དེ་རིང་༢༠༡༩ལོའི་ཟླ་༩པའི་ཚེས་༡༡ཉིན་གྱི་དགོང་དྲོའི་དུས་ཚོད་༢༠དང་སྐར་མ་༢༣རེད། སྐབས་འདིར་ནུབ་ཁའི་ཉི་འོད་རྒྱ་མཚོར་ཕོག་པས་ཆུ་ཡི་གཉེར་མ་ཁྲག་མདོག་ཏུ་གྱུར་ཅིང་། རྒྱ་མཚོའི་འཇིངས་སུ་རླུང་རླབས་འཕེལ་བས་གཡོར་གྲུ་དག་ཕར་གཡོ་ཚུར་གཡོ་བྱེད། རྒྱང་རིང་ནས་གྲག་འོང་བའི་ཡེ་ཤུའི་ལྷ་ཁང་གི་ཅོང་སྒྲ་དེ་ནི་མཚན་མོ་འགུགས་པའི་ཕོ་ཉ་ཞིག་དང་གཉིས་སུ་མ་མཆིས་ཏེ། བལྟས་བལྟས་ལ་མཚོ་ངོགས་འདི་མུན་པས་གཡོགས་ཤིང་། མི་འགྱངས་པར་ཅ་ཅོ་འདུ་འཛི་སོགས་ཀྱང་དབེན་པའི་ཀློང་དུ་འཐིམ་ངེས་རེད།

དོ་ནུབ་དེང་རབས་རི་མོའི་སྐོར་གྱི་དུས་དེབ་ཅིག་ཀློག་བཞིན་འཛམ་གླིང་ན་སྙན་གྲགས་འབར་བའི་རི་མོ་སྒྱུ་རྩལ་པ་ཕིས་ཁ་ཟོ(Pablo Picasso 1881-1973)དྲན་པར་གྱུར། ན་ནིང་གཞེས་ནིང་ལོར་ཁོང་གི་པིར་རྩེ་ནས་ཐོན་པའི‘‘གྷ་ནིས་ཁ’’(Guernica)ཞེས་པ་དང་། ‘‘ཨེ་རྗར་གྱི་བུད་མེད’’(Les Femmes d’Alger) གཞན་ཡང‘‘སླེ་པོའི་མེ་ཏོག་འཛིན་པའི་ན་ཆུང་གཅེར་བུ་མ་ཞིག’’(Jeune fille nue avec panier de fleurs)ཅེས་པའི་རི་མོ་གསུམ་ལས་འཕྲོས་པའི་ཚིག་ཕྲེང་འགའ་བྲིས་ཏེ་སྐད་འཕྲིན་གྱི་གྲོགས་ཚོམས་སུ་སྤེལ། ཉིན་ཤས་ཀྱི་རྗེས་སུ་རི་མོ་དེ་དག་ནུབ་ཕྱོགས་ཀྱི་རི་མོ་གྲགས་ཅན་གཞན་པ་སྐོར་ཞིག་དང་མཉམ་བསྡེབས་ཀྱིས་བཙན་པོ་དྲྭ་བར་འདྲེན་བཀོད་བྱས་ནས་དུས་ཡུན་རིང་པོ་མ་འགོར་བར། འཕྲིན་སྟེགས་མི་འདྲ་བ་རེ་ཟུང་གི་སྟེང་དུའང་མཐོང་རྒྱུ་ཡོད་པར་གྱུར།

གཅིག ཕིས་ཁ་ཟོ་ཡི་རི་མོ་གསུམ་ལས་འཕྲོས་པའི་མཆན་བུ།

དེ་ལ་འདིར་དགོས་དབང་གིས་སྔར་ཕིས་ཁ་ཟོ་ཡི་རི་མོ་གསུམ་གྱི་སྐོར་ལ་ཚིག་ཕྲེང་འགའ་བྲིས་ཡོད་པ་དྲངས་ན་འདི་ལྟར།

༡ གྷ་ནིས་ཁ།

‘‘དེ་རིང་ཉིན་གུང་གི་ཇ་བར་ནས་ཕིས་ཁ་ཟོ་ཡིས་བྲིས་པའི་རི་མོ་སྐོར་ཞིག་ལ་བལྟས། རི་མོ་འདིའི་མིང་ལ‘‘གྷ་ནིས་ཁ’’ཟེར་ཞིང་། སི་པན་གྱི་གྲོང་རྡལ་ཞིག་གི་མིང་རེད། ༡༩༣༧ལོར‘‘སི་པན་གྱི་མི་སེར་དམག་འཁྲུག’’ཁྲོད་དུ་གཏོར་བཅོམ་ཐེབས་འདུག སྐབས་དེར་ཕིས་ཁ་ཟོ་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སི་ན་བཞུགས་ནའང་། ཁོང་གིས་དམག་འཁྲུག་གི་གཏོར་སྐྱོན་ཐེབས་པའི་གྲོང་རྡལ་འདིའི་གནས་བབ་རི་མོའི་ལམ་དུ་བཞེངས་པ་རེད། 

གྷ་ནིས་ཁ།

ཁོང་གིས་བྲིས་པའི་དེང་རབས་རི་མོ་ཕལ་མོ་ཆེ་ནི་རབ་རིབ་སྙན་ངག་ཇི་བཞིན་དུ་ཧ་ཅང་གོ་དཀའ་བའི་སྣང་ཚུལ་མཆིས་མོད། འོན་ཀྱང་ཁོང་གི་སྲོལ་རྒྱུན་རི་མོ་ཁག་ལ་བལྟས་ན་ཕིས་ཁ་ཟོ་ནི་དོན་མེད་དུ་སྣང་བ་གང་དྲན་བྱས་ཏེ་རི་མོ་འབྲི་མཁན་ཞིག་མ་རེད་སྙམ། ཁ་སང་དེ་རིང་གི་རབ་རིབ་སྙན་ངག་སྐོར་ཞིག་ནི་སྙན་ངག་འབྲི་མི་ཤེས་མཁན་སྐོར་ཞིག་གིས་རང་ཉིད་ཀྱི་ཚོར་བ་ཡིག་ཐོག་ཏུ་ཕབ་མ་ནུས་ཤིང་། མ་འཁྱོངས་པ་སྐོར་ཞིག་ཡིན་པར་འདོད་དོ། །’’

  ཨེ་རྗར་གྱི་བུད་མེད།

‘‘རི་མོ་འདི་ཡང་ཕིས་ཁ་ཟོ་ཡིས་བྲིས་པ་ཞིག་ཡིན་པ་རེད། རི་མོ་འདིའི་མིང་ལ‘‘ཨེ་རྗར་གྱི་བུད་མེད’’ཟེར། གཞེས་ནིང་ལོར་འབྱོར་ལྡན་པ་ཞིག་གིས་ཨ་སྒོར་ས་ཡ་ ༡༧༩ སྤྲད་དེ་ཉོས་འདུག

ཨེ་རྗར་གྱི་བུད་མེད།

སྐབས་དེར་སེམས་ལ་འདི་འདྲ་ཞིག་དྲན་བྱུང་། གལ་སྲིད་སྙན་ངག་འདི་ཡང་རི་མོ་བཞིན་བཙོང་རྒྱུ་ཞིག་ཡིན་ཚེ། བོད་ཀྱི་གཞོན་སྐྱེས་ཚོའང་ཕྱུག་པོར་འགྱུར་ངེས་ཤིང་། བོད་ཀྱི་གཞོན་སྐྱེས་ཚོ་ལྟ་བུའི་ཕྱུག་པོ་ཞིག་འཛམ་གླིང་ན་ཡོད་མི་སྲིད་སྙམ་བྱུང་། ཡིད་སྐྱོ་བ་ཞིག་ལ་སྙན་ངག་འདི་བཙོང་རྒྱུ་ཞིག་མིན་པ་རེད། འོན་ཀྱང་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གཏམ་རྒྱུད་གསེར་ཐང་དུ་རྒྱ་གར་ལ་དམག་འདྲེན་མཁན་གྱི་ཨ་རབ་ཏུ་རུ་ཀའི་རྒྱལ་པོ་སུལ་ཏན་ཞུ་བ་ཁོང་ཡོན་ཏན་ཅན་ལ་དགའ་ཞིང་། རྒྱ་གར་ནས་འཕྲོག་པའི་རྒྱུ་ནོར་རྣམས་རང་ཡུལ་གྱི་མཁས་པ་དག་ལ་ཆ་རྐྱེན་དུ་སྦྱར་བར་མ་ཟད། སྙན་དངགས་མཁན་འགའ་རེས་ཚིགས་བཅད་བྲིས་པ་ཤོ་ལོ་ཀ་རེ་རེ་ལ་གསེར་སྒོར་གནང་བའི་ལོ་རྒྱུས་འདུག་ཅེས་ཞུ་འདོད་དོ། །’’

༣ སླེ་པོའི་མེ་ཏོག་འཛིན་པའི་ན་ཆུང་གཅེར་བུ་མ་ཞིག

‘‘ད་ལྟ་འཚིག་ཇ་ཁང་ཞིག་ན་ཡོད། འཚིག་ཇ་ཞིམ་པོ་ཞིག་འཐུང་བཞིན་གསར་འགྱུར་ཁག་ལ་བལྟས་པར། སྤྱི་ཟླ་༥ པའི་ནང་ཕིས་ཁ་ཟོ་ཡིས་བྲིས་པའི་རི་མོ‘‘སླེ་པོའི་མེ་ཏོག་འཛིན་པའི་ན་ཆུང་གཅེར་བུ་མ་ཞིག’’ཅེས་པ་དེ་ཨ་རིའི་ཉིག་ཡོར་ནས་རིན་སྤར་འཚོང་འགྲེམ་ཚོགས་པ་ཞིག་གིས་འགྲེམས་སྟོན་བྱས་ཏེ་བཙོང་རྒྱུ་ཡིན་པ་དང་། རིན་སྤར་ཚོང་འགྲེམ་སྟེང་ཨ་སྒོར་ས་ཡ་༡༠༠ནས་མགོ་འཛུགས་བྱ་རྒྱུ་ཡིན་ཚུལ། ད་དུང་རི་མོ་འདི་ནི་ཕལ་ཆེར་ཕིས་ཁ་ཟོ་ཡི་རི་མོ་དག་ལས་ཆེས་རིན་གོང་མཐོ་ཤོས་འགྱུར་རྒྱུ་ཡིན་སྐོར་སོགས་བྲིས་འདུག

སླེ་པོའི་མེ་ཏོག་འཛིན་པའི་ན་ཆུང་གཅེར་བུ་མ་ཞིག

རི་མོ་དེ་ནི་ན་ཆུང་གཅེར་བུ་མ་ཞིག་གི་ལག་ཏུ་མེ་ཏོག་བཟུང་ཡོད་པ་འདི་རེད། ལོ་གཉིས་ཀྱི་སྔོན་ཕིས་ཁ་ཟོ་ཡིས་བྲིས་པའི‘‘ཨེ་རྗར་གྱི་བུད་མེད’’ཅེས་པ་དེ་ཨ་སྒོར་ས་ཡ་༡༧༩བྱས་ཏེ་བཙོངས་ཤིང་། དེའི་སྐོར་གྱི་གནས་ཚུལ་མདོར་བསྡུས་ཤིག་ཕྱོགས་གཞན་ནས་གླེང་ཟིན་ཏོ། །

སྤྱི་ལོ་༡༩༠༤ལོར་རི་མོ་གསོག་ཉར་བ་ཨ་རི་བ་ལའོ སི་ཊན(Leo Stein 1872- 1947)དང་རྗར་ཁྲོལ་ཌི སི་ཊན(Gertrude Stein 1874-1946)ཞུ་བ་གཉིས་ཀྱིས་ཕིས་ཁ་ཟོ་ཡི་ལག་ནས་རི་མོ་གཅེར་བུ་མ་འདི་ལ་ཧྥ་སྒོར་༢༥༠བྱིན་ཏེ་ཉོས་འདུག་མོད། སྤྱི་ལོ་༡༩༦༨ལོར་རི་མོ་འདི་ཨ་རིའི་ཕྱུག་བདག་དྷ་བིད རོའོ་ཀ་ཧྥེ་ལར(David Rochefeller )གྱི་ལག་ལ་ཐོབ་ཡོད་སྐད། ཁོང་གིས་རི་མོ་འདི་མི་ལོ་བཅུ་ལྷག་ལ་རང་ཁྱིམ་གྱི་གྱང་ངོས་སུ་བཀལ་བ་དང་། ན་ཆུང་མ་འདིས་ཀྱང་མི་ལོ་དེ་དག་གི་རིང་ཕྱོགས་ངོས་གཅིག་ཁོ་ནར་བལྟས་ནས་བསྡད་པ་རེད།’’

༤ ནུབ་ཕྱོགས་ཀྱི་རི་མོ་ལས་འཕྲོས་པའི་བསམ་ཚུལ།

གོང་གསལ་གྱི་ཚིག་ཕྲེང་འདི་དག་བྲིས་ཏེ་ལོ་གཉིས་ཙམ་འགོར་གྲབས་བྱེད། མི་ལོ་གཉིས་ཀྱི་རིང་ལ་ཕྲན་གྱིས་ཁོམ་ལོང་གི་དུས་ཚོད་སྤྱད་དེ་ནུབ་ཕྱོགས་ཀྱི་རི་མོའི་སྐོར་ལ་དོ་སྣང་ཕྲན་བུ་བྱས་ཤིང་། ནུབ་ཕྱོགས་ཀྱི་སྒྱུ་རྩལ་པ་དག་གི་ཡིད་དུ་འོང་བའི་བརྩམས་ཆོས་ཁག་མཇལ་ཐེངས་རེར། བོད་ཀྱི་རི་མོ་བ་རྣམས་ཀྱིས་སུས་ཀྱང་མཐོང་མ་མྱོང་བའི་ལྷ་ཡུལ་གྱི་ཞིང་ཁམས་ལྟ་བུའི་ཡུལ་ལྗོངས་དང་། རྒྱ་གར་ནས་གདན་དྲངས་པའི་ལྷ་དང་ལྷ་མོའི་ཚོགས་ཀྱི་སྣང་བརྙན། གཞན་ཡང་བོད་ཀྱི་སྐྱེས་ཆེན་དམ་པ་ཚོ་འབྲི་རྒྱུར་གོམས་སྲོལ་ཡོད་པ་ལས། གླང་ཆེན་དཀར་པོའི་ཁྱུ་ལྟ་བུའི་རི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བོད་ཀྱི་མཛེས་ཤིང་སྡུག་པའི་ཡུལ་ལྗོངས་དང་། དེའི་སྟེང་དུ་གཉུག་མར་འཚོ་བའི་སེམས་ཅན་གྱི་སྣང་བརྙན་རི་མོའི་ལམ་དུ་བཞེངས་པར་འབད་བརྩོན་བྱས་མི་འདུག་ཨང་སྙམ།

དཔྱིད་ཀྱི་ལྷ་མོ་དང་བརྩེ་བ།

ནུབ་ཕྱོགས་ཀྱི་སྲོལ་རྒྱུན་རི་མོ(Classique)དང་། དེང་རབས(Moderne)རི་མོ། དེང་དུས(contemporain) རི་མོ་གསུམ་གྱི་ངོ་བོ་དང་། ཁྱད་ཆོས་སོགས་ལ་དོ་སྣང་བྱས་པར། ཧྥ་རན་སིའི་སྙན་ངག་ལྟ་བུར་མཚོན་ན་སྲོལ་རྒྱུན་སྙན་ངག་དང་། དེང་རབས་སྙན་ངག དེང་དུས་སྙན་ངག་ཅེས་རིགས་གསུམ་དུ་དབྱེ་ཞིང་། དེང་དུས་སྙན་ངག་ཅེས་པ་འདི་ཧྥ་རན་སིར་ལོ་རབས་ལྔ་བཅུ་ཙམ་ནས་དར་བར་བཤད་པ་སོགས་ལ་བསམ་བློ་བཏང་རྗེས། གལ་སྲིད་ང་ཚོས་བོད་ཀྱི་དེང་དུས་སྙན་ངག་ཅིག་དཔེ་མཚོན་དུ་འདྲེན་དགོས་ན། སྙན་ངག་འདི་དང་གན་ཞེས་མཛུབ་མོས་སྟོན་རྒྱུ་ཡོད་དམ་ལྟ་བུའི་བརྟག་པ་མཐའ་བཟུང་གི་དྲི་བ་དང་། ཚིག་རྐང་དོ་མི་མཉམ་པའི་སྙན་ངག་ཕལ་མོ་ཆེ་དེང་རབས་སྙན་ངག་གི་གྲས་སུ་འཇོག་པ་ནི་ནོར་འཁྲུལ་ཞིག་མ་ཡིན་ནམ་སྙམ་པའི་བསམ་བློ་འཁོར་མྱོང་།

གཞན་ཡང་། ཡོངས་གྲགས་སུ་བོད་ཀྱི་དེང་རབས་རི་མོ་འབྲི་མཁན་ཐོག་མ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ཡིན་མོད། ཨ་མདོ་བྱམས་པས་དགེ་ཆོས་ལགས་བླ་བྲང་དུ་བཞུགས་སྐབས་ཁོང་གིས་རི་མོ(དེང་རབས་རི་མོ་ཡིན་པ་འདྲ )བྲིས་ཚུལ་གསུངས། དེས་ན་དགེ་ཆོས་ལགས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་པའི་དུས་ཚོད་ནི་༡༩༢༡ལོར་རེད། བར་སྐབས་དེ་འདྲ་ཞིག་ལ་ཁོང་གིས་དེང་རབས་རི་མོ་བྲིས་ཡོད་པར་འདོད་མོད། ཨ་མདོ་བྱམས་པ་ངང་རོང་བཀྲ་ཤིས་ཆོས་འཕེལ་གླིང་དུ་ཞུགས་ནས་རབ་ཏུ་བྱུང་བའི་དུས་ཚོད་ནི་༡༩༢༡ལོར་རེད། སྐབས་འདིར་ང་ལ་དྲི་བ་ཞིག་བྱུང་བ་ནི་ཨ་མདོ་བྱམས་པ་ངང་རོང་དགོན་པར་ཞུགས་མ་ཐག་ནས་བཟུང‘‘དེང་རབས་རི་མོ་བྲིས་པ་ཡིན་ནམ’’ཞེས་པ་དེ་ཡིན། འབྲེལ་ཡོད་ཀྱི་ཡིག་ཆ་རེ་ཟུང་ལྟར་ན། ཨ་མདོ་བྱམས་པ‘‘ཆུང་དུས་ནས་བློ་རིག་རྣོ་ཞིང་རི་མོ་ལ་དགའ་བས་དགོན་པའི་མཐའ་སྐོར་གྱི་ཡིད་དུ་འོང་བའི་ནགས་ཚལ་དང་། རྔམ་བརྗིད་ལྡན་པའི་བྲག་རི་སོགས་ཀྱི་སྣང་བརྙན་དེ་དག་རྡོ་ལེབ་དང་ཤིང་ཤུན་སོགས་ཀྱི་སྟེང་དུ་འབྲི་སྦྱོང་གནང’’སྐོར་གླེང་འདུག

དེ་བས། ད་ཕན་མཐོང་རྒྱུ་ཡོད་པའི་མཁས་དབང་དགེ་ཆོས་ཀྱི་དེང་རབས་རི་མོ་དང་ཨ་མདོ་བྱམས་པའི་དེང་རབས་རི་མོ་གཉིས་ལས་ཆེས་སྔ་ཤོས་ཀྱི་དེང་རབས་རི་མོ་གང་ཡིན་ནམ་སྙམ་པའི་དྲི་བ་གཞན་ཞིག་ཀྱང་སླེབས་པར་གྱུར།

འདི་དང་འདི་འདྲ་བའི་བསམ་ཚུལ་རེ་ཟུང་ཡོད་མོད། དེ་དག་རེ་རེ་བཞིན་ཕྱོགས་གཞན་ནས་གླེང་བར་བྱའོ། །

གཉིས།  ཕིས་ཁ་ཟོ་ཡི་རི་མོ་གཞན་བཤད་པ།

ཕིས་ཁ་ཟོ་ཡི་རི་མོ་གསུམ་ལས་འཕྲོས་ཏེ་མཚམས་འདིར་སླེབས་སྐབས། དོ་དགོང་ཡང་ཁོང་གི་རི་མོ་གཞན་པ་ཁག་ལ་ལྟ་འདོད་ཀྱི་ཚོར་བ་ཞིག་འགོག་མེད་དུ་སྐྱེས། ཐོག་མར‘‘རྨི་ལམ’’ཞེས་པའི་རི་མོ་འདི་མིག་ལམ་དུ་མངོན།

༡ རྨི་ལམ།

ཕིས་ཁ་ཟོ་ཡིས‘‘རྨི་ལམ’’( Le rêve )ཞེས་པའི་རི་མོ་འདི་ནི་སྤྱི་ལོ་༡༩༣༢ལོར་བྲིས་པའི་ལོ་རྒྱུས་མཐོང་ཞིང་། རི་མོའི་སྟེང་གི་ཤ་དར་ཁྲག་དར་གྱི་གཞོན་ནུ་མ་འདི་ནི་སྤྱི་ལོ་༡༩༢༧ནས་སྤྱི་ལོ་༡༩༣༥ལོའི་བར་དུ་ཁོང་དང་མཉམ་དུ་འཚོ་བ་རོལ་མྱོང་བའི་མ་ཝེས ཌེ་ཝེ་སི བལ་ཌིལ(Marie-Thérèse Walter 1909-1977)ཡིན་པར་བཤད། བུད་མེད་འདི་རི་མོའི་སྟེང་ན་ཚོན་མདངས་དམར་པོ་དང་ཅུང་ཟད་སེར་པོའང་འདྲེས་པའི་རྐུབ་སྟེགས་ཤིག་ཏུ་སྡོད་ཅིང་། མུ་ཏིག་དམར་པོ་དང་སེར་པོའི་སྐེ་རྒྱན་ཞིག་བཏགས་ཏེ། མགོ་བོ་ལྟག་ཀར་དགྱེས་ཡོད་མོད་གཡས་ཕྱོགས་སུ་གཅུས་ནས་ཡོད། སྟོད་ལ་གྱོན་པའི་གོས་ཀྱི་གཡོན་ཕྱོགས་ཅུང་མར་ཕབ་ཡོད་པ་དེས་མྱོས་བུམ་གཡོན་པའི་ཕྱེད་ཀ་མཐོང་ཐུབ་ཅིང་། ལག་པའི་མཛུབ་མོ་ཕལ་མོ་ཆེ་མཚན་མའི་དྲང་ཐད་དུ་བཀུག་ཡོད་པར་བརྟེན། རི་མོ་འདི་ནི་ཆགས་སྲེད་ཀྱི་རི་མོ་ཞིག་ཡིན་པར་བཤད།

རྨི་ལམ།

སྤྱི་ལོ་༡༩༤༣ལོར་ཨ་རིའི་ཉིག་ཡོར་གྲོང་ཁྱེར་གྱི་རི་མོ་གསོག་ཉར་བ་བེལ་ཁྲལ(Victor)དང་ཟ་ལེ གྷན་ཛུ(Sally Ganz)གཉིས་ཀྱིས་ཨ་སྒོར་༧༠༠༠བྱིན་ཏེ་ཉོས། དེ་རྗེས་རི་མོ་འདི་ཕྱུག་བདག་ཁ་ཤས་ཀྱི་ལག་བརྒྱུད་མྱོང་ནའང་། མཐར་ཨ་རིའི་ཕྱུག་བདག་ཁེ་ནེ་ཋུ སེ གྷུ་རི་ཧྥན(Kenneth C. Griffin) གྱིས་ཨ་སྒོར་ས་ཡ་༣༠༠ སྤྲད་དེ་ཉོས་འདུག ལོ་ཤས་ཀྱི་སྔོན་ལ། ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིའི་ཕིས་ཁ་ཟོ་ཡི་འགྲེམས་སྟོན་ཁང་དུ་འགྲེམ་སྟོན་བྱེད་ཀྱིན་ཡོད་པའི་གསར་འགྱུར་མཐོང་མོད། སྐབས་དེར་ཕེ་རེ་སིར་འགྲོ་སྐལ་མ་ལྡན།

ཕིས་ཁ་ཟོ་ཡིས་མ་ཝེས ཌེ་ཝེ་སི བལ་ཌིལ་བརྗོད་བྱར་བགྱིས་ཏེ‘‘འཇིམ་བཟོས་སྡེར་མའི་ནང་གི་སྒྲེན་མོ’’( Nu au Plateau de Sculpteur )ཞེས་པའི་རི་མོ་གཞན་པ་ཞིག་ཀྱང་བྲིས་ཡོད་ཅིང་། སྤྱི་ལོ་༢༠༡༠ལོར་ཨ་རིའི་ཉིག་ཡོར་དུ་རྟེན་གཞི་བྱས་པའི་ཨིན་ཇིའི་རིན་སྤར་འཚོང་འགྲེམ་ཁང(Christie’s)གིས་རི་མོ་དེར་ཨ་སྒོར་ས་ཡ་༡༠༦.༥༠སྤྲད་དེ་ཉོས་འདུག

‘‘རྨི་ལམ’’ཞེས་པའི་རི་མོ་འདིར་ཞིབ་ཏུ་བལྟས་རྗེས། སྔར་མཐོང་མྱོང་བའི་རི་མོ་སྐོར་ཞིག་ལའང་མིག་བཤེར་བྱས། 

༢ རྭ་ཙེ་འཛིན་པའི་བུ།

‘‘རྭ་ཙེ་འཛིན་པའི་བུ’’(Garçon à la pipe) ཞེས་པའི་རི་མོ་འདི་ནི་སྟོད་གོས་དང་དོར་མ་སྔོན་པོ་གྱོན་མཁན་གྱི་བུ་ཞིག་གི་ལག་པ་གཡོན་པས་རྭ་ཙེ་ཞིག་བཟུང་ཞིང་། མེ་ཏོག་གི་པྲོག་ཞུ་ཞིག་གིས་བུ་དེའི་མགོ་བོ་བརྒྱན་ཡོད་པ་དང་། ཁོང་གི་ལྟག་རྒྱབ་ན་མེ་ཏོག་ཆུན་པོ་གཉིས་ཀྱང་རྣམ་པར་བཞད་ཡོད་པ་རེད།

རྭ་ཙེ་འཛིན་པའི་བུ།

སྤྱི་ལོ་༡༩༠༥ལོ་སྟེ་ཕིས་ཁ་ཟོ་དགུང་ལོ་ཉེར་བཞི་ཡིན་པའི་དུས་སུ། ཁོང་གིས‘‘རྭ་ཙེ་འཛིན་པའི་བུ’’ཞེས་པ་འདི་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིའི‘‘མོང་མ་ཋག’’(Montmartre)ཅེས་པའི་ས་གནས་སུ་ཡོད་སྐབས་བྲིས་ཤིང་། རི་མོའི་སྟེང་གི་བུ་འདི་ནི་དུས་རྟག་ཏུ་ཕིས་ཁ་ཟོ་ཡི་སྒྱུ་རྩལ་ལས་གྲྭར་ཡོང་མཁན་གྱི་ལྟད་མོ་བ་ལྡོམ་པོ་ཞིག་ཡིན་པར་གྲགས། རི་མོ་འདི་ལ་ཨས་དྷུ་བ མཱ་ནེ(Édouard Manet 1832-1883)དང་། པོ གྷོ་གྷན(Paul Gauguin 1848-1903)གཉིས་ཀྱི་རི་མོའི་ཤུགས་རྐྱེན་ཐེབས་ཡོད་སྐད།

སྤྱི་ལོ་༡༩༥༠ལོར་ཨིན་ཇི་རྒྱབ་ཁབ་ཀྱི་རྒྱལ་ས་ལོན་ཌོན་དུ་བཞུགས་མྱོང་བའི་ཨ་རིའི་གཞུང་ཚབ་མི་སྣ་དང་ཨ་རིའི་ཉིག་ཡོར་གྱི་དེང་རབས་རི་མོ་འགྲེམས་སྟོན་ཁང(The Museum of Modern Art )གི་འགན་འཛིན་ཟུར་པ་སྐུ་ཞབས་འཇོན ཧེ བེལ་ཌི་ནེ(John Hay Whitney 19004-1982)ཡིས་ཨ་སྒོར་ཁྲི་གསུམ་སྤྲད་དེ་ཉོས་འདུག་མོད། སྤྱི་ལོ་༢༠༠༥ལོར་ཨ་རིའི་ཉིག་ཡོར་དུ་རྟེན་གཞི་བྱས་པའི་ཟོ་ཋུ་བྷེ་ཛུ(Sotheby’s)ཞེས་པའི་རིན་སྤར་འཚོང་འགྲེམ་ཁང་ཞིག་གིས་ཨ་སྒོར་ས་ཡ་༡༠༧སྤྲད་དེ་ཉོས་ཡོད།

༣ ཞི་མིའི་མཉམ་སྡོད་ཀྱི་དྷོ་ཝ མཱར།

དེ་ནས་ཕིས་ཁ་ཟོ་ཡི་རི་མོ‘‘ཞི་མིའི་མཉམ་སྡོད་ཀྱི་དྷོ་ཝ་མཱར’’(Dora Maar au chat)ཞེས་པ་འདིར་ཡུན་རིང་པོར་བལྟས་ཤིང་། རི་མོ་འདི་ནི་ཁོང་གི་ཕུལ་བྱུང་བརྩམས་ཆོས་ཁྲོད་ཀྱི་གཅིག་ཡིན་ཚུལ་ཐོས། དྷོ་ཝ མཱར(Dora Maar 1907-1997)ནི་བུད་མེད་ཅིག་གི་མིང་ཡིན་ཞིང་། ཕིས་ཁ་ཟོ་ཡི་དགའ་རོགས་རེད་ཟེར། བུད་མེད་འདིའི་འཆོར་སྒེག་གིས་སྐབས་དེའི་སྒྱུ་རྩལ་པ་སྐོར་ཞིག་གི་སེམས་དྲངས་ཡོད་པ་འདྲ་སྟེ། བུད་མེད་འདི་ཧྥ་རན་སིའི་སྒྱུ་རྩལ་པ་སྐོར་ཞིག་ལ་འགྲོགས་པའི་ལོ་རྒྱུས་ཡོད་པ་མཐོང་ཞིང་།  ཕྲན་ལ་བག་ཆགས་ཅུང་ཙམ་མཐུག་པའི་ཧྥ་རན་སིའི་སྙན་ངག་པ་གཞའ་ཁུ ཕིར་བེར(Jacques prévert1900-1977)ལའང་འབྲེལ་བ་བྱུང་འདུག

ཞི་མིའི་མཉམ་དུ་ཡོད་པའི་དྷོ་ཝ མཱར།

ཕིས་ཁ་ཟོ་ཡིས་དྷོ་ར མཱར་བརྗོད་བྱ་བྱས་ཏེ་རི་མོ་མི་འདྲ་བ་ཁ་ཤས་བྲིས་ཡོད་མོད། ‘‘ཞི་མིའི་མཉམ་སྡོད་ཀྱི་དྷོ་ཝ མཱར’’ནི་རི་མོ་དེ་དག་ལས་ལེགས་གྲུབ་བྱུང་བའི་རི་མོ་གཅིག་པུ་ཡིན་པར་བཤད། རི་མོའི་སྟེང་ན་དྷོ་ཝ་མཱར་གྱིས་མོ་རང་དགའ་བའི་ཞྭ་མོ་ཞིག་གྱོན་ཏེ་རྐུབ་སྟེགས་ཤིག་གི་སྟེང་དུ་ཡོད་ཅིང་། ཁ་དོག་ལྗང་གུ་དང་། དམར་པོ། སྔོན་པོ་ཡིན་པའི་ཉག་དབྱིབས་ཅན་གྱི་སྟོད་གོས་ཤིག་དང་། སྨད་གོས་ཀྱི་སྟེང་ལ་ཁ་དོག་ལི་ཁྲི་དང་དམར་པོ་ཅན་གྱི་མུ་ཏིག་གི་ཐིག་ལེ་ཆུང་ཆུང་གིས་བརྒྱན་ཡོད་པ་ཞིག་གྱོན་ཡོད། ལག་པ་གཉིས་དཔུང་ཤིང་(Armrest)སྟེང་ལ་བཞག་ཡོད་ཀྱང་། མཛུབ་མོ་དག་ནི་སྟག་གི་སྡེར་མོ་ལྟར་རྣོ། མོའི་ལྟག་རྒྱབ་ན་སྡེར་ཆགས་ཞི་མི་ཆུང་ཆུང་ཞིག་ཀྱང་ཡོད་པ་རེད།

ཕིས་ཁ་ཟོ་ཡི་རི་མོ་འདི་བྲིས་རྗེས། མི་ལོ་བཞི་བཅུའི་རིང་ལ་རི་མོ་འདི་མཐོང་རྒྱུ་མེད་པར་གྱུར་ནའང་། སྤྱི་ལོ་༢༠༠༦ལོར་གློ་བུར་དུ་རི་མོ་འདི་མངོན་པར་གྱུར་ཅིང་། ཟོ་ཋུ་བྷེ་ཛུ(Sotheby’s)ཞེས་པའི་རིན་སྤར་ཚོང་འགྲེམ་ཁང་དེས་ཨ་སྒོར་ས་ཡ་༡༠༡ལྷག་སྤྲད་དེ་ཉོས་ཡོད།

༤ ཕིས་ཁ་ཟོ་ཡི་རི་མོའི་བསྡོམས།

ད་ནི་ནམ་གུང་ལ་སླེབས་ཡོད་ཅིང་། རྒུན་ཆང་གིས་ཀྱང་ར་རོར་གྱུར་འདུག ཁོར་ར་ཁོར་ཡུག་ཐམས་ཅད་གྲག་མེད་འགུལ་མེད་ཧ་ཅང་ལྷིང་འཇགས་ཡིན་ཞིང་། ཟླ་བའང་གསལ་བས། སྔར་ཕྲན་གྱིས‘‘ཟླ་བའི་འོག་གི་སྙན་ཚིག’’ཅེས་པ་འབྲི་སྐབས་ཀྱི་མཚན་མོའང་དོ་ནུབ་ཀྱི་མཚན་མོ་ཇི་བཞིན་དབེན་འཇགས་ཡིན་ཞིང་། མཚོ་ངོས་ན་ཟླ་འོད་འདར།

ཕིས་ཁ་ཟོ་ཡི་སྒྱུ་རྩལ་བརྩམས་ཆོས་སྐོར་ཞིག

ཟླ་འོད་ཆེམ་ཆེམ་འདར་བའི་མཚན་མོ་འདིར། ཕིས་ཁ་ཟོ་ཡི་རི་མོ་དང་རི་མོ་ལས་འཕྲོས་ཏེ་གླེང་མོལ་མུ་མཐུད་དུ་བྱེད་འདོད་ཡོད་མོད་ད་ནི་ལྕོགས་པ་མི་འདུག

བསྡོམས་རྩིས་བྱས་པ་ལྟར་ན། ཕིས་ཁ་ཟོ་ལ་བརྩམས་ཆོས་མི་འདྲ་བ་ཁྲི་ལྔ་ཡོད་པར་བཤད་ཅིང་། སྣུམ་བྲིས་རི་མོ(tableaux) ༡༨༨༥དང་། འཇིམ་བཟོ(sculptures ) ༡༢༢༨  རྫ་བཟོ(céramiques) ༢༨༨༠ སྐྱ་བྲིས(dessins) ༧༠༨༩ ལྷས་འཐགས་རི་མོ(tapisseries ) ༣༤༢ ཐོ་དེབ་རི་མོ(carnets de croquis ) བརྐོས་རིས(estampes) ༣༠༠༠༠ བཅས་ཡོད་པར་བཤད་དོ། ། ཧྥ་རན་སིའི་རྒྱལ་སར་ཡོད་པའི་ཕིས་ཁ་ཟོ་ཡི་འགྲེམས་སྟོན་ཁང(Le musée Picasso)དུ་ཁོང་གི་བརྩམས་ཆོས་མི་འདྲ་བ་ལྔ་སྟོང་ཡོད་ཅིང་། དེ་དག་ལ་ཡུ་སྒོར་ཐེར་འབུམ་བཅུ་( ༡༠.༠༠༠.༠༠༠.༠༠༠)ལྷག་གི་རིན་ཐང་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད།

༥ ཕིས་ཁ་ཟོ་ཡི་འགྲེམས་སྟོན་ཁང་ལས་འཕྲོས་པའི་ཕྱིར་དྲན།

ལོ་ཤས་ཀྱི་སྔོན། ངེད་ཅག་ནང་མི་གསུམ་ཕེ་རེ་སིར་འགྲོ་སྐབས་ཤིག་ལ། ཕིས་ཁ་ཟོ་ཡི་འགྲེམས་སྟོན་ཁང་དུ་ཕྱིན་ཏེ་ཁོང་གི་སྐད་གྲགས་ཅན་གྱི་རི་མོ་སྐོར་ཞིག་ལ་ཞིབ་ཏུ་བལྟས་ཤིང་། རི་མོ་དེ་དག་ལ་བལྟས་རྗེས། སྔར་བཞིན་ཕིས་ཁ་ཟོ་ཡིས་རི་མོ་སྐོར་ཞིག་ནི་དོན་མེད་དུ་སྣང་བ་གང་དྲན་བྱས་ཏེ་བྲིས་པ་མིན་ནམ་སྙམ་པའི་ཚོར་སྣང་སྣ་ཚོགས་ཤིག་སྐྱེས་མོད། དོ་དགོང་གློ་བུར་དུ་ཚོར་སྣང་དེ་དག་ཚིག་གི་ལམ་ནས་ཞུ་ནུས་བྲལ།

ཕིས་ཁ་ཟོ་ཡི་འགྲེམས་སྟོན་ཁང་གི་ཟུར་ཞིག
ཕེ་རེ་སིའི་ཕིས་ཁ་ཟོ་ཡི་འགྲེམས་སྟོན་ཁང་གི་ཟུར་ཞིག

འོན་ཀྱང་། ཕིས་ཁ་ཟོ་ཡི་འགྲེམས་སྟོན་ཁང་དུ་ཕྱིན་པའི་རྗེས་སུ། དེང་རབས་རིང་ལུགས་དང་མཚོན་རྟགས་རིང་ལུགས་ཀྱི་དབུ་འདྲེན་པ་ཞག་ལི བྷོ་ངྷི་ལེར(Charles Baudelaire 1821-1897)གྱིས«མི་དགེ་མེ་ཏོག»ཅེས་པའི་དེབ་སྐད་གྲགས་ཅན་དེ་པར་སྐྲུན་བྱས་རྗེས། དེབ་དེ་ཁྲིམས་ཐོག་ནས་རྩོད་རྙོག་བྱུང་སྐབས། ཞག་ལི བྷོ་ངྷི་ལེར་ལ་རྒྱབ་སྐྱོར་གནང་མཁན་གྱི་ཧྥ་རན་སིའི་སྙན་ངག་པ་དང་། ཟློས་གར་རྩོམ་པ་པོ། རྟོག་སྒྲུང་པ། ཆབ་སྲིད་པ། འཆར་ཡན་རིང་ལུགས་ཀྱི་སྣེ་ཁྲིད་པ་བེལ་ཁྲོལ ཨོས་གྷོ(Victor Hugo 1802-1885)ལགས་ཀྱི་བཞུགས་ཤག་ཏུ་ཅིས་ཀྱང་འགྲོ་དགོས་སྙམ་སྟེ་ཕྱིན་པ་ཡིན། ཧྥ་རན་སིའི་ལོ་རྒྱུས་ནང་དུ་མི་དམངས་ཀྱིས་བརྩི་བཀུར་ཐོབ་པའི་བསམ་བློ་བ་ཁོང་ལྟ་བུ་ཞིག་མ་བྱོན་ཟེར། ཁོང་སྐུ་གཤེགས་རྗེས་སྲིད་གཞུང་གི་ངོས་ནས་མྱ་ངན་རྗེས་དྲན་དེ་ལྟ་བུ་ཞིག་མ་བྱས་པར་གྲགས།

བེལ་ཁྲོལ ཨོས་གྷོ་ལགས་ནི་མི་དམངས་ཉམ་ཐག་ཚོར་རོགས་རམ་གནང་མཁན་གྱི་སྐྱེས་བུ་ཞིག་ཡིན་ལ། ཧྥ་རན་སིའི་རྒྱལ་པོ་ན་པའོ་ལོང་གསུམ(Napoléon III 1808-1873 )པའི་ཆབ་སྲིད་ལ་རྒོལ་མཁན་ཞིག་རེད།  ཧྥ་རན་སིའི་གསར་བརྗེ་གཉིས་པའི་སྐབས་སུ་སྲིད་དོན་གྱི་རྩོད་རྙོག་ཅིག་ལ་བརྟེན་ནས་ཁོང་བཙན་བྱོལ་དུ་ཕེབས་ནས་ཡུན་རིང་བཞུགས་པའི་ལོ་རྒྱུས་དང་། ཁོང་ལ་བྱིས་པ་བཞི་ཡོད་མོད། ཁོང་སྐུ་གཤེགས་སྐབས་བྱིས་པ་དག་སྔ་མོ་ནས་གྲོངས་ཟིན་པའི་གནས་ཚུལ་ཡོད། ཁོང་གིས་བརྩམས་པའི་རྟོག་སྒྲུང་དང་སྙན་ངག་སོགས་ཧྥ་རན་སིའི་མི་དམངས་ཚོས་ཁ་ཏོན་དུ་བྱེད་པ་ཡིན་པས། རྒྱང་རིང་ནས་འོངས་པའི་བདག་ཀྱང་ཁོང་གི་བཞུགས་ཤག་ཏུ་ཕྱིན་ཏེ་པར་འགའ་བླངས་ཤིང་། ཅོག་ཙེ་ཞིག་གི་སྟེང་དུ་ཁོང་གི་སྙན་ངག་སྐོར་ཞིག་ཡོད་པ་བཀླགས་པས་ཡིད་དགའ་བ་ལ་ཚད་མེད་པ་ཞིག་བྱུང་། དོ་དགོང་ཡང་མིག་ཟུང་བཙུམས་ནས་འདང་ཞིག་བརྒྱབ་ན་སྐབས་དེའི་ཚོར་བ་སེམས་ཀྱི་ག་ཤེད་ཅིག་ལ་ཁུ་སིམ་མེར་གནས་པ་ཚོར།

ཕིས་ཁ་ཟོ་ནི་བེལ་ཁྲོལ ཨོས་གྷོ་སྐུ་གཤེགས་སྐབས་ལོ་གཅིག་རེད། ཕིས་ཁ་ཟོ་ཡིས་མཚན་མོའི་མཁའ་ལ་འོད་ཀྱི་རི་མོ་བྲིས་ནས་གཤེགས་ཤིང་། བེལ་ཁྲོལ ཨོས་གྷོས་མཚན་མོའི་མཁའ་ལ་འོད་ཀྱི་ཡི་གེ་བྲིས་ནས་གཤེགས་པ་རེད། ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཁྲོད་དུ་སྐྱེས་བུ་འདི་འདྲ་ལ‘‘ཕུལ་བྱུང་གི་ཤེས་རབ་ཅན’’ཞེས་ཀྱང་སྨྲའོ། ། གང་ལྟར། ཤེས་རབ་ཅན་གྱི་སྐྱེས་བུ་ཕིས་ཁ་ཟོ་ཡི་རི་མོའི་སྐོར་ལ་ཚིག་འགའ་བྲིས་ནས་མཚམས་འདིར་ཐོན་སྐབས། ཁོང་གི་ལོ་རྒྱུས་མདོར་བསྡུས་ཤིག་ཀྱང་བརྗོད་ཐུབ་ན་ཅི་མ་རུང་སྙམ་མོད། ད་ནི་ནམ་གུང་ཡོལ་ཟིན་པས་ལུས་ཆད་པ་དང་། སེམས་ཆད་དེ་ཡོད་པས་ལྕོགས་ནུས་བྲལ།

གསུམ། ཕིས་ཁ་ཟོ་ཡི་ལོ་རྒྱུས་ངོ་སྤྲོད་པ།

དེ་རིང་༢༠༡༩ལོའི་ཟླ་༩པའི་ཚེས་༡༧ཉིན་གྱི་ཕྱི་དྲོའི་དུས་ཚོད་༡༤དང་སྐར་མ་༡༥རེད། གོང་གི་ཚིག་ཕྲེང་འདི་དག་བྲིས་ཏེ་བདུན་ཕྲག་གཅིག་འགོར་གྲབས་བྱེད། དེ་རིང་གཟའ་སྤེན་པ་རེད། སྐར་མ་ཁ་ཤས་ཀྱི་སྔོན་ལ་བཟའ་ཟླས་ཞི་ལུ་ཁྲིད་དེ་ཕྱི་ལོགས་སུ་ཕྱིན་སོང་བས། ཁང་པ་འདི་ཁུ་སིམ་མེར་གྱུར། སྟོང་འཇགས་སེ་ཡོད། ཕ་གིའི་ཤིང་སྡོང་གི་རྩེ་ནས་གྲག་པའི་བྱིའུ་སྐད་རྣ་ལ་སྙན། སྐབས་འདིར་འཚིག་ཇ་ཞིམ་པོ་ཞིག་འཐུང་བཞིན་ཕིས་ཁ་ཟོ་ཡི་ལོ་རྒྱུས་བརྗོད་འདོད་བྱུང་།

༡ ལོ་ན་ཆུང་དུས།

ཕིས་ཁ་ཟོ་ནི་སྤྱི་ལོ་༡༨༨༡ལོའི་ཟླ༡༠པའི་ཚེས༢༥ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་སི་པན(Spain)གྱི་ལྷོ་ཕྱོགས་མཱ་ལ་ངྒ(Malaga)ཞེས་པའི་ཡུལ་དུ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་རི་མོ་ལ་དགའ་ཞིང་དེ་ལ་ལྷན་སྐྱེས་ཀྱི་ཤེས་རབ་ཡོད་པར་བཤད།  ཁོང་ལ་རི་མོའི་སྒྱུ་རྩལ་ཐད་ལ་ཤུགས་རྐྱེན་འཇོག་མཁན་ནི་ཁོང་གི་ཕ་རྒན་ཡིན་ཞིང་། ཁོང་ནི་རི་མོའི་དགེ་རྒན་ཞིག་ཡིན་པ་རེད། ཕ་རྒན་གྱི་རྒྱབ་སྐྱོར་ལ་བརྟེན་ནས་ཕིས་ཁ་ཟོ་ཡིས་ལོ་བརྒྱད་ཀྱི་སྟེང་དུ‘‘ཕིས་ཁ་དྷོར་སེར་པོ་ཆུང་ཆུང’’ (Le Petit Picador jaune)ཞེས་པའི་སྣུམ་ཚོན་རི་མོ་ཞིག་བྲིས་ཤིང་། ལོ་བཅུ་བཞིའི་སྟེང་རྨད་དུ་བྱུང་བའི་བརྩམས་ཆོས་ཏེ‘‘ཐོག་མའི་མཛའ་འབྲེལ’’(La Première Communion)ཞེས་པ་བྲིས་སྐད།

ཕིས་ཁ་ཟོ་ཡི་སྐུ་པར་བཞུགས་སོ།།

སྤྱི་ལོ་༡༨༩༦ལོར་ཁོང‘‘བྷར་སིལ་ལོན་གྱི་སྒྱུ་རྩལ་སློབ་གླིང’’(L’école des Beaux-arts de Barcelone )དུ་ཞུགས་ཤིང་། སྤྱི་ལོ་༡༨༩༧ལོར་ཁོང་གི་ཕ་རྒན་གྱིས་ཕྱག་ལས་གནང་སའི‘‘ལེས་ཇ་སློབ་གླིང’’(École de la Llotja)དུ་ཞུགས་ཏེ་རི་མོའི་སྐོར་སྦྱངས། སློབ་གླིང་དེར་ཡོད་སྐབས་རི་མོ་སྣ་ཚོགས་ཤིག་བྲིས་སྐད་མོད། དེ་དག་ལས་ཆེས་འབུར་དུ་ཐོན་པ་ནི‘‘ཚན་རིག་དང་སྦྱིན་པ’’ (Science et charité)ཞེས་པའི་སྣུམ་ཚོན་རི་མོ་ཡིན་ཞིང་། ཁོང་གི་ཕ་རྒན་གྱིས་རི་མོ་དེར་དགའ་མོས་བྱས།  བར་སྐབས་དེར་གྲོགས་པོ་ཞིག་གིས་ངོ་སྤྲོད་བྱས་པ་བརྒྱུད། ཁོང་གིས་བྷར་སིལ་ལོན་དུ་ཡོད་པའི‘‘རྒྱ་གྲོང’’(Quartier Chinois)ངོ་ཤེས་ཏེ།  གནས་དེ་ནས་ཁོང་གིས་ཤོག་བུ་སྣ་ཚོགས་དང་། ཆུ་ཚོན་རི་མོ། ད་དུང་ཆགས་སྲེད་ཀྱི་རི་མོ་སོགས་ལ་དོ་སྣང་བྱས་པས། ཕྱིས་སུ་ཁོང་གི་བརྩམས་ཆོས་ལ་ཤུགས་རྐྱེན་ཐེབས་པར་བཤད།

སྤྱི་ལོ་༡༨༩༧ལོར་མ་དྷུ་ཝས(Madrid)གྲོང་ཁྱེར་དུ་ཡོད་པའི‘‘རྒྱལ་པོ་ཟན ཧྥེ་ཌི་ཎང་སྒྱུ་རྩལ་སློབ་གླིང’’ (Académie royale des beaux-arts Saint-Ferdinand)དུ་ཡིག་རྒྱུགས་ཤིག་སྤྲད་དེ་འཕྲོད་ཡོད་ནའང་། སློབ་གྲྭ་དེའི་སྦྱང་གཞི་ལ་འདོད་མོས་བྱུང་མེད་པར་བཤད། སྐབས་དེར་ཁོང་གི་སྦྱང་གཞི་ནི་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་རི་མོ་ཁག་ཡིན་མོད། ཁོང་གིས་སྦྱང་འདོད་པ་ནི་རྣམ་པ་གསར་པའི་རི་མོའི་སྐོར་ཡིན་སྟབས། སྐབས་དེ་ཤེད་ནས་བཟུང་ཁོང་དེང་རབས་རི་མོ་བ་ཞིག་ཏུ་འགྱུར་འདོད་བྱུང་བར་མ་ཟད། འབྲི་ལུགས་གསར་པའི་རི་མོའི་གྲུབ་མཐའ་ཞིག་གསར་བཏོད་བྱ་དགོས་དགོངས་འདུག

སྤྱི་ལོ་༡༨༩༧ལོར་མ་དྷུ་ཝས་བཞག་སྟེ་ཕྱིར་བྷར་སིལ་ལོན་ལ་འབྱོར་རྗེས། གྲོགས་པོ་ཞིག་དང་མཉམ་དུ་གྷང་དྷི་ཟ(Gandesa)ཞེས་པའི་ཡུལ་དུ་སོང་ཞིང་། ཡུལ་དེ་ནས་གྲོང་གསེབ་པའི་འཚོ་བ་རོལ། སྤྱི་ལོ་༡༨༩༨ལོར་ཡང་བསྐྱར་བྷར་སིལ་ལོན་དུ་ལོག་སྟེ་གསར་དུ་བཙུགས་པའི་སྒྱུ་རྩལ་ཆང་ཁང་ལེས་ཟི ཀ་ཐག གྷ་ཊི( Els Quatre Gats)ཞེས་པར་ཕྱིན་པས། སྙན་ངག་པ་གཞམ ས་བྷེག་ཌེ(Jaime Sabertés 1881-1968)དང་།  རི་མོ་བ་ཀ་ལོ་ཟི ཀ་ཟ་གྷེ་མ(Carlos Casagemas1876-1942) གཞན་ཡང་ཚགས་རྒྱག་མཁན་ཝོ་ཡོ གྷང་རྫ་ལེ་ཛི(Julio Gonzalez1880-1901)སོགས་ངོ་ཤེས་ཏེ། སྒྱུ་རྩལ་ཆང་ཁང་དེ་ནས་ཁོང་གིས་རི་མོ་སྐོར་ཞིག་འགྲེམས་སྟོན་བྱས།

སྤྱི་ལོ་༡༩༠༠ལོར་སི་པན་རྒྱལ་ཁོངས་ཀྱི་རི་མོ་བའི་ཚབ་བྱས་ཏེ་ཁོང་དང་ཁོང་གི་གྲོགས་པོ་ཀ་ལོ་ཟི ཀ་ཟ་གྷེ་མ་གཉིས་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིར་འཚོགས་པའི‘‘སྤྱི་ལོ་༡༩༠༠ལོའི་འཛམ་གླིང་ཡོངས་ཁྱབ་ཀྱི་འགྲེམས་སྟོན’’(L’Exposition universelle de 1900 à Paris)དུ་ཞུགས་ཏེ། ཕེ་རེ་སིའི་སྒྱུ་རྩལ་པ་ཚོའི་བཞུགས་ཡུལ་མོང་མ་ཋག་ཏུ་བསྡད་ཅིང་། ཧྥ་རན་སི་དང་སི་པན་གྱི་སྒྱུ་རྩལ་པ་སྐོར་ཞིག་ངོ་ཤེས། དེ་ནས་དུས་ཡུན་རིང་པོ་མ་འགོར་བར། ཁོང་གི་རི་མོར་གློ་བུར་དུ་འགྱུར་ལྡོག་གསར་པ་ཞིག་ཐེབས་དགོས་བྱུང་ཡོད།

༢ དུས་སྐབས་སྔོན་པོ།

སྤྱི་ལོ་༡༩༠༡ནས་༡༩༠༤ལོའི་བར་ཕིས་ཁ་ཟོ་ལས་དོན་གྱི་ཆེད་དུ་ཕེ་རེ་སི་དང་བྷར་ཟིལ་ལོན། མ་དྷུ་ཝས་སོགས་སུ་ཕར་འགྲོ་ཚུར་འོང་བྱས་ནས་བསྡད། སྐབས་དེར་ཁོང་ལ་སྐད་གྲགས་མེད་སྟབས་རི་མོ་མང་པོ་བཙོང་ཐུབ་ཀྱི་མེད། དེ་བས་ཁོང་གི་འཚོ་བ་ནི་ངན་ངོན་ཞིག་ཡིན་པར་བཤད། སྐབས་ཤིག་ཁོང་ལ་རི་མོ་འབྲི་སའི་རས་གཞི་མེད་སྟབས། ཕ་རྒན་གྱིས་ཕེ་རེ་སིར་བསྐུར་ཡོང་བའི་རས་གཞི་གཅིག་གི་སྟེང་ལ་རི་མོ་ཁ་ཤས་འབྲི་དགོས་བྱུང་བ་དང་། རི་མོ་ཡོད་པའི་ཤོག་བུ་རྣམས་བསྲེགས་ཏེ་དགུན་ཁར་གྲང་ངར་ལ་གཡོལ་བའི་ལོ་རྒྱུས་ཀྱང་ཡོད།

དུས་སྐབས་སྔོན་པོའི་སྐབས་ཀྱི”འདྲ་རིས་ང་འདྲ་མ”

མི་ཚེའི་ཁ་སྟབས་སྐྱོ་ཐག་ཆོད་པའི་དུས་དེར། ཁོང་གི་གྲོགས་པོ་ཀ་ལོ་ཟི ཀ་ཟ་གྷེ་མས་རང་སྲོག་བཅད་པ་དང་། ལོ་ཤས་ཀྱི་སྔོན་ཁོང་ལ་སྲིང་ཆུང་མ་གཉིས་ཡོད་པ་ལས་གཅིག་འདས་གྲོངས་སུ་གྱུར་པའི་སེམས་ངལ་ཡོད་པ་སོགས་ལ་རྐྱེན་བྱས་ཏེ་རེ་ཞིག་སྐྱོ་གདུང་གི་གནས་སུ་ལྷུང་། སྐབས་དེར་ཁོང་གིས་རི་མོ་བགྲེས་སོང་ཅན་དང་། སྤྲང་པོ། དམུས་ལོང་སོགས་བྲིས་ཤིང་། རི་མོ་ཕལ་མོ་ཆེའི་ཚོན་མདངས་ནི་སྔོན་པོ་བྱས་པས། སྤྱི་ལོ་༡༩༠༡ནས་༡༩༠༤ལོའི་བར་གྱི་ལོ་ངོ་དེ་དག་ལ་ཕིས་ཁ་ཟོ་ཡི‘‘དུས་རབས་སྔོན་པོ’’ཟེར།

སྤྱི་ལོ་༡༩༠༡ལོ་ནས་བཟུང་ཁོང་གིས‘‘ཝེས་ཛི ཕིས་ཁ་ཟོ’’(Ruiz-Picasso)ཞེས་པའི་མིང་ཡང་བརྗེས་ཏེ‘‘ཕིས་ཁ་ཟོ’’ཁོ་ན་སྤྱད་དེ་རི་མོ་འབྲི་འགོ་བརྩམས། ཕིས་ཁ་ཟོ་ནི་མ་རྒྱུད་ཀྱི་རུས་མིང་ཞིག་ཡིན་པ་དང་། མི་རྒྱུད་རིང་ལུགས་ཀྱི་རྐྱེན་པས་ཕ་རྒྱུད་ཀྱི་རུས་མིང་དེ་བརྗེས་དགོས་པར་བཤད།

དུས་རབས་སྔོན་པོའི་སྐབས་ཀྱི་རི་མོ་ནི‘‘ཀ་ལོ་ཟི ཀ་ཟ་གྷེ་མའི་འཆི་བ’’(La Mort de Casagemas)དང་། ‘‘དྷ་མས་རོལ་དབྱངས་སྤྲོ་སྟོན་རོལ་བ’’ (Dama en Eden concert ) ‘‘མི་ཚེ ’’( La Vida) ‘‘སྲིང་མོ་གཉིས’’(Las Dos Hermanas) ‘‘བླ ཟེ་ལི་ཟུ་ཊིན་ནུ’’(la célestine )སོགས་ཡིན་པ་རེད། རི་མོ་འདི་དག་ལ་དུས་རབས་བཅུ་དྲུག་པའི་ནང་བྱོན་པའི་སི་པན་གྱི་རི་མོ་བ་གྷུ་རེ་ཁོའི( Greco 1541-1614)ཤུགས་རྐྱེན་ཐེབས་ཡོད་པར་སྨྲ། སྤྱི་ལོ་༡༩༠༢ལོར་ཕེ་རེ་སི་ནས་ཁོང་གིས་རི་མོ་སྔོན་པོ་སྐོར་ཞིག་འགྲེམས་སྟོན་བྱས་པའི་ཡིག་ཆ་མཐོང་ངོ་།།

༣ དུས་སྐབས་རྒྱ་སེ།

སྤྱི་ལོ་༡༩༠༤ལོར་ཕིས་ཁ་ཟོ་ཕ་རེ་སིའི་མོང་མ་ཋག་ཏུ་གཞིས་ཆགས་ཤིང་། ཡུལ་དེ་ནས་ཁོང་གིས་སྒྱུ་རྩལ་ལས་གྲྭ་ཞིག་ཀྱང་བཙུགས། ཡུལ་དེ་ནས་ཧྥ་རན་སིའི་སྙན་ངག་པ་གྷེ་ཡོམ་མུ ཨ་པོ་ལེ་ནེར(Guillaume Apollinaire 1880-1918)དང་། ཨང་ཌི་ཝེ ཟ་མོང(André Salmon 1881-1969)སོགས་ངོ་ཤེས་ཏེ་འབྲེལ་ལམ་ཟབ་ཏུ་ཕྱིན། སྐབས་དེར་ཡང་ཁོང་ལ་དངུལ་མང་པོ་མེད་མོད། མོང་མ་ཋག་གི་ཁོར་ཡུག་གི་རྣམ་པ་དང་ཡུལ་དེའི་མི་རྣམས་ཀྱི་འཚོ་བའི་ཉམས་སྣང་གིས་ཡིད་ཕྲོགས་པར་གྱུར། ལྷག་པར་དུ་འཇོར་སྒེག་ལྡན་པའི་གཞོན་ནུ་མ་ཧྥེ་ནེང་དྷུ ཨོ་ལེ་བུས(Fernande Olivier 1881-1966)ལ་ཁ་ཐུག་པ་སོགས་ལ་བརྟེན་ནས། སྐྱོ་གདུང་གིས་མནར་བའི་ཕིས་ཀ་ཟོ་ཡི་སེམས་པ་རླབས་ཕྲེང་སྔོན་པོའི་ཀློང་ནས་བུད་དེ་རྒྱ་སེའི་དུས་སྐབས་སུ་ཐོན།

རྒྱ་སེའི་དུས་སྐབས་ཀྱི་རི་མོ་ཞིག་སྟེ། ”ཞྭ་མོ་དཀར་པོ་གྱོན་པའི་བུད་མེད”

སྤྱི་ལོ་༡༩༠༤ནས་༡༩༠༧ལོའི་བར་བརྒལ་གྱི་ལོ་དེ་དག་ལ་ཕིས་ཁ་ཟོ་ཡི‘‘དུས་སྐབས་རྒྱ་སེ’’ཞེས་འབོད་ཅིང་། དེ་ནི་ཁོང་གིས་རི་མོ་ཕལ་མོ་ཆེ་ཚོན་མདངས་རྒྱ་སེ་སྤྱད་ཡོད་པས་རེད། སྟབས་ལེགས་པ་ཞིག་ལ། བར་སྐབས་དེར་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་ལྕམ་ལའོ སི་ཏན་དང་སྐུ་ཞབས་རྗར་ཁྲོལ་ཌི སི་ཏན་གཉིས་ཀྱིས་ཕིས་ཁ་ཟོ་ཡིས་ཁོང་གི་དུས་སྐབས་རྒྱ་སེའི་ནང་བྲིས་པའི་རི་མོ་མང་པོ་ཉོས་ཤིང་། ལྷག་པར་དུ་ཨང་བྷི་རོ་སི བོ་བླས(Ambroise Vollard 1866-1939)ཤུལ་ལྷག་གི་རི་མོ་ཕལ་མོ་ཆེ་ཉོས་པས། ཁོང་གི་སྙན་གྲགས་རྒྱས་འགོ་ཚུགས་པ་དང་མཉམ་དུ་ཕྱུག་པོར་གྱུར།

ཡུ་རོབ་ཀྱི་རི་མོ་སྒྱུ་རྩལ་པ་སྐོར་ཞིག་གིས་ཕིས་ཁ་ཟོ་ཡིས་དུས་སྐབས་སྔོན་པོ་དང་དུས་སྐབས་རྒྱ་སེའི་ནང་བྲིས་པའི་རི་མོ་དེ་དག་ཧ་ཅང་ཞིབ་ཚགས་མེད་པའི་རི་མོ་སྐོར་ཞིག་ཏུ་འཁྲུལ་ཡོད་མོད། རི་མོ་དེ་དག་ལ་དངོས་སུ་ཞིབ་འཇུག་བྱེད་སྐབས། རི་མོ་དག་གི་རྒྱབ་ལྗོངས་ཀྱི་བསམ་བློ་དང་། ཚོན་མདངས་སྡེབ་སྟངས་སོགས་ཧ་ཅང་ཐུན་མོང་མ་ཞིག་ཡིན་པའི་ཚོར་ཤེས་རྙེད་པར་གྱུར།

སྤྱི་ལོ་༡༩༠༧ལོར་ཕིས་ཁ་ཟོ་ཡི་རི་མོ་ལ་ཨ་ཧྥི་རི་ཀའི་རི་མོ་སྒྱུ་རྩལ་གྱིས་ཤུགས་རྐྱེན་ཐེབས་ཡོད་ནའང་། ཤུགས་རྐྱེན་དེ་ཡུན་རིང་པོ་གནས་མི་འདུག

༤ དབྱིབས་གཟུགས་རིང་ལུགས།

‘‘དབྱིབས་གཟུགས་རིང་ལུགས’’(Cubisme)ཞེས་པའི་རི་མོ་འབྲི་ལུགས་འདི་ནི། ཕིས་ཁ་ཟོ་དང་ཁོང་གི་གྲོགས་པོ་རྗོར་རྗི བྷི་ར་ཁུ(George Braque 1882-1963)གཉིས་ཀྱིས་སྲོལ་བཏོད་པར་བཤད་ཅིང་། རི་མོ་འདི་ནི་དབྱིབས་ཟུར་གསུམ་དང་། ཟུར་བཞི། ནར་མོ་སོགས་བསྡེབས་ནས་འབྲི་བའི་ལུགས་ཤིག་ཡིན་མོད། ཨིན་བོད་ཚིག་མཛོད་ཁག་ཏུ་འདི་ལ‘‘རྡོག་གཟུགས་རི་མོ’’དང་། ‘‘འགྲེང་གཟུགས’’ ‘‘འབུར་གཟུགས’’སོགས་བཏགས་པ་གང་ཡིན་ཆ་མ་འཚལ།

སྒྲ་སྙན”མེན་ཊོ་ལིན”འཛིན་མཁན་གྱི་བུད་མེད་ཅིག

སྤྱི་ལོ་༡༩༠༧ནས་༡༩༡༤ལོའི་བར་ཕིས་ཁ་ཟོ་ཡིས་དབྱིབས་གཟུགས་རི་མོ་བྲིས་ཤིང་། སྤྱི་ལོ་༡༩༠༧ལོར་བྲིས་པའི‘‘ཨ་བེ་ཉོང་གི་གཞོན་ནུ་མ’’(Les Demoiselles d’Avignon)ཞེས་པའི་རི་མོ་འདི་ནི་ཁོང་གི་དབྱིབས་གཟུགས་རི་མོ་ཐོག་མ་དེ་ཡིན་ཞིང་། བརྩམས་ཆོས་ཕུལ་བྱུང་ཞིག་ཏུ་ངོས་འཛིན་བྱེད། རི་མོ་དེ་བྲིས་རྗེས‘‘དྷ་ཉིལ ཨང་ཝེས ཀན་ནི་བ་ལེར’’(Daniel-Henry Kahnweiler)གྱི་འདྲ་རིས་དང་། ཨང་ཝ་སི བོ་ལའི(Ambroise Vollard)འདྲ་རིས་སོགས་ཀྱང་བྲིས།

སྤྱི་ལོ་༡༩༠༨ལོའི་དགུན་ཁར་ཕིས་ཁ་ཟོ་ཕེ་རེ་སི་ནས་ལེ་དབར་དྲུག་ཅུ་ཡོད་པའི‘‘བླ ཝོས དྷེ བྷོ་བ’’(La Rue-des-Bois)གནས་སྤོར་གྱིས་བསྡད་ཅིང་། ཡུལ་དེ་ནས‘‘མཛའ་འབྲེལ’’( L’Amitié)ཞེས་པ་དང་། ‘‘གཞོན་ནུ་མ་གསུམ’’(Trois femmes)སོགས་བྲིས། སྤྱི་ལོ་༡༩༠༩ལོར་ཁོང་དང་མཛའ་མོ་ཧྥེ་ནེང་དྷུ ཨོ་ལེ་བུས་གཉིས་སི་པན་དུ་བསྐྱོད་ཅིང་། ‘‘ཡུལ་ལྗོངས’’(les Paysages)ཞེས་པའི་རི་མོ་དེ་ནི་ཁོང་གིས་སི་པན་དུ་ཡོད་སྐབས་བྲིས་སྐད། ཟླ་ཤས་ཀྱི་རྗེས་སུ་ཕེ་རེ་སིར་ཕྱིར་ལོག་སྟེ‘‘ཧྥེ་ཎང་ཌའི་མགོ་བོ’’(Tête de Fernande)ཞེས་པའི་འཇིམ་སྐུ་བཞེངས།

སྤྱི་ལོ་༡༩༡༡ལོར་ཁོང‘‘ཨེ་བ གྷོལ’’(Eva Gouel 1885-1915)ཟེར་བའི་མཛའ་མོ་གཉིས་པར་ཁ་ཐུག་ཅིང་། གཞོན་ནུ་མ་འདི་བརྗོད་བྱའི་ཨ་ལོང་ནང་དུ་བསུས་ཏེ‘‘ངའི་སྙིང་སྡུག’’(Ma jolie )ཅེས་པའི་ཁ་བྱང་འོག་རི་མོ་ཁ་ཤས་བྲིས་ཡོད།

སྤྱི་ལོ་༡༩༡༢ལོར་ཕིས་ཁ་ཟོ་ཡིས་ཚགས་པར་དང་། འགྱིག་ཤོག འདྲ་པར། ཤོག་བུ་སོགས་བཅད་གཏུབ་བྱས་ཏེ་དེ་དག་ལ་བག་ཆུ་བྱུགས་ཏེ་སྦྱར་ཤོག་སྟེང་ལ་བཀྲམས་ནས་རི་མོར་བྱེད་པའི་ལུགས་ཤིག་སྟེ‘‘སྐྱོ་སྦྱར་སྒྱུ་རྩལ’’(Collage)དང་དངོས་པོ་སྣ་ཚོགས་བསྒྲུགས་ཏེ་རི་མོའི་དབྱིབས་བཏོད་པའི‘‘ལྷུ་སྒྲིག་སྒྱུ་རྩལ’’(L’assemblage)གཉིས་ཀྱི་བྱེད་ཐབས་ཤེས་པར་གྱུར། དེ་བས‘‘སྦ་སྨྱུག་རྐུབ་སྟེགས་སྟེང་དུ་རང་བྱུང་ཁམས་ཤི་བ’’(Nature morte à la chaise cannée)ཞེས་པ་དང་། ‘ ‘ཤོག་སྒམ་གྱིས་བཟོས་པའི་སྒྲ་སྙན’’(Guitare en carton)སོགས་བསྐྲུན།

༥ གཉེན་སྒྲིག་པ།

སྤྱི་ལོ་༡༩༡༦ལོར་འཛམ་གླིང་དམག་ཆེན་དང་པོའི་རྐྱེན་གྱིས་ཁོང་དང་གྲོགས་པོ་གཞང ཁོ་ཊོ(Jean Cocteau 1889-1863)གཉིས་ཨི་ཊ་ལིར་ཕྱིན་ཏེ་བཞུགས་ཤིང་། ཁོང་གིས་ཆད་མེད་ཀྱིས‘‘ཨི་ཊ་ལིའི་བུད་མེད’’(L’Italienne)དང་། ‘‘ཨར་ལུ་ཁན’’ (L’Arlequin ) ‘‘སྐེ་རྒྱན་བཏགས་པའི་བུད་མེད’’ (Femme au collier)སོགས་བྲིས། སྤྱི་ལོ་༡༩༡༦ལོའི་དཔྱིད་ཀར་རྒྱལ་ཁོངས་ཨུ་རུ་སུ་ནས་ཡིན་པའི་གར་མ‘‘ཨོ་གྷ ཀོ་ཀུ་ལོ་བ’’(Olga Khokhlova 1891-1955)ཟེར་བའི་མཛེས་མ་ཞིག་དང་འཕྲད་པར་གྱུར། སྤྱི་ལོ་༡༩༡༨ལོར་ཕྱིར་ཧྥ་རན་སིར་ལོག་སྟེ‘‘བྷིས་ཡ་ཝེས་ཙི’’(Biarritz)ཞེས་གྲགས་པའི་མཚོ་ངོགས་ཤིག་ཏུ་གཞིས་ཆགས་ཤིང་། དེ་ནས་གར་མ་ཨོ་གྷ ཀོ་ཀུ་ལོ་དང་མཉམ་དུ་གཉེན་སྒྲིག་བྱས་ཏེ་ཡུན་རིང་མ་འགོར་བར། བཟའ་ཟླར་བུ་ཞིག་སྐྱེས། ‘‘རྐྱལ་རྩེད་མ’’(Les Baigneuses)ཞེས་པའི་རི་མོ་ཞིག་མཐོང་ཆོས་སུ་ཡོད་པ་དེའང་སྐབས་དེར་བྲིས་སྐད།

ཨོ་གྷ ཀོ་ཀུ་ལོ་བ།

སྤྱི་ལོ་༡༩༢༡ལོར་ཁོང་གིས་མ་བུ་གཉིས་ཁྲིད་དེ་རྒྱལ་ས་ཕེ་རེ་སི་དང་ཐག་ཉེ་བའི་གྲོང་རྡལ‘‘ཧྥོང་ཊན་ཎི་བྷི་ལོ’’( Fontainebleau)ལ་གནས་སྤར། དེང་སང་ཨ་རིའི་དེང་རབས་རི་མོ་འགྲེམས་སྟོན་ཁང་དུ་ཡོད་པའི‘‘ཆུ་མིག་འགྲམ་གྱི་བུད་མེད’’(Femmes à la fontaine )དང་། ‘‘རོལ་མོ་སྒྱུ་རྩལ་པ་གསུམ’’(Les Trois Musiciens)སོགས་ཡུལ་དེར་བཞུགས་སྐབས་བྲིས་པར་གྲགས།

སྤྱི་ལོ་༡༩༢༢ལོར་ཁོང་ཧྥ་རན་སིའི་བྱང་ཕྱོགས་ཀྱི་མཚོ་འགྲམ‘‘དྷེས་ཎ’’( Dinard)ཞེས་པར་བསྐྱོད་སྐབས། ‘‘མཚོ་འགྲམ་དུ་གཞོན་ནུ་མ་གཉིས་རྒྱུག་པ’’( Deux femmes courant sur la plage)ཞེས་པ་བྲིས་ཡོད་དོ། །

༦ བག་ཉལ་མངོན་གྱུར་རིང་ལུགས།

སྤྱི་ལོ་༡༩༢༥ལོ་ནས་བཟུང་། ཕིས་ཁ་ཟོ་ཡིས‘བག་ཉལ་མངོན་གྱུར་རིང་ལུགས’’(Surréalisme)ཀྱི་རི་མོ་ལ་དད་དོད་བྱས་པས། ཁོང་གི་རི་མོའི་འཇིག་རྟེན་ལ་བསེར་བུ་ཆེན་པོ་ཞིག་ཤོར། སྐབས་འདིར‘‘བག་ཉལ་མངོན་གྱུར་རིང་ལུགས’’( Surréalisme)ཞེས་པ་ནི་རི་མོ་བའི་སེམས་སུ་བག་ལ་ཉལ་ཞིང་རྨི་ལམ་ལྟ་བུའི་རྟོག་འགྱུ་དེ་དག་རི་མོ་འབྲི་སའི་རས་གཞིའི་སྟེང་ལ་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་གྲུབ་མཐའ་ཞིག་ཡིན་པར་བཤད། སྤྱི་ལོ་༡༩༢༥ལོར་ཁོང་གིས་བག་ཉལ་མངོན་གྱུར་རིང་ལུགས་ཀྱི་རི་མོ‘‘ཞབས་བྲོ’’ (La Danse)དང་། ‘‘འོ་བྱེད་པ’’( Le Baiser)སོགས་བྲིས་ཤིང་། ཕིས་ཁ་ཟོ་ཡི་བག་ཉལ་མངོན་གྱུར་རིང་ལུགས་ཀྱི་རི་མོ་ནི། རི་མོ་ཞིག་གི་སྟེང་གི་གང་ཟག་ཅིག་ལ་མགོ་ཡོད་ན་རྐང་པ་མེད་པ་དང་། རྐང་པ་ཡོད་ན་མགོ་བོ་མེད་པ་ལྟ་བུ་སོགས་ཡིན་ནོ། །

གཞོན་ནུ་མ་ཞིག་གིས་རྡོ་འཕེན་པ།

སྤྱི་ལོ་༡༩༢༦ལོར་ཕིས་ཁ་ཟོ་ལོ་ན་བཅུ་བདུན་ཙམ་ལས་སོན་མེད་པའི་ན་ཆུང་བུ་མོ་མ་ཝེས ཌེ་ཝེ་སི བལ་ཌིལ་ཟེར་བ་ལ་ཁ་ཐུག་སྟེ། ‘‘གཞོན་ནུ་མ་ཞིག་གི་ཁོག་སྟོད’’(Buste de jeune fille)ཅེས་པ་དང་། ‘‘རི་མོ་བ་དང་ཁོང་གི་འདྲ་རིས’’(le peintre et son modèle )སོགས་བྲིས།

སྤྱི་ལོ་༡༩༢༨ལོར་སྔར་བྷར་སིལ་ལོན་དུ་བཙུགས་པའི་སྒྱུ་རྩལ་ཆང་ཁང་ལེས་ཟི ཀ་ཐག གྷ་ཊི་ནས་འཕྲད་ཅིང་། སྐབས་དེར་ཕེ་རེ་སི་ན་གནས་སྡོད་བྱེད་པའི་གྲོགས་པོ་སྒྱུ་རྩལ་པ‘‘ཝོ་ཡོ གྷང་ཟི་ལེ’’(Julio González1876-1942)དང་འབྲེལ་འདྲིས་བྱུང་སྟེ་འཇིམ་བཟོའི་སྒྱུ་རྩལ་ཐད་ཕྱག་ལས་གནང་། སྤྱི་ལོ་༡༩༢༩ལོར་ཝོ་ཡོ གྷང་ཟི་ལེའི་སྒྱུ་རྩལ་ལས་གྲྭ་རུ་ཕིས་ཁ་ཟོ་ཡིས་རྒྱུ་ཆ་ལྕགས་ཀྱིས་བྱས་པའི‘‘ལྡུམ་རྭའི་བུ་མོ’’( La Femme au jardin)ཞེས་པ་བཟོ་སྐྲུན་བྱས་ཤིང་། ཕྱིས་སུ་ལྡུམ་རྭའི་བུ་མོ་དེ་ཟངས་ཀྱིས་ཀྱང་ལས་པར་གྲགས།

དེ་ནས་ལོ་ངོ་ཁ་ཤས་ཀྱི་རིང་མཛའ་མོ་མ་ཝེས ཊེ་ཝེ་ཟུ བེལ་ཊེར་ཁྲིད་དེ་ཡུལ་ལུང་ཁ་ཤས་ལ་གནས་སྤོར་བྱས་པའི་ལོ་རྒྱུས་ཡོད་ཅིང་། ལོ་ཟླ་དེ་དག་གི་ཁྲོད་དུ་‘‘རྐུབ་སྟེགས་དམར་པོ་སྟེང་གི་སྒྲེན་མོ་ཆེན་མོ’’(Grand nu au fauteuil rouge)དང་། ‘‘མཚོ་འགྲམ་གྱི་འདྲ་རིས་གཉིས’’(Deux figures au bord de la mer) ལྟ་བུ་སོགས་བྲིས་ཡོད།

སྤྱི་ལོ་༡༩༣༤ལོར་ཁོང་སི་པན་གྱི‘‘བྷོག་གྷོ’’དང་མ་དྷུ་ཝས་སོགས་ལ་འགྲུལ་བཞུད་དུ་བསྐྱོད་ཅིང་། བྷར་ཟིལ་ལོན་གྱི་དེང་རབས་རི་མོའི་འགྲེམས་སྟོང་ཁང་ཞིག་ལ་ཕྱིན་རྗེས། ཁོང་གིས‘‘ལོ་འདབ་ཀྱི་བུད་མེད’’(Femme au feuillage)དང‘‘ཚ་ལུ་མའི་བུ་མོ’’(Femme à l’orange)སོགས་ཀྱི་འདྲ་གཟུགས་བཟོ་སྐྲུན་བྱས་ཤིང་། སྤྱི་ལོ་༡༩༣༥ལོར་ཡུལ་དེའི་འགྲེམས་སྟོན་ཁང་ཞིག་གིས་ཁོང་གི་སྐད་གྲགས་ཅན་གྱི་རི་མོ‘‘ཤོག་སྦྱར་རི་མོ’’(Les papiers collés)ཞེས་པ་འགྲེམས་སྟོན་བྱས། སྤྱི་ལོ་༡༩༣༦ལོར་མ་དྷུ་ཝས་གྲོང་ཁྱེར་གྱི‘‘ཕི་ཝ་དྷོ་འགྲེམས་སྟོན་ཁང’’( Musée du Prado)གི་འགན་འཛིན་དུ་བསྐོས་མོད། དུས་སྐབས་དེར། སི་པན་དུ་མི་སེར་དམག་འཁྲུག་ལངས་བཞིན་ཡོད་པས། ཁོང་ཧྥ་རན་སིར་ཕྱིར་ལྡོག་ཅིང་། མ་ཝེས ཌེ་ཝེ་སི བལ་ཌིལ་ལ་བུ་མོ་ཞིག་སྐྱེས།

༧ དམག་ཤོག་ཚོགས་པར་ཞུགས་པ།

སྤྱི་ལོ་༡༩༣༧ལོར་ཕིས་ཁ་ཟོ་ཡིས‘‘གྷ་ནིས་ཁ’’ཞེས་པའི་རི་མོ་ཆེན་པོ་དེ་བྲིས་ཤིང་། རི་མོ་འདི་སྐད་གྲགས་ཆེན་པོ་ཆགས་ཤིང་། ཕྱིས་སུ་ཧྥ་རན་སིར་འབྱོར་བའི་རྗར་མན་གྱི་ནཱ་ཛི་ཕྱོགས་གཏོགས་པ་ཚོས་སྤྱོ་ཡུལ་དུའང་གྱུར། འོན་ཀྱང་རི་མོ་འདི་ནི་ཁོང་གི་བརྩམས་ཆོས་དག་ལས་ཚབ་མཚོན་བརྩམས་ཆོས་ཤིག་ཡིན་ཞིང་། རི་མོ་འདིའི་སྟེང་ན་དམག་འཁྲུག་གིས་བསྐྲུན་པའི་གོད་ཆག་དང་ཁོང་གི་སེམས་ཁོང་ན་དྲག་ཏུ་འཕྱོ་བའི་ཁོང་ཁྲོ་སོགས་མཚོན་པར་བྱས་ཡོད་ཟེར།

སི་པན་དུ་མི་སེར་དམག་འཁྲུག་ལངས་བཞིན་ཡོད་མོད། སྤྱི་ལོ་༡༩༣༧ལོར་ཁོང་གིས‘‘མིག་ཆུ་བཞུར་བའི་བུ་མོ’’(peint La femme qui pleure)དང་། སྤྱི་ལོ་༡༩༣༨ལོར‘‘བྱི་དོར་བྱེད་པའི་བུ་མོ’’(Les Femmes à leur toilette)སོགས་བྲིས། གཞན་ཡང་། སྤྱི་ལོ་༡༩༣༩ལོར‘‘ཨང་ཁྲེ་བྷུ་ནས་མཚན་མོར་ཉ་རྔོན་པ’’( Pêche de nuit à Antibes)དང་། སྤྱི་ལོ་༡༩༤༠ལོར‘‘ཞྭ་མོ་གྱོན་པའི་བུ་མོ་འདྲ་མཚུངས’’ (Séquence de femmes au chapeau)སོགས་བྲིས་པའི་ལོ་རྒྱུས་ཡོད།

ལུག་ལ་འགྱུར་བའི་མི།

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ། ཕིས་ཁ་ཟོ་ཡིས‘‘གླང་གོག་གི་མགོ’’(Tète de taureau) ཞེས་པ་དང་། ‘’ཨོ་བྷ་དྷུ’’(l’Aubade) ‘‘ལུག་ལ་འགྱུར་བའི་མི’’(L’Homme au mouton)འབྲི་བཞིན་པའི་སྐབས་སུ། ཁོང་གློ་བུར་དུ་ཧྥ་རན་སིའི་དམག་ཤོག་ཚོགས་པར་ཞུགས། དེའི་རྒྱུ་མཚན་གཙོ་བོ་ནི་སི་པན་གྱི་མི་སེར་དམག་འཁྲུག་དང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་དམག་ཤོག་ཚོགས་པའི་བཙན་རྒོལ་རྒྱལ་སྐྱོབ་པ་ཚོའི་ཕྱག་ལས་གནང་སྟངས་དང་བསམ་བློ་འཁྱེར་སྟངས་སོགས་ཀྱི་དབང་གིས་ཡིན་པར་བཤད།

༨ སྐུ་ཚེའི་སྨད་ཀྱི་ལོ་རྒྱུས་ཐར་ཐོར།

འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ། ཕིས་ཁ་ཟོ‘‘ཧྥང་སི་བ ཇིལ་ལོ’’(Françoise Gilot )ཟེར་བའི་གཞོན་ནུ་མ་ཞིག་ལ་ཁ་ཐུག་ཅིང་། སྤྱི་ལོ་༡༩༤༦ལོར་ཁོང་དང་བཟའ་ཟླ་གཉིས་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་མཚོ་ངོགས་ཤིག་ཏུ་ཆགས་པའི་གྲོང་རྡལ‘‘གྷོ་ཧྥུ གཞོན’’(Golfe-Juan)ཞེས་པའི་ཡུལ་དུ་གནས་སྤར་ཞིང་། སྐབས་དེར་ཕིས་ཁ་ཟོ་ཡིས་ཆུ་ཚོད་མང་ཤོས་རྗ་བཟོ་སྒྱུ་རྩལ་གྱི་ཕྱོགས་སུ་བཏང་ཞིང་། རྗ་བཟོའི་བརྩམས་ཆོས་༤༥༠༠བཟོས་པར་བཤད།

སྤྱི་ལོ་༡༩༤༧ལོར་ཁོང་གི་བཟའ་ཟླ་མཐའ་མ་ཧྥང་སི་བ ཇིལ་ལོ་ལ་བུ་ཞིག་སྐྱེས་ཤིང་། སྤྱི་ལོ་༡༩༤༨ལོར་ཁོང་གིས་མ་བུ་གཉིས་ཁྲིད་དེ‘‘བ་ལོ་ཝེ་ཟི’’(Vallauris)ལ་ཕྱིན་ཏེ་གཞིས་ཆགས། ལོ་དེར་ཁོང་ཕོ་ལན་ཊིའི‘‘གྲོང་ཁྱེར་བུ་ཁུ་རོ་ཞ་ཧྥུ’’(Wroclaw)རུ་རྟེན་གཞི་བྱས་པའི་བསམ་བློ་བའི་ཞི་བདེ་ལྷན་ཚོགས་སུ་ཞུགས། སྤྱི་ལོ་༡༩༤༩ལོར་ཁོང་གིས་སྐད་གྲགས་ཅན་གྱི་རི་མོ‘‘ཞི་བདེའི་ཕུག་རོན’’( Colombe de la Paix)ཞེས་པ་བྲིས་ཤིང་། སྤྱི་ལོ་༡༩༥༥ལོར་རི་མོ་འདི་ལ‘‘རྒྱལ་སྤྱིའི་ཞི་བདེ་ཚོགས་པའི་གཟེངས་རྟགས’’(Prix international de la paix)ཐོབ། ཕྱིས་སུ་ཕུག་རོན་ནི་འཛམ་གླིང་གི་ཞི་བདེའི་མཚོན་རྟགས་སུ་གྱུར་སྐད།

སྤྱི་ལོ་༡༩༥༠ལོར་ཧྥང་སི་བ ཇིལ་ལོ་ལ་བུ་མོ་ཞིག་སྐྱེས་པས། ཁོང་གིས‘‘བྱིས་པ་འདེད་འཁོར་ནང་གི་བུ་མོ’’( La Femme à la poussette)དང་། ‘‘ཐག་རྩེད་རྩེ་བའི་བུ་མོ་ཆུང་ཆུང’’( La Petite Fille sautant à la corde)སྐད་པའི་རི་མོ་བྲིས། གཞན་ཡང་། སྤྱི་ལོ་༡༩༥༡ལོར་ཨ་རིའི་དམག་མིས་ཁོ་རེ་ཡའི་མི་མང་དམར་གསོད་བྱེད་བཞིན་པའི་གནས་སྟངས་ལ་གཞིགས་ཏེ‘‘ཁོ་རེ་ཡའི་ནང་དམར་གསོད’’(Massacre en Corée)ཅེས་པའི་རི་མོ་དང་། སྤྱི་ལོ་༡༩༥༡ལོར‘‘དམག་འཁྲུག་དང་ཞི་བདེ’’( La Guerre et La Paix) གཞན་ཡང་‘‘བུ་མོ་ཆུང་ཆུང་བཞི’’(Les Quatre Petites Filles)ཞེས་པའི་ཟློས་གར་འཁྲབ་གཞུང་ཞིག་ཀྱང་བྲིས་ཡོད།

བོ་བུ་ཎ་གྷུ་མཁར་གྲོང་།

སྤྱི་ལོ་༡༩༥༣ལོར་ཁོང་དང་ཧྥང་སི་བ ཇིལ་ལོ་གཉིས་བཟའ་འཐོར་བྱེད་དགོས་བྱུང་མོད། སྤྱི་ལོ་༡༩༥༤ལོར་ཁོང‘‘གཞའ་ཁུ་ལེ་ཎི ཝོ་ཁུ’’(Jacqueline Roque 1926-1986)ཟེར་བའི་གཞོན་ནུ་མ་ཞིག་དང་འཕྲད་པར་གྱུར། ལོ་ཤས་ཀྱིས་རྗེས་སུ་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་གྲོང་རྡལ‘‘བྷོབ་ཞེ དྷུ ཝོང’’(Bouches du Rhône)དང་ཐག་ཉེ་བའི་སར་ཡོད་པའི‘‘བོ་བུ་ཎ་གྷུ་མཁར་གྲོང’’(Château de Vauvenargues)ཞིག་ཉོས་ཏེ་རི་མོ་དང་། འཇིམ་བཟོ། རྗ་བཟོ་སོགས་མཚམས་མ་ཆད་པར་བཞེངས་ཏེ་སྒྱུ་རྩལ་གྱི་ཕྱག་ཟུང་མ་ལྷོད་པར་གྱུར། དཔེར་ན། རྡོ་བཟོ་སྒྱུ་རྩལ‘‘རྐུབ་སྟེགས’’(La Chaise)ཞེས་པ་དང་། ‘ ‘དཔུང་པ་བརྐྱངས་པའི་བུ་མོ’’(La Femme aux bras écartés) ‘‘བྱིས་པ་དང་མཉམ་དུ་ཡོད་པའི་བུད་མེད’’(La Femme à l’enfant) ‘‘རྐང་རྩེད་སྤོ་ལོ་པ’’(Les Footballeurs)སོགས་དང་། གཞན་ཡང་ཤིང་གིས་བཟོས་པའི‘‘རྐྱལ་རྩེད་པ’’(Les Baigneurs)སོགས་བསྐྲུན་ཡོད།

ཕིས་ཁ་ཟོ་དགུང་ལོ་དྲུག་ཅུ་སོན་རྗེས། ཁོང་གིས་ཕྱག་ལས་ཀྱི་དུས་ཚོད་ཕལ་ཆེ་བ་རྫ་བཟོ་སྒྱུ་རྩལ་དང་། ཤིང་བཟོ་སྒྱུ་རྩལ། རྡོ་བཟོ་སྒྱུ་རྩལ་སོགས་ཀྱི་ཐད་ལ་བཏང་བར་གྲགས་སོ། །

སྤྱི་ལོ་༡༩༧༤ལོའི་ཟླ་༤པའི་ཚེས་༨ཉིན་ཕིས་ཁ་ཟོ‘‘གློ་བའི་རྩ་དཀར་གྱི་ནད’’(Embolie pulmonaire)ཅིག་གི་དབང་གིས་སྐུ་གྲོངས་ཤིང་། སྐབས་དེར་ཁོང་དགུང་ལོ་༩༢ཡིན་པ་རེད། ཁོང་གི་བེམ་པོ་བོ་བུ་ཎ་གྷུ་མཁར་གྲོང་གི་ར་སྐོར་དུ་སྦས་ཡོད་པ་རེད་ཟེར།

ཕྲན་གྱིས་ཨུ་ཚུགས་དང་བཅས་ཕིས་ཁ་ཟོ་ཡི་ལོ་རྒྱུས་བྲིས་ནས་མཚམས་འདིར་སླེབས་སྐབས། མུན་ཡང་རུབ་གྲབས་བྱེད། ཕྲན་ཀྱང་ཨ་ཐང་ཆད་འདུག ཕྱིར་འདང་ཞིག་རྒྱག་སྐབས་གནས་ཚུལ་ཞིག་བརྗེད་ཡོད་པ་ལྟ་བུའི་ཚོར་བ་ཞིག་སྐྱེས་བྱུང་མོད།  ད་ནི་དགོང་ཟས་གྲ་སྒྲིག་བྱེད་དགོས་པས་རེ་ཞིག་རྩོམ་ཡིག་འདིའི་མཇུག་བསྡུས་པ་ཡིན་ནོ། ། མ་རྟོགས་ལོག་རྟོག་གི་ཆ་ཡོད་ཚེ་མཐོལ་ལོ་བཤགས་སོ། །

(གསལ་བཤད། རྩོམ་པ་པོ་དང་རྩོམ་སྒྲིག་པའི་ཆོག་མཆན་མེད་པར་རྩོམ་ཡིག་འདི་འཕྲིན་སྟེགས་དང་དྲྭ་རྒྱ་གཞན་དུ་མི་སྤེལ་བའི་རེ་བ་ཡོད།)