ཉེ་བའི་ལོ་ཁ་ཤས་ཀྱི་རིང་ལ། རིགས་པ་སྨྲ་བའི་དབང་ཕྱུག་དགེ་འདུན་ཆོས་འཕེལ་མཆོག་གི་སྐོར་ནས་དཔེ་ཆ་གང་མང་ཞིག་ཐོན་འདུག དཔེ་ཆ་དེ་དག་གི་ཁྲོད་དུ་ཁོང་གི་ཕྱག་བྲིས་དངོས་ཀྱི་ཕྱག་དཔེ1ཡོད་ལ། ཁོང་གི་སྐོར་ལ་འབྲེལ་ཡོད་ཀྱི་མི་སྣ་མང་པོར་བཅར་འདྲི་ཞུས་པའི་ཟིན་ཐོའང་འདུག2 ད་དུང་དགེ་ཆོས་ཁོང་གི་རིག་གཞུང་བསམ་བློ་ལ་ཞིབ་འཇུག་བྱས་པ3དང་། དགེ་ཆོས་མཆོག་གི་རི་མོའི་སྐོར་ལ་དཔྱད་པ་བཏང་བ། ཡང་ན་ཁོང་དང་དུས་མཉམ་གྱི་མིས་ཁོང་གི་གཤིས་སྤྱོད་ཟིན་ཐོར་བཏབ་པ་དེ་འདྲའང་ཡོད་པའོ། །

གུས་པར་མཚོན་ན། <<རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ>>4ཞེས་པ་དང་། <<དགེ་འདུན་ཆོས་འཕེལ། བོད་ཀྱི་དེང་རབས་རི་མོའི་སྲོལ་འབྱེད་པ>>5ཞེས་པ་གཉིས་ནི་ཤིན་ཏུ་བཀླག་རི་བའི་དེབ་མཆོག་ཅིག་ཏུ་མཐོང་སོང་།

<<རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ>>ཞེས་པའི་དེབ་འདིའི་བྱེད་པོ་ནི་སྤྱི་ལོ1938ལོར་པཎྜིཏ་རཱ་ཧུལ་དང་དགེ་འདུན་ཆོས་འཕེལ་རྣམ་པ་གཉིས་རྒྱ་གར་ནས་བོད་ལ་སླེབས་སྐབས། ཁོང་ཚོའི་འགྲུལ་བཞུད་ཁྲོད་མི་ལྔ་ཡོད་པ་ལས་དེའི་གྲས་ཀྱི་པར་རྒྱག་མཁན་གྱི་ཕྱག་རོགས་དེ་ཡིན་འདུག་ལ། སྐབས་དེར་ཕེ་ནེ་མུ་ཁར་ཇི་ལགས་ཀྱིས་ཏ་ལའི་ལོ་མའི་དཔེ་ཆ་པར་ལེན་པའི་ཕྱག་ལས་གནང་གི་ཡོད་འདུག དེབ་འདི་ཁོང་གི་བསྙེལ་ཐོ་གཞིར་བཟུང་སྟེ་ཧིན་སྐད་ཀྱི་ལམ་ནས་བྲིས་པའི་ལེའུ་བཅུ་བཞིའི་བདག་ཉིད་ཅན་གྱི་ཟིན་བྲིས་ཤིག་ཡིན་པ་དང་། རྩོམ་ཡིག་འདི་རྣམས་ཐོག་མར་སྤྱི་ལོ1963ལོར་པར་དུ་བསྐྲུན་པའི་རྒྱ་གར་གྱི<<དབྱངས་ཅན་མ>>ཞེས་པའི་དུས་དེབ་གྲགས་ཅན་ཞིག་ཡོད་པ་དེའི་སྟེང་མུ་འགོད་བྱས་ཤིང་། མི་ལོ་ང་གསུམ་འགོར་བའི་གཞུག་ཏུ་ཇོ་ལེབ་ཆོས་འཕེལ་ལགས་ཀྱི་བཀའ་དྲིན་ལ་བརྟེན་ནས་གཟོད་བོད་ཡིག་གི་ཀློག་པ་པོ་དག་གི་སྤྱན་རས་ཀྱི་དཔྱིད་དུ་སྨིན།

<<རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ>>ཞེས་པ་འདི་ལ་མཇལ་ན་སྐབས་དེར་དགེ་འདུན་ཆོས་འཕེལ་དང་པཎྜིཏ་རཱ་ཧུལ་གཉིས་ཀྱིས་ཆོས་དང་རིག་གཞུང་ཐད་ནས་གླེང་མོལ་ཇི་གནང་ཤེས་ཐུབ་པར་མ་ཟད། དགེ་འདུན་ཆོས་འཕེལ་གྱི་གསར་བརྗེའི་བསམ་བློ་དང་བོད་ལ་བཅངས་པའི་ལྷག་བསམ་སོགས་ཀྱང་སྤྲིན་ལས་གྲོལ་བའི་ཟླ་བ་བཞིན་གསལ་པོར་མཐོང་ཐུབ་ཀྱི་འདུག ཡང་དགེ་འདུན་ཆོས་འཕེལ་གྱིས་གཙང་བཀྲ་ཤིས་ལྷུན་པོ་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་ལ་མཇལ་ཁ་ཞུས་ཚུལ་དང་། སྤོས་ཁང་དགོན་ནས་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ལགས་ཀྱི་ཕྱག་རྫས་ལ་མཇལ་ཚུལ་སོགས་ཀྱང་རགས་ཙམ་རྟོགས་ཐུབ། དེ་ལས་ཀྱང་ད་སྔ་ཡན་ཆད་རང་སྡེ་ལ་རྒྱུས་མངའ་མེད་པའི་ཁོང་གི་གྲོགས་པོ་བསམ་བློ་དགེ་བཤེས་ཞུ་བ་དང་། སྔར་གྲགས་མ་མྱོང་བའི་ཁོང་གི་མཛའ་མོ་ཁམས་པའི་བུ་མོ་པ་སངས་སྒྲོལ་མ་ཟེར་བ་གཉིས་ཀྱང་སྤྱན་ལམ་དུ་མངོན་འོང་། ལྷག་ཏུ་དེབ་འདིའི་ཤོག་ངོས137གྱི་སྨད་ནས140ཡི་སྟོད་བར་ན་དགེ་ཆོས་ཁོང་གི་ཞལ་ནས་རང་གི་མི་ཚེའི་བྱུང་བ་སྙིང་བསྡུས་སུ་གཏམ་དུ་བྱས་འདུག་པ་ནི་རྩ་ཆེ་བའི་རྒྱུ་ཆ་འབའ་ཞིག་ཏུ་མཐོང་བའོ། །

ཕྱི་མ<<དགེ་འདུན་ཆོས་འཕེལ། བོད་ཀྱི་དེང་རབས་རི་མོའི་སྲོལ་འབྱེད་པ>>ཞེས་པའི་དབྱིན་ཡིག་གི་དེབ་དེ་སྤྱི་ལོ2013ལོར་ཨ་རི་ན་བཞུགས་པའི་རྒན་པདྨ་འབུམ་ལགས་ཀྱིས་ཁོ་བོར་གསོལ་རས་སུ་གནང་བྱུང་བས་ང་ལ་མཚོན་ན་མཇལ་སྔ་བའི་གྲས་ཡིན་ཡང་། རང་ཉིད་དབྱིན་ཡིག་ལ་རྨོངས་སྟབས་དེབ་འདིར་འཁོད་པའི་རི་མོ་དང་སྐུ་པར་དག་ལ་མཇལ་རྒྱུ་ལས། ལྗགས་རྩོམ་ལ་ནི་ལོངས་སུ་སྤྱོད་པའི་སྐལ་བ་མ་ལྡན་ནོ། །ཡང་རྒན་པདྨ་འབུམ་ལགས་ཀྱིས་དེབ་འདི་བོད་ཡིག་ཏུ་བསྒྱུར་ནས་ལེགས་པར་གྲུབ་ཡོད་ཚུལ་དང་། དེ་ནས་རབ་ཡིན་ན་ངེད་ཚོའི་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཐུབ་པ་བྱུང་ཚེ་དགེ་མཚན་ཆེ་ཚུལ་གྱི་གསུང་དྲོན་མོ་ཡང་སྤྱི་བོར་བསྩལ་བྱུང་ནའང་། རྒྱུ་རྐྱེན་དུ་མའི་དབང་གིས་དེ་ལ་ནི་རེ་འབྲས་སྨིན་མ་བྱུང་ངོ་། །

དགའ་འོས་པ་ཞིག་ལ། ད་ལོའི་སྤྱི་ཟླ6པའི་ནང་བོད་ཡིག་གི<<དགེ་འདུན་ཆོས་འཕེལ། བོད་ཀྱི་དེང་རབས་རི་མོའི་སྲོལ་འབྱེད་པ>>ཞེས་པ་པར་དུ་བསྐྲུན་པས་མི་ཚད་སྤྱི་ཚོགས་སྟེང་ལའང་བཀྲམ་ཡོད་འདུག དགེ་འདུན་ཆོས་འཕེལ་གྱི“རྗེས་འཇུག་པ”འམ་ཡང་ན་ཁོང་ལ་དོ་སྣང་བྱེད་མཁན་གྱི་མི་ཞིག་ལ་མཚོན་ན། འདི་ནི་རྨ་བྱས་འབྲུག་སྒྲ་ཐོས་པ་ལས་ཀྱང་དགའ་བ་སྦྱིན་བྱེད་ཅིག་ཡིན་པ་གོར་མ་ཆག

ཡིག་རིས་སྦྲགས་མར་སྤེལ་བའི་དེབ་འདི་ནི་སྤྱི་ལོ2003ལོའི་ཟླ11པའི་ཚེས7ནས9བར་དུ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ལ་རྩེ་དཔེ་མཛོད་ཁང་གིས་བསྡུས་པའི་དགེ་འདུན་ཆོས་འཕེལ་སྐུ་འཁྲུངས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་རྗེས་དྲན་ཚོགས་འདུའི་ཐོག་གི་གཏམ་བཤད་དང་འགྲེམས་སྟོན་གཞིར་བཟུང་ནས་བསྒྲིགས་པ་ཞིག་རེད་ལ། ས་བཅད་ཀྱི་ཆ་ནས་དང་པོ་ནི་པདྨ་འབུམ་ལགས་ཀྱིས་བྲིས་པའི་སྔོན་བརྗོད་ཅེས་བྱ་བ་དང་། གཉིས་པ་ནི་ཨ་རི་པ་རྡོ་ནོལ་ལོ་པེ་སི6ལགས་ཀྱིས་བྲིས་པའི་དགེ་འདུན་ཆོས་འཕེལ་ཞེས་བྱ་བ། གསུམ་པ་ནི་ཡང་ཨ་རི་པ་རྡོ་ནོལ་ལོ་པེ་སི་ལགས་ཀྱིས་བྲིས་པའི་དགེ་འདུན་ཆོས་འཕེལ་གྱི་རི་མོ་ཞེས་བྱ་བ། བཞི་པ་ནི་ཆུ་ཚོན་རི་མོ་ཞེས་བྱ་བ། ལྔ་པ་ནི་སྐྱ་རིས་འབྲི་དེབ་ཅེས་བྱ་བ་སྟེ་བསྡོམས་པས་ས་བཅད་ལྔ་རུ་བཀར་འདུག

དེ་ཡང་ས་བཅད་དང་པོ་ནི་དགེ་ཆོས་རྗེས་དྲན་ཚོགས་འདུ་དེ་གའི་མགོ་མཇུག་བར་གསུམ་གྱི་གནས་ཚུལ་རྒྱས་པ་དང་དཔེ་ཆ་འདི་བསྒྲིགས་པའི་དགོས་པ་སོགས་ཀྱི་སྐོར་ཡིན་པ་དང་། ས་བཅད་གཉིས་པ་ནི་དགེ་འདུན་ཆོས་འཕེལ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་དཔྱད་བརྗོད་ཀྱི་སྐོར་ཡིན་པ། ས་བཅད་གསུམ་པ་ནི་དགེ་འདུན་ཆོས་འཕེལ་གྱི་རི་མོ་དང་འབྲེལ་བའི་དཔྱད་པའི་སྐོར་ཡིན་པ། ས་བཅད་བཞི་པ་ནི་དགེ་འདུན་ཆོས་འཕེལ་གྱིས་ཁོང་གི་གཏམ་རྒྱུད་གསེར་ཐང་གི་ལྷན་ཐབས་དང་བར་བཅུག་ལ་བྲིས་པའི་ཆུ་ཚོན་རི་མོ་ཉེར་བདུན་གྱི་སྐོར་ཡིན་པ། ས་བཅད་ལྔ་པ་ནི་དགེ་འདུན་ཆོས་འཕེལ་གྱིས་འབྲི་དེབ་སྟེང་ཞ་སྨྱུག་གིས་བྲིས་པའི་སྐྱ་རིས་སོ་གཉིས་ཀྱི་སྐོར་ཡིན་པ་བཅས་སོ། །

ད་ནི་ཁོ་བོས་དགེ་ཆོས་ཞིབ་འཇུག་ལ་ཤིན་ཏུ་སྨན་པའི་དེབ་འདི་གཉིས་ཀྱི་ཡོན་ཏན་མང་པོ་ཞིག་ངག་ལ་ལེན་པའི་ངལ་བ་རང་མི་བསྟེན་ཏེ། རྒྱ་གར་པ་ཞིག་དགེ་འདུན་ཆོས་འཕེལ་དང་ལྷན་དུ་བོད་ལ་ཕེབས་སྐབས་ཀྱི་ཡིད་དབང་འཕྲོག་པའི་གཏམ་རྒྱུད་དང་། རང་ཅག་གིས་བསམ་བཞིན་དུ་གབ་ཅིང་སྦེད་པར་བྱེད་པའི་དགེ་ཆོས་མཆོག་གི་ཆབ་སྲིད་བསམ་བློ་དང་གསར་བརྗེའི་དགོངས་བཞེད། ད་རུང་དགེ་ཆོས་ཁོང་གི་སོར་རྩེ་ལས་འཁྲུངས་པའི་ངོ་མཚར་བའི་རི་མོ་དང་དེ་དག་གི་འགྲེལ་བཤད་གྱ་ནོམ་པ་སོགས་ཤེས་འདོད་མཁན་ཡོད་ན། གོང་དུ་མཚམས་སྦྱོར་བྱས་པའི་དཔེ་ཆ་དེ་གཉིས་ཀ་དངོས་སུ་རང་གི་ཕྱག་ལ་བླངས་ཏེ་ཁ་ཕྱེ་བར་འཚལ་ཞེས་ཀྱང་ཞུའོ། །

སྤྱི་ལོ2019ལོའི་ཟླ10པའི་ཚེས15ལ།


1བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ2013ལོའི་ཟླ12པའི་ནང་པར་དུ་བསྐྲུན་པའི<<མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཟིན་བྲིས་ཕྱག་བསྟར་མ>>ཞེས་པ་དང་། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ2018ལོའི་ཟླ10པའི་ནང་པར་དུ་བསྐྲུན་པའི<<ལེགས་སྦྱར་བང་མཛོད་ཕྱག་བསྟར་མ>>ཞེས་པ་སོགས་འདུག

2ཀྲུང་གོ་རིག་གནས་ཐོན་ལས་དཔེ་སྐྲུན་ཁང་གིས་སྤྱི་ལོ2016ལོའི་ཟླ12པའི་ནང་པར་དུ་བསྐྲུན་པའི<<དགེ་འདུན་ཆོས་འཕེལ་སྐོར་གྱི་བཅར་འདྲི>>ཞེས་པ་དང་། ཁྲི་གོང་ཨོ་རྒྱན་ཚེ་རིང་གིས་བཅར་འདྲི་བྱས་ཤིང་བསྒྲིགས་པའི<<ཨ་མདོ་བྱམས་པ་དང་དགེ་འདུན་ཆོས་འཕེལ>>ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ལོ2017ལོའི་ཟླ5པའི་པར།

3བུ་བཞི་བསམ་པའི་དོན་གྲུབ་དང་འབྲུག་མོ་གཉིས་ཀྱིས་བརྩམས་པའི<<བོད་རིག་པའི་མཁས་པ་དགེ་འདུན་ཆོས་འཕེལ་གྱི་རིག་གཞུང་བསམ་བློ་ཞིབ་འཇུག>>ཅེས་པ་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ལོ2015ལོའི་ཟླ7པའི་པར།

4ཕེ་ནེ་མུ་ཁར་ཇིས་བརྩམས་ཤིང་ཇོ་ལེབ་ཆོས་འཕེལ་གྱིས་བསྒྱུར་པའི་བོད་ཀྱི་དཔེ་མཛོད་ཁང་གི་སྤྱི་ལོ2016ལོའི་པར།

5པདྨ་འབུམ་དང་རླངས་ཚང་བསོད་ནམས་རྡོ་རྗེ་གཉིས་ཀྱིས་རྩོམ་སྒྲིག་བྱས་ཤིང་ཀྲུང་གོ་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ2019ལོའི་ཟླ4པའི་ནང་པར་དུ་བསྐྲུན་པ།

6རྡོ་ནོལ་ལོ་པེ་སི་ལགས་ནི་ཨ་རིའི་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཆེད་དུ་ཞིབ་འཇུག་གནང་མཁན་ཞིག་ཡིན་པ་དང་། ཁོང་གིས་སྔ་ཕྱིར<<ཀླུ་སྒྲུབ་དགོངས་རྒྱན>>དང<<གཏམ་རྒྱུད་གསེར་ཐང>>ཞེས་པ་གཉིས་དབྱིན་ཡིག་ལ་བསྒྱུར་འདུག