རང་སྡེའི་དཔེ་ཆ་ཀློག་མཁན་དག་ལ་མཚོན་ན། བོད་ཡིག་གི་དཔེ་ཆ་མང་པོ་ཐོན་ན་དགའ་བ་སྐྱེས་ཤིང་སྤྲོ་བ་འཕེལ་བའི་དོན་བཟང་ཞིག་ཡིན་པ་སྨོས་མ་དགོས། ཡིན་ནའང་དཔེ་ཆ་ལ་ལ་ཞིག་ནི་མ་བཀླག་ན་ཆོག་ཅིང་། དཔེ་ཆ་ཁ་ཤས་ཤིག་ནི་མ་ཉོས་ནའང་འཐུས། ཡང་དཔེ་ཆ་ཁ་ཅིག་ནི་སྐབས་ཐོག་དེར་ཀུན་གྱིས་དོ་སྣང་འདྲ་བྱས་ནའང་། དུས་ཀྱི་བགྲོད་པ་དང་བསྟུན་ནས་ཡུན་གྱིས་ས་རྡུལ་ཁྲོད་ལུས་འགྲོ་བའང་ཡོད། འོན་ཏེ་དཔེ་ཆ་སྐོར་ཞིག་ནི་ཉོས་ཤིང་བཀླགས་པས་མི་ཚད་ཡང་ནས་ཡང་དུ་བསམ་གཞིག་བཏང་སྟེ་རང་རྒྱུད་ལ་སྦྱར་ན་ཆིག་ཐུབ་སྨན་དུའང་འགྲོ་སྲིད།

སྐབས་སུ་བབ་པ་ནི་དཔེ་ཆ་གང་ཞིག་གི་བརྗོད་བྱའི་ཐད་ཀྱི་དགེ་སྐྱོན་གླེང་རྒྱུ་དེ་མ་ཡིན་པར་གཙོ་བོ་རྩོམ་པ་པོ་དང་ལོ་ཙཱ་བ་སོགས་ལ་འབྲེལ་བའི་གནད་དོན་ཞིག་ཡིན། གནད་དོན་འདི་ཀོ་ནི་བོད་ཀྱི་ཤེས་རིག་གི་འཕེལ་རྒྱས་དང་འབྲེལ་བ་ཟབ་པའི་གནད་དོན་ཞིག་ཡིན་པར་མ་ཟད། ཐད་ཀར་དུ་བོད་མིའི་རིན་ཐང་ལྟ་ཚུལ་དང་འདུ་ཤེས་འཛིན་སྟངས་ལ་འབྲེལ་བ་དམ་པོ་ཡོད་པའི་གནད་དོན་ཞིག་ཀྱང་ཡིན་པའོ། །

<<བོན་བསྟན་རིག་གནས་སྐོར་གྱི་དཔྱད་བརྗོད་ཁྱུང་རུའི་འོད་སྣང>>ཞེས་པ་དང་། <<ཞང་ཞུང་ཤེས་རིག་སྐོར་གྱི་དཔྱད་བརྗོད་བྱ་རུའི་གཟི་བྱིན>>ཞེས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱི་དེབ་གསར་གཉིས་རེད། དཔྱད་བརྗོད་ཀྱི་དེབ་དེ་གཉིས་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས<<བོན་དང་ཞང་ཞུང་ཞིབ་འཇུག་དཔེ་ཚོགས>>ཞེས་པའི་གྲས་སུ་བདམས་ཏེ་སྤྱི་ལོ2018ལོའི་ཟླ12པའི་ནང་པར་དུ་བསྐྲུན་འདུག དངོས་སུ་ཚོང་ར་ལ་བཀྲམ་དུས་ནི་ད་ལོའི་དཔྱིད་ཀ་ཡིན་པ་འདྲ། བོད་རིག་པའི་མཁས་པ་ཞིག་གི་ངོས་ནས་དཔྱད་འབྲས་འདི་ལྟ་བུ་ཐོན་ན་བཀྲ་ཤིས་རྟེན་འབྲེལ་ཞུ་དགོས་པའི་ཁར། ཐུགས་རྗེ་ལེགས་འབུལ་ཡང་ཞུ་ལོས་དགོས་མོད། འོན་ཀྱང་མདུན་ཤོག་སྟེང་གི“སྟོང་སྐོར་ཚེ་རིང་ཐར་གྱིས་བརྩམས། བླ་མ་བཀྲ་ཤིས་ཀྱིས་བསྒྱུར”ཞེས་པ་དེ་མཐོང་དུས་མིག་གི་དབང་བོ་ལ་ཧ་ཅང་མི་བདེ་བའི་ཚོར་བ་ཞིག་སྦྱིན་འོང་། སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་བོད་ཡིག་ནི་མཁྱེན། བོད་སྐད་ལ་ནི་བྱང་། བོད་རིག་པའི་དགེ་རྒན་ཆེན་མོའི་མཚན་བཏགས་ཀྱང་བཞེས་བཞིན་དུ་དཔྱད་རྩོམ་རྣམས་རྒྱ་ཡིག་གི་ལམ་ནས་འབྲི་དགོས་དོན་ཅི་ཞིག་རེད། བྲིས་པའི་ལྗགས་རྩོམ་དེ་ཡང་རང་གི་སློབ་མ་སོགས་ཀྱིས་ཕྱིར་བོད་ཡིག་ཏུ་བསྒྱུར་ཏེ་པར་དུ་བསྐྲུན་པ་འདི་མི་མཚར་རམ། ཡང་གཅིག་བཤད་ན་ལས་འདི་ནི་སྣག་ཤོག་གྲོན་པའི་རྒྱུ་རུ་མི་འགྲོའམ།

ཡང་ཨ་མཚར་པོ་ཞིག་ལ། <<ཐར་ལོ—པད་མ་ཚེ་བརྟན་གྱི་སྒྲུང་གཏམ་བོད་འགྱུར་མ>>ཞེས་པར་པད་མ་ཚེ་བརྟན་ལགས་ཀྱིས་རྒྱ་ཡིག་གི་ལམ་ནས་བྲིས་ཤིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2014ལོའི་རྩོམ་རིག་དང་ལོ་ཙཱ་འཛིན་གྲྭའི་སློབ་མ55རྩ་འཛུགས་བྱས་ཏེ་བོད་ཡིག་ཏུ་བསྒྱུར་པའི་སྒྲུང་རྩོམ16བསྡུས་འདུག ཤོག་ངོས་ལྔ་བརྒྱ་ལྷག་ཅན་གྱི“བོད་འགྱུར་མ”དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ2018ལོའི་ཟླ11པའི་ནང་པར་དུ་བསྐྲུན་འདུག་ལ། དེབ་དེའི་དབུ་འབྱེད་མཛད་སྒོ་ད་ལོའི་སྤྱི་ཟླ4པའི་ཚེས11ཉིན་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསྡུས་ཡོད་འདུག ཚོགས་ཐོག་ཏུ་སྒྲུང་རྩོམ་པ་དང་སྙན་ངག་པ། དཔྱད་བརྗོད་པ་སྐོར་ཞིག་འདུས་ཏེ“ཨ་ཁུ་འབྲོང་གི་སྣ་གསེར་སྣ་རེད”སོགས་ཀྱི་ཁ་ཡག་ངོ་དགའི་རླུང་རྟའང་གང་མང་སྤུར་འདུག་པ་རེད།

“པད་མ་ཚེ་བརྟན་གྱི་སྒྲུང་གཏམ་བོད་འགྱུར་མ”ཞེ་ན་ཇི་འདྲའི་རྣ་ལ་གཟན་པ་ཞིག་རེད་ཨང་། པད་མ་ཚེ་བརྟན་ལགས་ནི་པ་པོ་བ་བོའི་ཆོ་ལོ་མང་པོ་ཅན་གྱི་མི་སྣ་ཞིག་ཡིན་ཞིང་། ཁོང་གིས་ཀྱང་བོད་ཡིག་མཁྱེན་ལ་བོད་སྐད་ལའང་ཐོགས་པ་མེད། བོད་རྩོམ་འབྲི་བར་ཡང་བྱང་ཡོད་ན་ད་རུང“ཨུ་ཚུགས”ཀྱིས་རྒྱ་ཡིག་ལ་འཇུག་ཅིང་། རྒྱ་ཡིག་གི་སྒྲུང་རྩོམ་དེ་དག་ཀྱང་ཞིབ་འཇུག་སློབ་མ་ང་ལྔ་ཡིས་ལོ་ངོ་གཅིག་ལྷག་གི་རིང་ལ་ལོ་ཙཱ་བྱས་པ་དེར་ཡང་སྙིང་དགོས་པ་ག་རེ་ཡོད། དེའང་སྣག་ཤོག་གྲོན་པའི་རྒྱུའམ་དགོས་མེད་ཀྱི་ལྷག་མ་ཞིག་མ་ཡིན་ནམ། ད་དུང་སློབ་གྲྭ་ཆེན་མོ་ན་ཡོད་པའི་ཞིབ་འཇུག་སློབ་མ་དེ་རྣམས་ཀྱང་དངོས་གནས་ཁོམ་འདུག་པ་ལ་ཨང་།

རང་རེའི་མཁས་པར་བཀུར་བ་དང་རྩོམ་མཁན་དུ་འབོད་པའི་སྐྱེས་བུ་གང་མང་ཞིག་གིས་ཀ་མད་སུམ་ཅུ་ཡལ་བར་དོར་ཏེ་གཞན་སྐད་ལ་ཧུར་བརྩོན་གྱིས་འཇུག་པ་དང་། དེ་ཡང་མཐོ་སློབ་ན་གནས་པའི་རབ་འབྱམས་པ་དང་འབུམ་རམས་པ་སྐོར་ཞིག་གིས་ཉིན་མཚན་ལྟོས་མེད་དུ་ཁོང་རྣམ་པ་ཚོའི་ལྗགས་རྩོམ་ཕྱིར་འཁོར་ནས་དབྱངས་གསལ་སོ་བཞིའི་རི་མོར་ཕབ་པ་འདི་ལ་ཅི་ཟེར་དགོས། གནའ་མི་བོད་ཀྱི་གཏམ་དཔེ་ལ། གསེར་གྱི་ཀ་བའི་སྟེང་ལ་འཇག་མའི་ལྷན་པ་བརྒྱབ་ཅེས་པ་ནི་འདི་ལྟ་བུར་མི་གོ་གང་ལ་གོ །

སྟོང་སྐོར་ཚེ་རིང་ཐར་དང་པད་མ་ཚེ་བརྟན་སོགས་ཆུ་ངན་ལམ་ཞུགས་ཀྱིས་དང་དཔེ་ངན་ཀུན་གནོད་སྒོས་འདི་ལྟར་སོང་བ་ཡིན་ན། ནམ་ཉི་མ་ཞིག་ལ་དོན་གྲུབ་རྒྱལ་ལགས་ཀྱི<<སད་ཀྱིས་བཅོམ་པའི་མེ་ཏོག>>ཅེས་པ་ལུང་རིན་ཆེན་སོགས་ཀྱི་རྒྱ་འགྱུར་ལས་བོད་ཡིག་ཏུ་ཕབ་དགོས་པ་འབྱུང་ལ། དགེ་ཆོས་ལགས་ཀྱི<<དེབ་ཐེར་དཀར་པོ>>ཞེས་པ་ཡང་བློ་བཟང་ཆོས་འཕགས་སོགས་ཀྱི་རྒྱ་འགྱུར་མ་ལ་གཞི་བྱས་ཏེ་བོད་ཡིག་ཏུ་ལོ་ཙཱ་བྱེད་པའི་དུས་ཤིག་ཀྱང་མི་སླེབ་པའི་ངེས་པ་ག་ལ་ཡོད།

སྤྱི་ལོ2019ལོའི་ཟླ10པའི་ཚེས8ལ།