འགྲོ་མགོན་འཕགས་པའི་སྐོར།


དང་པོ། སྔོན་གླེང་། 

གྲོགས་པོ་དམ་པ་དགེ་རྒན་ཆེན་མོ་ཨེལིའོ་ཊི་ སྤེར་ལིང་(Elliot Sperling)ལགས་ཀྱིས་བོད་རྒྱའི་འབྲེལ་བའི་སྐོར་ལ་ཆེད་ལས་ཞིབ་འཇུག་བྱས་ཡོད་ཅིང་། ཁོང་གིས་བོད་ཀྱི་བླ་མ་རྒྱ་ནག་ཏུ་ཕེབས་པའམ་གོང་མའི་ཕོ་བྲང་དུ་ཕེབས་པའི་སྐོར་གྱི་དཔྱད་རྩོམ་བཅོ་ལྔ་ཙམ་བརྩམས་ཡོད།  དེའི་དཔེ་མཚོན་ནི་ ༡༩༩༡ ལོར་བྲིས་པའི་  “Some Remarks on Sga A-gnyan Dam-pa and the Origins of the Hor-pa Lineage of the Dkar-mdzes Region”ཞེས་པ་དང་། “Lama to the King of Hsia”ཞེས་པ་ལྟ་བུ་རེད།  དཔེ་མཚོན་དུ་དྲངས་པའི་རྩོམ་ཡིག་འདི་གཉིས་ཀར་ཁོང་གིས་འགྲོ་མགོན་འཕགས་པ་དང་ཧོར་གོང་མ་མཆོད་ཡོན་དུ་སྦྲེལ་བའི་སྐོར་གླེང་ཡོད།

བོད་ནི་རྒྱ་དཀར་ནག་གི་དཀྱིལ་དུ་འགྱིངས་པའི་རྒྱལ་ཁམས་ཤིག་ཡིན་ལ། བོད་མི་རྣམས་ཀྱིས་ལོ་རྒྱུས་ཀྱི་ཁྲོད་དུ་རྒྱ་གར་ནས་བུ་རམ་ལེན་པ་དང་རྒྱ་ནག་ནས་ཇ་ལེན་པ་སོགས་རྒྱ་དཀར་ནག་ཕྱོགས་གཉིས་ཆར་འགྲོ་འོང་བྱེད་པ་ཡིན། འོན་ཀྱང་དུས་རབས་བཅུ་གཅིག་པའི་དུས་མཇུག་གམ་བཅུ་གཉིས་པའི་དུས་སྟོད་དུ་རྒྱ་དཀར་ནག་གཉིས་ཀའི་ཡུལ་དུ་ཟིང་ཆ་སླེབས་པ་དང་། དུས་མཚུངས་སུ་བོད་ཀྱི་ཆོས་པ་རྣམས་ཤར་ཕྱོགས་ཧོར་དང་རྒྱ་ནག་གི་ཡུལ་དུ་ཕེབས་པའི་གྲངས་འབོར་འཕར་བར་གྱུར།  Sperling གི་རྩོམ་ཡིག་དཔེ་མཚོན་དུ་དྲངས་པ་འདི་གཉིས་ལྟ་བུས་ལོ་རྒྱུས་ཀྱི་འགྱུར་ལྡོག་འདི་དག་སྟོན་པར་བྱེད། དེ་བས་འདིར་ཧོར་གོང་མའི་ཕོ་བྲང་དུ་བོད་ཡིག་ཏུ་རྩོམ་འབྲི་མཁན་གསུམ་གྱི་སྐོར་གླེང་རྒྱུ་ཡིན།  

གཉིས་པ། ཧོར་གོང་མའི་ཕོ་བྲང་། 

འདིར་གོང་མའི་ཕོ་བྲང་ཞེས་པ་དེ་ནི་དུས་རབས་བཅུ་གསུམ་པ་དང་བཅུ་བཞི་པའི་སྐབས་ཀྱི་ཕོ་བྲང་རྣམས་ལ་བོད་ཡིག་ཏུ་བཀོད་པའི་གོང་མའི་ཕོ་བྲང་ཞེས་བྲིས་པ་རྣམས་ལ་ཟེར་བ་ཡིན། ཨ་མྱེས་ཞབས་(1597-1659/60)ཀྱིས་འགྲོ་མགོན་འཕགས་པའི་(1235-1280)གདན་ས་རྣམས་བཤད་སྐབས། “བླ་མ་འདི་ཉིད་ཀྱི་གདན་ས་ཆེ་བ་ནི། དཔལ་ལྡན་ས་སྐྱ། རྒྱལ་པོའི་ཕོ་བྲང་ཆེན་པོ་ཏའི་ཏུའི་ནང་གི་སྡེ་ཆེན་པོ་མེ་ཏོག་ར་བ་དང་། ཕོ་བྲང་ཤང་རྡོ་དང་། བྱང་ངོས་སྤྲུལ་པའི་སྡེ་དང་། གདན་ས་བར་ས་ནི་ཆུ་མིག་དཔལ་གྱི་སྡེ་ཆེན་དང་། མདོ་ཁམས་གཙང་མདོ་བསམ་འགྲུབ། ཤིང་ཀུན་དཔལ་གྱི་སྡེ་ཆེན་པོའོ། །གདན་ས་ཆུང་བ་ནི། བླ་མ་གོང་མ་རྣམས་ཀྱི་བཞུགས་གནས་ཁྱད་པར་ཅན་རྣམས་བདག་ཏུ་བཟུང་། ཐོག་རེ་བཞུགས་ཆོས་གསུངས། སོ་སོར་གང་འཚམས་ཀྱིས་དགེ་བཤེས་བཀོས་པའི་ས་རྣམས་ཡིན་ལ། ཡང་དབེན་ནི་རྒྱ་ནག་རི་བོ་རྩེ་ལྔ། ལྷ་རྩེའི་བྲག ཁའུ་སྐྱེད་ལྷས་ཀྱི་བྲག་ཕུག་རྣམས་སོ། །”[1]ཞེས་འབྱུང་།  དེ་ལྟར་ན། རྒྱལ་པོའི་ཕོ་བྲང་ཆེན་པོ་ཏའི་ཏུ་དང་། ཕོ་བྲང་ཤང་ཏོ། བྱང་ངོས་སྤྲུལ་པའི་སྡེ་བཅས་ནི་འཕགས་པས་ཞབས་ཀྱིས་བཅགས་པའི་ཧོར་གོང་མའི་ཕོ་བྲང་རྣམས་ཡིན།  

ཐ་སྙད་ཀྱི་ཆ་ནས་ད་དུང་རྒྱལ་པོའི་ཕོ་བྲང་ཁའི་ཕིང་ཧུ། ཕོ་བྲང་ཆེན་པོ་ཅོང་ཏོའི་མཁར། བྱང་ངོས་ལིང་ཆུ་རྩེར་ཁབ་ཅེས་འཁོད་ཡོད།  འདིའི་སྐོར་ལ་རྒྱུས་ཡོད་འགའ་ཞིག་ལ་སྐད་ཆ་དྲིས་པ་དང་། རང་གིས་ཀྱང་བཙལ་འཚོལ་བརྒྱུད་ནས་ཤེས་གསལ་ལྟར་ན། བྱང་ངོས་སྤྲུལ་པའི་སྡེ་དང་བྱང་ངོས་ལིང་ཆུ་རྩེར་ཁབ་ཅེས་པ་འདི་ནི་ས་པཎ་ཁུ་དབོན་ཐོག་མར་འབྱོར་སའི་ས་ཆ་དེ་ཡིན་པ་རེད།  བོད་ཡིག་ཏུ་འགུ་ཚང་ངམ་ལིང་ཇུ་(Liangzhou)སོགས་བྲིས་ཡོད་པ་རེད།[2]ཁའི་ཕིང་ཧུ་(Kaiping)ནི་ཤང་ཏོའི་མིང་གཞན་ཡིན་ལ། སེ་ཆེན་རྒྱལ་པོས་ ༡༢༥༦ ལོར་བཏབ་པར་བཤད་ཅིང་། ཕྱི་ལོ་ ༡༢༦༣ ལོར་ཤང་ཏོ་(Shangdu)ཞེས་མིང་བསྒྱུར་པ་རེད།[3]ད་ལྟའི་རྒྱལ་ས་པེ་ཅིང་གི་མིང་ལ་སྔོན་གྱི་དུས་ཅོང་ཏོ་(Zhongdu)ཟེར་བ་དང་། ཕྱིས་སུ་ཕྱི་ལོ་ ༡༢༧༢ ལོར་ ཏའི་ཏུ་(Daidu)དང་ཡང་ན་ཏ་ཏུ་(Dadu)ཞེས་བསྒྱུར་པ་རེད། 

གསུམ་པ། གོང་མའི་ཕོ་བྲང་གི་རྩོམ་པ་པོ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན།(1235-1280)

འགྲོ་མགོན་འཕགས་པའི་ཕེབས་བཞུད་ཀྱི་ལོ་ཚིགས་རེའུ་མིག་ལས་ལྗང་ཁུའི་རྟགས་དེ་བོད་དུ་བཞུགས་པ་མཚོན་ཞིང་། སྔོན་པོའི་རྟགས་ཀྱིས་ཧོར་དང་རྒྱ་ཡུལ་དུ་བཞུགས་པ་མཚོན་ནོ།།

བོད་མི་གོང་མའི་ཕོ་བྲང་དུ་ཕེབས་མཁན་གྱི་གྲས་ནས་མཛད་རྗེས་ཆེ་ཤོས་ཤིག་ནི་འགྲོ་མགོན་འཕགས་པ་ཡིན་པ་བཤད་མ་དགོས།  འོན་ཀྱང་ཁོང་གི་མཛད་རྗེས་དང་ཤུགས་རྐྱེན་སྐོར་ལ་ད་དུང་ཡང་ཞིབ་འཇུག་དང་སློབ་སྦྱོང་བྱས་ཟིན་པ་ལས་བྱེད་རྒྱུ་བསྡད་པ་མང་བ་ཡོད་དམ་སྙམ། འགྲོ་མགོན་འཕགས་པ་ནི་གོང་མའི་ཕོ་བྲང་དུ་བོད་ཡིག་གི་རྩོམ་འབྲི་མཛད་མཁན་དག་ལས་རྩོམ་ཡིག་གི་ཁ་གྲངས་མང་ཤོས་ཤིག་རེད་ལ། བརྩམས་པ་དག་ཀྱང་བོད་ཡིག་གི་སྡེབ་སྦྱོར་ཕུན་སུམ་ཚོགས་པ་ཡོད་པ་ཞིག་རེད། ངེད་ཀྱི་དེ་རིང་གི་དཔྱད་རྩོམ་སྒྲོག་སྦྱང་འདི་ཡང་འགྲོ་མགོན་འཕགས་པ་དང་མ་སྦྲེལ་བར་བཤད་དཀའ་བ་ཞིག་རེད།  དེ་བས་ཐོག་མར་འགྲོ་མགོན་འཕགས་པའི་སྐུ་ཚེའི་སྐོར་ལ་བསྐྱར་ཞིབ་རོབ་ཙམ་བྱེད་རྒྱུ་ཡིན།

བོད་མི་གོང་མའི་ཕོ་བྲང་དུ་ཕེབས་མཁན་གྱི་གྲས་ནས་མཛད་རྗེས་ཆེ་ཤོས་ཤིག་ནི་འགྲོ་མགོན་འཕགས་པ་ཡིན་པ་བཤད་མ་དགོས།  འོན་ཀྱང་ཁོང་གི་མཛད་རྗེས་དང་ཤུགས་རྐྱེན་སྐོར་ལ་ད་དུང་ཡང་ཞིབ་འཇུག་དང་སློབ་སྦྱོང་བྱས་ཟིན་པ་ལས་བྱེད་རྒྱུ་བསྡད་པ་མང་བ་ཡོད་དམ་སྙམ། འགྲོ་མགོན་འཕགས་པ་ནི་གོང་མའི་ཕོ་བྲང་དུ་བོད་ཡིག་གི་རྩོམ་འབྲི་མཛད་མཁན་དག་ལས་རྩོམ་ཡིག་གི་ཁ་གྲངས་མང་ཤོས་ཤིག་རེད་ལ། བརྩམས་པ་དག་ཀྱང་བོད་ཡིག་གི་སྡེབ་སྦྱོར་ཕུན་སུམ་ཚོགས་པ་ཡོད་པ་ཞིག་རེད། ངེད་ཀྱི་དེ་རིང་གི་དཔྱད་རྩོམ་སྒྲོག་སྦྱང་འདི་ཡང་འགྲོ་མགོན་འཕགས་པ་དང་མ་སྦྲེལ་བར་བཤད་དཀའ་བ་ཞིག་རེད།  དེ་བས་ཐོག་མར་འགྲོ་མགོན་འཕགས་པའི་སྐུ་ཚེའི་སྐོར་ལ་བསྐྱར་ཞིབ་རོབ་ཙམ་བྱེད་རྒྱུ་ཡིན།

འགྲོ་མགོན་འཕགས་པའི་སྐུ་ཚེ་ལ་ཆེ་ལོང་ཙམ་བལྟས་ན། ཁོང་ནི་དབུས་གཙང་ཁུལ་དུ་སྔ་ཕྱི་གསུམ་ག་བསྡོམས་ནས་མི་ལོ་ ༡༨ ཙམ་བཞུགས་ཡོད་པ་དང་། རྒྱ་ཧོར་གྱི་ཡུལ་དུ་མི་ལོ་ ༢༡ ཙམ། ས་སྐྱ་ནས་པེ་ཅིང་བར་གྱི་ལམ་དང་། དེ་བཞིན་མདོ་ཁམས་ཀྱི་ས་ཆ་རྣམས་སུ་ལོ་ ༡༠ ཙམ་བཞུགས་ཡོད་པ་རེད། དེ་ལྟར་ན་ཁོང་སྐུ་ཡོན་རྒྱས་ཏེ་བསྟན་འགྲོའི་མཛད་པ་སྤེལ་བའི་ལོ་ཚིགས་ལ་རྩིས་པ་ཡིན་ན། དབུས་གཙང་ཁུལ་དུ་ལོ་ ༨ ཙམ་ལས་བཞུགས་མེད་པ་རེད། ཆོས་རྗེ་ས་པཎ་གཤེགས་པ་ནས་བརྩིས་པ་ཡིན་ན། ཁོང་གི་སྐུ་ཚེའི་རིང་གི་མི་ལོ་ ༢༣ ཙམ་དབུས་གཙང་གི་ཕྱི་རོལ་དུ་བསྐྱལ་བ་རེད། 

དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་ཏེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གིས་ ༢༠༠༧ ལོར་པར་སྐྲུན་བྱས་པའི་གསུང་འབུམ་དེ་ལ་གཞི་བཅོལ་ནས་ཞུས་ན། འགྲོ་མགོན་འཕགས་པའི་གསུང་འབུམ་པོད་བཞི་བཞུགས་པའི་ཁོངས་སུ་ཆོས་ཚན་ ༣༥༢ འཁོད་འདུག  དེ་དག་གི་ཁོངས་སུ་ལོ་ཚིགས་དང་ས་ཆ་གཉིས་ཀའི་ཐོག་ནས་རྒྱ་ནག་ཏུ་བརྩམས་པ་ར་འཕྲོད་པ་ཆོས་ཚན་ ༩༠ བཞུགས། དེའི་ཁོངས་སུ་རྒྱ་ནག་གི་ས་ཆ་ག་གེ་མོ་ཞིག་ཏུ་བརྩམས་ཞེས་ཁ་གསལ་དུ་འཁོད་པའི་རྩོམ་ཡིག་ ༦༠ བཞུགས་འདུག  དེའི་ནང་དུ་རྒྱལ་པོའི་ཕོ་བྲང་དུ་བརྩམས་ངེས་པའི་ཆོས་ཚན་ ༤༥ འབྱུང་། ལོ་ཚིགས་ཀྱི་ཆ་ནས་བཤད་ན། འཕགས་པ་དགུང་ལོ་བཅུ་གཉིས་བཞེས་པ་ མེ་རྟ་ ༡༢༤༢ ལོ་ནས་ འཕགས་པ་དགུང་ལོ་ ༣༤ བཞེས་པའི་ལྕགས་ལུག་ ཕྱི་ལོ་ ༡༢༧༡ བར་གྱི་བརྩམས་ཆོས་བྱུང་ཡོད་པ་རེད། ཤིང་ཀུན་མཁར་(Lintao)ཞེས་པར་བརྩམས་པའི་བསྟན་བཅོས་མང་དུ་བཞུགས་པ་རྣམས་ནི་བོད་སའི་ཁོངས་སུ་གཏོགས་པའི་རྒྱུ་མཚན་གྱིས་འདིར་དྲངས་མེད།)

  1. བྱང་ངོས་ལིང་ཆུ་རྩེར་ཁབ་ཀྱི་གཙུག་ལག་ཁང་ཅེས་པར་བརྩམས་པའི་ཆོས་ཚན་གསུམ་འབྱུང་ཞིང་།  དེ་དག་ལས་གཉིས་ནི་ ཕྱི་ལོ་ ༡༢༥༢ ཆུ་ཕོ་བྱི་བའི་ལོ་བརྩམས་པ་དང་། གཞན་དེ་ནི་ འཕགས་པ་དགུང་ལོ་ སོ་དགུ་ལ་ཕེབས་པའི་ཆུ་མོ་བྱ་སྟེ་ཕྱི་ལོ་ ༡༢༥༢ ལོར་བརྩམས་འདུག
  • རྒྱལ་པོའི་ཕོ་བྲང་ཁའི་ཕིང་ཧུ་ཞེས་པར་མཛད་ཅེས་པའི་བསྟན་བཅོས་ ༧ བཞུགས་པ་དེ་དག་ནི་ལྕགས་ཕོ་སྤྲེལ་སྟེ་འགྲོ་མགོན་དགུང་ལོ་ཉེར་དྲུག་ནས་ཉེར་བརྒྱད་ཀྱི་བར་གྱི་ལོ་ངོ་གསུམ་ལ་འཁེལ་བ་དེ་ནི་ཕྱི་ལོ་ ༡༢༦༠ ལོ་ནས་ ༡༢༦༣ བར་རེད།
  • ཤང་ཏོ་ལ་བརྩམས་པའི་བསྟན་བཅོས་བཞི་འཁོད་པ་ནི་འགྲོ་མགོན་གྱི་དགུང་ལོ་ ༣༤ དང་ ༣༥ པ་སྟེ་བོད་ནས་སླར་གོང་དུ་བྱོན་སྐབས་ཀྱི་ཕྱི་ལོ་ ༡༢༦༩ ས་མོ་སྦྲུལ་དང་། ༡༢༧༠ ལྕགས་ཕོ་རྟ་ལ་འཁེལ་འདུག 
  • ཕོ་བྲང་ཆེན་པོ་ཅོང་ཏོའམ་ཅོང་ཏོ་འཁོད་པའི་ཆོས་ཚན་ ༡༡ འཁོད་པ་རྣམས་ནི་ འགྲོ་མགོན་གྱི་དགུང་ལོ་ ༢༦ པ་སྟེ་ལྕགས་ཕོ་སྤྲེལ། ཕྱི་ལོ་ ༡༢༦༠ ནས་ དགུང་ལོ་སོ་བདུན་དུ་ཕེབས་པའི་ལྕགས་མོ་ལུག་སྟེ་ཕྱི་ལོ་ ༡༢༧༡ བར་བརྩམས་པ་འཁོད་འདུག འོན་ཀྱང་འདིར་ཅོང་ཏོ་འཁོད་པའི་བསྟན་བཅོས་གཞན་ཞིག་སྟེ་ཕྱི་ལོ་ ༡༢༧༥ ཤིང་མོ་ཕག་གི་ལོ་བརྩམས་པའི་ཆོས་ཚན་“ཡེ་ཤེས་འབུམ་ལ་གདམས་པ་བདུད་རྩིའི་ཐིག་ལེ།”ཞེས་བྱ་བའི་སྦྱར་བྱང་དུ་“འཕགས་པས་ཤིང་མོ་ཕག་གི་ལོ་ཟླ་བ་བརྒྱད་པའི་ཚེས་ལྔ་ལ་ཅོང་ཏོར་བྲིས་པའོ༎ ༎”ཞེས་འབྱུང་བ་འདི་ཉིད་པར་མ་གཞན་དུའང་དེ་བཞིན་དུ་འདུག སྐབས་འདིར་འཕགས་པ་ཅོང་ཏོ་ཁུལ་དུ་བཞུགས་ཨེ་ཡོད་དྲན་ནོ།། 
  • འགྲོ་མགོན་འཕགས་པའི་གསུང་དུ་ཕོ་བྲང་དུ་བརྩམས་ཞེས་བཀོད་ནས་ཕོ་བྲང་ངོས་འཛིན་བྱས་མེད་པའི་ཆོས་ཚན་ ༢༠ འཁོད་འདུག འདིར་ཡང་ཨུན་ཆང་ཧུ་ཞེས་བྱ་བའི་ཕོ་བྲང་དུ་ ༡༢༧༤ ལོར་བརྩམས་པ་ཞིག་སྣང་།

འགྲོ་མགོན་འཕགས་པའི་གསུང་དུ་བཞུགས་པའི་མང་ཆེ་བ་ཞིག་ནི་སྒྲུབ་ཐབས་ཀྱི་རིགས་དང་། དབང་བསྐུར་དང་འབྲེལ་བ། དེ་བཞིན་སྙན་དངགས་ཚིགས་སུ་བཅད་པ་ཁྱོན་བསྡོམས་ ༡༤༠ སྐོར་ཞིག་བཞུགས་ཡོད་པ་དག་རེད།   “ཟིན་ཤིང་གི་སྟོན་པ་བཏུལ་བའི་ཚིགས་བཅད་”ཅེས་པ་ནི་ཁ་བྱང་ཉིད་ཀྱིས་གསལ་བར་སྟོན་པ་ལྟར། ཕྱི་ལོ་ ༡༢༥༨ འཕགས་པ་རང་ཉིད་དགུང་ལོ་ཉེར་བཞི་ལ་སོན་པའི་ཆུ་ཕོ་རྟའི་ལོ་དབྱར་ལ་འབྲིང་པོའི་(ཧོར་ཟླ་དྲུག་པ་)ཚེས་ཉི་ཤུ་གསུམ་ལ་སྦྱར་པ་ཡིན་ཞིང་། དེ་ཡང་། མིའི་དབང་པོ་གོ་པེ་ལའི་(Qubilai) བཀས་ལོག་པའི་གྲུབ་མཐའ་འདི་ཉིད་སུན་ཕྱུང་ཞིག་ཅེས་བཀུལ་ནས་”རྩོད་པ་མཛད་ཅིང་། གྲངས་ཅན་པའི་གྲུབ་པའི་མཐའ་དང་ཚུལ་མཚུངས་པའི་ཟིན་ཤིང་རྗེས་འབྲངས་དང་བཅས་པ་ཕམ་པར་བྱས་ནས་ “ཐུབ་པའི་བརྟུལ་ཞུགས་ལེགས་འཛིན་པའི།། སྡོམ་བརྩོན་དམ་པར་བདག་གིས་བསྒྱུར།།”[4]ཅེས་འབྱུང་བ་ལྟར་རེད། 

ཀ་རྩོམ་  “ཐེག་ཆེན་གསལ་བ་ཡི་གེ་མ་མོ་ལ་སྤེལ་བའི་རབ་བྱེད་”ཅེས་པ་འདི་ནི་ཚེག་བར་ཉེར་གསུམ་གྱི་བདག་ཉིད་ཅན་གྱི་ཚིགས་སུ་བཅད་པ། ཀ་ཁ་རྣམས་ཚིག་ཕྲེང་རེའི་མགོར་བཀོད་ཅིང་། བར་བར་དུ་སྒྲ་རྒྱན་ཅི་རིགས་སྤྱད་པ་ཞིག་རེད། འདིའི་མཇུག་བྱང་དུ་ “ལྕགས་ཕོ་སྤྲེའུའི་ལོའི་དཔྱིད་ཟླ་ར་བའི་ཚེས་ཉི་ཤུ་གཅིག་ལ་རྒྱ་ནག་པོ་ཅོང་ཏོའི་མཁར་དུ་སྦྱར་བ་རྫོགས་སོ།།” ཞེས་གསལ། ལོ་འདི་ནི་ཕྱི་ལོ་ ༡༢༦༠ ལོར་རེད།  འདི་དག་ནི་དཔེ་མཚོན་ཙམ་མོ།།

འགྲོ་མགོན་འཕགས་པ་འདི་ཉིད་མི་ལོ་ ༢༣ ཙམ་ལ་གོང་མའི་ཕོ་བྲང་དང་འབྲེལ་ནས་བཞུགས་པའི་ཉེར་ལེན་ལ་བརྟེན་ནས། ཁོང་གིས་སྐབས་དེའི་སྐད་ཡིག་ཀྱང་སྣ་མང་ཞིག་མཁྱེན་ཐུབ་པར་གྱུར་པ་ནི་སྨོས་མེད་རེད། འཕགས་པས་ཡིག་གསར་ཞེས་པའི་ཧོར་ཡིག་མཛད་པ་ནི་ཡོངས་གྲགས་ཡིན།  གསུང་འབུམ་ཁྲོད་དུ་ཁོང་གིས་ལེགས་སྦྱར་སྐད་ཀྱི་བསྟན་བཅོས་ལ་བྱ་བ་བྱས་པ་འགའ་ཞིག་འབྱུང་བའི་ཁོངས་སུ་གཅིག་ནི། འཇིགས་པ་བརྒྱད་སྐྱོབས་སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ་དེ་རེད། དེའི་འགྱུར་བྱང་དུ།  “སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ཁ་ཆེའི་པཎྚི་ཏ་ཏ་ཐཱ་ག་ཏ་བྷ་དྲ་དང་། དགེ་སློང་འཕགས་པས་རྒྱའི་ཡུལ་ཅོང་ཏོ་མཁར་དུ་བསྒྱུར་བའོ༎ ༎” ཞེས་པ་འདི་ཡིན་ལ། (འདི་ལ་ཤོག་ངོས་ལྔ་ཙམ་ཡོད་ཅིང་། གསུང་འབུམ་པོད་གཉིས་པའི་ཤོག་ངོས་ ༡༧༡ ནས་གསལ།) འདི་ཉིད་བསྟན་འགྱུར་དཔེ་བསྡུར་མའི་པོད་བཞི་བཅུ་བའི་ཁོངས་སུ་འཁོད་འདུག  ཁ་ཆེའི་པཎྚི་ཏ་ཏ་ཐཱ་ག་ཏ་བྷ་དྲ་འདི་ཉིད་ཕྱི་ལོ་ ༡༢༦༥ ལོར་འགྲོ་མགོན་ས་སྐྱར་འབྱོར་སྐབས་ཀྱི་དགེ་རྒན་གྱི་ཁོངས་སུ་ཡོད་པ་དང་། འགྱུར་བྱང་འདི་ལ་བརྟགས་ན་ཁོང་ནི་འཕགས་པ་དང་བསྡོངས་ནས་པེ་ཅིང་ཁུལ་དུ་ཕེབས་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། གཞན་གཉིས་ནི་སྔགས་ཡིག་ལ་ཞུ་དག་བྱས་པའམ་ཁ་སྣོན་བྱས་པ་ལྟ་བུ་ཞིག་རེད་འདུག འདི་ཙམ་གྱིས་འགྲོ་མགོན་འཕགས་པས་གོང་མའི་ཕོ་བྲང་དུ་བོད་ཡིག་གི་བསྟན་བཅོས་རྩོམ་པ་མཛད་པའི་སྐོར་རོབ་ཙམ་ཞུས་ཟིན་པ་ཡིན་ནོ།།


[1]   ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས(1597-1659/60)། འཕགས་པ་རིན་པོ་ཆེའི་གསུང་རབ་རྒྱལ་བུ་འཇི་འབིག་དེ་མུར་ལ་གཏམ་དུ་བྱ་བ་ནོར་བུའི་འཕྲེང་བའི་རྣམ་པར་བཤད་པ་འཕགས་པ་དགྱེས་པའི་ལྷའི་རོལ་མོ་དཔྱོད་ལྡན་ཡིད་འཕྲོག་འཕྲིན་ལས་ཀུན་ཁྱབ།  ས་སྐྱ་ཌི་ཇི་ཊེལ་དཔེ་ཚོགས།(http://sakyalibrary.com)

[2]   “འགུ་ཚང་། ལིང་ཇུ། བསིལ་ཐང་། རྒྱ་སྐད་དུ雍凉ཡོང་ལིང་། 雍州ཡོང་ཀྲིག凉州ལིང་ཀྲིག雍都ཡོང་ཏུའུ། 凉都ལིང་ཏུའུ། 武威ཝུའུ་ཝེ། 姑臧ཀུའུ་ཙང་། 侠都ཤཱ་ཏུའུ། འདི་ཚང་མ་གྲོང་ཁྱེར་གཅིག་གི་མིང་སྟེ་ད་ལྟའི་ཝུའུ་ཝེ་ཡི་མིང་རེད།” དགེ་རྒན་ཆེན་མོ་གུར་མགོན་སྐྱབས་ཀྱིས་དྲིས་ལན་དུ་གསུངས་པ།

[3]   Christopher P. Atwood, Encyclopedia of Mongolia and the Mongol Empire (Facts On File, 2004), P.497.  ཡང་། དེབ་ཐེར་དམར་པོའི་མཆན་ཨང་ ༢༣༥ པར་གཟིགས། ༼ཤོག་གྲངས་ ༣༢༢ དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡༽

[4]   འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསུང་འབུམ་དཔེ་བསྡུར་མ་པོད་བཞི་པ། ཤོག་གྲངས་ ༤༤༠ ནས་ ༤༤༢ བར། 

གསལ་བཤད། རྩོམ་ཡིག་འདི་ནི་ད་དུང་ཟིན་བྲིས་མཐའ་མའི་ཚུལ་དུ་ཡོད་ཅིང་། མུ་མཐུད་ནས་ཞིབ་འཇུག་བྱེད་རྒྱུ་བསྡད་ཡོད། འཕྲོས་འདོན་ཐེངས་རྗེས་མར་གཟིགས།