མི་རིགས་ཀྱི་རྩོམ་རིག་བོད་ཡིག་གི་ལམ་ནས་ནར་སོན་ཏེ་ལོ་བཅུ་འགོར་བར་ཕུལ། 

གུས་པོ་མི་རིགས་ཀྱི་རྩོམ་རིག་ལ་མཇལ་ནས་ལོ་བཅུ་ཕྱིན་ཡོད་པར་འདོད་ཅིང་། ལོ་དེ་གའི་རིང་ལ་འགྱུར་རྩོམ་གྱིས་བརྒྱ་ཆའི་བདུན་ཅུ་ལྷག་བཟུང་བའི་དེབ་འདིས་ཁུར་གྱིས་དུད་ཅིང་། ལོ་ལེགས་ཀྱིས་ཕྱུག་པའི་ངོ་གདོང་རྟག་པར་མིག་གིས་འཚོས་པའི་དུས་ཚོད་ཀྱང་མི་ཐུང་། ཤོག་ངོས་བརྒྱ་དང་ཉེར་ལྔ་ནས་བརྒྱ་དང་བཞི་བཅུ་ཞེ་གཅིག་བར་སྤར་བའི་དེབ་འདིར་མཚོན་ན། བོད་ཀྱི་རྩོམ་རིག་གི་དེབ་གཞན་དང་མ་འདྲ་བའི་ཆ་ཞིག་ཡོད་པ་ནི། འགྱུར་རྩོམ“སྒྲུང་གཏམ། ལྷུག་རྩམ། སྙན་ངགདཔྱད་བརྗོད་སོགས”གྱི་ཚད་མཐོ་བར་མ་ཟད། ལོ་གཅིག་ལ་དེབ་ཀྱི་འདོན་ཐེངས་བོད་ནང་ཁུལ་གྱི་དུས་དེབ་གཞན་ལ་བལྟས་ཏེ་མང་བས། མི་རིགས་གཞན་གྱི་རྩོམ་ཐབས་གསར་བ་དང་། ལྟ་ཚུལ་གསར་བ། མཛེས་དཔྱོད་གསར་བ་སོགས་ཀློག་པ་པོའི་མདུན་དུ་བསྟར་བ་གྱ་ནོམ་དུ་སྣང་ཞིང་། བོད་ཀྱི་རྩོམ་རིག་གི་ཞིང་སར་བཀྲག་མདངས་གསར་བ་འཚེར་བའི་དགེ་ཐོན་ཡོད་པ་སྨོས་མ་དགོས། དཔེར་ན། གུས་པོ་ལྟ་བུར་མཚོན་ན། མི་རིགས་ཀྱི་རྩོམ་རིག་ལག་ཏུ་འབྱོར་མ་ཐག རྩོམ་རབ་དང་། ཆེད་འགོད། ཕྱི་རྩོམ་གསུམ་གྱི་ལེ་ཚན་ཐོག་མར་བཀླགས་ཤིང་། ལེ་ཚན་གཞན་དག་རྗེས་སུ་བཀླགས་པ་ཡིན།   དེའི་རྒྱུ་མཚན་ཤིན་ཏུ་སླ་སྟེ། ནམ་རྒྱུན་རྩོམ་ཡིག་འབྲི་བར་འབུངས་ཤིང་། རྩོམ་ལུས་སྣ་ཚོགས་བཀླག་རྒྱུར་སྤྲོ་འང་། འགྱུར་རྩོམ་གྱི་ལམ་ལ་མ་བསྟུན་པར། རང་སྟོབས་ཀྱིས་མི་རིགས་གཞན་གྱི་རྩོམ་རིག་ལ་འཇུག་མི་ནུས་པས་ཡིན། དེའི་ཕྱིར་ལེ་ཚན་འདི་དག་ཏུ་བཀོད་པའི་སྒྲུང་དང་ལྷུག་རྩོམ། དཔྱད་བརྗོད་བཅས་ཀྱིས་བོད་རྩོམ་ཁོ་ན་ལས་བཀླག་ཏུ་མི་བཏུབ་པ་ཞིག་གི་ངོར་རྩོམ་ཐབས་གསར་བ་དང་། མཛེས་དཔྱོད་ཀྱི་རྣམ་པ་གསར་བ། ཚོར་བ་གསར་བ་ཞིག་བསྐྱལ་འོང་། དཔེར་ན། ༢༠༡༤ལོའི་དེབ་གསུམ་པའི་སྟེང་གི་རྩོམ་རབ་ཚན་པར་བཏོན་ཅིང་། ཆོས་སྐྱོང་གིས་བསྒྱུར་བའི“འདི་ཕྱོགས་ཀྱི་ཡུལ་ལྗོངས”དང་། ༢༠༡༨ལོའི་དེབ་དང་པོའི་སྟེང་གི་ཕྱི་རྩོམ་ཚན་པར་བཏོན་ཅིང་། སྙིང་ལྕགས་རྒྱལ་གྱིས་བསྒྱུར་བའི“ཁ་ཟུ་ཨོཨི་ཤི་གུ་རོ་དང་འབྲེལ་བའི་གནད་ཚིག་བཅུ”དང་། ༢༠༡༣ལོའི་དེབ་གཉིས་པའི་སྟེང་གི་རྒྱང་མིག་ཏུ་བཏོན་ཅིང་། བྱམས་ཕྲུག་གིས་བསྒྱུར་བའི“གསེར་གྱི་རབ་ཁའི་གྲུ་གཟིངས”ཡང་། དེབ་དེའི་ཚན་པ་དེར་བཏོན་ཅིང་། བྱམས་ཕྲུག་གིས་བསྒྱུར་བའི“ཤར་ནུབ་རིག་གནས་དང་རྩོམ་རིག་གི་ཀུན་རྟོག”ཅེས་པ་དང་། ༢༠༡༤ལོའི་དེབ་བཞི་བའི་སྟེང་གི་དཔྱད་པའི་ཚན་པར་བཏོན་ཅིང་། ཚེ་རིང་ནོར་བུས་བསྒྱུར་བའི“བརྩམས་ཆོས་མཆོག་གིས་བདག་ཅག་བློ་སྒོ་འབྱེད་ཐུབ”སོགས་ཀྱིས་མཚོན་ལོ་ཙཱ་བྱས་པའི་ཚད་མི་དམན་ཞིང་། བརྩམས་ཆོས་སོ་སོའི་ཐུན་མིན་གྱི་ཟུར་མཐོ་བའི་བརྩམས་ཆོས་གང་མང་ཞིག་ལ་དེབ་འདི་བརྒྱུད་ནས་མཇལ་སྐལ་ལྡན་པ་དེས། གུས་པོ་རང་གི་རྩོམ་རིག་ཕྱོགས་ཀྱི་འཆར་སྒོ་གོང་དུ་འཕེལ་བར་ཕྱ་ར་གྲུ་འདེགས་ཀྱི་ནུས་པ་ཐོན་ཡོད། དེར་བསྟུན་རང་དང་རིགས་མཐུན་པ་མང་པོ་ཞིག་ལའང་དེ་བཞིན་དྲིན་དུ་ཆེ་བར་འདོད། “འདིར་གསལ་བྱེད་ཅིག་ལ་གོང་གི་ལེ་ཚན་སོ་སོའི་མིང་ལ་ལོ་སྔ་ཕྱིར་འགྱུར་བ་བཏང་ཡོད་དོ”

གོང་ནས་བརྗོད་པ་འདི་དག་ནི་མི་རིགས་ཀྱི་རྩོམ་རིག་ཀློག་མཁན་ཞིག་གི་ངོས་ཀྱི་འདོད་པ་ཡིན་ལ། ད་རུང་མི་རིགས་ཀྱི་རྩོམ་རིག་གི་སྟེང་དུ་རྩོམ་འབྲི་བ་བོ་ཞིག་གི་ངོས་ནས་བསམས་ནའང་། བོད་རྩོམ་གྱི་ཚན་པར་བཏོན་པའི་རྩོམ་ཡིག་ཀྱང་ཤིན་ཏུ་ལེགས་པོ་ཡོད་མོད། རེ་རེ་ངོ་སྤྲོད་པར་ཡིག་ཚོགས་ལ་འཛེམ་ནས་བསྐྱུངས་པར་བྱས། མདོར་ན་དེབ་འདིའི་ལོ་མཇུག་གི་བྱ་དགའ་དང་འབྲེལ་ནས་རྩོམ་རབ་གང་ཡིན་པ་དང་མིན་པའི་ཚད་རགས་ཙམ་ཤེས་པར་བྱ། གུས་པོ་མི་སྒེར་གྱི་འདོད་ཚུལ་ཁོ་ནར་བསྟུན་ན་འདོད་པ་ཉི་ཚེ་བ་རེ་ཡོད་དུ་མཆི་འང་འདིར་སྐབས་སུ་མ་བབ་པོ། ། 

དྲན་གསོས་པ་ཞིག་ལ། ༢༠༡༣ལོ་ཡས་མས་སུ་མི་རིགས་ཀྱི་རྩོམ་རིག་གི་ལས་ཀྱི་སྣེ་མོ་བ་དང་། འབྲེལ་ཡོད་ལས་ཁུངས། ལོ་ཙཱ་བ་དང་རྩོམ་པ་པོ་བཅས་མཉམ་འཛོམས་ཀྱི་ཚོགས་འདུ་ཞིག་མདོ་ལྷོའི་སར་བསྡུས་ཤིང་། གུས་པོའང་མགྲོན་འབོད་ལྟར་བཅར་བ་ཡིན། ཚོགས་འདུའི་སྟེང་དུ་མི་བོ་ཆེ་དང་། མཚན་སྙན་གང་འཚམ་ལྡན་པའི་མི་སྣ་འཛོམས་ཤིང་། སྐབས་དེའི་ཚོགས་འདུར་གོ་རིམ་ཡོད་པ། མགོ་མཇུག་ཚང་བ་ཞིག་ཏུ་མཐོང་ཞིང་། ཐུན་མཚམས་རེ་གཉིས་བཅད་དེ་ཚོགས། ཚོགས་ཐུན་གཅིག་ནི་ལོ་ཙཱ་དང་འབྲེལ་བའི་འཆད་ཁྲིད་ཅིག་ཏུ་སོང་ཞིང་། བོད་རིགས་རྩོམ་པ་པོ་ཞིག་གིས་རྒྱ་སྐད་ཀྱི་ལམ་ནས་འཆད་ཁྲིད་གང་རྒྱས་ཤིག་གནང་ཡང་། གུས་པོ་རྒྱ་སྐད་ལ་རྨོངས་པས་འཆད་ཁྲིད་ཀྱི་བཟང་ངན་བཤད་དུ་མེད་ཅིང་། ཉིན་དེར་འཆད་ཁྲིད་མཁན་ལ་དྲི་བ་འང་ཕུལ་མེད། ཉིན་གསུམ་པར་རྩོམ་སྒྲིག་པ་ཆེ་གེ་མོ་ལགས་ཀྱིས་གུས་པོར་ལབ་གླེང་ཕྲན་བུ་ཞིག་ཞུ་རྒྱུའི་དུས་ཚོད་སྤྲད་ཀྱང་། གུས་པོས་གོ་སྐབས་ཀྱི་ཆ་ཤས་ལེན་ཐུབ་མེད། རྒྱུ་མཚན། ཇི་ལྟར་གླེང་དགོས་པ་དང་། གང་ཞིག་གླེང་དགོས་པའི་དོན་ལ་བསམ་བློ་བཏང་མེད་པས་ཡིན། སྤྱིར་ཡིན་ན། གུས་པོས་གླེང་བར་བྱ་བ་ནི་འགྱུར་རྩོམ་བཀླགས་པའི་ཐད་ནས་ཡིན་ན་འོས་ཤིང་། དེ་འང་འགྱུར་རྩོམ་ལེགས་མི་ལེགས་ཀྱི་བར་ནས་རང་ཉིད་ལ་འགྱུར་རྩོམ་དེ་དང་དེས་བརྗོད་བྱ་དོན་གྱི་བརྡ་སྤྲད་པ་དང་མ་འཕྲོད་པ་ལ་བསམས་ནས་བཤད་རིགས། ཉིན་དེར་གོ་སྐབས་ལག་ཏུ་བསྟར་མ་ཐུབ་པའི་ཁ་བསྐང་སླད། འདིར་བསམ་ཚུལ་ཤིན་ཏུ་ཉུང་ཙམ་ཞིག་གླེང་བར་འདོད་དོ། ། 

དེ་ཡང་། མི་རིགས་ཀྱི་རྩོམ་རིག་ནི་བོད་ཀྱི་རྩོམ་པ་པོ་ཡོངས་དང་ཀློག་པ་པོ་ཡོངས་ལ་ཁ་ཕྱོགས་པའི་རྩོམ་རིག་གི་སྟེགས་བུ་ཆེན་པོ་ཞིག་ཡིན་ཅིང་། དེབ་འདིའི་རྩོམ་སྒྲིག་པར་མཚོན་ན་འང་བགྱི་བ་ཆེན་པོ་ཁུར་དུ་བཞེས་པའི་ལས་ཀྱི་སྣེ་མོ་བ་ཞིག་ཡིན། དེའི་ཕྱིར་གུས་པོས་ལོ་ངོ་བཅུ་ཙམ་གྱི་ཡུན་ལ་མི་རིགས་ཀྱི་རྩོམ་རིག་སྟེང་དུ་བཏོན་པའི་འགྱུར་རྩོམ་རེ་འགར་བལྟས་པའི་ཚོར་བ་ནི་ཕྱོགས་སུ་ལྷུང་ཡོད་ངེས་ཀྱང་། དྲང་བོའི་ལམ་ནས་གང་ཐུབ་ཅི་ཐུབ་ཀྱིས་ཟུར་ཙམ་ཞུ་འདོད། འགྱུར་རྩོམ་མཛད་མཁན་རེ་གཉིས་ལ་མཚོན་ན་བོད་ཀྱི་བརྡ་སྤྲོད་ལ་ནང་རྒྱུས་མེད་པའི་ཆ་དང་། བོད་སྤྱིའི་སྐད་ལ་གཅིག་གྱུར་གྱི་བསམ་བློ་མ་བཏང་བར་སོ་སོས་གང་མོས་ལྟར་བསྒྱུར་བའི་ཉམས་སྐབས་འགར་མཆིས། འགྱུར་རྩོམ་འདི་དང་ཀན་ཞེས་གླེང་ན་འོས་སུ་མ་མཐོང་ཡང་། དེ་ལྟའི་ཚུལ་ལ་འགྱུར་རྩོམ་མཛད་མཁན་སོ་སོ་དང་རྩོམ་སྒྲིག་པས་ཐུགས་མཉམ་བཞེས་རྒྱུར་རེ་བ་བཏོན་པ་ཡིན། 

རྩོམ་རིག་གི་བརྡ་ཆད་གསར་བར་གཅིག་གྱུར་གྱི་བསམ་བློ་མ་བཏང་བར། དོན་གཅིག་ལ་ཡང་རང་རང་གང་མོས་ཀྱིས་ཐ་སྙད་རེ་བཏགས་པ་ཡིན་ན། དོན་སླ་བ་ཞིག་ཀྱང་ཐ་སྙད་སོ་སོར་སོང་བར་བསྟུན། གུས་པོ་རང་ལྟ་བུའི་ངོར་ཇེ་དཀའ་རུ་སོང་ཞིང་། མཐར་གོ་བ་ལེན་སྟངས་མི་འདྲ་བ་ཞིག་བློར་འཇོག་པ་འམ། ཡང་ན་དོན་མག་མོག་པོ་ཞིག་ལས་གང་ཡང་སེམས་སུ་འཛིན་རྒྱུ་མེད་པ་ཞིག་ཏུ་བཏང་འགྲོ། གནད་དོན་འདི་ལྟ་བུ་ནི། རྩོམ་སྒྱུར་བ་དག་གིས་སྟོད་མངའ་རིས་ནས་སྨད་ཨ་མདོའི་ཤར་མཐའི་བར་གྱི་རོང་འབྲོག་ཚང་མས་གོ་ཐུབ་མིན་ལ་བསམ་བློ་མ་བཏང་བས་ལན་ཞིང་། གནད་དོན་འདི་ལྟ་བུར་ཐུག་དུས་རང་རང་གི་སྐྱེ་ཡུལ་དང་གོམས་གཤིས། རང་ལྟ་མཆོག་འཛིན་གྱི་ཁོར་ཡུག་ལག་མཐིལ་ཙམ་ལས་བརྒལ་ནས། ཡིག་སྐད་ཚད་ལྡན་གོ་སླ་བ་ཅན་གྱི་ཕྱོགས་ལ་བསམ་བློ་བཏང་ན་འོས་པར་སེམས་ཤིང་། སྔོན་བྱོན་དམ་པའི་རྣམ་ཐར། རྗེས་འཇུག་སློབ་མའི་ཉམས་ལེན་ཡིན། ཅེས་པའི་སྒྲོས་ལྟར། སྔོན་གྱི་ལོ་ཙཱ་བ་དག་གིས་ལོ་ཙཱ་བྱེད་པའི་ཐབས་ལ། དཔེར་ན། ས་ཏྭ་ལ་སེམས་དཔར་བསྒྱུར་བ་ནི། གཞན་གྱི་དོན་གྲུབ་པ་གཙོ་བོར་ཡིད་ལ་སེམས་པའི་ཆ་ནས་སེམས་པ་ཞེས་པ་ཡིན་ན་ཡང་། གཞན་དོན་སྒྲུབ་པ་ལ་མི་ཞུམ་པའི་སེམས་དཔའ་བ་དང་ལྡན་པའི་དོན་ཐོན་པ་བྱས་པ་ནི། ལོ་ཙཱ་བ་རྣམས་ཀྱིས་ཆེད་དུ་དོན་ཇེ་གསལ་དུ་བཏང་བ་ལྟ་བུར་གསུངས་པ་དང་། ཡང་། པྲ་ཛྙ་ཞེས་པ་ཤེས་རབ་ཡིན་ལ། པྲ་ནི་རབ་དང་ཛྙ་ནི་ཤེས་པར་འགྱུར་མོད། ལོ་ཙཱ་བ་རྣམ་པས་ཚིག་གི་གོ་རིམ་བསྒྱུར་ནས་ཤེས་རབ་ཏུ་བསྒྱུར་བ་ནི་བོད་སྐད་ཀྱི་བརྡ་དང་སྒོ་བསྟུན་པ་དང་། ལེགས་སྦྱར་གྱི་སྐད་བོད་སྐད་དུ་བསྒྱུར་ན་དོན་ལོག་པར་གོ་བ་དང་གོ་དཀའ་བའི་རིགས་རང་སོར་བཞག་པ་ནི། གངྒཱ་ལྟ་བུའོ། ། དཔེར་ན། གངྒཱ་བོད་སྐད་དུ་བསྒྱུར་ན་འགྲོ་ལྡན་མར་བསྒྱུར་རིགས་ཀྱང་། དེ་ལྟར་མ་བསྒྱུར་བར་རང་སོར་བཞག་པ་ནི་ཀུན་གྱིས་རྟོགས་དཀའ་བའི་ཚུལ་ལ་བསམས་པར་གསུངས། 

འདི་ལྟར་སྔོན་གྱི་མེས་པོ་དམ་པ་དག་གི་ལོ་ཙཱ་བྱེད་སྟངས་ཀྱི་ཐབས་ཡིད་ལ་གོམས་པར་བྱ་ཞིང་། དེང་གི་ལོ་ཙཱའི་ཕྱོགས་ཀྱི་གཞུང་ལུགས་དང་ལེགས་ཆ་དག་གིས་ཟུར་བརྒྱན་པར་བྱས་ན་འགྱུར་རྩོམ་ལེགས་པོ་ཞིག་འོང་བར་སྙམ་མོད། གུས་པོ་རང་ལ་ལོ་ཙཱའི་ཕྱོགས་ཀྱི་ཡོན་ཏན་ནམ་མཁའི་མེ་ཏོག་ཏུ་གྱུར་བས་ན། འདི་ནི་མཆོག་གོ འདི་ནི་གཏི་མུག་གོ་ཞེས་སྨྲ་བ་འོས་སུ་མ་མཆིས་ཀྱང་། མི་རིགས་ཀྱི་རྩོམ་རིག་ཏུ་བཏོན་པའི་འགྱུར་རྩོམ་རེ་འགའི་མཐོང་སྣང་ཁ་ཁྲལ་ཙམ་གྱིས་འཇལ་བ་ཡིན་ནོ། ། 

དེ་ལས་གཞན་བོད་རང་སྐད་ཀྱི་འགྲོས་དང་མཐུན་པ་ཞིག་ཅི་ནས་ཀྱང་ཡོད་དགོས་མོད། འགྱུར་རྩོམ་རེ་འགའི་ཁྲོད་ན། བཟའ་བ། བཅའ་བ། བཏུང་བ་སོགས་ཀྱི་ཚིག་ཟུར་ལ་ཐོན་པའི་བྱ་ཚིག་སྦྱོར་ཚུལ་ལ་ཁྱད་པར་མེད་པ་དང་། ཁྱད་གཞི་དང་ཁྱད་ཆོས་ཀྱི་མིང་གི་སྔ་ཕྱི་གོ་ལོག་པ། དཀར་པོའི་ལྭ། རིང་པོའི་མདའ། འགྲོ་ང་། འཐུང་ཇ་ལྟ་བུ་ཞེ་ན་བོད་སྐད་ཀྱི་སྦྱོར་ལུགས་དང་མི་མཐུན་པ་དང་། གང་ལ་ཚིག་སྡུད་བྱ་རིགས་པ་དང་མི་རིགས་པ། ཤར་དུ་འགྲོ་བ་ལ། ཤར་འགྲོ་ཞེས་པ་དང་། ཡང་། འཇམ་དབྱངས་ནོར་བུ་ལ། འཇམ་ནོར་ཞེ་ན་བསྡུ་ཚུལ་ལེགས་ཀྱང་། དབྱངས་བུ་ཞེ་ན་དོན་ནོར་བ་ཡིན། ད་དུང་། བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་སྐབས་སུ་བབ་པ་གང་ལ་སྦྱར་ན་དོན་གྱི་གནད་འདོན་ལུགས་མི་གཅིག་པའི་ཚུལ་མི་ཤེས་པ། འགྲུབ་ཀྱི་ཚབ་ཏུ་སྒྲུབ་སྦྱར་བ་ལྟ་བུ། དཔེར་ན། འགྲུབ་དང་སྒྲུབ་གཉིས་ཚིག་གྲོགས་དང་སྦྱར་བའི་ཚེ་ན། ལོ་གཅིག་གི་ཡུན་ལ་འགྲུབ་དགོས་དང་། ལོ་གཅིག་གི་ཡུན་ལ་སྒྲུབ་དགོས་ཞེས་པའི་སྔ་མ་ནི། ལོ་གཅིག་གི་རིང་བྱ་བ་དེ་ལེགས་པར་ཟིན་དགོས་ཞེས་པ་ཙམ་མ་གཏོགས། ཉིན་སུམ་བརྒྱ་དྲུག་ཅུར་བར་མ་ཆད་དུ་བྱ་བ་དེ་བྱེད་དགོས་པར་མ་བསྟན་ལ། ཕྱི་མ་ལྟར་ན། ཚིག་གྲོགས་ཀྱི་དབང་གིས་ལོ་གཅིག་གི་རིང་སྟེ་ཉིན་སུམ་བརྒྱ་དྲུག་ཅུར་བར་མ་ཆད་དུ་བྱ་བ་བྱེད་དགོས་ཞེས་པའམ། ཡང་ན། སྐྱེས་བུ་གཞན་ཞིག་ལ་ཡུན་དེ་ཙམ་གྱི་རིང་སྒྲུབ་པའི་བཀོད་འདོམས་བྱེད་པའམ། ཡང་ན། ཡུན་དེ་སྙེད་ཅིག་མ་ལོན་ན་བྱ་བ་དེ་མི་འགྲུབ་པར་སྟོན་པས་ཁྱད་པར་དུ་མ་འབྱུང་བ་བཅས་ཀྱི་འབབ་ས་མ་ནོར་བ་ཞིག་བྱེད་དགོས་པ་དང་། མིང་གི་གཙོ་བོ་དང་ཕལ་བ་གང་ཡིན་པ་ལ་དོ་སྣང་མ་བྱུང་བའི་དབང་གིས་ཚིག་སྡུད་ཀྱི་གོ་རིམ་ལྷོད་པ་སོགས་བོད་སྐད་རྣལ་མའི་ཁྱད་ཆོས་མ་ཐོན་པ་ཕྲན་བུ་རེ་སྐབས་འདིར་ཞུས་པའི་སྙིང་པོ་ནི། མ་འོངས་པར་འགྱུར་རྩོམ་མཛད་མཁན་དག་ལ་ཕན་དུ་རེ་བ་དང་། མི་རིགས་ཀྱི་རྩོམ་རིག་བཟང་ཐོག་ནས་བཟང་དུ་འགྲོ་བར་སེམས་པ་དང་། རྩོམ་སྒྲིག་པ་དབུས་པའི་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་དག་གི་ཐུགས་དང་འཚམ་པར་བཟུང་ནས་མི་སྨྲ་བའི་བརྟུལ་ཞུགས་ལྷོད་པ་ཡིན་ཀྱང་། མཚམས་འདིར། བླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་པ་ལྟར་གུས་པོ་རང་གིས་རང་ལ་བྱ་བཏང་སྟེ་ངག་གི་ཀྱལ་བ་མང་པོ་ལས་ལྡོག་པར་བྱས་སོ། ། 

དེ་ལྟར་འགྱུར་རྩོམ་གྱི་ཐད་ལ་ཅུང་ཟད་ཞུས་པ་ནི་གོང་ནས་བཤད་པ་བཞིན། སྔར་མི་རིགས་ཀྱི་རྩོམ་རིག་གི་རྩོམ་སྒྲིག་པ་ཆེ་གེ་མོ་ལགས་ཀྱིས་རང་ལ་ཚོགས་འདུ་དེར་ལབ་གླེང་ཞིག་བྱ་རྒྱུའི་གོ་སྐབས་སྤྲད་པའི་ཆ་ཤས་ཤིག་ཐེངས་འདིར་བླངས་པ་ཙམ་ཡིན་ཀྱང་། སྐབས་དོན་དང་འབྲེལ་བ་མེད་པ་ཆགས་ཡོད་ན་དགོངས་དག་ཞུ་ཞུ། ། 

མཇུག་ཏུ་ཞུ་སྙིང་། མི་རིགས་ཀྱི་རྩོམ་རིག་ནི་གསེར་གྱི་གྲུ་གཟིངས་ཤིག་ལགས་པས། རྒྱ་མཚོའི་ཕ་རོལ་ཚུར་རོལ་དུ་སྐྱོད་པ་ལ། ལོ་ཙཱའི་མཉན་པ་དཔུང་བ་སྦོམ་ལ་མིག་དཀྱུས་ཡངས་པ་ཞིག་ལ་བརྟེན་དགོས་པས། གྲུ་གཟིངས་སུ་བསྙད་ཀྱང་གྲུ་གཟིངས་ཀྱི་གཟུགས་བརྙན་ཙམ་དང་། ལོ་ཙཱ་བར་སེམས་ཀྱང་སྐད་གཉིས་ལ་ནང་རྒྱུས་མེད་པའི་ལོ་ཙཱ་བ་འདྲ་ཆག་པོ་ཞིག་གིས་འཁྱོངས་དཀའ་བར་བསྟུན། བདེན་པའི་དཔང་པོ་ལ་བཞུགས་ཤིང་། བློ་གྲོས་ཀྱི་སྤྱན་དཀྱུས་རིང་བ། ཐུགས་རྗེ་ལ་ཉེ་རིང་མེད་པའི་རྩོམ་སྒྲིག་པ་རྣམ་པས་ར་གན་དང་གསེར་གྱི་དབྱེ་བ་ལ་ཤིན་ཏུ་བསྒྲིམ་རྒྱུར་རེ་ཞུ་འཕུལ་བ་དང་ལྷན་དུ། མི་རིགས་ཀྱི་རྩོམ་རིག་དང་རྩོམ་སྒྲིག་པས་ད་ལྟའི་བར། གཞན་ལ་ངོ་གནོང་མི་དགོས་པ། ལམ་ལ་སོམ་ཉི་མེད་པ། བརླིང་ཞིང་གཡེར་བག་དང་ལྡན་པའི་རྩོམ་སྟེགས་བླ་ན་མཐོ་བ། དཀྱེལ་ཆེ་བ་ཞིག་བསྐྲུན་པར་བཀའ་དྲིན་ཆེ་འབུལ་ཞོར། སླད་མར་ཡང་། བསིལ་ལྡན་ཁ་བ་རི་བའི་རྩོམ་རིག་གི་སྟེགས་བུ་ཆེན་པོ་འདིར་མཛེས་པ། མཉེན་པ། བཀྲག་མདངས་དང་ལྡན་པ། གསལ་བའི་ལང་ཚོ་མངོན་པར་རྫོགས་པའི་རྩོམ་རིག་གི་ནང་ནོམ་གྱ་ནོམ་པ་ཞིག་འདྲེན་རྒྱུར་སྙིང་ནས་གུས་འདུད་ཞུ། ། 

ནང་གི་རྟོགས་པ་རི་མོར་ཤར་བའི་གཟུགས།  ། 

སྒྱུ་འཕྲུལ་མེ་ལོང་དབུས་སུ་བཀྲ་བ་ལ། ། 

སྣ་ཚོགས་ཚོན་གྱི་མཛེས་པ་རབ་བྱིན་པའི། ། 

མི་རིགས་རྩོམ་རིག་བསིལ་ལྡན་ཡུལ་གྱི་ཏོག།