ང་རང་ཐོག་དང་པོར་འཆི་བདག་དང་འཕྲད་པའི་མྱོང་བ་ནི།  ལོ་ན་བདུན་ཙམ་ཡིན་པའི་སྐབས་སུ་བྱུང་བ་སྟེ།  དུས་དེར། ང་ཚོ་ཤར་ཕྱོགས་ཀྱི་མཐོ་སྒང་དང་གྱེས་ཏེ་བོད་དབུས་སུ་སྐྱོད་གྲབས་ཡོད། དེ་ཡང་བདག་གི་རྩ་བའི་བླ་མ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས(1893-1959)མཆོག་ལ་བསམ་གཏན(Samten)ཞུ་བའི་ཉེ་གནས་ཤིག་ཡོད་ཅིང་། ཁོང་ནི་རབ་བྱུང་ཚུལ་དང་ལྡན་པ་ཞིག་ཡིན་པར་མ་ཟད།  ང་རང་ཆུང་དུས་གཅེས་སྐྱོང་ལེགས་པོ་བྱེད་པ་རེད། ཁོང་གི་ཞལ་རས་གསལ་ལ་ཟླུམ་ཞིང་ཉམས་མདངས་རྒྱས། དུས་རྒྱུན་མཚར་གཏམ་སྣ་ཚོགས་ཤོད་རྒྱུར་མཁས་པོ་ཡོད།   ལྷག་པར་ཁོང་ཉིད་གཤིས་ཀ་ཧ་ཅང་འཇམ་པས། དགོན་པའི་ནང་གི་མི་རྣམས་ཀྱིས་ཤིན་ཏུ་མཉེས་པོ་བྱེད་པ་རེད། བདག་གི་རྩ་བའི་བླ་མས་ཉིན་རེ་བཞིན་དབང་ལུང་ཁྲིད་གསུམ་གནང་བཞིན་ཡོད་པས།  དེ་ལྟར་ཉིན་བཞིན་མཇུག་རྫོགས་མཐར། ངས་ན་མཉམ་དག་བསྡུས་ཏེ་རྩེད་མོའི་གར་འཁྲབ་ཅིང་།  སྔ་དྲོར་བྱུང་བའི་དོན་ཐམས་ཅད་ལད་ཟློས་བྱེད་པ་ཡིན། དེ་ལ་བསམ་གཏན་ལགས་ཀྱིས་ཞོགས་པར་བླ་མས་མནབས་པའི་ཟླ་གམ་སོགས་སྐུ་ཆས་དག་གཡར་བ་སྟེ།  ཁོང་གིས་ནམ་ཡང་བཀག་འགོག་གནང་མ་མྱོང་།

དེའི་རྗེས་སུ།   བསམ་གཏན་ནི་གློ་བུར་མི་འདོད་ནད་ཀྱིས་བཟུང་ཞིང་།   ནད་གཞི་ཇེ་སྡུག་ཏུ་ཕྱིན་སྟབས།   ང་ཚོའི་འགྲུལ་བཞུད་ནི་ཕྱིར་འགྱངས་མི་བྱེད་ཀ་མེད་བྱུང་།  དེའི་འོག་གི་གཟའ་འཁོར་གཉིས་སུ་བྱུང་བའི་དོན་རྣམས་ནི།  ཁོ་བོས་མི་ཚེ་གང་པོར་བརྗེད་ཐབས་བྲལ།    དེ་ཡང་འཆི་བདག་གི་དྲི་མ་ངན་པ་ནི་སྤྲིན་པ་ནག་པོ་ཇི་བཞིན་ས་གཞིར་འཐུལ་བྱུང་སྟེ།  དུས་སྐབས་དེ་ཉིད་ཡིད་ལ་འཁོར་བའི་ཚེ།  ངས་ད་དུང་དྲི་མ་དེ་ཉིད་སྣོམ་ཐུབ་རྒྱུ་འདུག འཆི་བདག་གི་གྲིབ་མ་ནག་པོས་དགོན་པ་ཧྲིལ་པོ་བསྒྲིབས་པར་བྱས་ན་ཡང་། སྐྱི་གཡའ་བའི་ངང་ཚུལ་ནི་ཅུང་ཟད་ཙམ་ཡང་མ་བྱུང་།   བདག་གི་རྩ་བའི་བླ་མ་མཆོག་ཞལ་བཞུགས་པས། བསམ་གཏན་འཇིག་རྟེན་ཕ་རོལ་དུ་འགྲོ་བར་དོན་སྙིང་ཆེན་པོ་ལྡན་ཞིང་།  དེར་ཡོད་ཀྱི་ང་ཚོ་མི་རེ་རེའི་བསླབ་བྱར་ཡང་གྱུར་ཏོ། །

བསམ་གཏན་ནི་བདག་གི་བླ་མ་རིན་པོ་ཆེ་ཆིབས་བསྒྱུར་བྱེད་པའི་གནས་ཁང་ཞིག་སྟེ། སྒེའུ་ཁུང་འགྲམ་གྱི་ཉལ་ཁྲིར་བསྙེས་ཏེ་ཉལ་ཡོད་ཅིང་།  ངས་ཁོང་ཉིད་དུས་ཡུན་རིང་པོ་མི་འཐོག་པར་ཚེ་ཕྱི་མའི་ཡུལ་དུ་འགྲོ་ངེས་པ་ཧ་གོ་བཞིན་ཡོད། ང་རང་སྐབས་དང་སྐབས་སུ་ཁང་ཤག་དེར་འཛུལ་ནས་ཁོང་གི་འགྲམ་དུ་སྡོད་པ་ན། ཁོང་གིས་ངག་སྨྲ་མི་བཏུབ་པར་ཆགས་ཤིང་། ཞལ་གྱི་མདངས་ཤོར་ཏེ་སྐམ་རིད་དུ་གྱུར་འདུག་པར་ཉམ་ང་བ་བྱུང་།   ངས་ཁོང་ཉིད་མི་རིང་བར་རང་ཅག་དང་ཁ་བྲལ་ཏེ། སླར་ཡང་མཐོང་མི་ཐུབ་པར་འགྱུར་བ་གསལ་པོ་རྟོགས་ཕྱིར།  ང་ནི་སྐྱོ་བས་དྲག་ཏུ་མནར་ཞིང་ཁེར་རྐྱང་གི་གནས་སུ་ལྷུང་།  བསམ་གཏན་འཆི་ཁར་སྡུག་བསྔལ་གྱིས་གདུང་སྟེ། ང་ཚོས་ག་དུས་ཡིན་ཡང་ཁོང་གི་དབུགས་ཀྱི་འབྱིན་རྔུབ་དྲག་པོ་བྱེད་པའི་སྒྲ་ཐོས་ཐུབ་པ་དང་། ཁོང་གི་ཕུང་པོ་རུལ་བཞིན་པའི་དྲི་མ་ཡང་ཚོར་ཐུབ་པར་འདུག དུས་དེར་དགོན་པ་ཧྲིལ་པོར་ཁོང་གི་དབུགས་འབྱིན་རྔུབ་ཀྱི་སྒྲ་འབའ་ཞིག་ལས། བྱིའུ་སྐད་ཙམ་ཡང་ཐོས་རྒྱུ་མི་འདུག་པས། བློ་རྩེ་ཐམས་ཅད་བསམ་གཏན་གྱི་སྟེང་ལ་ཤོར།  བསམ་གཏན་ནི་འཆི་བའི་སྡུག་བསྔལ་གྱིས་མནར་བར་གྱུར་ཀྱང་།  ཁོང་གི་སེམས་ཁམས་ནི་ཧ་ཅང་རྣལ་དུ་ཕབ་སྟེ།  རང་ཉིད་ལ་གདེང་ཚོད་ཅིག་རྙེད་ཡོད་པ་གསལ་པོ་མཐོང་ཐུབ།   ཐོག་མའི་ཆར། ངས་དེ་ལྟ་བུ་ཞིག་ཅིའི་ཕྱིར་ཡིན་པར་མ་ངེས་ཀྱང་། རིམ་བཞིན་དེ་ནི་ཁོང་གི་དད་པ་དང་ཉམས་ལེན། གཞན་ཡང་རྩ་བའི་བླ་མ་མཆོག་ཉེ་དྲུང་དུ་བཞུགས་ཡོད་པ་བཅས་ལས་བྱུང་བ་ཡིན་པར་རྟོགས།  ང་རང་སྐྱོ་བས་མནར་ཡང་། ཁྱབ་བདག་བླ་མ་རིན་པོ་ཆེ་ཞལ་མངོན་སུམ་དུ་བཞུགས་པས། མཐར་རྐྱེན་ངན་གང་ཡང་གྲོགས་སུ་ཤར་བར་འགྱུར་ཏེ།  དཔལ་ལྡན་བླ་མ་མཆོག་གིས་བསམ་གཏན་ཐར་བའི་ལམ་དུ་དགོད་པར་མགོན་སྐྱབས་བྱ་ངེས་པས་སོ།  །   ངས་ཕྱིས་སུ་ད་གཟོད་རྒྱུས་མངའ་ལོན་པ་ནི། ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ཚེ།  ཆེས་སྨོན་པ་འཆོར་བའི་བསོད་ནམས་ཀྱི་གནས་གང་ཞེ་ན། རང་གི་རྩ་བའི་བླ་མའི་སྐུ་མདུན་ནས་ཚེ་འཕོ་བ་སྟེ།  སྐྱབས་གཅིག་བླ་མས་འཆི་བའི་ལམ་སྣེ་ཟིན་པར་གྲོགས་དན་བྱ་བའོ། །

འཇམ་དབྱངས་མཁྱེན་བརྩེ་མཆོག་གི་ཐུགས་རྗེའི་སྐྱབས་འོག་ཏུ། བསམ་གཏན་ནི་བག་ཕེབས་ཀྱི་སྒོ་ནས་འཆི་བའི་ལམ་དུ་ཆས་པ་སྟེ། བླ་མ་མཆོག་གིས་ཁོང་ལ་འཆི་བའི་ཐིམ་རིམ་རྣམས་ངོ་སྤྲོད་ཀྱིས་ཐར་བའི་ལམ་སྣེ་ཚང་ལ་མ་ནོར་བ་བསྟན་པ་རེད།  བདག་གི་སྐྱབས་རྗེ་བླ་མ་མཆོག་ནི་སྤངས་རྟོགས་ཡོན་ཏན་གྱིས་ཕྱུག་ཅིང་།   ཐུགས་རྒྱུད་ཡིད་ཆེས་ཀྱིས་ཁེངས།   བྱམས་བརྩེའི་ཞི་འོད་འཕྲོ་བས།  དད་ལྡན་སློབ་བུ་ང་རང་ངོ་མཚར་ཅི་ཡང་སྐྱེས།  གནས་གང་ཞིག་ཏུ་དཔལ་ལྡན་བླ་མ་མཆོག་དངོས་སུ་བཞུགས་པ་ཡིན་ན། དེར་བློ་མི་བདེ་བའི་གང་ཟག་སུ་འབྱོར་ཀྱང་། ཁོང་གི་བྱམས་བརྩེའི་མཐུ་ལས་རྩོལ་མེད་དུ་བག་ཕེབས་པར་འགྱུར། དུས་འདིར་སྐྱབས་གཅིག་འཇམ་དབྱངས་མཁྱེན་བརྩེ་མཆོག་གིས་རང་ཅག་ལ་གསུངས་པ་ནི།  ཁོང་ཉིད་འཆི་བདག་ལ་འཇིགས་པ་སྤུ་ཙམ་མི་གདའ།  དེ་ནི་ཁོང་གིས་འཆི་བདག་སྣང་མེད་བྱས་པ་མ་ཡིན་ནོ། །  ཁོང་གིས་ནམ་རྒྱུན་རང་ཉིད་འཆི་བར་སྐྲག་གོ་ཞེས་གདམས་ཏེ། ང་ཚོར་བྱིས་བློའམ་ཁེངས་དྲེགས་ཀྱི་སྒོ་ནས་འཆི་བར་གདོང་ལེན་མ་བྱེད་ཅིག་ཅེས་སྐུལ་མ་གནང་བ་རེད། འོ་ན་མཐུན་རྐྱེན་ག་འདྲ་ཞིག་གིས། དཔལ་ལྡན་བླ་མ་མཆོག་ཉིད་འཆི་བདག་གི་མདུན་དུ་འདི་ལྟར་བརྟན་པ་དང་། ཞི་བ་དང་། བྱམས་པ་དང་། གཡོ་བ་མེད་པ་འབྱུང་བ་ཡིན་ནམ་ཞེ་ན། དྲི་ལན་འདིས་བདག་གི་ཡིད་ཀྱི་དང་བ་ཅིག་ཅར་འདྲེན་པར་བྱས་སོ། །

བསམ་གཏན་ཚེ་འཕོས་པའི་གནས་ཚུལ་དེས། ཁོ་བོའི་ཡིད་ལ་གཡོ་འགུལ་ཆེན་པོ་ཐེབས་བྱུང་། རང་ཉིད་ལོ་ན་བདུན་ཙམ་གྱི་སྐབས་འདིར། རང་གིས་མྱོང་བཞིན་པའི་སྲོལ་རྒྱུན་གྱི་ཉམས་ལེན་དེར་འདི་འདྲའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མངའ་བ་གསར་དུ་མཐོང་བར་མ་ཟད། ངས་ཆོས་ཉམས་ལེན་གྱི་ཉིང་དགོས་གང་དུ་ཡོད་པ་ཡང་ད་གཟོད་རྟོགས་པར་གྱུར།  དམ་པའི་ཆོས་ཉམས་ལེན་གྱིས་བསམ་གཏན་ལགས་ལ་འཆི་བ་དང་དུ་ལེན་ཐུབ་པ་དང་། ལྡོག་ཐབས་བྲལ་བའི་འཆི་བའི་སྡུག་བསྔལ་ནི་དགེ་བའི་མཐུན་རྐྱེན་ཡིན་ཚུལ་རྟོགས་སུ་བཅུག་པ་རེད།  དམ་པའི་ཆོས་ཉམས་ལེན་གྱིས་བདག་གི་རྩ་བའི་བླ་མ་མཆོག་ཀྱང་འཆི་བདག་ལ་ཤིན་ཏུ་ཆ་རྒྱུས་ཡོད་པར་གྱུར་པ་དང་།  འཇིག་རྟེན་ཕ་རོལ་དུ་འགྲོ་བའི་སེམས་ཅན་རྣམས་ལ་ཡང་དག་པའི་སྒོ་ནས་ཐར་ལམ་ཇི་ལྟར་སྟོན་དགོས་པ་མཁྱེན་པར་གྱུར་པ་རེད།

བསམ་གཏན་ཚེ་ལས་འདས་རྗེས། ང་ཚོ་ལྷ་སར་བསྐྱོད་པའི་ལམ་དུ་ཞུགས་པ་ཡིན། དེ་ནི་ཟླ་ངོ་གསུམ་ལྷག་གི་རིང་ལ་བགྲོད་དགོས་པའི་དཀའ་ཚེགས་ཆེ་བའི་རྟ་གོང་གི་འགྲུལ་སྐྱོད་ཅིག་རེད།  ང་ཚོ་མུ་མཐུད་དབུས་གཙང་གི་ཕྱོགས་སུ་གནས་མཇལ་ཕྱིན་ཅིང་། ཡུལ་འདི་དག་ནི་དུས་རབས་བདུན་པ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བོད་དུ་འདྲེན་པའི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དང་། སྤྲུལ་པའི་ལོ་པཎ་མཁས་གྲུབ་སོགས། གནམ་གྱིས་ས་བཀབ་པ་ལྟ་བུའི་དམ་པ་མང་པོ་བྱོན་མྱོང་བའི་གནས་མཆོག་རེད།  བདག་གི་སྐྱབས་གཅིག་བླ་མ་མཆོག་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་འཕགས་པའི་སྐྱེས་བུ་དུ་མའི་ཡང་སྤྲུལ་དུ་རྡོ་རྗེའི་ལུང་གིས་བསྔགས་ཕྱིར། སྙན་གྲགས་འབྲུག་ལྟར་རྒྱས་པས། གནས་གང་དུ་བྱོན་ཀྱང་ཕེབས་བསུ་གཟབ་རྒྱས་བྱེད་མཁན་འདུག

ང་རང་སྐབས་དེའི་འགྲུལ་བཞུད་ལ་སྤྲོ་སྣང་ཚད་ལས་འདས་པ་སྐྱེས་པས།   མཛེས་སྡུག་ལྡན་པའི་ཕྱིར་དྲན་དེ་ཉིད་ནམ་ཡང་དྲན་པའི་མཁའ་ལ་འཁྱིལ། གདོང་དམར་བོད་པ་རྣམས་ནངས་སྔ་མོ་ནས་ཡར་ལངས་ཏེ་རང་བྱུང་གི་འོད་སྣང་ལོངས་སུ་སྤྱོད་པ་བཞིན།  ང་ཚོ་ཡང་མུན་རུབ་མ་ཐག་གཉིད་ཀྱི་ཞིང་དུ་འགྲིམས་ཤིང་།  སྐྱ་རེངས་མ་ཤར་གོང་ལ་ཡར་ལངས་པ་ཡིན།  སྐྱ་མདའ་དང་པོ་འཕྲོ་བའི་མོད་ལ།  ཁལ་དགལ་བའི་གཡག་རྣམས་ཀྱང་དེད། ཞབས་འབྲང་པ་རྣམས་ཀྱིས་སྦྲ་གུར་བསྒྱེལ་ཅིང་། མཐའ་མཇུག་ཐབ་གུར་དང་བླ་མའི་གཟིམ་གུར་ཡང་བསྒྱེལ་པ་རེད། དེ་ལས་ཞབས་འབྲང་པ་ཁ་ཅིག་སྔོན་ལ་བརྒྱུགས་ཏེ། སྒར་གདབ་སའི་གནས་ཕུན་སུམ་ཚོགས་པ་ཞིག་འཚོལ་མྱུལ་བྱེད་པ་དང་།  ཉིན་གུང་ཙམ་ལ་ང་ཚོ་བགྲོད་མཚམས་བཞག་སྟེ།  སྒར་བཏབ་ནས་སྐུ་ངལ་གསོ་བ་རེད། ང་རང་གཙང་པོའི་འགྲམ་དུ་སྒར་བཏབ་ནས་ཆུ་བོ་ལྷུང་ལྷུང་བཞུར་བའི་སྒྲ་དང་། ཡང་ན་རས་གུར་གྱི་ནང་རོལ་ནས་ཆར་ཐིགས་སིལ་མ་གུར་རྩེར་རྡེག་པའི་སྒྲ་ལ་མཉན་པར་དགའ་པོ་ཞེ་དྲགས་ཡོད། ང་ཚོའི་སྒར་ནི་སྦྲ་གུར་ཉི་ཤུ་ལྷག་གིས་གྲུབ་པ་ཙམ་ལས། རྒྱ་ཆེན་པོ་གང་ཡང་མིན་ནོ། ། ངས་ཉིན་དཀར་རྟ་མཆོག་རག་སེར་ཞིག་ལ་བཞོན་ཏེ་བླ་མ་མཆོག་གི་རྗེས་སུ་བཅར་ནས་འགྲོ་བ་དང་།   ཁོང་གིས་ལམ་བར་དུ་རྒྱུན་མི་འཆད་པར་ལམ་སྟོན་གནང་བར་མ་ཟད། གཏམ་རྒྱུད་དང་སྒོམ་སྒྲུབ། ཞལ་ཏ་སོགས་རེས་བྱས་ཏེ་གསུངས་ཤིང་། ལྷག་པར་ཕྲན་ལ་ཆེད་དམིགས་ཀྱིས་སྒྲུབ་ཐབས་ཁ་ཅིག་ཀྱང་མཛད་དོ། ། ཉིན་ཞིག་ང་ཚོ་དཔོན་སློབ་རྣམས་ཡར་འབྲོག་གཡུ་མཚོའི་ཁར་བསླེབས་ཏེ། རྒྱང་རིང་ནས་གཡུ་ཡི་མཎྜལ་གཤོམ་འདྲའི་མཚོ་ངོས་ཀྱི་འོད་ཟེར་ལམ་ལམ་འཕྲོ་བ་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པའི་ཚེ། ཡང་ང་ཚོའི་སྒར་གྱི་བླ་མ་ཞིག་སྟེ། མཚན་ལ་ཚེ་བརྟན(Lama Tseten)ཞེས་པར་འཆི་བདག་གི་ཞགས་པ་ཐེབས་བྱུང་།

བླ་མ་ཚེ་བརྟན་གྱི་འཆི་བདག་གིས། སླར་ཡང་བདག་ལ་བསླབ་བྱ་ཟབ་མོ་གཞན་ཞིག་བསྩལ། ཁོང་ནི་འཇམ་དབྱངས་མཁྱེན་བརྩེ་མཆོག་གི་ཕྱག་རྒྱ་མའམ་བདག་གི་ཨ་སྲུ་མཁའ་འགྲོ་ཚེ་རིང་ཆོས་སྒྲོན(Khandro Tsering Chodron)གྱི་ཀློག་སློབ་པའི་སློབ་དཔོན་ཡིན་ཞིང་།  ཨ་སྲུ་ནི་དགེ་སྦྱོར་ཉམས་ལེན་ཡག་ཤོས་བྱེད་མཁན་གྱི་བོད་མོ་ཞིག་ཡིན་ཞེས་ཀུན་ཀྱིས་མགྲིན་གཅིག་ཏུ་སྨྲ། མོ་རང་ད་དུང་སྐུ་འཚོ་བཞུགས་གནང་ཞིང་། སྦས་པའི་ཚུལ་དུ་བཞུགས་པའི་རྣལ་འབྱོར་མ་ཞིག་སྟེ། གུས་བཀུར་ཆེ་ལ་ལྷག་བསམ་དཀར། རྒྱུད་བཟང་ཞིང་ལང་ཚོ་མཛེས་པ་ཞིག་ཡོད། བླ་མ་ཚེ་བརྟན་ནི་དགུང་ལོ་དྲུག་ཅུའི་ནང་ལ་བསླེབས་ཤིང་།  སྐུ་གཟུགས་ཤིན་ཏུ་གྱད་ཆེ་བའི་ཁར།   དབུ་སྐྲ་དུང་ལྟར་དཀར་ལ།  མི་ཤིགས་པའི་ཉམས་དང་ལྡན་པས།   དེར་ཡོད་ཀུན་གྱི་ཨ་མྱེ་དང་མཚུངས།   ཁོང་ཉིད་རྟག་པར་དམ་པའི་ཆོས་ལ་ཉམས་ལེན་རྩེ་གཅིག་གཞོལ་མཁན་ཞིག་ཡིན་སྟབས།  ཁོང་གི་འཁྲིས་སུ་བཏུད་པའི་མོད་ལ་བག་ལྷོད་བྱིན་ཆགས་ཀྱི་ཉམས་སྣང་སྟེར་བར་བྱེད།  ལན་རེར་ཁོང་གིས་བཀྱོན་འབེབས་པར་བྱེད་པས།  ང་རང་སྐྲག་སྣང་སྐྱེ་མོད།  ནམ་ཡང་ཁོང་གི་ཐུགས་གཤིས་ཀྱི་བརྩེ་བ་དང་དགའ་སྤྲོ་ཡལ་བའི་གླགས་མི་རྙེད་དོ། །

བླ་མ་ཚེ་བརྟན་ལགས་སྐུ་གཤེགས་ཚུལ་ནི་ཧ་ཅང་དམིགས་བསལ་བ་ཞིག་སྟེ།   ཐག་མི་རིང་བའི་སར་དགོན་པ་ཞིག་གནས་ཀྱང་།  ཁོང་གིས་དེར་སྐུ་ཕུང་བསྐྱེལ་ནས་སྐྱེ་བོ་གཞན་གྱིས་སྤུར་སྦྱོང་བྱ་བར་ཐུགས་འདུན་མེད་ཚུལ་བསྟན།  དེའི་ཕྱིར།  ང་ཚོས་སྔར་བཞིན་སྦྲ་གུར་རྣམས་སྒོར་སྒོར་གྱིས་ཕུབ་ནས་སྒར་བརྒྱབ་ཅིང་། ཨ་སྲུ་ཡིས་བླ་མ་ཚེ་བརྟན་གྱི་ཞབས་ཕྱི་བསྒྲུབས།  ཐེངས་ཤིག་ཁོང་གིས་གློ་བུར་དུ་མོའི་མིང་ནས་འབོད་པའི་ཚེ། གུར་ནང་དུ་མོ་དང་ང་རང་གཉིས་ལས་གཞན་སུ་ཡང་མ་མཆིས།  ཁོང་གིས་ཨ་སྲུ་ལ“ཨ་མིའུ”ཞེས་པའི་གཅེས་མིང་ཞིག་བཏགས་ཡོད་ལ།  དེ་ཡི་དོན་ནི“བདག་གི་གཅེས་ཕྲུག”ཅེས་པའོ། །   “ཨ་མིའུ།”ཁོང་གིས་ངག་འཇམ་པོའི་སྒོ་ནས།  “འདིར་ཤོག་དང་།  ད་ནི་ངའི་ཚེ་འདིའི་སྣང་བ་ནུབ་པའི་དུས་ལ་བབས་སོ། །   ང་ལ་གཏམ་མང་པོ་སྨྲ་རྒྱུ་མེད།   སྐད་ཆ་རྡོག་གཅིག་ཡོད་པ་ནི། ཁྱོད་རང་ངའི་གམ་དུ་ཡོད་པས་བློ་བདེ་པོ་བྱུང་། ཁྱོད་ཀྱིས་སྔོན་ཆད་ནང་བཞིན་རང་གི་ཡབ་རྗེ་དམ་པ་ལ་ཞབས་ཏོག་སྒྲུབ་རོགས།”

མོ་རང་དེ་འཕྲལ་ཁ་ཕྱིར་འཁོར་དེ་འགྲོ་གྲབས་བྱས་མོད།  ཁོང་གིས་མོའི་ཕུ་རུང་ལ་འཇུས་ཏེ། “ཁྱོད་རང་གང་དུ་འགྲོ་རྩིས་ཡིན་ནམ།”  མོ་ན་རེ། “ང་རང་རིན་པོ་ཆེ་གདན་འདྲེན་ཞུ་རུ་འགྲོ་ཀི་ཡིན།”  “ཁོང་ལ་འོ་བརྒྱལ་ཞུ་མི་དགོས།”  ཁོང་གི་ཞལ་ལ་འཛུམ་ཞིག་མངོན་མཐར། “བླ་མའི་ཐུགས་རྗེ་ལྕགས་ཀྱུ་ལ་ཉེ་རིང་ཡོད་རྒྱུ་མ་རེད།”གསུང་གི་ཐ་མར་ཐོན་པ་ན། ཁོང་གི་སྤྱན་ཟུང་གིས་ནམ་མཁར་གཟིགས་ཏེ། སྐུ་ཞི་བར་གཤེགས་སོ། ། ཨ་སྲུ་དེ་འཕྲལ་མྱུར་སྟབས་ཀྱིས་ཡར་ལངས་ནས་བླ་མ་མཆོག་ལ་སྙན་གསན་དབུལ་བར་ཕྱི་རོལ་དུ་བརྒྱུགས་སོང་།   དེའི་ཤུལ་དུ་ང་རང་གཅིག་པུ་གཡོ་འགུལ་མེད་པར་ཧ་ལས་ཏེ་ལུས་སོ། །

ཁོ་བོ་ཧང་སང་བ་ཞིག་ལ། འཆི་བདག་གི་མདུན་དུ་འདི་ལྟ་བུའི་ངེས་ཤེས་རྙེད་པའི་སྐྱེས་བུ་ཡང་མཇལ་རྒྱུ་ཡོད་པའོ། ། སྤྱིར་བཏང་བླ་མ་ཚེ་བརྟན་གྱིས་རང་གི་སྐྱབས་གནས་ཀུན་འདུས་ཀྱི་མགོན་པོ་གདན་དྲངས་ནས། ཐར་བའི་ལམ་སྣེ་ཟིན་པར་སྐྱབས་འཇུག་ཞུ་འོས་ཏེ།  འདི་ནི་སྐྱེས་བུ་ཕལ་མོ་ཆེས་བསྒྲུབ་པར་བྱ་བ་ཞིག་ཡིན་ཡང་། ཁོང་ལ་ནི་གཏན་ནས་དེ་ལུགས་དགོས་རྒྱུ་མི་འདུག   དེ་ནི་ཁོང་གི་སྙིང་དབུས་སུ་རྩ་བའི་བླ་མ་གསལ་བཏབ་པ་སྟེ། སྐྱབས་གཅིག་འཇམ་དབྱངས་མཁྱེན་བརྩེ་མཆོག་ནི་ཁོང་གི་སྙིང་དབུས་གུར་ཁང་གི་དཀྱིལ་དུ། དུས་རྟག་པར་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་ཡོད་པས། ཁོང་གི་ཐུགས་རྒྱུད་དུ་རང་ཉིད་རྩ་བའི་བླ་མར་འབྲལ་བའི་ཚོར་སྣང་ནི་སྐད་ཅིག་ཙམ་ལ་ཡང་མ་སྐྱེས་ཁོ་ཐག་རེད།

ཨ་སྲུ་ལགས་ཀྱིས་འཇམ་དབྱངས་མཁྱེན་བརྩེ་མཆོག་སྐུ་དངོས་སུ་གདན་དྲངས་ཏེ་ཕེབས་བྱུང་། ཁོང་ཉིད་དབུ་བསྒུར་ཏེ་གུར་ནང་དུ་འཛུལ་བའི་རྣམ་པ་ནི།  བདག་གི་དྲན་པའི་ངོས་ལ་ཁ་སང་གསར་དུ་བྱུང་བའི་དོན་ཞིག་དང་གཉིས་སུ་མ་མཆིས། ཁོང་གིས་བླ་མ་ཚེ་བརྟན་གྱི་ཞལ་ངོར་གཟིགས་ཙམ་བྱས་པ་དང་། སྤྱན་གཉིས་ལ་ཞིབ་པར་ཅེར་ཏེ་བཞད་མོ་བཞད་བྱུང་། “བླ་རྒན།  བླ་རྒན།”འདི་ནི་ཁོང་གི་ཐུགས་དགྱེས་པའི་འབོད་ཚུལ་རེད། “བླ་རྒན།” ཁོང་ན་རེ། “རྟོགས་པ་དེའི་ངང་དུ་མ་སྡོད་ཅིག”  ངས་རྗེས་སུ་ཤེས་གསལ་ལྟར་ན། དེ་ནི་ཁོང་གིས་བླ་མ་ཚེ་བརྟན་གྱིས་སྒོམ་རིམ་ཁྱད་པར་བ་ཞིག་ལ་ཐུགས་གཏོད་བཞིན་ཡོད་ཚུལ་མཁྱེན་པ་སྟེ། བླ་མ་ཚེ་བརྟན་གྱིས་རང་གི་རིག་པའི་གཤིས་དང་ཆོས་ཉིད་སྟོང་པ་གཉིས་ངོ་བོ་དབྱེར་མེད་དུ་བཞག་པ་ཡིན་འདུག   “བླ་རྒན།  ཁྱོད་ཀྱིས་འདི་ལྟ་བུའི་ཉམས་ལེན་ལ་གཞོལ་སྐབས། གེགས་ཀྱང་འཕྲད་སྲིད་པ་མི་ཤེས་སམ། ད་ཕྱིར་ཤོག   ངས་གང་བསྟན་པ་བཞིན་བྱོས་ཤིག”

དུས་དེར།  ང་རང་ཞེད་ནས་བླ་ཡང་འཐོར་བར་གྱུར།  གལ་སྲིད་ཉིན་དེར་བྱུང་བའི་དོན་རྣམས་རང་གི་ཆུ་བུར་མིག་གིས་མངོན་སུམ་དུ་མཐོང་བ་མ་ཡིན་ཚེ།  ཡིད་ཐེ་ཚོམ་གྱི་རྒྱ་རུ་ཚུད་འགྲོ།  དེ་ཡང་བློ་ཡུལ་ལས་འདས་པ་ཞིག་ལ། བླ་མ་ཚེ་བརྟན་ནི་སླར་གསོན་པར་གྱུར། བདག་གི་བླ་མ་རིན་པོ་ཆེ་ཁོང་གི་འཁྲིས་སུ་བཞུགས་ཏེ། འདའ་ཀ་མའི་འདུ་ཤེས་མ་འཁྲུལ་པར་འཕོ་བའི་ཁྲིད་བཏབ་ཅིང་། སྤྱིར་འཕོ་བའི་ཁྲིད་རྒྱས་པར་འདེབས་པ་ལ་རབ་ཆོས་སྐུའི་འཕོ་བ་དང་། འབྲིང་ལོངས་སྐུའི་འཕོ་བ། ཐ་མ་སྤྲུལ་སྐུའི་འཕོ་བ་སོགས་རིམ་པ་མང་པོ་ཡོད་པ་ལས།    སྐབས་དེར་བླ་མ་མཆོག་གིས་ནི“ཨཱ”ཡིག་ལན་གསུམ་ཟློ་བའི་མན་ངག་གི་སྒོ་ནས་མཇུག་བསྡུས་སོ། །  བླ་མ་རིན་པོ་ཆེས“ཨཱ”ཡིག་དང་པོ་སྐྱོར་བའི་སྐབས། བླ་མ་ཚེ་བརྟན་གྱིས་ཀྱང་སྐད་གདངས་མཐོན་པོས་རྗེས་ཟློས་བྱེད་པ་ཐོས་ཤིང་།  “ཨཱ”ཡིག་གཉིས་པར་སྐད་གདངས་ཞན་ཞིང་།“ཨཱ”ཡིག་གསུམ་པར་སྨྲ་བ་འགགས་ཏེ། མཐར་བླ་མ་ཚེ་བརྟན་ལགས་ཡོངས་སུ་སྐུ་ཞི་བར་གཤེགས་སོ། །

ཉེ་གནས་བསམ་གཏན་ཚེ་ལས་འདས་པ་ཡིས། ང་ལ་ཉམས་ལེན་གྱི་ཉིང་དགོས་མཐོང་བར་བྱས་ཤིང་། བླ་མ་ཚེ་བརྟན་སྐུ་གཤེགས་པ་ཡིས། ཁོང་དང་ཁོང་ལྟ་བུའི་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བའི་སྐྱེས་བུ་དག་ནི། སྐུ་འཚོ་བཞུགས་གནང་སྐབས་གཞན་དང་མི་མཚུངས་པའི་རྟོགས་པའི་ཡོན་ཏན་སྦས་པའི་ཚུལ་གྱིས་མངའ་བ་ཤེས།  དོན་དམ་པར། དེ་ལྟ་བུའི་ཡོན་ཏན་ནི་འདའ་ཀའི་སྐད་ཅིག་མ་ལ་མངོན་ཙམ་བྱེད་སྲིད་པ་ལས་མཐོང་དཀའ་བ་ཨང་། སྐབས་དེར།  ང་རང་ལོ་ན་ཕྲ་ཡང་སྔ་ཕྱི་གཉིས་ཀྱི་སྐུ་གཤེགས་ཚུལ་ལ་ཁྱད་པར་ཆེན་པོ་ཡོད་པ་རྟོགས།  དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན། གཅིག་ནི་མི་ཚེ་གང་པོ་ཆོས་ལ་བཅོལ་བའི་གྲྭ་རྐྱང་དཀྱུས་མ་ཞིག་དང་། གཞན་གཅིག་ནི་སྒྲུབ་པ་ཉམས་ལེན་གྱིས་ཕྱུག་པའི་རྟོགས་ལྡན་ཞིག་རེད། ཉེ་གནས་བསམ་གཏན་ནི་ཕལ་པའི་འཆི་སྟངས་ལྟར་སྡུག་བསྔལ་གྱི་ཀློང་ནས་ཚེ་ལས་འདས་ཀྱང་། འཆི་ཁར་དང་བ་དང་ཡིད་ཆེས་ཀྱིས་ཁེངས་འདུག བླ་མ་ཚེ་བརྟན་སྐུ་གཤེགས་ཚུལ་གྱིས། ཁོང་ཉིད་སྐྱེ་འཆི་ལ་རང་དབང་ཐོབ་ཡོད་པ་བསྟན་ནོ། །

བླ་མ་ཚེ་བརྟན་གྱི་འདས་མཆོད་ཕུན་སུམ་ཚོགས་པ་བསྒྲུབས་ཏེ་ཡུན་རིང་མ་འགོར་བར།  ང་ཚོ་ཡར་འབྲོག་དགོན་དུ་གནས་སྤར་ཞིང་།  ང་རང་ནམ་རྒྱུན་ལྟར་བླ་མའི་འཁྲིས་སུ་ཉལ་བཞིན་ཡོད།   མཚན་མོ་དེར། སྐྱེ་བོ་གཞན་དག་རྨི་ལམ་གྱི་ཞིང་དུ་འགྲིམས་ཀྱང་། ཁོ་བོས་མར་མེ་ལྷབ་ལྷབ་བསྒྲོན་པའི་གྲིབ་གཟུགས་གྱང་ངོས་སུ་ཕོག་སྟེ། ཕར་གཡོ་ཚུར་གཡོ་བྱེད་པ་མཐོང་བ་དང་། མཚན་ཧྲིལ་པོར་གཉིད་མ་ཁུག་པར་ངུས་པ་ཡིན། ང་རང་ཉལ་ཁྲིར་བསྙེས་ནས་ནམ་ཞིག་འཆི་བདག་བསླེབ་ངེས་ཡིན་པ་དང་། རང་ཉིད་འཆི་དགོས་པ་ཡང་ཡང་དྲན་ཞིང་། དྲན་ནས་ཀྱང་སྐྱོ་བས་དྲག་ཏུ་མནར། རིམ་གྱིས་སྐྱོ་གདུང་གི་ཁྲོད་ནས་གོ་རྟོགས་ཟབ་མོ་ཞིག་རྙེད་པ་སྟེ། གང་ཞེ་ན། འཆི་བའི་དོན་དངོས་དང་དུ་བླངས་ཏེ་མི་ཚེ་གང་པོ་དམ་པའི་ཆོས་ཉམས་ལེན་གྱིས་སྐྱེལ་རྒྱུ་ཡིན་པར་ཐག་བཅད་པའོ། །

དེར་བརྟེན།  ང་རང་ན་ཚོད་གཞོན་པའི་དུས་ནས་འཆི་བདག་དང་འཕྲད་ཅིང་།  འཆི་བའི་དོན་ལ་ཉམས་ཞིབ་བྱས་པ་ཡིན།  དུས་སྐབས་དེར། ངས་འཆི་ལུགས་སྣ་ཚོགས་ཀྱི་སྒོ་ནས་འཆི་བདག་བསླེབ་ངེས་ཡིན་པ་ཡིད་ལའང་མ་ཤར་ཞིང་། སྙིང་ཉེ་བའི་ཉེ་དུ་དང་གཅེས་སུ་འོས་པའི་དངོས་རྫས་སོགས། ངའི་མི་རིགས་དང་ཁྱིམ་ཚང་ཐམས་ཅད་ཀྱང་འཆི་བའི་བདག་ཉིད་དུ་གྲུབ་པ་ཤེས་རྒྱུ་མ་རེད། དེའང་ངའི་ཁྱིམ་ཚང་གི་མིང་ལ་ལྭ་དཀར་ཚང(Lakar Tsang)ཞེས་ཟེར་ཞིང་། བོད་ཀྱི་ཁྱིམ་རྒྱུད་ཕྱུག་པོ་ཞིག་ཡིན་པར་མ་ཟད།  དུས་རབས་བཅུ་བཞི་པ་ནས་བཟུང་། ནང་ཆོས་གཙིགས་སུ་འཛིན་པའི་ཁྱིམ་རྒྱུད་སྟོབས་ལྡན་ཞིག་སྟེ། ནང་བའི་བསྟན་པ་རྒྱུད་འཛིན་དང་སྐྱེས་བུ་དམ་པ་རྣམས་ཀྱིས་དམ་པའི་ཆོས་ཀྱི་འཕྲིན་ལས་སྐྱོང་བར་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།  

དུས་ཡུན་རིང་པོ་མ་འགོར་བར། ཡང་ཀུན་ནས་ཀྱང་བཟོད་པར་དཀའ་བའི་འཆི་བདག་སླེབས་བྱུང་། དེ་ནི་བདག་གི་དཔལ་ལྡན་རྩ་བའི་བླ་མ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་དགོངས་པ་ཆོས་དབྱིངས་སུ་གཏད་པའོ། །  ཁོང་ཉིད་སྐུ་མྱ་ངན་ལས་འདས་པའི་ཤུལ་དུ། ད་ནི་ང་རང་འཚོ་བར་སྙིང་པོ་གང་ཡང་མི་འདུག་སྙམ་ཞིང་། བོད་ཀྱི་རྫོགས་ལྡན་དུས་རབས་ཀྱང་མཇུག་དྲིལ་ཏོ། །

གསལ་བཤད།  ཕྱག་རྩོམ་འདི་ཉིད་ནི་བསོད་རྒྱལ་རིན་པོ་ཆེ(1947-2019)མཆོག་དང་ཨན་དྷི་རོ·ཧར་ཝེ(Andrew Harvey)ལགས་རྣམ་གཉིས་ཀྱིས་མཛད་པའི<<བོད་ཀྱི་འཆི་བ་དང་གསོན་པའི་རྣམ་གཞག>>(The Tibetan Book of Living and Dying)ཅེས་པའི་དེབ་ལས་བདམས་པ་ཡིན།  །