཐང་གི་ཁྲི་རབས་བཞི་པ་སངས་རྒྱས་དབོན་གྲགས་པ་དཔལ  (1251-1296)མདོ་ཁམས་དབྱི་ཤོད་ཀྱི་ལུང་པར་ཕེབས་ཏེ་སྟག་ལུང་གི་ཡང་དགོན་ཞིག་ཕྱག་བཏབ་ཅིང་། གདན་ས་དེའི་མིང་ལ“རི་བོ་ཆེ་དགོན་པ”ཞེས་ཡོངས་སུ་གྲགས་ཡོད། འོན་ཀྱང་ས་འདིར་སྔར་ནས་བཟུང་དབྱི་ཤོད་ལུང་པ་ཟེར་བ་ལས་རི་བོ་ཆེ་མི་ཟེར་ལ། “རི་བོ་ཆེ”ཞེས་པའི་རི་ཞིག་ནི་ཡུལ་འདིར་མཐོང་དུ་མེད། རི་བོ་ཆེ་དགོན་པའི་ལོ་རྒྱུས་དང་ཆོས་འབྱུང་གདན་རབས་དག་གི་ནང་དུའང་དགོན་པ་འདིའི་མིང་ཇི་ལྟར་བཏགས་ཚུལ་གསལ་པོ་ཞིག་བསྟན་མི་འདུག ། «ཆོས་འབྱུང་ངོ་མཚར་རྒྱ་མཚོ» ལས་སངས་རྒྱས་དབོན་དེ་ཉིད “དགུང་ལོ་ཉི་ཤུ་རྩ་བདུན་པ་མེ་མོ་གླང་གི་ལོ་ཟླ་བ་དང་པོ་ལ་དབྱི་ཆོད་ཀྱི་ས་ཆར་ཕེབས”ཞེས་འཁོད་འདུག་མོད། དགོན་པ་འདི་ལ་དབྱི་ཤོད་དགོན་པ་ཞེས་མི་འབོད་པར། རི་བོ་ཆེ་དགོན་པ་ཞེས་འབོད་དོན་ཅི་ཞིག་ཡིན་ནམ། དེ་ནི་ངེས་པར་དུ་བསམ་དགོས་པ་ཞིག་ཡིན།

«ཆོས་འབྱུང་ངོ་མཚར་རྒྱ་མཚོ»རུ། སངས་རྒྱས་དབོན་ཡར་ཐང་ནས་ཁམས་ཕྱོགས་སུ་ཕྱགས་བཏེགས་དུས་ནི་དགུང་ལོ་ཉེར་གསུམ་པ་ཆུ་མོ་བྱའི་ལོ་ཡིན་པར་བསྟན་འདུག་པས། དེ་ནས་མར་དབྱི་ཤོད་ཀྱི་ས་ཆར་ཕེབས་པའི་བར་ལ་མི་ལོ་ལྔ་ཙམ་འགོར་ཡོད།

གཤམ་དུ་ང་ཚོས་མི་ལོ་ལྔ་ཚན་དེའི་ནང་གི་སངས་རྒྱས་དབོན་པོའི་ཞབས་རྗེས་ཅུང་ཟད་རྙེད་ཐབས་བྱེད་དགོས་ཤིང་། དེའི་ཁྲོད་ནས“རི་བོ་ཆེ”ངོ་མ་དེ་གང་དུ་ཡོད་པ་ཡང་རྙེད་པར་བྱེད་དགོས། དེ་ཡང་སྟག་ལུང་ནས་དབྱི་ཤོད་ཀྱི་ལུང་པར་ཕེབས་པའི་བར་གྱི་ལོ་རྒྱུས་ནི། «དེབ་ཐེར་རྒྱ་མཚོའི་ཉིང་བཅུད» དུ།  “ཡེལ་ཕུ་གི་དགོན་པ་ཡུལ་བར་དབྱར་དགུན་ཙམ་བཞུགས། ལྕི། ར་ཚ་རྫོང་དང་ཆམ་ཕུ། ཡང་དགོན་སོགས་སུ་ཕེབས”ཞེས་འཁོད་པ་ལྟར། “ལྕི”ཞེས་བྱ་བའི་ས་ཆར་ཕེབས་པའི་སྒྲོས་ཙམ་བྱུང་ཞིང་། ས་དེ་གང་ཡིན་དང་ཇི་ཙམ་བཞུགས་པ་སོགས་ནི་མི་གསལ།

འོན་ཀྱང་ད་ལྟའི་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གི“ལྕི”སྟོད་ཀྱི་ས་ཆར་ཆུ་བཟང“རི་བོ་ཆེ”ཟེར་བའི་སྤང་རི་ཆེན་པོ་ཞིག་འདུག་པ་དང་། རི་དེའི་གཤམ་དུ་གྱང་རྨོར་སྣ་ཟེར་བའི་ས་ཆར་དགོན་ཤུལ་གྱི་རྩིག་རྨང་ཧ་ཅང་གསལ་པོ་ཞིག་ཀྱང་འདུག ། དེ་ཙམ་མ་ཟད་ས་འདིའི་ཡུལ་མི་རྣམས་ཀྱི་ངག་སྒྲོས་སུ་ཡང་། དགོན་ཤུལ་འདི་ནི་དབྱི་ཤོད་རི་བོ་ཆེ་དགོན་པའི་ཐོག་མའི་ཆགས་ཤུལ་ཡིན་པ་དང་། ཁམས”རི་བོ་ཆེ”དགོན་པ་ཟེར་དོན་ཡང་ཆུ་བཟང“རི་བོ་ཆེ”ཡི་མིང་ཁྱེར་སོང་བ་རེད་ཅེས་ཡོངས་སུ་གྲགས་འདུག ། ངག་རྒྱུན་འདི་ཤིན་ཏུ་བསམ་བློ་གཏོང་རིན་ཡོད་པ་ཞིན་ཡིན་པ་ནི་སྨོས་མ་དགོས། ད་དུང «ལྷོ་ལུང་དཀར་དགོན་གྱི་གདན་རབ་ཆོས་འབྱུང» ནང་གི་ལྷོ་གྲུབ་ཆེན་བསྟན་འཛིན་བཟང་པོ (1761 – 1834) ཡི་རྣམ་ཐར་འཆད་སྐབས་སུ་འདི་ལྟར། “ལམ་ཁར་ཆུ་བཟང་རི་བོ་ཆེར་ཕེབས་འབྱོར་སྐབས། ལྕི་ཡི་དགེ་བསྙེན་གྱིས་གནས་དེར་དགོན་པ་བཏབ་ན་ཆབ་མདོ་བྱམས་གླིང་ཙམ་རྒྱས་འགྱུར་གྱི་ཕྲིན་ལས་ཞུས་པར། རྟེན་འབྲེལ་བཟང་ཡང་སྔོན་དེར་རི་བོ་ཆེའི་དགོན་པ་དགེ་བསྙེན་དང་མཐུན་མིན་གྱིས་བསྟན་སྲིད་རིང་པོར་མ་གནས་པས། མ་འོང་པར་རྗེས་འཇུག་རྣམས་དགེ་བསྙེན་དང་མཐུན་ལམ་ཅི་འགྱུར་མ་ངེས་པ་སོགས་ལ་ཐུགས་གཞིག་གནང་བཞིན་ཡང་ཕེབས”ཞེས་སོགས་ཁ་གསལ་པོར་འཁོད་ཡོད་ལ། དེ་བཞིན་དུ་འབྲོང་པ་རྒྱལ་པོས (1939 – 2017) མཛད་པའི «ལྡོང་འབྲོང་པའི་དེབ་གཏེར་སྨུག་པོ» ཡི་ནང་དུ་ཡང་གོང་གི་བྱུང་བ་དེ་བཞིན་དུ་བྲིས་གནང་འདུག །  དེས་ན་རི་བོ་ཆེ་དགོན་པའི“རི་བོ་ཆེ”འདི་ནི་གདོན་མི་ཟ་བར་རྫ་སྟོད་རྫོང་ལྕི་སྟོད་ཡུལ་ཚོ་ཡུག་སྨད་སྡེ་བའི་ས་ཁོངས་ཀྱི་ཆུ་བཟང་རི་བོ་ཆེ་དེ་ཡིན་པར་འདུག་མོད། ས་ཆ་དེ་ནས་མདོ་ཁམས་དབྱི་ཤོད་ཀྱི་ལུང་པར་ཅིའི་ཕྱིར་གདན་ས་སྤོས་གནང་བ་ཡིན་ནམ། འདི་ནི་ངེས་པར་དུ་ཤེས་དགོས་པའི་གསང་བ་ཞིག་རེད། ཆུ་བཟང་རི་བོ་ཆེ་ནས་ཡུལ་ལྷ་དང་མ་འཆམས་པར་གནས་སྤོས་པ་རེད་ཟེར་བའི་ངག་རྒྱུན་སྒྲུང་གཏམ་དེ་ནི་སྦས་དོན་ལྡན་པའི་སྐད་ཆ་གཟུགས་བརྙན་ཅན་ཞིག་ཡིན་སྲིད་པས། འདི་ནས་གནས་སྤོ་དོན་རྐྱེན་དེར་ཚོད་དཔག་འདྲ་ཆགས་ཤིག་བྱེད་དགོས་ན་ཅུང་ཟད་དཀའ་མོ་ཡིན།

འོན་ཀྱང་དཔྱད་ན་དཔྱོད་ཐུབ་ངེས་པ་ཞིག་ནི། སངས་རྒྱས་དབོན་མ་བྱོན་པའི་སྔོན་དུ་དབྱི་ཤོད་ཀྱི་ལུང་པར་སངས་རྒྱས་ཆོས་ལུགས་དར་མེད་ཅིང་། ཡུལ་འདི་དགོན་པ་དང་བླ་ཆེན་སུས་ཀྱང་བདག་གིར་བྱས་མེད་པ་དང་གཅིག ། སངས་རྒྱས་དབོན་པོ་རྒྱུ་ནོར་དང་། འཁོར་གཡོག ། རིགས་རུས། བླ་ཐོབ་བཅས་ཀྱི་སྟོབས་ཤུགས་ཆེ་བ་དང་གཉིས། དབྱི་ཤོད་ལུང་པ་འདི་ཉིད་སངས་རྒྱས་ཆོས་ལུགས་ལ་དད་པ་ཆེ་བའི་ར་ཤི་དཔོན་གྱི་དབང་འོག་ཏུ་ཡོད་པ་དང་གསུམ་གྱིས། སངས་རྒྱས་དབོན་གྲགས་པ་དཔལ་གྱི་ཐུགས་འདུན་དེའང་དགོན་སྡེ་ཅུང་ཟད་རྒྱ་ཆེ་ཙམ་ཞིག་འཛིན་སྐྱོང་བྱེད་པའི་སྤོབས་སེམས་དུ་གྱུར་ཏེ་གདན་ས་སྤོས་ཡོད་པར་སྙམ། གོང་གི་ཆ་རྐྱེན་དེ་དག་དང་མི་ལྡན་ཚེ། མཁས་གྲུབ་གཉིས་ལྡན་གྱི་དཔལ་ཆེན་རྒ་ལོ་ཙཱ་བ་ལྟ་བུ་ཡང་དབྱི་ཤོད་ལུང་པ་ནས་སྟོན་པ་སྐུ་རྐྱང་དུ་གྱུར་མྱོང་བ་ཡིན། «ལྷོ་རོང་ཆོས་འབྱུང» གི་ནང་དུ་བལྟས་ན། སངས་རྒྱས་དབོན་པོས་རྒྱབ་བརྟེན་གྱི་དབང་ཤུགས་ནི་ར་ཤི་དཔོན་ཙམ་དུ་མ་ཟད། འགྲོ་མགོན་ཆོས་རྒྱལ་འཕགས་པ (1235 – 1280) ལ་ཡང་བརྟེན་ཡོད་པ་གསལ། དེ་ཡང་ཕྱི་ལོ 1275 ལོར་འཕགས་པ་བོད་ཡུལ་དུ་ཡར་ཕེབས་དུས་སངས་རྒྱས་དབོན་དང་མཇལ་འཕྲད་མཛད་ཡོད་ཅིང་། དེ་དུས་ཆོས་རྒྱལ་འཕགས་པས་སངས་རྒྱས་དབོན་ཡར་ཐང་དུ་ཕྱིར་ཕེབས་གནང་རྒྱུའི་གྲོས་སྣེ་བཏོན་ན་ཡང་། སངས་རྒྱས་དབོན་པོས་དགོངས་ཚུལ་དེ་ཞལ་གྱིས་མ་བཞེས་པར་ཞུས་དོན། “སྟག་ལུང་གི་སྡེ་མ་ལག་སྐོར་གསུམ་བློས་བཏང་ཙ་ན། ཤེས་འདོད་གཅིག་ཀྱང་མེད། ཁམས་འདིར་དགོན་ཆུང་ཞིག་བྱེད་པས་ཞལ་ཏ་ཞིག་གནང་བ་ཞུ།” ཞེས་ཞུས་ཙ་ན།  “བླ་ཆེན་པོའི་ཞལ་ནས། ཁོང་དབོན་པོ་བས་མདོ་ཁམས་ཀྱི་ས་ཆ་གར་བཞེད་པར་དགོན་པ་འདེབས་པའི་ཞལ་ཏ་ཁྱོད་སྟོན་ཚུལ་གྱིས་གྱིས། ཞེས་པའི་ཞལ་བཀོད་མཛད་ནས་བླ་ཆེན་པོ་ཡར་བཀྱགས།” ཞེས་སོགས «ལྷོ་རོང་ཆོས་འབྱུང» དུ་འཁོད་འདུག་པས། སངས་རྒྱས་དབོན་པོས་དབྱི་ཤོད་ཀྱི་ས་ཁུལ་ཡོངས་སུ་དབང་དུ་བསྡུ་བའི་ཆ་རྐྱེན་འགྲིག་པར་སྙམ། ཡིན་ན་ཡང་སྔར་བོན་ལུགས་ལ་དད་པ་བྱེད་པའི་ཡུལ་སྡེ་ཞིག་དུས་ཚོད་ཐུང་ཐུང་ནང་བན་ལུགས་སུ་བསྒྱུར་བ་དེ་ཡང་སྟབས་བདེ་ལས་སླ་ཞིག་གཏན་ནས་མིན་པས། དབྱི་ཤོད་ལུང་པར་བན་བོན་བར་གྱི་རྩུབ་བརྡར་ཡང་ཡང་བྱུང་ཡོད་པ་འདྲ་སྟེ། ས་འདིར་དབོན་པོ་དཔལ་འཁོར་སློབ་དང་བཅས་པ་སྒར་ཆེན་པོ་བཏབ་ནས་བསྡད་ཅིང་། དེ་ནས་དགོན་པ་མ་ཆགས་བར་གྱི་དུས་ཐུང་ནང་དུ། རྒྱབ་རི་ངོས་ནས་རྦབ་རྡོ་ཐེངས་མ་དྲུག་ཙམ་སྒར་ནང་དུ་འགྲིལ་འདུག་པ་དང་གྲྭ་འཁོར་དག་ལ་རྨས་སྐྱོན་བྱུང་བ་མ་ཟད། རྦབ་རྡོ་གཅིག་སངས་རྒྱས་དབོན་པོའི་གཟིམ་སྤྱིལ་གྱི་ཐད་ཀར་བྱུང་བ་སོགས «ཆོས་འབྱུང་ངོ་མཚར་རྒྱ་མཚོ» རུ་གསལ། རྦབ་རྡོ་ལྷུང་བ་ནི་ས་འགུལ་སོགས་ཀྱིས་ཡིན་ཡང་སྲིད་མོད། བསྟུད་མར་སྒར་གཅིག་གི་ཐོག་ཏུ་རྦབ་རྡོ་དྲུག་ཙམ་འགྲིལ་བ་དེ་ནི་དད་མོས་དང་དད་མོས་བར་གྱི་ཕོག་ཐུག་ལས་བྱུང་བའི་ཅུང་ཟད་འཇིགས་སུ་རུང་བའི་ས་འགུལ་ཞིག་མ་ཡིན་ནམ། དེའི་སྔོན་དུ་དབྱི་ཤོད་ལུང་པ་འདི་བོན་གྱི་གཡང་སྒམ་ཞིག་ཡིན་ཚུལ་འདི་ནས་རྒྱས་པར་མི་གླེང་ངོ་།།

འོ་ན་དབྱི་ཤོད་ཀྱི་ལུང་པར“རི་བོ་ཆེ”ཟེར་བའི་རི་ཞིག་མེད་ན «བཀའ་བརྒྱུད་ཀྱི་ཤིས་པ་བརྗོད་པ་མེ་ཏོག་གི་ཕྲེང་བ» ཞེས་པའི་རི་བསྟོད་ཡིག་ཆ་ལས། “ཡུལ་མདོ་ཁམས་ཀྱི་ས་ཆ་དབྱི་ཤོད་ཀྱི་ལུང་པ་ལྷུན་པོའི་རྒྱལ་པོ་དཔལ་རི་བོ་ཆེའི་རྩེར་སྦྱར་བ་རྫོགས་སོ།།” ཞེས་པའི“རི་བོ་ཆེ”དེ་ཅི་ཞིག་ཡིན་ནམ་སྙམ་ན། འདི་ནས་གླེང་བར་བྱ་བའི“རི་བོ་ཆེ”ནི་མི་མང་རྣམས་ཀྱིས་མིང་དུ་འབོད་ཅིང་། ཡུལ་འདིར་གྲགས་ཤིང་གྲུབ་པའི“རི་བོ་ཆེ”ཟེར་བའི་རི་ཞིག་མེད་པར་བཤད་པ་ལས། བླ་མ་རྣམས་ཀྱིས་རྟེན་འབྲེལ་གྱི་ཆེ་བའམ་ཡང་ན་ལུང་བསྟན་རྣམས་ལ་སྒོ་བསྟུན་ནས་མིང་གསར་དུ་བཏགས་པའི་རི་བོ་ཆེ་ནི་མེད་པར་མ་སྨྲས་ཏེ། «སྟག་ལུང་བསང་ཆེན» ནང་གི་འཕགས་མཆོག་ཆོས་དབྱིངས་ལྷུན་གྲུབ  (1786 – 1839) ཀྱིས་མཛད་པའི་རྒྱབ་རིའི་བསང་མཆོད་ལས་ཀྱང་།“སྐལ་བཟང་སྐྱེ་རྒུའི་གཙུག་རྒྱན་ཤཱཀྱའི་ཏོག། ཟབ་རྒྱས་ཕན་བདེའི་རྔ་གསང་ཐོས་འཛིན་གསོས།། ཤིང་ཀུན་གྲོང་དང་པརྤ་ཏ (རི་བོ) ཡི་སྒྲས།། ཡར་ཕྱིར་གནས་དང་གང་ཟག་བསྟན་ཞེས་ཐོས།།” ཞེས་སོགས་གསུངས་ཏེ «འཕགས་པ་སྙིང་རྗེ་པད་དཀར» ལས་བསྟན་པའི་གྲོང་ཁྱེར་ཤིང་ཀུན་སྐྱེ་བ་སོགས་ཀྱི་ལུང་བསྟན་དེ་དག་གིས། སྟག་ལུང་ཡར་ཐང་དང་མར་ཐང་གི་གདན་སའི་གནས་དང་གང་ཟག་བསྟན་ཡོད་ཅེས་སྦྱོར་ཐབས་མཛད་ཡོད་མོད། རི་བོ་ཆེ་དགོན་པའི་རྒྱབ་རི་འདི་ལ“མ་ཧཱ་པརྤ་ཏ”འམ་ཡང་ན“རི་བོ་ཆེ”ཞེས་མིང་འབོད་མཁན་མ་བྱུང་ལ། རི་འདི་ལ“རི་བོ་ཆེ”ཟེར་བའི་མིང་དེ་བཙན་ཐབས་སུ་བཏགས་ཀྱང་འདོག་མ་ཐུབ་པའི་གནས་ཚུལ་མངོན་ཡོད།

དབྱི་ཤོད་བོན་གྱི་གཡང་སྒམ་སྨུག་པོ་རུ། །རྒྱལ་བསྟན་སྒྲོན་མེའི་སྣང་བ་གསལ་མཛད་པ། །མཉམ་མེད་སངས་རྒྱས་དབོན་པོའི་ཞབས་ཀྱི་རྗེས། །དུས་ཀྱི་མཐར་ཡང་རྙིང་པ་མེད་འདི་མཚར། །

2019.8.25 ཉིན་ཨ་ཆོག་རིན་ཆེན་སྤུང་པར་སྦྱར།

ཉན་ཐོས་མཆོག་བཅུ་གསུམ་དང་དེའི་ཟུར་འཕྲོས།

དེ་ཡང་བོད་ཀྱི་ཡི་གེའི་ནང་དུ་བཞུགས་པའི «འདུལ་བ་ལུང» དག་ལས། འཕགས་པའི་ཉན་ཐོས་མཆོག་ཏུ་གྱུར་པ་བཅུ་གསུམ་ཙམ་ཞིག་ཤིན་ཏུ་འབུར་ཐོན་གྱི་སྒོ་ནས་ལུང་དུ་བསྟན་ཡོད་ཅིང་། དེ་བཞིན་དུ «གསང་སྔགས་ཆེན་པོ་རྗེས་སུ་འཛིན་པའི་མདོ» དང་དེའི་འགྲེལ་བ་དང་བཅས་པ་ལས་ཀྱང་གནས་བརྟན་བཅུ་གསུམ་གྱི་གྲངས་ལྡན་འདི་ཁོ་ན་ཟུར་དུ་བཏོན་ནས་ཆེད་དུ་བརྗོད་ཡོད་པ་རེད། གནས་བརྟན་ཆེན་མོ་བཅུ་གསུམ་ནི་འདི་དག་སྟེ། ཚངས་པར་སྤྱོད་པ་མངོན་པར་སྤྱད་པ་རྣམས་ཀྱི་མཆོག་དགེ་སློང་ཀུན་ཤེས་ཀཽཎྜི་ནྱ་དང་། སྦྱངས་པའི་ཡོན་ཏན་ལ་གནས་པ་རྣམས་ཀྱི་མཆོག་འོད་སྲུང་ཆེན་པོ་དང་། ཤེས་རབ་ཆེ་བ་དང་སྤོབས་པ་ཆེ་བ་རྣམས་ཀྱི་མཆོག་ཤ་ར་དྭ་ཏིའི་བུ་དང་། རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བ་རྣམས་ཀྱི་མཆོག་མཽད་གལ་གྱི་བུ་ཆེན་པོ་དང་། ལྷའི་མིག་དང་ལྡན་པ་རྣམས་ཀྱི་མཆོག་མ་འགགས་པ་དང་། མང་དུ་ཐོས་པ་རྣམས་ཀྱི་མཆོག་ཀུན་དགའ་བོ་དང་།  འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཉེ་བར་འཁོར་དང་། ཆོས་སྨྲ་བ་རྣམས་ཀྱི་མཆོག་བྱམས་མའི་བུ་གང་པོ་དང་། བསླབ་པ་ལ་གུས་པ་རྣམས་ཀྱི་མཆོག་སྒྲ་གཅན་ཟིན་དང་། མལ་ཆ་དང་སྟན་བསྒོ་བ་རྣམས་ཀྱི་མཆོག་གྱད་བུ་ནོར་དང་། སེང་གེའི་སྒྲ་སྒྲོགས་པ་རྣམས་ཀྱི་མཆོག་བྷ་ར་དྭ་ཛ་བསོད་སྙོམས་ལེན་དང་། ཁྱིམ་པ་དད་པ་བསྐྱེད་པ་རྣམས་ཀྱི་མཆོག་ནག་པོ་འཆར་ཀ་དང་། ལྷ་དང་མིས་མཆོད་པ་རྣམས་ཀྱི་མཆོག་ལེགས་མཐོང་གི་བདེན་པ་སྟེ་གནས་བརྟན་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་སློབ་ཆེན་བསླབ་པ་རྒན་གྲས་ཤ་སྟག་ཡིན་པ་དང་། གནས་བརྟན་རྒྱལ་པོའི་བུ་ཐུ་བོ་དང་འདྲ་བ་དག་ཡིན་པར་ལུང་གིས་གསལ་བར་བསྟན་ཡོད་དོ།། འོན་ཀྱང་རང་ཅག་གི་བཀའ་བསྟན་གསུང་རབ་རྣམས་སུ་འབུར་ཐོན་དུ་བྱུང་བའི་སྟོན་པ་སངས་རྒྱས་གཙོ་བོར་བྱས་པའི་སྒོ་ནས་འཕགས་པའི་གནས་བརྟན་བཅུ་གསུམ་གྱི་ཐང་ག་བཞེངས་བ་དང་ཕྱག་མཆོད་བྱེད་པའི་ལུགས་སྲོལ་ཞིག་ནི་མ་བྱུང་བར་སྣང་ངོ་།།

རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས (1476- 1542) མཛད་པའི «གནས་བརྟན་ཕྱག་མཆོད» ཟེར་བའི་ཞལ་འདོན་ཉུང་ངུ་ཞིག་ཤིན་ཏུ་རྒྱུག་ཆེ་བར་ཡོད་པ་དེའི་ནང་གི་འཕགས་པའི་གནས་བརྟན་བཅུ་དྲུག་ནི། ལྷོ་བརྒྱུད་ནང་བསྟན་གྱི་གནས་བརྟན་སྡེ་པའི་ལུགས་སུ་འཁོར་གྱི་གཙོ་བོ་བརྒྱད་ཅུ་ཞེས་པའི་ནང་དུ་འདུས་ཡོད་པར་ཐོས་ཀྱང་། བཅུ་དྲུག་གི་ཚན་པ་འདི་འདྲ་ཞིག་འདུལ་ལུང་དག་ལས་མ་བྱུང་ཞིང་། ཚན་པ་བགོ་སྟངས་འདི་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་དུས་ཙམ་ན། རྒྱ་ནག་གི་ཧ་ཤང་ཆེན་མོ་ཞིག་གིས་ཕྱག་མཆོད་ལེགས་པར་བྱས་པས་མཐུ་ལས། གནས་བརྟན་འདི་དག་རྒྱ་ཡུལ་གྱི་དགོན་པ་ཞིག་ཏུ་རྫུ་འཕྲུལ་གྱིས་ཕེབས་པར་བཤད་ཅིང་། དེ་དུས་ཧ་ཤང་ཆེན་མོ་དེས་གནས་བརྟན་རྣམས་ལ་གུང་ཚིགས་དང་ན་བཟའ་ཕུལ་བའི་གཏམ་རྒྱུད་ཅིག་ཡོད། དེ་བས་གནས་བརྟན་བཅུ་དྲུག་ཅེས་པའི་ཚན་པ་བགོ་སྟངས་འདི་ཡང་རྒྱ་ནག་ནས་ཡར་དར་ཡོང་བ་ཞིག་དང་། དེ་ཡང་མདོ་རྒྱུད་ཀྱི་ཁུངས་ལས་བྱུང་བ་ཞིག་མ་ཡིན་པར་རྒྱ་ནག་ཧ་ཤང་ཞིག་གི་དད་པ་དག་སྣང་གིས་མཇལ་བ་ཞིག་ཡིན་པར་སྣང་། ད་ལྟ་ང་ཚོའི་མིག་ལམ་གྱི་གནས་བརྟན་བཅུ་དྲུག་གི་ཞལ་ཐང་འདི་དག་ནི་རྒྱ་གར་གྱི་རབ་ཏུ་བྱུང་བའི་རྣམ་པ་ཅན་མ་ཡིན་པར། རྒྱ་ནག་གི་ཧ་ཤང་ལྟར་ལྭ་རིང་གི་སྟེང་དུ་ཆོས་གོས་མནབས་པ་ཤ་སྟག་ཡིན། ཚུལ་འདི་བོད་ཡུལ་དུ་དུས་རབས་བཅུ་པའི་མཇུག་ཙམ་ན་བྱུང་བར་མངོན་ཏེ། ཀླུ་མེས་འབྲོམ་ཆུང་གིས་ཐང་གི་རྒྱལ་ས་ཁྲང་ཨང་ནས་གནས་བརྟན་བཅུ་དྲུག་གི་ཐང་ག་བཤུ་འབྲི་བྱས་ཏེ་ཁྱེར་ཡོང་ནས། བྲག་ཡེར་པར་གནས་བཅུའི་ལྷ་ཁང་ཞིག་བཞེངས་པར་བཤད་འདུག་པ་དང་། དེ་བཞིན་དུ་རྒྱ་ནག་ཏཱ་མིང་རྒྱལ་པོས་ཀྱང་བྱམས་ཆེན་ཆོས་རྗེ་ལ་གནས་བརྟན་བཅུ་དྲུག་གི་ཞལ་ཐང་ཞིག་ཕུལ་བ་སོགས་ཀྱིས་བོད་དུ་རྒྱ་ཆེར་དར་བར་མངོན་ནོ།། འཕགས་པའི་གནས་བརྟེན་བཅུ་དྲུག་ནི་འདི་དག་སྟེ། «གནས་བརྟན་ཕྱག་མཆོད» ལས། “ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས།། དུས་ལྡན་རྡོ་རྗེ་མོའུ་བུ་བཟང་པོ་དང་།། གསེར་བེའུ་བྷ་ར་དྷྭོ་ཛ་གསེར་ཅན་མཆོག། འཕགས་པ་བ་ཀུ་ལ་དང་སྒྲ་ཅན་འཛིན།། ལམ་ཕྲན་བྷ་ར་དྷྭོ་ཛ་བསོད་སྙོམས་ལེན།། ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ།།” ཞེས་པའི་ནང་དུ་འཁོད་པའི་ཉན་ཐོས་བཅུ་དྲུང་པོ་དེ་ཡིན། ཉས་ཐོས་མཆོག་བཅུ་གསུམ་དང་གནས་བརྟན་བཅུ་དྲུག་གི་ཚོགས་པ་གཉིས་ཀར་བཞུགས་པའི་འཕགས་པ་དགྲ་བཅོམ་པ་གཉིས་ཁོ་ནར་འདུག་སྟེ། སྲས་སྒྲ་ཅན་ཟིན་དང་བྷ་ར་དྭ་ཛ་བསོད་སྙོམས་ལེན་གཉིས་སོ།། འཕགས་པའི་གནས་བརྟན་འདི་དག་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་པས་ཕྱག་མཆོད་བྱེད་དོ་ཞེས་ཟེར་སྲོལ་འདུག་མོད་ཀྱི། སྒྲ་ཅན་འཛིན་སོགས་སྐུ་གྲོང་པའི་ཚུལ་གསལ་བར་འཁོད་པའི་ཡིག་ཆ་ནི་མཇལ་དུ་ཡོད་དོ།།

ཇི་སྐད་དུ«གནས་བརྟན་ཕྱག་མཆོད»ལས། “སིངྒ་ལ་ཡི་གླིང་ན་ནི།། གནས་བརྟན་རྡོ་རྗེ་མོ་ཡི་བུ།།” ཞེས་གསུང་ཡོད་པར་ཁུངས་བཅོལ་བ་ཡིན་མིན་མི་ཤེས་ཀྱང་། མཁས་དབང་དགེ་ཆོས་ཀྱིས། ཁོང་སིངྒ་ལར་ལོ་གཅིག་དང་ཟླ་བ་བཞི་ཙམ་བཞུགས་ནས་ཡུལ་དེའི་དགོན་པ་དང་གནས་རི་གང་སར་ཉུལ་ཡང་།གནས་བརྟན་རྡོ་རྗེ་མོ་ཡི་བུའི་བཞུགས་གནས་ཤིག་མ་རྙེད་པར་གསུང་ཡང་། དེ་ནི་གངས་རི་ཆེན་པོ་ཏི་སེ་ཡི་ཕྱོགས་གང་སར་བཙལ་ཡང་གནས་བརྟན་ཡན་ལག་འབྱུང་གི་དགོན་པ་ཞིག་མ་རྙེད་པ་དང་འདྲ་བར་སེམས་སོ།།

      2019.7.12