སྙིང་ཉེ་ལགས། དེ་རིང་ཁྱོད་ཀྱི་སྐྱེས་སྐར་རེད། ཁྱོད་ཀྱི་སྐྱེས་སྐར་ལ་ལེགས་སྐྱེས་གྲ་སྒྲིག་བྱེད་རྒྱུ་ནི་ང་ལ་མཚོན་ན་དཔྱད་རྩོམ་འབྲི་བ་ཇི་བཞིན་ཤིན་ཏུ་སྒྲུབ་ཁག་པོའི་ལས་བྱ་ཞིག་རེད། དེ་ནི་ལེགས་སྐྱེས་ཆེ་དྲགས་ན་ཁྱོད་རང་ཁྲོ་སྲིད་ལ་ཆུང་དྲགས་ནའང་ཁྱོད་རང་སྡུག་པར་གྱུར་བས་རེད།

ད་ལོའི་དབྱར་གནང་སྐབས་གནས་སྲེད་ཆེ་བའི་ཁོ་བོ་ཁྱོད་དང་གྱེས་ནས་ཉིན་ཞག་ཞེ་བདུན་རིང་ལ་རྒན་ཚངས་དབང་སོགས་དང་ལྷན་དུ་དབུས་གཙང་མངའ་རིས་ཡུལ་ལ་བསྐྱོད་ཅིང་། ཕྱིར་ཡུལ་ལ་ལོག་དུས་ཡུལ་དབུས་ལྷ་ས་ནས་ཉོས་པའི་ལེགས་སྐྱེས་དཀྱུས་མ་ཞིག་ལས་འཇིག་རྟེན་འདིར་ཁྱོད་ཁོ་ན་ལ་དབང་བ་ཞིག་ཕུལ་མ་ནུས་པ་ལ་བློ་ཕམ་ཡང་རིམ་གྱིས་བྱུང་། ཡིན་ནའང་དགའ་འོས་པ་ཞིག་ལ་ཁྱོད་ཀྱི་སྐྱེས་སྐར་མ་ཐོན་པའི་ཉིན་འགའི་སྔོན་ལ་ངས་ལེགས་སྐྱེས་ཅི་ཞིག་གྲ་སྒྲིག་བྱེད་དགོས་མིན་ཡང་ག་ལེར་ཤེས་བྱུང་། ཁྱོད་ཀྱི་མདུན་ལྕོག་ངོས་ལ་བཞག་པའི་ཤེལ་གྱི་ཟེའུ་དེ་ནི་ངས་ཁྱོད་ལ་ཕུལ་བའི་སྐྱེས་སྐར་གྱི་ལེགས་སྐྱེས་ཤིག་ཡིན། ལེགས་སྐྱེས་ཀུན་ལས་ཁོ་བོའི་སྣང་ངོར་འདི་ཉིད་དང་པོ་དང་རྩེ་མོ། རབ་དང་ཕུལ་དུ་བྱུང་བ་ཞིག་ཡིན་པར་ཡིད་ཆེས་རྙེད་ཡོད། རྩོམ་ཡིག་འདི་ཉིད་བཀླགས་ནས་མཚམས་འདི་ལ་ཐོན་དུས་ཁྱོད་རང་ཚིག་པ་ཟ་སྲིད་མོད་ཁྱོད་ཀྱིས་མུ་མཐུད་དུ་ཡི་གེ་འདི་ཉིད་ཀློག་པར་ཞུ། ཁྱོད་ལ་ཕུལ་བའི་ཤེལ་གྱི་ཟེའུ་འདི་ནི་རང་བཞིན་གྱི་ཟེའུ་དཀྱུས་མ་ཞིག་ག་ལ་ཡིན་ཏེ།  འདི་རུ་སྔོན་བྱོན་མཁས་གྲུབ་དམ་པ་རྣམས་ཀྱི་བྱིན་རླབས་འདུས་ཡོད་ཅིང་། འདི་རུ་ང་ཚོ་གནས་མཇལ་བ་བཞི་ཡི་གནས་སྐོར་རིང་མོ་ཞིག་གི་གཏམ་རྒྱུད་སིམ་ཡོད། དེ་བཞིན་བདག་གིས་ཁྱོད་ལ་བཅངས་པའི་ལྷག་བསམ་དྭངས་མོ་ཞིག་གི་ངར་ཤ་ཡང་འཁྱིལ་ཡོད།

གནས་མཇལ་སྐབས་ང་ཚོས་གནས་རི་གྲགས་ཅན་དང་མཚོ་འགངས་ཆེན། དགོན་གནས་བྱིན་རླབས་ཅན་ནས་ས་སྣ་དང་ཆུ་སྣ་རྡོ་སྣ་མང་དུ་གསོག་པ་བཞིན་ངེད་ཀྱིས་ཀྱང་རྡེའུ་སྙིང་རྗེ་མོ་མང་པོ་ཞིག་བཏུས་པ་དང་། དེ་དག་གི་འབྱུང་ཁུངས་གསལ་བོ་ངོས་འཛིན་སླད་པར་བརྒྱབ་ནས་ས་མིང་གི་རྟགས་ཀྱང་བརྒྱབ་ཡོད། ཤེལ་གྱི་ཟེའུ་རུ་བཅུག་པའི་རྡེའུ་རེ་རེ་ནི་སྟོད་མངའ་རིས་ཡུལ་ནས་བཏུས་པ་རྐྱང་གིས་གྲུབ་ཅིང་། དེ་ཉིད་དུ་འཁྱིལ་བའི་ཆུ་དྭངས་མོ་ནང་ཡང་ཁ་འབབ་ཆུ་བོ་རྣམ་བཞི་དང་མཚོ་ཆེན་བཞི་ཡིས་མཚོན་པའི་ཆུ་སྣ་མང་པོ་ཞིག་འདུས་པར་མ་ཟད། ཡུལ་གྲུ་བཞི་བཅུ་ལྷག་གི་ས་སྣ་ཡང་ཅུང་ཟད་བསྲེས་ཡོད། འདི་ལྟར་བཤད་ན་ཁྱོད་ལ་སྤྲོ་བ་དང་། དགའ་བ་དང་། བདེ་བ་ཞིག་སྦྱིན་པའི་གདེང་ཚོད་ང་ལ་མེད་ཀྱང་མུ་ནས་ཁྱོད་ཀྱིས་རྩོམ་འདིའི་མཇུག་སྐྱོང་བར་ཞུ།

སྙིང་ཉེ་ལགས། ངས་བརྩམས་སྒྲུང་ལ་དགའ་བའི་ཁྱོད་ལ་རྡེའུ་འདི་དག་གི་འབྱུང་ཁུངས་འཆད། འདི་དག་གི་བྱིན་རླབས་བཤད། འདི་དག་གི་མཚོན་དོན་བརྗོད། བྲག་དཀར་རྟ་སོ་ནས་རྡེའུ་དཀར་པོ་རྟ་སོ་འདྲ་བ་གཉིས་དང་།  གད་པ་གསེར་གྱི་བྱ་སྐྱིབས་ནས་རྡེའུ་གསེར་མདོག་ཅན་བྱ་སྒོང་འདྲ་བ་ཞིག ། གུ་རུ་རིན་པོ་ཆེའི་སྒྲུབ་གནས་ཟངས་མདོག་དཔལ་རི་ནས་ཟངས་མདོག་དཔལ་རི་དང་མཚུངས་པ་ཞིག ། མཁར་རྩེ་ཡུལ་ནས་ཕོ་རྟགས་ལིངྒ་ལ་ཉེ་བ་ཞིག ། རྩ་མདའ་རྩ་ཧྲེང་ཤང་ནས་འགྱུར་རྡོ་མཉྫི་ར་རི་མོ་གཡས་འཁྱིལ་ཅན་ཞིག ། གཞན་ཡང་གངས་དཀར་ཏི་སེ་དང་མ་ཕམ་གཡུ་མཚོ། ལ་ངག་མཚོ། ཙ་མི་པཎ་ཆེན་གྱི་གདན་ས་མགོན་གནང་། ནག་ཚོ་ལོ་ཙཱ་བའི་གདན་ས་ཡང་དོག ། ཆོས་རྗེ་གྷུ་ཡ་སྒང་པའི་གདན་ས་རྒྱང་གྲགས་དགོན། གུང་ཐང་ལོ་ཙཱ་བ་དང་རྗེ་བཙུན་མི་ལ་རས་པའི་འཁྲུངས་ཡུལ་བཅས་གནས་ཆེན་བཅུ་གསུམ་ལས་བཏུས་པའི་རྡེའུ་ཁྱད་པར་ཅན་འགའ་ཡང་ཤེལ་གྱི་ཟེའུ་འདི་གར་གནས་སོ། ། 

1

རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྗེ་བཙུན་མི་ལ་རས་པས་མི་ལོ་དགུ་ལ་སྒྲུབ་པ་ཉམས་ལེན་ལ་གཞོལ་བའི་མཐར་ལྟ་བ་དབུ་མ་རྙེད་པའི་སྒྲུབ་གནས་བྲག་དཀར་རྟ་སོ་དབུ་མ་རྫོང་གི་རྡེའུ་དཀར་པོ་དེ་གཉིས་ནི་ཁྱོད་ཀྱིས་མི་ཚེ་དཀའ་སྡུག་གིས་བསྐྱལ་བའི་སྐྱེས་ཆེན་ཞིག་གི་བརྩོན་འགྲུས་མཐོང་བའི་མེ་ལོང་ཡིན་པར་ཤོག །  ཁོང་གིས་ལྟོ་སྐྱ་གོས་ཧྲུལ་གྱིས་འཇིག་རྟེན་ཕལ་བའི་མི་ཡིས་སྒྲུབ་ཁག་པའི་བྱ་བཞག་རླབས་ཆེན་སྒྲུབ་ནུས་ན་ཕྱི་ནང་གཉིས་ཀྱི་མཐུན་རྐྱེན་འཛོམས་པའི་ང་ཚོས་ངེས་པར་ཧུར་བསྐྱེད་བྱེད་དགོས་པའི་སྙིང་གཏམ་ཞིག་ཀྱང་རྡེའུ་དེ་གཉིས་ཀྱིས་ཁྱོད་ལ་བརྗོད་ཐུབ་པར་སྨོན།

2

མགོན་གནང་གི་རྡེའུ་ནི་བལྟས་ཚོད་ལ་ཕལ་བ་ཞིག་ཡིན་ནའང་དེ་ཡང་བྱིན་རླབས་ཞུགས་པའི་རིན་བྲལ་ནོར་བུ་ཞིག་སྟེ། དུས་རབས་བཅུ་གཅིག་པར་རང་གི་རྣམ་དཔྱོད་དང་སྡུག་རུས་ལ་བརྟེན་ནས་རྒྱ་གར་ཤར་ནུབ་ཐམས་ཅད་ལ་མཁས་པར་གྲགས་ཤིང་འགྲན་ཟླ་དང་བྲལ་བའི་མཐར་པཎྜི་ཏ་ཆེན་པོར་གྱུར་ནས་དཔལ་ནཱ་ལེནྡྲ་དང་རྡོ་རྗེ་གདན། བི་ཀྲ་མ་ཤཱི་ལའི་མཁན་པོ་ལ་ཡང་བཞུགས་པའི་ལོ་ཙཱ་བ་ཆེན་པོ་ཙ་མི་སངས་རྒྱས་གྲགས་པ་ཞུ་བ་ཞིག་བྱོན་མྱོང་བ་རེད། སློབ་དཔོན་ཐོན་མི་ནས་མཁས་དབང་དགེ་ཆོས་བར་བོད་ལ་ལོ་ཙཱ་བ་བརྒྱ་ཕྲག་བདུན་ལྷག་བྱོན་མྱོང་ཡང་ད་ཕན་ལོ་རྒྱུས་དེབ་ཐེར་མཇལ་དུ་ཡོད་པ་རྣམས་ལས་རྒྱ་གར་ནས་པཎྜི་ཏའི་མཚན་ཐོབ་བཞེས་པའི་བོད་ཀྱི་ལོ་ཙཱ་བ་ནི་ཁོང་གཅིག་པུ་ཡིན་པར་བཤད། རྡེའུ་དེ་ཉིད་མཐོང་དུས་སྙིང་ཉེ་ཁྱོད་ཀྱིས་མཁས་གྲུབ་གཉིས་ལྡན་གྱི་བོད་ཀྱི་པཎ་ཆེན་དེ་ཉིད་ཡིད་ལ་བསྒོམས་ནས་གུས་པར་ཞུ། མཆོད་པར་ཞུ། རྗེས་སུ་ཡི་རངས་པར་ཞུ།  

3

རི་བོ་ཀེ་ལ་ཤའི་གངས་སྐོར་ལམ་ནས་རྡེའུ་རིགས་མི་འདྲ་བ་བཞི་བཏུས་ཤིང་། དེ་ནི་གངས་རིན་པོ་ཆེ་ལ་ཆོས་ལུགས་མི་འདྲ་བ་བཞིས་བཀུར་བ་མཚོན་བྱེད་དུ་ལྟ་ཆོག་ལ། ཧིན་རྡུའི་ཆོས་ལུགས་པ་ཚོས་གངས་རིན་པོ་ཆེ་ནི་ལྷ་ཆེན་དབང་ཕྱུག་གི་བསྟི་གནས་དང་། ནང་བ་ཚོས་བདེ་མཆོག་གི་ཕོ་བྲང་དང་། བོན་པོ་ཚོས་གེ་ཁོད་ཀྱི་བཞུགས་གནས་སུ་ངོས་འཛིན་པར་གྲགས། གཅེར་བུ་པ་ཚོས་ལྷ་ཆེན་སུ་ཞིག་གི་གནས་མཆོག་ཏུ་བྱེད་པ་ཁོ་བོས་མི་ཤེས་ལ། ཕྱིས་སུ་གསལ་ཁ་འོང་ན་བདག་གིས་ཁྱོད་ལ་བཤད་ཆོག ། གངས་སྐོར་ལ་གཡས་སྐོར་རམ་གཡོན་སྐོར་རྒྱག་མཁན་ཡོད་པས་འདི་གར་ཆོས་ལུགས་གྲུབ་མཐའ་དང་ཡུལ་ལུང་གི་ཕྱོགས་རིས་ཉི་ཚེ་བ་མེད་པ་ལྟར་རྡེའུ་དེ་དག་མིག་ལ་ཐོགས་ཐེངས་རེར་ཁྱོད་ལ་ཡང་དཀྱེལ་ཡངས་པའི་ཁོག་རྒྱ་དང་མིག་རྒྱང་རིང་བའི་རྣམ་དཔྱོད་ཅིག་ལྡན་པར་ཤོག ། 

4

སེར་པོ་བྱ་སྒོང་འདྲ་བའི་རྡོ་དེ་ནི་གྲོགས་པོ་རྡོ་རྗེ་རིན་ཆེན་གྱིས་གད་པ་གསེར་གྱི་བྱ་སྐྱིབས་དང་ཐག་ཉེ་སའི་མ་ཕམ་གཡུ་མཚོའི་ངོགས་ནས་ང་ལ་འཚོལ་རོགས་བྱས་པ་དང་། ལྷ་མ་ཡིན་གྱི་ངོས་སུ་གྲགས་པའི་གད་པ་གསེར་གྱི་བྱ་སྐྱིབས་ནི་སྔོན་སངས་རྒྱས་བཅོམ་ལྡན་འདས་མངའ་རིས་ཡུལ་ལ་ཕེབས་དུས་དགྲ་བཅོམ་པ་ལྔ་བརྒྱ་བཞུགས་མྱོང་སའི་གནས་འགངས་ཆེན་ཞིག་ཡིན། འདི་སྐད་བརྗོད་དུས་ཁྱོད་ཀྱིས་སྟོན་པ་ཤཱཀྱ་ཐུབ་པ་བོད་ཡུལ་དུ་ཕེབས་མྱོང་ངམ་ཞེས་ང་ལ་དྲི་སྲིད་དམ། རྒན་ཚངས་དབང་གིས་ལོ་མང་རིང་ཉམས་ཞིབ་བྱས་པའི་འབྲས་བུ་ལ་རང་ཅག་གི་སྟོན་པ་ཆེན་པོ་དེ་ཉིད་མངའ་རིས་ཡུལ་ལ་སྐུ་དངོས་སུ་ཕེབས་ནས་བཀའ་འགྱུར་ནང་གི་《མ་དྲོས་པས་ཞུས་པའི་མདོ་》དང་《ལང་ཀར་གཤེགས་པའི་མདོ་》སོགས་གསུངས་པར་གྲགས། རྡེའུ་གསེར་མདོག་ཅན་དེས་ཁྱོད་ལ་ཡང་ངས་གསར་དུ་ཤེས་པའི་ལོ་རྒྱུས་འདི་དག་གི་དྲན་པ་གསོ་ཐུབ་པར་ཤོག ། 

          5

ལ་ངག་མཚོའི་དབྱིབས་ནོར་བུ་དང་མཚུངས་པའི་རྡོ་དེ་ནི་ཨ་ཁུ་ཨོ་རྒྱན་ཚེ་རིང་ལགས་ཀྱིས་ང་ལ་གནང་བ་ཡིན། མགོན་པོ་གྲི་གུག་གི་བླ་མཚོ་དེ་ནི་མ་ཕམ་གཡུ་མཚོ་དང་ཁ་གཏད་དུ་མཆིས་ཤིང་། ལྷ་ཆེན་དབང་ཕྱུག་གི་ཕོ་བྲང་གངས་ཏི་སེ་ནས་བཞུར་བའི་གངས་ཆབ་འདི་གར་བཞུར་བ་དང་། ལྷ་མོ་ཨུ་མའི་བླ་མཚོ་མ་ཕམ་མཚོའི་ཆུ་ཡང་འདི་རུ་འདྲེས། དེ་ནས་འདིའི་ཐག་ཉེ་སར་གླང་ཆེན་ཁ་འབབ་སྟེ་ཆུ་བོ་གངྒཱའི་ཆུ་མགོ་ཆུ་མིག་བརྒྱ་རྩ་བརྒྱད་བརྡོལ་བ་རེད། གནའ་བོའི་རྒྱ་གར་ཤེས་རིག་གི་མ་ཡུམ་གཙང་པོ་ནི་ཆུ་བོ་གངྒཱ་ཡིན་ལ། འདི་ལ་མངོན་བརྗོད་ནང་ཛ་ཧུའི་བུ་མོ་ཟེར་ལ་དེ་དང་འབྲེལ་བའི་རིག་བྱེད་གཏམ་རྒྱུད་ཅིག་ཡོད་པ་ཁྱོད་ལ་རྒྱུས་ཡོད་དམ། རྒྱ་གར་བ་རྣམས་ཀྱིས་གཙང་པོ་འདི་ཉིད་སྤྱི་གཙུག་ཏུ་བཀུར་ནས་དེར་གསོན་དུས་ཁྲུས་རྒྱག་པ་དང་གཤེགས་རྗེས་གདུང་ཐལ་བླུགས་པའི་དགོས་པ་ཡང་དབང་ཕྱུག་ཡབ་ཡུམ་གྱི་བྱིན་རླབས་ཞུགས་ཡོད་པར་འདོད། དེས་ན་རྡོ་དེ་ལ་ཡང་ལ་ངག་མཚོ་མོའི་གཟི་བྱིན་མཆིས་སྲིད་པས་ཁྱོད་ལ་ཡང་ལྷ་ཆེན་དབང་ཕྱུག་གིས་རྗེས་སུ་བཟུང་སྟེ་ལྷ་ལྕམ་ཨུ་མས་བྱིན་གྱིས་བརླབ་པར་གྱུར་ཅིག །  

6

སྤྱི་ཟླ་7པའི་ཚེས་23ཉིན་ལོ་ཆེན་རིན་བཟང་གི་བཞུགས་ཡུལ་མཁར་རྩེ་ནས་Xབྲག་ཕུག་གི་ལྡེབས་རིས་ལ་མཇལ་དུ་འགྲོ་བའི་གྲམ་པ་ཞིག་ནས་རྒན་ཚངས་དབང་གིས་རྡོ་ལིངྒ་འདྲ་བ་ཞིག་རྙེད་པས་ངེད་ཅག་གིས་ཅིག་ཅིག་གི་དེ་ལ་འདྲ་ཨང་ཟེར་ནས་ཀུ་རེ་རྩེ་བ་ཡིན། ལར་བོད་ཀྱི་རིག་གནས་ནང་ཕོ་ནི་ཐབས་དང་མོ་ནི་ཤེས་རབ་ཀྱི་མཚོན་དོན་ཡིན་པས་ཐབས་ཤེས་ཟུང་འཇུག་གི་རིག་གནས་གང་སར་མཐོང་རྒྱུ་ཡོད་ལ་སྐུ་མཁར་བརྩིགས་ན་ཕོ་རྡོ་མོ་རྡོ་གཉིས་སྡེབ་ནས་སྒྲིག་དགོས་པ་དང་། བོད་ཀྱི་ཡི་གེ་དབྱངས་གསལ་གཉིས་ཀྱང་ཕོ་མོ་གཉིས་སུ་དབྱེ་ནས་“མོ་ཡི་ཡི་གེ་མེད་ན་ནི། ། ཕོ་ཡིག་བརྗོད་པ་མེད་པར་གྱུར། །”སོགས་ཀྱང་ཟེར་བ་ཁྱོད་ཀྱིས་ཤེས་གསལ་ལྟར་རེད། རྡོ་སྣ་རྡོ་རྗེ་དེ་ཡིས་ཁྱོད་ཀྱིས་མ་འོངས་པར་བྱ་བཞག་ཅི་ཞིག་སྒྲུབ་ན་དེ་དང་བསྟུན་ནས་ཐབས་དང་སྤོབས་པ་ཡོད་འོས་པའི་ཡིད་ཆེས་ཤིག་སྦྱིན་པར་ཤོག ། 

7

གཡས་འཁྱིལ་རིག་གནས་ཀྱིས་འགྲེལ་རྒྱག་ཆོག་པའི་འགྱུར་རྡོ་མཉྫིར་ཡི་སྐོར་རྩོམ་ཡིག་གཞན་དུ་རྒྱས་པར་གླེང་ཡོད་པས་འདི་གར་བསྐྱར་ཟློས་ཀྱི་ངལ་བ་སྤངས་པར་བྱ། དེ་ལ་བཀྲ་ཤིས་པ་དང་འགྱུར་བ་མེད་པའི་དགེ་མཚན་གྱིས་ཕྱུག་ཅིང་། རི་མོ་གཡུང་དྲུང་གཡས་འཁྱིལ་དང་མཚུངས་པས་འགྱུར་རྡོ་འདི་ཡིས་འུ་གཉིས་ཀྱི་མཛའ་བརྩེ་གོར་མ་རྡོ་བཞིན་ཕྱི་ནང་གཉིས་ཀྱིས་གཞོམ་གཞིག་བྲལ་བ་ཞིག་ཡིན་པའི་སྨོན་ལམ་བཏབ་ཡོད། དེ་ནས་མཚོ་གཏིང་གི་ནོར་བུ་དེ་ཤེལ་ཟེའུ་འདི་ཡི་ཞབས་ལ་འཇོག་དགོས་པའི་དོན་སྙིང་དང་མཚོན་དོན་ལའང་ཁྱོད་ཀྱིས་བསམ་གཞིགས་རེ་ཐོངས་དང་།

ཤེལ་གྱི་ཟེའུ་འདི་ནི་བརྟན་གཡོ་གཉིས་ཀྱིས་གྲུབ་པའི་འཇིག་རྟེན་ཆུང་ཆུང་ཞིག་ཡིན་པར་ཆ་བཞག་ན་ཆུ་ནི་མི་རྟག་པ་དང་གཡོ་བའི་རང་བཞིན་ཅན་ཏེ་དབྱར་དགུན་གྱི་དུས་ཚིགས་ལ་འགྱུར་བ་རབ་དང་རིམ་པ་ཞིག་འབྱུང་ངེས་པར་མ་ཟད་དེ་ཉིད་ས་ལ་འཐིམ་འགྲོ། མེ་ལ་སྐམ་འགྲོ། རླུང་ལ་འཐོར་འགྲོ། ལྟོས་བཅོས་ཀྱིས་རྡོ་ལ་ནི་ཆུ་བླུགས་ཀྱང་། མེས་བསྲེགས་ཀྱང་། སས་བསྣན་ཡང་། རླུང་གིས་འཁུར་ཡང་། དེའི་ངོ་བོ་ནི་རྟག་བརྟན་ཅན་ཞིག་རེད། འདི་ལས་ཕྱི་ཡི་ཡུལ་དུས་གནས་བབས་ཅི་ཙམ་འགྱུར་ནའང་རང་གིས་སྲུང་འོས་པའི་ནང་སེམས་ཀྱི་དམ་བཅའ་དེ་དག་ནམ་ཞར་བསྒྱུར་བ་མེད་པ་ཞིག་ཡིན་དགོས་པའི་བརྡ་ཞིག་བསྟན་ཡོད་ལ། ཤེལ་གྱི་ཟེའུ་འདི་ནི་ལྕགས་ཕོར་མིན་པས་འུ་གཉིས་ཀྱིས་འདི་ལ་གཅེས་སྤྲས་བྱེད་ཚུལ་ཡང་མི་ལོ་ལྔའི་ཡུན་ལ་འགྲོགས་ཤིང་འདྲིས་པའི་བརྩེ་བ་ལ་བཅངས་པའི་བསམ་པ་བཞིན་ཡིན་འོས་ཨང་།  འབྲལ་སྤངས་དགའ་མ་ལགས། ཁྱོད་ཀྱི་སྐྱེས་སྐར་ལ་ཕུལ་བའི་ལེགས་སྐྱེས་འདི་ནི་ཁྱོད་ལ་མཁོ་བའི་སྐེག་རྫས་མིན་པས་ཁྱོད་རང་མཛེས་པར་བསྒྱུར་མི་ནུས་ལ། ལེགས་སྐྱེས་འདི་ནི་ཀུན་དགའ་དོན་འགྲུབ་མིན་པས་ཁྱོད་རང་ཕྱུག་པོར་ཆགས་མི་ཐུབ་པ་དང་། ལེགས་སྐྱེས་འདི་ནི་དུས་བསྟུན་གྱོན་པ་མིན་པས་ཁྱོད་ལ་དྲོད་འཁོལ་སྦྱིན་མི་སྲིད་ཀྱང་འདི་ཡིས་ཁོ་བོ་ཡུལ་གང་དུ་ཕྱིན་ཀྱང་ཁྱོད་རང་བརྗེད་མེད་པའི་སེམས་པ་ཞིག་བསྟན་ཡོད་ཅེ་ན་ཁྱོད་ཀྱིས་ཡིད་ཆེས་སམ། རྒན་མོའི་ཁྱི་སོ་ཞེ་ན་འུ་གཉིས་དང་འདྲ་བའི་རྒུད་པའི་མི་རབས་ཤིག་ལ་མཚོན་ན་ལྷ་སྒྲུང་ཞིག་ཡིན་སྙམ་མོད། ཉེ་དུས་ཕྱིའི་རྒྱལ་ཁབ་ཅིག་ལ་དངོས་བྱུང་གཏམ་རྒྱུད་ཅིག་བྱུང་བ་《གསང་བ་》ཞེས་པའི་དེབ་ཅིག་ལས་བཀླགས་མྱོང་སྟེ། དྲག་སྐྱེད་འབྱུང་དཀའ་བའི་ནད་པ་ཞིག་གིས་སྤྱིར་བཏང་གི་རྡེའུ་གསུམ་ལ་བརྟེན་ནས་འཆི་བ་ལ་འཛུམ་གྱིས་གདོང་གཏད་པས་གཤིན་རྗེའི་ཁ་ནས་ཐར་ཞིང་། ཕྱིས་སུ་རྡེའུ་དེ་རིགས་ལ་དྲིན་གཟོ་རྡེའུ་རུ་བཏགས་ནས་གཞན་ལ་ཡང་མང་དུ་བཙོང་ནས་སྐྱེ་བོ་མང་པོ་ཞིག་ལ་རྔོ་ཐོགས་པར་བརྗོད།  དེ་བཞིན་གནམ་གྱི་ནི་དབུས། ས་ཡི་ནི་དཀྱིལ། གླིང་གི་ནི་སྙིང་པོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་ནི་མགོ་བོ། རི་མཐོ་ས་གཙང་བའི་གནས་མཆོག་གི་རྡེའུ་རྣམས་ཀྱིས་ཀྱང་ཁྱོད་ལ་སྔར་མེད་ཀྱི་ཡིད་ཆེས་ཤིག་དང་། སྙིང་སྟོབས་ཤིག་དང་། སྡུག་རུས་ཤིག་སྩོལ་ཐུབ་པར་སྨོན། 

སྙིང་ཉེ་ལགས། ཁྱོད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ། ནམ་ཞིག་གི་ཚེ་ན་ཁྱོད་ཀྱི་སྐྱེས་སྐར་དེ་ཡང་ཁྱེད་ཀྱི་འཁྲུངས་སྐར་དུ་གྱུར་སྲིད་ན་དེ་དུས་ཁྱོད་ཀྱི་མི་ཚེ་ལ་མཛེས་སྡུག་ལྡན་ཞིང་། གསོན་པ་ལ་དོན་ཡོད་པར་གྱུར་ལ། དེ་བས་སྐྱེས་སྐར་དེ་འཁྲུངས་སྐར་ལ་བསྒྱུར་བའི་གོ་རིམ་ནི་ཧུར་བསྐྱེད་ཀྱིས་བྲིས་པའི་རྟོགས་བརྗོད་རིང་མོ་ཞིག་ཀྱང་ཅི་ལ་མིན་ཨང་། དེ་དུས་བདག་གིས་ཁྱོད་ལ་ཕུལ་བའི་ལེགས་སྐྱེས་འདི་ནི་རང་ག་བ་ཞིག་མིན་པ་ཁྱོད་ཀྱིས་ངེས་ཤེས་རྙེད་སྲིད་དམ །

སྤྱི་ལོ་2019ལོའི་སྤྱི་ཟླ་9པའི་ཚེས་17ཉིན་རྩོམ་གདན་བྲིས་ཤིང་སྤྱི་ཟླ་10པའི་ཚེས་5ཉིན་ནམ་སྟག་མོ་མཚོའི་སྐྱེས་སྐར་བར་བཅོས་ཏེ་ཕུལ་ལོ། །