རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་བཞུགས་པའི་ལྡེབས་རིས། པར་པ། སྒོ་བུ་ཤ་བོ་ཚེ་རིང་།

བཞི་པ། ཧོར་གོང་མའི་ཕོ་བྲང་དུ་བོད་ཡིག་གི་བསྟན་བཅོས་མཛད་པོ་ཤོང་བློ་བརྟན།

 “བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་”ཞེས་པ་ནི་འགྲོ་མགོན་འཕགས་པ་ཁོ་ན་སྦྱར་བའི་མཚན་ཐོབ་ཅིག་ཡིན།  འགྲོ་མགོན་འཕགས་པ་ཉིད་ ༡༢༦༥ ལོར་དགུང་ལོ་སོ་གཅིག་བཞེས་པའི་སྐབས་སུ་གོང་ནས་དབུས་གཙང་དུ་ཕེབས་པ་དང་། སྐབས་འདིར་ཁོང་གིས་ཆོས་ཀྱི་སློབ་གཉེར་མུ་མཐུད་བྱེད་པའི་ཐུགས་འདུན་བརྟན་པོ་བཟུང་བ་ཡོད་པ་ཙམ་དུ་མ་ཟད། བོད་ཀྱི་རིག་གནས་ལ་ཁ་སྐོང་བྱེད་པའི་ཐུགས་འདུན་ཞིག་འཁྱེར་ཡོང་ཡོད། ཐུགས་འདུན་དེའི་འོག་ནས་ཁོང་གིས་ལས་འཆར་སྐོར་ཞིག་བཀོད་སྒྲིག་བྱས་ཡོད་ཅིང་། དེ་ཡང་ཁོང་དང་ས་སྐྱའི་སྲིད་གཞུང་གིས་ལས་འཆར་དེའི་རིགས་ལ་སྦྱིན་བདག་བྱེད་པ་དང་བསྟན་བཅོས་བསྒྱུར་བར་སྐུལ་བ། བཀོད་འདོམས་བྱེད་པ་བཅས་ཚུད་ཡོད། བཀོད་སྒྲིག་འདིའི་འོག་ནས་ལས་ཀ་བྱེད་མཁན་རྣམས་ཀྱིས་ཁོང་ལ་ “བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་”ཞེས་མཚན་བསྟོད་བྱས་ཡོད།  དེ་ལྟར་ཁོང་ལ་མཚན་བསྟོད་འབུལ་མཁན་ནི་ཤོང་སྐུ་མཆེད་གཉིས་དང་། ཡར་ལུང་ལོ་ཙ་བ་གྲགས་པ་རྒྱལ་མཚན། མཆིམས་འཇམ་པའི་དབྱངས་དང་བཅས་པའི་ཁོང་གི་སློབ་ཚོགས་རྣམས་ཡིན།  

ཤོང་བློ་གྲོས་བརྟན་པ་ནི་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་གཅུང་པོ་ཡིན། ཁོང་འགྲོ་མགོན་འཕགས་པ་(1235-1280)དང་རྗེས་འབྲེལ་གྱིས་རྒྱ་ནག་ཏུ་ཕེབས། ཁོང་གིས་བརྩམས་པའི་ “དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་གྱི་མངོན་པར་རྟོགས་པའོ།།”ཞེས་པའི་མཇུག་བྱང་དུ་ “བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ། སྐད་གཉིས་སྨྲ་བ་དགེ་སློང་བློ་གྲོས་བརྟན་པས་གོ་སླ་བར་ཤང་ཏོའི་ཕོ་བྲང་དུ་སྡེབས་པའི་ཡི་གེ་པ་ནི་བསོད་ནམས་དཔལ་ཞེས་བྱ་བའོ།། སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག།།”ཞེས་འབྱུང་།  (འདིའི་སྐོར་འོག་ཏུ་གཟིགས།)

བོད་ཀྱི་ལོ་རྒྱུས་ཡིག་ཚགས་རྣམས་སུ་དུས་འཁོར་ཤོང་འགྱུར་སྐོར་འཆད་སྐབས་སུ་བླ་མ་འདི་གཉིས་ཀྱི་རྣམ་ཐར་དཀྱུས་གཅིག་ཏུ་ཐོར་རེ་འབྱུང་བ་ཡིན། དེ་ཡང་འཇམ་མགོན་ཨ་མྱེས་ཞབས་ཀྱིས་མཛད་པའི་ “དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་མན་ངག་གི་བཀའ་སྲོལ་ཟབ་མོ་འཆད་ཅིང་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་བསྟན་བཅོས་ལེགས་པར་བཤད་པ་དུས་འཁོར་བསྟན་པའི་མཛེས་རྒྱན་བཞུགས་” ཞེས་པར་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་རྣམ་ཐར་ཞུས་མ་ཐག་ཏུ་འདི་ལྟར།  “དེ་ཉིད་ཀྱི་གཅུང་པོ་ཤོང་སྟོན་ལོ་ཙཱ་བ་བློ་གྲོས་བརྟན་པ་ཞེས་པ་ཀྱཻ་རྡོ་རྗེའི་འགྲེལ་པ་ཊྃ་ཀ་ད་ཤ་དང་། སྡོམ་ཆུང་གི་འགྲེལ་པ་པདྨོ་ཅན་དང་། གཤིན་རྗེ་གཤེད་དམར་པོའི་རྒྱུད་ལ་སོགས་པ་གཞི་འགྱུར་དུའང་མང་དུ་བསྒྱུར་ཅིང་ཞུ་ཆེན་ཡང་དུ་མ་མཛད་ལ། འཕགས་པ་རིན་པོ་ཆེའི་སློབ་མའི་ཐུ་བོར་གྱུར་ཅིང་། སེ་ཆེན་རྒྱལ་པོས་ཀྱང་བླ་མར་བཀུར་བ་གཅེན་པོའི་ཡོན་ཏན་ལ་བསྒྲུན་དུ་རུང་བ་ཡོད་་་་”ཞེས་འབྱུང་ལ། འདར་ལོས་ཀྱང་འདི་དང་ཆ་མཚུངས་པ་ཞིག་གསུངས་འདུག[1]  དེབ་ཐེར་སྔོན་པོ་སོགས་སུའང་ཧ་ལམ་འདི་ལས་ལྷག་ཅིག་གསལ་མེད་ལ།[2]ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ནས་བརྒྱུད་པའི་ཆོས་ཚན་ཁག་ནི་ཧ་ལམ་ཤོང་བློ་བརྟན་མ་བརྒྱུད་པར་འོངས་ཚུལ་མེད་པ་འདྲ་བོ་ཞིག་ད་ལྟའི་གསན་ཡིག་ཡིག་ཆ་ཁག་ཏུ་གསལ་ལོ།།

ཞོར་དུ་ཞུ་རྒྱུ་ཞིག་ལ། ངས་སྤུན་འདི་གཉིས་ཀའི་སྐོར་ལ་ཞིབ་ཙམ་བྲིས་ཟིན་མོད། ཉེ་ཆར་རིག་འཛིན་ཚེ་དབང་ནོར་བུའི་གསུང་ཕྱི་དར་སྐབས་ཀྱི་བསྟན་རྩིས་ཤིག་ཏུ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་འཁྲུངས་དུས་ནི་ ཕྱི་ལོ་ ༡༢༣༤ པ་ཤིང་མོ་ལུག་གི་ལོ་འཁོད་སྐོར་ཚངས་དབང་དགེ་འདུན་བསྟན་པས་རྒྱུས་སྟོན་བྱས་བྱུང་ལ། དེར་བཙལ་སྐབས་ གུ་རུ་“ཆོས་དབང་གི་ཉེར་གསུམ་པར་རིག་གནས་བསྟན་པའི་འབྱུང་ཁུངས་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་བལྟམས་”[3]ཞེས་འཁོད་ཅིང་། དེ་ནི་ཕྱི་ལོ་ ༡༢༣༤ ལོར་འཁེལ་འདུག  དེ་ལྟར་ན་ཁོང་ནི་འགྲོ་མགོན་འཕགས་པ་ལས་དགུང་ལོ་གཅིག་གིས་རྒན་པ་ཡིན། ཁོང་གི་འདས་ལོ་ནི་གྲུབ་ཆེན་ཨུ་རྒྱན་པའི་རྣམ་ཐར་དུ་ ཆུ་རྟ་ ༡༢༨༢ ཙམ་ལ་གཉའ་ལམ་ནས་བལ་ཡུལ་དུ་ཕེབས་སྐོར་བཤད་ཅིང་། དེ་ནས་ཀུན་མཁྱེན་པད་མ་དཀར་པོའི་ཆོས་འབྱུང་དུ་གཅེན་བལ་པོར་ཕེབས་ནས་གཤེགས་ཞེས་འབྱུང་ན་འདི་ཙམ་ལ་གཤེགས་པའི་ཚོད་དཔག་བྱེད་པ་ཡིན། འོན་ཀྱང་ལོ་རྒྱུས་ཀྱི་བྱུང་བ་སྤྱིའི་ཆིངས་ནས་གུང་བསྒྲིགས་ཚེ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་འཁྲུངས་དུས་ནི་འཕགས་པ་ལས་དགུང་ལོ་བཅུ་ཙམ་གྱིས་གཞོན་པ་དང་། དེ་ཡང་ཕྱི་ལོ་ ༡༢༤༥ ཙམ་ལ་འཁྲུངས་དགོས་པར་ཡང་འདོད་དོ།། 

ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། ཤོང་བློ་བརྟན་འདི་ཉིད་ཀྱིས་བསྒྱུར་པའི་བསྟན་བཅོས་ ༩ ད་ལྟའི་བཀའ་བསྟན་ཁྲོད་དུ་བཞུགས་འདུག[4] དེ་དག་གི་ཁོངས་སུ་བལ་ཡུལ་རང་དུ་བསྒྱུར་པའི་བསྟན་བཅོས་ ༤ དང་། བོད་ཀྱི་ས་ཆ་ས་སྐྱ་དང་། ཕུ་རིའི་གཙུག་ལག་ཁང་།[5]བྲག་དམར་དབེན་ས[6]།  བསམ་གཏན་གླིང་གི་དབེན་གནས་[7]ཞེས་པ་བཅས་བསྒྱུར་པ་ ༤ བཅས་འཁོད་ཅིང་།  འགྲོ་མགོན་འཕགས་པའི་བཀའ་ལ་བརྟེན་ནས་ས་སྐྱའི་དཔོན་ཆེན་གསུམ་པ་ཞང་བཙུན་(ཕྱི་ལོ་ ༡༢༧༥ ལོ་ནས་དཔོན་ཆེན་གྱི་ལས་མགོ་བཙུགས) གྱིས་ཡོན་བྱས་ཏེ་ས་སྐྱར་བསྒྱུར་པ་གཅིག་པ་དང་། ས་སྐྱའི་དཔོན་ཆེན་གཉིས་པ་ཀུན་དགའ་བཟང་པོས་(འདི་ཕྱི་ལོ་ ༡༢༧༠ ནས་ ༡༢༧༥ བར་དུ་དཔོན་ཆེན་གྱི་འགན་འཁུར་)བསྐུལ་ནས་བསྒྱུར་པ་གཉིས། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་ཐོག་མའི་དགེ་རྒན་བལ་པོའི་པཎྜི་ཏ་དཔལ་ས་དབང་བཟང་པོའི་མདུན་[8]ནས་བལ་ཡུལ་དུ་བསྒྱུར་པ་གཅིག་དང་བཅས་བལ་ཡུལ་དུ་བསྒྱུར་པ་བསྡོམས་གསུམ་འབྱུང་ངོ་།།   འགྱུར་དགུ་ལས་བཞི་ལ་ནི་ “ཡོན་ཏན་མཐའ་ཡས་པ་དང་ལྡན་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གིས” ཞེས་འཁོད་འདུག་ལ། དེ་ལྟར་ན་དེ་དག་ནི་འགྲོ་མགོན་འཕགས་པས་སྒྱུརད་ཅིག་ཅེས་བཀའ་ཕབ་པ་གསལ་ཞིང་། གཞན་གཉིས་ལ་ནི་འགྲོ་མགོན་འཕགས་པའི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ་ཞེས་དྲིན་ཤེས་ཀྱི་ཚིག་སྤྱད་འདུག  དེ་ལྟར་ན། འགྱུར་དགུ་རྣམས་ལོ་ཚིགས་དང་བཅས་གུང་བསྒྲིགས་པ་ཡིན་ན།

༡༽          འགྲོ་མགོན་འཕགས་པས་བཀའ་ཕབ་པ་ལ་བརྟེན་ནས་བལ་ཡུལ་དུ་བསྒྱུར་པ་གཅིག་དང་། གཞན་ཡང་བལ་ཡུལ་དུ་བསྒྱུར་པ་གཉིས་བཅས་གསུམ་འབྱུང་ཞིང་། 

  1. “རྣམ་དབྱེའི་ཚིག་ལེའུར་བྱས་པ།”ཞེས་པའི་འགྱུར་བྱང་དུ།“ཡོན་ཏན་མཐའ་ཡས་པ་དང་ལྡན་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གིས།བྷོ་ཊ་པཎྜི་ཏ་ཡིས་བསྐུལ་བ་བཞིན་དུ་བལ་པོའི་པཎྜི་ཏ་དཔལ་ས་དབང་བཟང་པོའི་ཞལ་ནས།བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་བློ་བརྟན་གྱིས་བལ་པོའི་མཐིལ་དུ་བསྒྱུར་བའོ༎འདི་ཡིས་འགྲོ་བ་ཐམས་ཅད་ལ།།གསལ་བའི་ཚིག་དང་དགོས་པའི་དོན།།བདེ་བའི་ལྕེ་དང་སྙན་པའི་ངག།བདེ་བླག་ཉིད་དུ་སྟེར་བར་ཤོག།བདེ་ལེགས་སུ་གྱུར་ཅིག །” ཅེས་འཁོད་པ།[དཔེ་བསྡུར་མ། བསྟན་འགྱུར།སྒྲ་མདོ།རེ་༡༠༣༧-༡༡༠༡]
  2. “དཔལ་སྡོམ་པ་འབྱུང་བའི་སྒྲུབ་ཐབས།” ཞེས་པའི་འགྱུར་བྱང་དུ།“བལ་པོའི་པཎྜི་ཏ་ཆེན་པོ།ཀྵཱནྟི་ཤྲཱིའི་ཞལ་སྔ་ནས་བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་བློ་བརྟན་གྱིས་བལ་པོའི་ཡུལ་གོ་ཏ་མ་བྷི་ཧ་རིར་བསྒྱུར་བའོ༎” ཞེས་འཁོད་པ།  [དཔེ་བསྡུར་མ།བསྟན་འགྱུར།རྒྱུད། ཞ༢༠༣༧-༢༠༥༠]
  3. “སྤྱིར་བཏང་བ་ཡང་དག་པར་བསྡུས་པ།”ཞེས་པའི་འགྱུར་བྱང་དུ། “མདོའི་སྤྱིར་བཏང་བ་ཡང་དག་པར་བསྡུས་པ་རྫོགས་སོ༎བལ་པོའི་མཐིལ་ཡེ་རང་གི་གྲོང་ཁྱེར་དུ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་ཡང་དག་པ་བསྒྱུར་པའོ༎”ཞེས་གསལ་བ།[དཔེ་བསྡུར་མ།བསྟན་འགྱུར།སྒྲ་མདོ། རེ་༡༠༠༩-༡༠༣༦]

འདི་གསུམ་ནི་ཕྱི་ལོ་ ༡༢༧༠ སྔོན་ལ་ཡིན་ནམ་སྙམ་ལ། དེ་ལྟར་ཡིན་དབང་དུ་བཏང་ཚེ་འདི་ནི་ཤོང་བློ་གྲོས་བརྟན་པ་བལ་ཡུལ་དུ་ཕེབས་པའི་དུས་ཚིགས་ཚོད་དཔག་བྱེད་ཐུབ་བོ།།

༢༽         ཡང་འགྲོ་མགོན་འཕགས་པས་བཀའ་ཕབ་སྟེ། དཔོན་ཆེན་ཀུན་དགའ་བཟང་པོའི་སྐབས་སུ་(ཕྱི་ལོ་ ༡༢༧༠ ནས་ ༡༢༧༥ ཡི་བར་)བསྒྱུར་པའི་བསྟན་བཅོས་གཉིས་ཡོད་ཅིང་། དེ་དག་ནི། 

  1. “དཔལ་སྡོམ་པ་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་པདྨ་ཅན་”ཞེས་བྱ་བའི་འགྱུར་བྱང་དུ་“དུས་ཕྱིས་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་དང་།དཔོན་ཆེན་ཀུན་དགའ་བཟང་པོའི་གསུང་གིས་བསྐུལ་ནས།།བོད་ཀྱི་ལོ་ཙཱ་བ་དགེ་སློང་བློ་བརྟན་གྱིས་ཕུ་རིའི་གཙུག་ལག་ཁང་དུ་བསྒྱུར་ཅིང་བཅོས་པར་བྱས་པའོ༎ ཟབ་མོ་སྟོང་ཉིད་སྙིང་རྗེའི་དོན།།རྡོ་རྗེའི་ཚིག་གིས་བཅིངས་པའི་རྒྱ། བདག་ལྟ་བུ་ཡིས་མི་ཕྱེད་མོད།།གུས་པས་འཇུག་ལའང་འགལ་ཅི་ཡོད།།  འདི་འབད་དགེ་བ་ཉི་ཟེར་གྱིས།།མཐའ་དག་འགྲོ་བ་བུང་བ་ལ།།པདྨ་ཅན་གྱི་སྦྲང་རྩིའི་རྒྱུན།།གེགས་མེད་དུས་སྦྱིན་པར་ཤོག།” ཅེས་འཁོད་པ། [དཔེ་བསྡུར་མ།བསྟན་འགྱུར།ཝ ༣-༢༤༤]
  2.  “དཔལ་ལྡན་གཤིན་རྗེ་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ། །ཡོན་ཏན་མཐའ་ཡས་པ་མངའ་བའི་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ཆེན་པོའི་བཀའ་ལུང་གིས་དཔོན་ཆེན་ཀུན་དགའ་བཟང་པོས་ཡོན་བདག་བྱས་པའི་དུས་ན་ཁ་ཆེའི་པཎྜི་ཏ་རཱ་ཧུ་ལ་ཤྲཱི་བྷ་དྲ་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་བློ་བརྟན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ༎”[དཔེ་བསྡུར་མ།བཀའ་འགྱུར།རྒྱུད་འབུམ། ཇ།༦༨༡-༧༥༥]

༣༽       དེ་ནས་འགྲོ་མགོན་འཕགས་པས་བཀའ་ཕབ་པ་ལ་བརྟེན་ནས་ས་སྐྱའི་དཔོན་ཆེན་གསུམ་པ་ཞང་བཙུན་གྱི་སྐབས་སྟེ་ ཕྱི་ལོ་ ༡༢༧༥ ནས་༡༢༧༧ ཙམ་ལ་བསྒྱུར་པ་གཅིག་ཡོད་པ་དེ་ནི། “རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ།”ཞེས་པ་དེ་ཡིན་ཞིང་། འགྱུར་བྱང་དུའང་།

  1. “ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་མཐའ་ཡས་པ་བརྙེས་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གིས་དཔོན་ཞང་བཙུན་གྱིས་ཡོན་བདག་བྱས་ཏེ་ཕྱི་དང་ནང་གི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་ཁ་ཆེའི་པཎྜི་ཏ་ཆེན་པོ་བི་མ་ལ་ཤྲཱི་བྷ་དྲའི་ཞལ་ནས།།བོད་ཀྱི་ལོ་ཙཱ་བ་དགེ་སློང་བློ་བརྟན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་སློང་བསོད་ནམས་དབང་ཕྱུག་ཅེས་བྱ་བའོ།།”ཞེས་པའི་འགྱུར་བྱང་ཅན་[དཔེ་བསྡུར་མ། བསྟན་འགྱུར།རྒྱུད།ཁ་༡༥༤ནས་༧༣༧]

འགྲོ་མགོན་འཕགས་པ་ཕྱི་ལོ་ ༡༢༧༧ ལོར་གོང་ནས་ས་སྐྱ་ལ་ཕེབས་པའི་དབང་དུ་བཏང་ཚེ། ཞང་བཙུན་གྱིས་ཡོན་བདག་བྱས་པའང་དུས་བསྒྲིགས་ནུས་ལ། ཤོང་བློ་བརྟན་སྐབས་འདིར་ས་སྐྱ་ན་ཡོད་པ་ནི་འགྱུར་བྱང་འདིས་གཏན་འཁེལ་ཆོག་གོ། 

༤༽          ད་ནི་ཁོང་གི་འགྱུར་བྱང་དུ་ “བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ་”ཞེས་བཀོད་པ་གཉིས་དང་གཞན་གཅིག་བཅས་གསུམ་འདུག་ཅིང་། འཕགས་པས་བསྒྱུར་དགོས་པའི་བཀའ་མ་བཏང་ཞིང་ཁོང་ལ་ཆེ་བསྟོད་མཛད་ལུགས་བཅས་ལ་བསམས་ན། འདི་དག་ནི་འཕགས་པ་ཕྱི་ལོ་ ༡༢༨༠ ལོར་དགོངས་པ་རྫོགས་པའི་རྗེས་སུ་བསྒྱུར་པ་ཡིན་ནོ་སྙམ། དེ་དག་ནི་བྲག་དམར་དབེན་ས་དང་། བསམ་གཏན་གླིང་གཉིས་སུ་བསྒྱུར་འདུག  

  1.  “མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ།” ཞེས་པ་འགྱུར་བྱང་དུ་“དུས་ཕྱིས་ཐུབ་པའི་དབང་པོའི་གསུང་རབ་ཐམས་ཅད་ལ་དབང་འབྱོར་བ།བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ།ལེགས་པར་སྦྱར་བའི་སྐད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རིག་པ་ཤོང་ལོ་ཙཱ་བ་དགེ་སློང་བློ་གྲོས་བརྟན་པས་བྲག་དམར་དབེན་སར་ལེགས་པར་བསྒྱུར་ཞིང་དག་པར་བྱས་པའོ༎” ཞེས་པ་ཅན། [དཔེ་བསྡུར་མ།  བསྟན་འགྱུར།རྒྱུད།བཤོག་གྲངས་༡༠༡༩ནས་༡༡༧༢]
  2.  “སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མ།” ཞེས་པ་ལ་ཤོང་ལོ་ཙཱ་བ་དགེ་སློང་བློ་བརྟན་གྱིས་འགྱུར་བཅོས་བྱས་པ། [དཔེ་བསྡུར་མ།བསྟན་འགྱུར།རྒྱུད་ ཕུ་༤༡༣-༤༤༥] 
  3. “འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།” ཞེས་པའི་འགྱུར་བྱང་དུ།ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསུང་རབ་ཐམས་ཅད་ལ་དབང་འབྱོར་བའི་བདག་ཉིད་ཆེན་པོ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་བློ་གྲོས་བརྟན་པས།བསམ་གཏན་གླིང་གི་དབེན་གནས་སུ་ལེགས་པར་བསྒྱུར་ཅིང་དག་པར་བྱས་པའོ།།སྔོན་གྱི་སྒྲ་བསྒྱུར་ཆེན་པོ་དེ་དག་གིས།།རྒྱུད་འདི་བསྒྱུར་ཞིང་ཀུན་ལ་གྲགས་ལགས་མོད།།འོན་ཀྱང་སྒྲ་དོན་གཙུག་ལག་ཇི་བཞིན་དུ༎ རྒྱུད་འདི་བློ་བརྟན་གཉིས་པས་ལེགས་པར་བསྒྱུར།།ཟབ་ཅིང་རྒྱ་ཆེ་རྡོ་རྗེ་ཐེག་པ་ཡི།།ངེས་དོན་ཡེ་ཤེས་དོན་གཉེར་སྐྱེས་བུ་དག།ཆོས་དང་དོན་ལ་ལེགས་པར་མི་རྟོན་པར།།གང་ཟག་ཚིག་འབྲུའི་རྗེས་སུ་མ་འབྲང་ཞིག།” ཅེས་གསལ་བ།[དཔེ་བསྡུར་མ།བཀའ་འགྱུར།རྒྱུད་འབུམ།ཀ་༣-༣༡]

ད་ནི་ཁོང་གིས་མཛད་པའམ་བསྒྱུར་པའི་ཆོས་སྐོར་ཁག་གཉིས་ཀྱི་སྦྱར་བྱང་དང་ཁོང་གི་སློབ་མ་ཞིག་བརྩམས་ཆོས་བཅས་ལ་བརྟག་པར་བྱ་བ་ལ།

ཀ༽ འཇམ་དཔལ་མཚན་བརྗོད་དང་ཤོང་བློ་བརྟན།

“སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཤོང་བློ་གྲོས་བརྟན་པས་མཛད་པའི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་འགྲེལ་བཤད་ངེས་དོན་སྣང་བ་བཞུགས་སོ།།”ཞེས་པའི་མཚན་བྱང་ཅན་ཤོག་ལྡེབ་༡༢༧ཅན་དེའི་སྦྱར་བྱང་དུ།

“འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་བཤད།ངེས་པའི་དོན་གྱི་སྣང་བ་ཞེས་བྱ་བ་འདི་ནི།འགྲོ་བའི་བླ་མ་ཤཱཀྱ་སེང་གེས་རྡོ་རྗེ་ཐེག་པ་ལེགས་པར་གསུངས་ནས།ལོ་ཉིས་སྟོང་བརྒྱ་ལྔ་བཅུ་རྩ་་དགུ་དང་ཟླ་བ་བཞི་འདས་པའི་དུས་ན།སློབ་དཔོན་ཆེན་པོ་དྷརྨ་པཱ་ལ་རཀྵི་ཏའི་སྐུ་རིང་ལ།དཔོན་ཆེན་པོ་ཀུན་དགའ་གཞོན་ནུ་ཞེས་བྱ་བས་བསྐུལ་ཞིང་།ཡོན་གྱི་བདག་པོ་མཛད་ནས།སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་ཤོང་བློ་གྲོས་བརྟན་པ་ཞེས་བྱ་བས་ལེགས་པར་སྦྱར་བའོ།།འདིས་སེམས་ཅན་ལ་ཕན་པར་གྱུར་ཅིག།།” ཅེས་འབྱུང་།

འདིར་གསལ་བའི་ “འགྲོ་བའི་བླ་མ་ཤཱཀྱ་སེང་གེས་རྡོ་རྗེ་ཐེག་པ་ལེགས་པར་གསུངས་ནས།ལོ་ཉིས་སྟོང་བརྒྱ་ལྔ་བཅུ་རྩ་་དགུ་དང་ཟླ་བ་བཞི་འདས་པའི་དུས་” ཞེས་པའི་ ༢༡༥༩ ལོ་དེ་ནི་རྩིས་མགོ་གཞན་དང་མ་འཕྲོད་མོད། དུས་འཁོར་རྩ་རྒྱུད་གསུངས་ནས་ལོ་ ༢༨༩༩ བ་དེ་ནི་ཕྱི་ལོ་ ༢༠༡༩ པ་ཡིན་པ་དང་། དེ་ནས་སྣོན་འཕྲིའི་རྩིས་སྐོར་བྱས་སྐབས་དུས་འཁོར་རྩ་རྒྱུད་གསུངས་ནས་ལོ་ ༢༡༥༩ པ་དེ་ནི་ཕྱི་ལོ་ ༡༢༧༩ ཙམ་ལ་འཁེལ་འདུག་སྟབས། འདིའི་བརྩམས་དུས་ཀྱང་ཤེས་པ་བྱུང་ངོ་།།[9]ཡང་བསྟན་བཅོས་འདི་ནི་འགྲོ་མགོན་ཕྱག་ན་རྡོ་རྗེ་(1239-1267)ཡི་སྲས་དྷརྨ་པཱ་ལ་རཀྵི་ཏའི་(1268-1287)སྐུ་རིང་ལ་མཛད་པ་དང་།དེ་ཡང་དྷརྨ་པཱ་ལས་སྲིད་བཟུང་བའི་ལོ་༡༢༨༠ནས་༡༢༨༧བར་ཡིན་ཞིང་། ད་དུང་ས་སྐྱའི་དཔོན་ཆེན་དྲུག་པ་ཀུན་དགའ་གཞོན་ནུས་སྦྱིན་བདག་དང་སྐུལ་མ་མཛད་པ་གསལ་བ་དེ་བཞིན་དཔོན་ཆེན་འདིས་སྲིད་བསྐྱངས་ལོ་དེ་ཕྱི་ལོ་ ༡༢༨༢ ཙམ་ནས་ ༡༢༨༥ བར་ཡིན་ཞེས་འཁོད་འདུག་སྟབས། སྐབས་འདི་ཙམ་ལ་བརྩམས་པ་ནི་གསལ་ལོ།། 

འདིས་བསྒྱུར་པའི་འཇམ་དཔལ་མཚན་བརྗོད་ལ་“འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།” ཞེས་འཁོད་པ་དེ་[དཔེ་བསྡུར་མ། བཀའ་འགྱུར། རྒྱུད་འབུམ། ཀ་ ༣-༣༡ ] རུ་འཁོད་ཅིང་། དེའི་འགྱུར་བྱང་དུ།

 “ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསུང་རབ་ཐམས་ཅད་ལ་དབང་འབྱོར་བའི་བདག་ཉིད་ཆེན་པོ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་བློ་གྲོས་བརྟན་པས། བསམ་གཏན་གླིང་གི་དབེན་གནས་སུ་ལེགས་པར་བསྒྱུར་ཅིང་དག་པར་བྱས་པའོ། །སྔོན་གྱི་སྒྲ་བསྒྱུར་ཆེན་པོ་དེ་དག་གིས། །རྒྱུད་འདི་བསྒྱུར་ཞིང་ཀུན་ལ་གྲགས་ལགས་མོད། །འོན་ཀྱང་སྒྲ་དོན་གཙུག་ལག་ཇི་བཞིན་དུ༎ རྒྱུད་འདི་བློ་བརྟན་གཉིས་པས་ལེགས་པར་བསྒྱུར།། ཟབ་ཅིང་རྒྱ་ཆེ་རྡོ་རྗེ་ཐེག་པ་ཡི།། ངེས་དོན་ཡེ་ཤེས་དོན་གཉེར་སྐྱེས་བུ་དག། ཆོས་དང་དོན་ལ་ལེགས་པར་མི་རྟོན་པར།། གང་ཟག་ཚིག་འབྲུའི་རྗེས་སུ་མ་འབྲང་ཞིག།།”ཅེས་གསལ། 

འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ་དག་ནའང་ཤོང་འགྱུར་ཅེས་ཐོན་འདུག་པ་མ་ཟད། ཤོང་འགྱུར་ལ་སྐྱོན་ཡོད་སྐོར་དང་། སྔ་མོའི་རིན་ཆེན་བཟང་པོའི་འགྱུར་ལེགས་ཚུལ་གྱི་གླེང་སློང་ཡང་སྤེལ་འདུག འོན་ཀྱང་རིན་ཆེན་བཟང་པོའི་འགྱུར་དང་ཤོང་བློ་བརྟན་གྱི་འགྱུར་སོགས་ཞིབ་བསྡུར་གྱིས་དཔྱད་ཞིབ་ངེས་ཅན་ཞིག་དགོས་ངེས་སུ་སྣང་སྟེ། དཔེ་བསྡུར་མའི་རྒྱུད་འབུམ་ཀ་པའི་ནང་ཡོད་པ་ནི་ཤོང་བློ་བརྟན་གྱི་འགྱུར་འདི་ཉིད་ཡིན་ལ། དེ་མཚུངས་བཀའ་འགྱུར་མང་ཆེ་བར་ཡང་འདི་ཉིད་འཁོད་འདུག་པ་བཅས་གནས་སྐབས་གཞན་ཞིག་ཏུ་ཞུ་བར་བྱའོ།།

ཁ༽ གཤིན་རྗེ་གཤེད་དམར་པོ།

 “དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་གྱི་མངོན་པར་རྟོགས་པའོ།།”ཞེས་པའི་མཚན་བྱང་ཅན།དབུར།“དཔལ་གཤིན་རྗེ་གཤེད་དམར་པོའི་མངོན་པར་རྟོགས་པ་མན་ངག་གི་སྣང་བ་ཞེས་བྱ་བ།”ཞེས་འཁོད་པའི་དབུ་མེད་བྲིས་རྙིང་ཤོག་ལྡེབ་༡༥ཅན་ཞིག་བཞུགས་པ་དེའི་མཇུག་བྱང་དུ་

“བཅུ་གསུམ་བདག་ཉིད་གཤིན་རྗེ་གཤེད་དམར་གྱི།།བསྒོམ་པའི་རིམ་པ་གཞན་ཕན་བསམ་པ་ཡིས།།བྲིས་པའི་དགེ་བས་མཐའ་དག་འགྲོ་བ་རྣམས།།རྡོ་རྗེ་འཆང་གི་གོ་འཕང་ཉིད་ཐོབ་ཤོག།དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་གྱི་མངོན་པར་རྟོགས་པ་མན་ངག་གི་སྣང་བ་ཞེས་བྱ་བ།བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ།སྐད་གཉིས་སྨྲ་བ་དགེ་སློང་བློ་གྲོས་བརྟན་པས་གོ་སླ་བར་ཤང་ཏོའི་ཕོ་བྲང་དུ་སྡེབས་པའི་ཡི་གེ་པ་ནི་བསོད་ནམས་དཔལ་ཞེས་བྱ་བའོ།།སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག།།” ཅེས་འབྱུང་བ་ཞིག་གསལ།  

འགྱུར་བྱང་འདི་ནི་ཁོང་གིས་ཤང་ཏོའི་ཕོ་བྲང་དུ་བརྩམས་པའི་དཔང་རྟགས་དེ་ཡིན་ལ།  འདིའི་ཡི་གེ་བ་བསོད་ནམས་དཔལ་སུ་ཡིན་ཡང་ཁ་མ་གསལ་མོད། ཁོང་ཡང་ཤང་ཏོའི་ཕོ་བྲང་དུ་ཡོད་པ་ནི་སྨོས་མ་དགོས། 

 ཨ་མྱེས་ཞབས་ཀྱིས་གཤིན་རྗེ་གཤེད་དམར་ལྷ་བཅུ་གསུམ་མ་བོད་པ་དར་ཚུལ་སྲོལ་ལྔ་བྱུང་ཚུལ་བཤད་དེ།“སྲོལ་ལྔ་པ་ནི། གཤོང་རྡོ་རྗེ་རྒྱལ་མཚན་གྱི་གཅུང་པོ་ཤོང་བློ་བརྟན་གྱིས་པཎྜི་ཏ་བི་མ་ལ་ཤྲཱི་ལ་ལུང་བླངས་ཏེ་གཤེད་དམར་གྱི་རྒྱུད་ལེའུ་བཅུ་དགུ་པ་འདི་བསྒྱུར་ཏེ། དེའི་ལུང་ད་ལྟ་ཡང་བཞུགས་པ་ཡིན་ལ། རྒྱུད་འདིའི་ལེའུ་དང་པོ་ནས་ལྷ་ལྔའི་དཀྱིལ་འཁོར་བསྟན་ཅིང་། བརྒྱད་པ་ནས་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་བསྟན་པར་བཤད། བུ་སྟོན་རིན་པོ་ཆེས་བསྒྱུར་པའི་རྒྱུད་ལེའུ་ཉེར་གཉིས་པ་ནས་མཆོག་བསྒྲུབ་པའི་དཀྱིལ་འཁོར་ལྷ་ལྔ་མ་ཁོ་ན་སྟོན། རྒྱུད་དེ་ན་གཞན་ན་མེད་པའི་རྫས་ཀྱི་སྦྱོར་བ་ལ་བརྟེན་པའི་ལས་ཚོགས་ཤིན་ཏུ་མང་བ་ཞིག་བཞུགས་པར་བཤད་དོ། །སྲོལ་ལྔ་པ་འདི་ལ་རྒྱུད་ཀྱི་ལུང་བཤད་ཀྱི་རྒྱུན་ལུང་ཙམ་མ་གཏོགས་དབང་དང་ཁྲིད་སོགས་མེད་ལ།” ཞེས་དང་། “།དེའི་ཕྱི་ནས་གཤོང་ལོ་ཙཱ་བ་བློ་གྲོས་བརྟན་པས་པཎྜི་ཏ་བི་མ་ལ་ཤྲཱི་[10]ལ་ལྷ་ལྔའི་དབང་གསན་ནས། གཤེད་དམར་གྱི་རྒྱུད་ལེའུ་བཅུ་དགུ་པ་ཡང་བསྒྱུར་ཏེ། མདོར་ན་བོད་ཡུལ་འདིར་གཤེད་དམར་གྱི་ལམ་སྲོལ་ཆ་ཚང་བ་ལྔ་བྱོན་པ་ཡིན་ལ།” བཀོད་འདུག དེབ་སྔོན་དུའང་དེ་མཚུངས་འཁོད། [11] གཤེད་དམར་རྒྱུད་ལེའུ་བཅུ་དགུ་པ་འདི་བཞིན་དཔེ་བསྡུར་མའི་བཀའ་འགྱུར་རྒྱུད་འབུམ་ཇ་པའི་ཁོངས་སུ་འཁོད་འདུག་ལ། འདིའི་འགྱུར་བྱང་དུ། འདི་ནི་འགྲོ་མགོན་འཕགས་པས་བསྒྱུར་དགོས་པའི་བཀའ་གནང་བ་དང་། དཔོན་ཆེན་ཀུན་དགའ་བཟང་པོས་སྦྱིན་བདག་བྱས་པ་གསལ་ན། འགྱུར་དུས་ནི་ཕྱི་ལོ་ ༡༢༧༠ ནས་ ༡༢༧༦ ལོའི་བར་དེར་འཁེལ་དགོས། ཏཱ་ར་ན་ཐའི་(1575-1634)འཇིགས་བྱེད་ཆོས་འབྱུང་དུ། “གློ་བོ་ལོ་ཙཱ་བ་སྐུ་འདས་ཙམ་གྱི་དུས་ན། ཡར་ལུངས་ལོ་ཙཱ་བ་ཤུད་ཀེ་གྲགས་པ་རྒྱལ་མཚན་གྱིས། སྐུ་གསུང་ཐུགས་རྡོ་རྗེ་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལེའུ་བཅུ་དགུ་ཡོད་པ་འདི་བསྒྱུར། ཁོང་པ་ལ་དབང་དང་རྒྱུད་བཤད་གཉིས་ཀར་བཞུགས་པར་འདུག དེ་དང་དུས་མཚུངས་རུང་དུ་ཤོང་བློ་བརྟན་གྱིས་ཀྱང་རྒྱུད་དེ་བསྒྱུར་འདུག་སྟེ་འགྱུར་ཤུད་ཀེ་ཅུང་ལེགས་སོ།།”[12]ཞེས་ཡར་ལོ་དང་ཤོང་ལོའི་འགྱུར་གཉིས་ལ་དཔྱད་བསྡུར་མཛད་དེ། འགྱུར་བའི་ལོ་དུས་ཀྱང་གློ་བོ་ལོ་ཙ་བ་སྐུ་འདས་ཙམ་ལ་ཡིན་པར་གསུངས། ད་དུང་འཇིགས་བྱེད་ཆོས་འབྱུང་གཞན་རྣམས་སུའང་ཤོང་ལོའི་འགྱུར་འདིའི་སྐོར་ཐོར་ཙམ་རེ་གསལ་ལོ།།

ཡང་ཤོང་བློ་བརྟན་གྱིས་མཛད་པའི་ “གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་མངོན་པར་རྟོགས་པའོ།།” ཞེས་མཚན་བྱང་ཅན་གྱི་དབུ་མེད་བྲིས་མ་ ཤོག་ལྡེབ་བརྒྱད་ཅན། སྦྱར་བྱང་དུ། “གཤིན་རྗེ་གཤེད་དམར་བསྒྲུབ་པའི་ཐབས།། རྒྱུད་དང་མན་ངག་ཇི་ལྟ་བཞིན།། བྲིས་པའི་དགེ་བས་བདག་གཞན་ཀུན།། གཤིན་རྗེ་གཤེད་དམར་ཉིད་ཐོབ་ཤོག། གཤིན་རྗེ་གཤེད་དམར་པོའི་མངོན་པར་རྟོགས་པ། རྣལ་འབྱོར་གསལ་བ་ཞེས་བྱ་བ། བླ་མ་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ་སྐད་གཉིས་སྨྲ་བ་དགེ་སློང་བློ་གྲོས་བརྟན་པས། གཞན་གྱི་དོན་དུ་གོ་སླ་བར་འདིས་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག། ཡི་གེ་པ་ནི་བསོད་ནམས་དཔལ་ཞེས་བྱ་བའོ།།” ཞེས་འབྱུང་། འདི་དང་གཤེད་དམར་ལྷ་བཅུ་གསུམ་མའི་སྦྱར་བྱང་ལ་ཁྱད་པར་ཞིག་ཡོད་པ་ནི་བརྩམས་ཡུལ་གྱི་ས་ཆ་མེད་པ་ཙམ་ཞིག་རེད། དེས་ན་ཡི་གེ་བསོད་ནམས་དཔལ་ལ་རྩ་འཛིན་བྱས་ན་འདི་ཡང་ཤང་ཏོར་བརྩམས་ཤས་ཆེ་སྙམ་མོ།།[13]  སྦྱར་བྱང་དུ་ཆོས་འདིའི་བརྒྱུད་པ་བཤད་སྐབས་བླ་མ་གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན་ནས་ཤོང་བློ་བརྟན་དང་དེ་ནས་མཆོག་ལྡན་ལེགས་པའི་བློ་གྲོས་ལ་བརྒྱུད་པར་བཤད་འདུག དེ་ལྟར་ན། ཤོང་བློ་བརྟན་གྱིས་དཔོན་ཆེན་ཀུན་དགའ་བཟང་པོའི་སྐབས་ལ་གཤེད་དམར་གྱི་སྐོར་ལ་ཕྱག་ལས་གནང་བཞིན་ཡོད་པ་དང་། དེ་ནས་རྒྱ་ནག་ལ་ཕེབས་པའི་སྐབས་སུ་རང་ཉིད་ཀྱིས་མངོན་རྟོགས་དེ་བརྩམས་པ་ཡིན་པ་རེད། 

ཨ་མྱེས་ཞབས་ཀྱིས་མཛད་པའི་“དུས་འཁོར་བསྟན་པའི་མཛེས་རྒྱན་ཞེས་པ་ལས་“ཤོང་བློ་བརྟན་གྱིས་རྒྱ་ཡུལ་དུ་དྲག་པོའི་སྦྱིན་སྲེག་མཛད་པའི་ཚེ།ལག་མཐིལ་གྱི་སོར་མོའི་ཕྲེང་བ་དགོས་བྱས་པས་བཙོན་པ་མང་པོའི་ལག་པ་ཤོར་ཞེས་གྲག”[14]ཅེས་པའི་གསུང་སྒྲོས་ཤིག་ཀྱང་བཀོད་འདུག   དེ་བཞིན་གྲུབ་ཆེན་ཨུ་རྒྱན་པ་དང་མཇལ་སྐབས་ཀྱི་གསུང་སྒྲོས་ “བླ་མ་རྡོ་རྗེ་རྒྱལ་མཚན་ཕྱོགས་མདོག་བཞེད། ཐང་སྟོན་ལོ་ཙཱ་བས་གསུང་དཀར་པོ་ཐུགས་སྐུ་གཉིས་ཕྱོགས་མདོག་ཏུ་བཞེད། བླ་མ་ཨུ་རྒྱན་པས་ཤོང་བློ་བརྟན་ལ་ངའི་ཐང་ཀ་འདི་ལ་སྐྱོན་ཟུངས་ཟེར། སྣམ་བུ་འདི་དམར་པོར་བྱས་གདའ་བ་བྱས་པས་དམར་པོ་ཀ་མིན་ནམ་གསུངས། རྒྱུད་འགྲེལ་ནས་དཀར་པོར་བྱས་གདའ་བྱས་ལྷ་རིས་པ་ལ་ངས་འདི་དཀར་པོར་གྱིས་བྱས་ནས་དམར་པོར་བྱས་ནས་ཟེར་བེར་ཀ་བརྒྱབ་པའི་བགྲོས་གསུངས།” ཞེས་པ་ཞིག་ཀྱང་བཀོད་འདུག ཡང་ བདེ་མཆོག་རྡོ་རྗེ་མཁའ་འགྲོའི་དབང་གི་བརྒྱུད་པ་དེ་ བི་མ་ལ་ཤྲཱི་ལས་ཤོང་བློ་གྲོས་བརྟན་པ་དང་དེ་ནས་ལོ་ཙཱ་བ་མཆོག་ལྡན་ལ་བརྒྱུད་སྐོར་གསལ།[15]

དེ་ལྟར་ན་ཤོང་བློ་བརྟན་འདི་ཉིད་འགྲོ་མགོན་འཕགས་པ་དང་དུས་མཚུངས་སུ་ས་སྐྱ་ནས་གོང་ལ་ཕེབས་ངེས་པ་དང་། ཕེབས་ནས་ཀྱང་ལོ་ཤས་ལ་བཞུགས་ཡོད་སྲིད་པ་ཞིག་རེད།

ག༽ བཙུན་པ་སྟོན་གཞོན་དང་ཤོང་བློ་བརྟན་གྱི་འབྲེལ་བ

ཡང་ཉེ་ཆར་བཙུན་པ་སྟོན་གཞོན་གྱིས་མཛད་པའི་ “ཚད་མ་རྣམ་འགྲེལ་གྱི་རྣམ་པར་བཤད་པ་གནས་གསུམ་གསལ་བ་གངས་ཅན་གྱི་རྒྱན་”[16]ཞེས་བྱ་བ་ལ་དོ་སྣང་བྱུང་ཞིང་།  འདིའི་སྦྱར་བྱང་གི་ཚིགས་སུ་བཅད་པ་རྣམས་ནི་ཁ་ཡངས་ཤིང་གོ་བདེ་བའི་ཁྱད་ཆོས་ཅན་ཞིག་འདུག་ལ། དེའི་ནང་དོན་གྱི་ཆ་ནས་སྦྱར་བྱང་ཚིག་ལྷུག་མ་དང་མཚུངས་མོད། བརྩམས་དུས་ཀྱི་ཚིགས་སུ་བཅད་པ་འདི་ལྟར།

བསྟན་པའི་མངའ་མདག་ས་སྐྱ་པ་ཡི་མཐུས།།

བསྟན་པའི་རྩ་ལག་ས་ཆེན་ཡོངས་སྐྱོང་བ།།

མི་དབང་གོ་པེ་ལའི་སྲས་ཀྱི་སྲས།།

འཛམ་གླིང་བྱང་ཕྱོགས་ཕལ་ཆེར་སྐྱོང་བ་ཡི།།

མི་བདག་དེ་མུར་ཞེས་བྱའི་སྐུ་རིང་ལ།།” ཞེས་དེ་མུར་གྱི་སྐུ་རིང་ལ་བརྩམས་པ་གསལ་འདུག དེ་མུར་གྱི་སྲིད་བཟུང་བའི་དུས་ནི་ཕྱི་ལོ་ 1294 ནས་ཕྱི་ལོ་1307 བར་རེད།[17]དེ་ནས་སྦྱར་བྱང་ཚིག་ལྷུག་ཅན་དེ་ནི་འདི་ལྟར།

“རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྣམ་པར་བཤད་པ་གནས་གསུམ་གསལ་བ་གངས་ཅན་གྱི་རྒྱན་ཞེས་བྱ་བ་འདི་ནི། ལྔ་བརྒྱ་པ་རྣམས་ཀྱི་ནས་ཐམས་ཅད་མཁྱེན་པ་གཉིས་པ་ལྟ་བུར་གྱུར་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་དང་། གངས་ཅན་གྱི་ཁྲོད་ཀྱི་རིགས་པ་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་མཁས་པ་ཆེན་པོ་ཞང་མདོ་སྡེ་དཔལ་དང་། ཁ་ཆེའི་པཎྜི་ཏ་ཆེན་པོ་བི་མ་ལ་ཤྲི་དང་། སྐད་གཉིས་སྨྲ་བ་ཆེན་པོ་ཤོང་སྟོན་སྐུ་མཆེད་ལ་སོགས་པ་མཁས་པའི་སྐྱེས་བུ་དུ་མའི་ཞབས་ཀྱི་པད་མོ་ཡུན་རིང་དུ་བསྟེན་པས། ལུང་དང་། རིགས་པ་དང་།  སྒྲ་དང་། སྙན་ངག་དང་། བསྡེབ་སྦྱོར་དང་། མངོན་བརྗོད་ཀྱི་བསྟན་བཅོས་རྣམས་ལེགས་པར་རྟོགས་ཏེ་འཆད་པ་དང་། རྩོད་པ་དང་། རྩོམ་པ་ལ་མི་འཇིགས་པའི་སྤོབས་པ་མཐོ་བ། རྩང་ཉང་སྟོད་རྒྱ་གར་གྱི་ཡུལ་གཉིས་པར་བྱུང་བ་བཙུན་པ་སྟོན་གཞོན་ཞེས་བྱ་བ་ལ། དད་པ་དང་། བརྩོན་འགྲུས་དང་། ཤེས་རབ་དང་ལྡན་པ་མེ་ཉག་གི་རིགས་སུ་བྱུང་བ་སངས་རྒྱས་རིན་ཆེན་ཞེས་བྱ་བ་དང་། སྡེ་སྣོད་འཛིན་པ་ཆོས་ཀྱི་བརྩོན་འགྲུས་ལ་སོགས་པའི་བློ་གསལ་རྣམས་ཀྱིས་ཡང་ནས་ཡང་དུ་བསྐུལ་བའི་ངོར།  བྱ་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གཅིག་ལ། གཟའ་བཀྲ་ཤིས་དང་། སྐར་མ་ཐ་སྐར་གྲུབ་པའི་སྦྱོར་བ་ལ་བབས་པའི་ཚེ།  ཚེས་སྤོང་གཉན་ཕུའི་ཆོས་གྲྭར་ཡོངས་སུ་རྫོགས་པར་སྦྱར་པའོ།། ཕྱོགས་དང་དུས་དང་། གནས་སྐབས་ཐམས་ཅད་དུ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག།”

དེ་ལྟར་ན། བཙུན་པ་སྟོན་གཞོན་འདི་ནི་ཤོང་སྐུ་མཆེད་གཉི་གའི་སློབ་མ་ཡིན་པ་དང་། ཕ་ཡུལ་གཙང་ཡིན་ལ། མཚན་ལ་བཙུན་པ་སྟོན་གཞོན་ཞེས་འབོད་པ། ཐ་སྙད་རིག་གནས་ལ་མཁྱེན་པ་ཅན་ཞིག་ཡིན་པ་ནི་སྦྱར་བྱང་འདི་ལས་ར་འཕྲོད་པ་འདུག  ཚེས་སྤོང་གཉན་ཕུ་ཆོས་གྲྭ་ཞེས་པ་འདི་ནི་དེབ་སྔོན་དུ་ “མྱང་སྟོད་ཚེས་སྤོང་”ཞེས་པའི་ས་མིང་ཞིག་འཁོད་འདུག་ན། གཙང་ཁུལ་ཞིག་ཡིན་པ་དང་། “དེའི་འོག་ན་པ་སྣམ་ཞོལ་པོའི་ཕུ་ན་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་གྱི་སྒྲུབ་ཕུག་བྱིན་རླབས་ཅན་རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེས་གནས་སྒོ་གསར་དུ་ཕྱེ་བ་ཡིན། དེའི་འོག་བོན་གོང་གི་ཕུ་ན་གཉན་ལོ་ཙཱ་བའི་གནས་གཞི་གཉན་ཕུར་གྲགས་པ་ཡོད། གཉན་ཕུའི་བྱམས་པ་ཐོག་མར་རྒྱལ་བྱེད་ཚལ་དུ་སྤྱན་དྲངས། དེ་ནས་ཕོ་བྲང་བསམ་འགྲུབ་རྩེར་སྤྱན་དྲངས་པའི་གཞིས་སྡེའི་བྱམས་པ་འདི་ཡིན།”ཅེས་ཀྱང་

བྱུང་ངོ་།།[18]སྐུལ་བ་བོ་སུ་ཡིན་བརྩད་མ་ཆོད། བརྩམས་ལོ་འདི་ནི་བྱ་ལོ་ཡིན་པར་བརྩིས་ཚེ་དེ་མུར་གྱི་སྲིད་སྐྱོང་བའི་ལོ་ཚིགས་ལས་བྱ་ལོ་ཉག་གཅིག་འབྱུང་བ་ནི། མེ་མོ་བྱ་སྟེ་ཕྱི་ལོ་ ༡༢༩༧ ཡིན་སྟབས་བསྟན་བཅོས་འདི་ཡང་ལོ་དེའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གཅིག་ལ་བརྩམས་གྲུབ་པ་གསལ་ལོ།། འདིའི་མཚན་གཞན་ལ་འཇམ་དབྱངས་སྟོན་གཞོན་དང་། སྦས་པ་སྟོན་གཞོན་སོགས་འབྱུང་ཞིང་། འཁྲུངས་ལོ་དེ་ ༡༢༢༤ ལོ་ཡིན་པ་ཐོ་བཏབ་འདུག་མོད་དཔྱད་འཚལ། 

བསྟན་འགྱུར་དཔེ་བསྡུར་མའི་པོད་ ༩༧ པའི་ཁོངས་སུ་འཁོད་པའི་ “ཚད་མའི་བསྟན་བཅོས་རིག་པ་ལ་འཇུག་པ་”ཞེས་བྱ་བའི་སྦྱར་བྱང་དུ་[19]སྟོན་གཞོན་གྱིས་རྒྱའི་དགེ་བཤེས་སིང་གྱང་ཇུས་དང་ལྷན་དུ་འདི་རྒྱ་སྐད་ནས་བསྒྱུར་པར་བཤད་པ་འདི་ཡིན་ཤས་ལ། དེ་ལྟར་ན་ཁོང་གིས་རྒྱ་སྐད་ཀྱང་མཁྱེན་ནམ་དྲན་ནོ།། ཡང་། བཙུན་པ་སྟོན་གཞོན་གྱིས་ཕྱི་ལོ་ ༡༢༧༧ ལོར་འགྲོ་མགོན་འཕགས་པའི་གསུང་ “མདོ་སྡེ་ས་བཅུ་པའི་སྡོམ་”ཞེས་པ་དེ་ཟིན་བྲིས་སུ་བཏབ་འདུག[20]  ཡང་འགྲོ་མགོན་གྱིས་ སྟོན་གཞོན་ལ་སྤྲིང་བ་ ཞེས་པའི་ཡི་གེ་ཞིག་འདུག་པ་དེར་ཁོང་ནི་གཟུགས་པོ་ཆུང་ཆུང་ཞིག་ཡིན་པ་བསྟན་འདུག[21]བཙུན་པ་སྟོན་གཞོན་གྱིས་ཧོར་གོང་མའི་མཚན་སྦྱར་བྱང་དུ་བཅུག་པ་དང་། རྒྱའི་དགེ་བཤེས་དང་ལྷན་དུ་རྒྱ་ཡིག་ཐོག་ཕྱག་ལས་གནང་བ། འགྲོ་མགོན་འཕགས་པ་ལ་འབྲེལ་བ་ཡོད་པ་འདི་དག་ལ་བརྟགས་ཚེ། ཁོང་ཡང་སྐབས་འདིར་རྒྱ་ཧོར་གྱི་ཡུལ་དུ་ཕེབས་མེད་དམ་སྙམ་མོ།།

ཤོང་བློ་གྲོས་བརྟན་པའི་རྣམ་ཐར་ལོ་རྒྱུས་ཀྱི་ཡིག་ཆ་འདི་ཙམ་ལས་མ་ཐོབ་ཅིང་།  ས་སྐྱའི་དཔོན་ཆེན་གཉིས་པ་ཀུན་དགའ་བཟང་པོའི་དུས་དང་། གསུམ་པ་ཞང་བཙུན། དྲུག་པ་ཀུན་དགའ་གཞོན་ནུ་བཅས་ཀྱིས་ཁོང་ལ་སྦྱིན་བདག་བྱས་པ་དང་།  འགྲོ་མགོན་འཕགས་པ་ནས་ དྷརྨ་པ་ལའི་ཁྲི་འཛིན་གྱི་ལོ་ ༡༢༨༠ ནས་ ༡༢༨༦ བར་འདིར་ཡིག་སྒྱུར་གྱི་མཛད་པ་སྤེལ་བའི་རྒྱུ་མཚན་ལ་གཞིགས་ཚེ་ཁོང་གིས་ཕྱག་ལས་མཛད་པའི་དུས་ཚིགས་ཙམ་དཔོག་ནུས་སོ།།  དཔོན་ཆེན་ཤཱཀྱ་བཟང་པོས་ཁོང་གི་གཅེན་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལ་སྦྱིན་བདག་མཛད་མོད། ཁོང་ལ་མ་མཛད་པ་དེས་ཕྱི་ལོ་ ༡༢༧༠ ཡི་སྔོན་ལ་ཁོང་གིས་ལོ་ཙཱའི་ཕྱག་ལས་གནང་མི་འདུག་བསམས་པ་ཞིག་ཅིས་ཀྱང་སྟེར་རོ།།  ཁོང་གི་བླ་མའི་གྲས་སུ་སྟག་སྡེ་བ་སེང་གེ་རྒྱལ་མཚན་(1212-1294)[22]དང་། གོ་ལུང་བ་མདོ་སྡེ་དཔལ[23]། གཡང་ཕུག་པ་རྒྱལ་མཚན་དགེ་བ། འགྲོ་མགོན་འཕགས་པ། གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་(1229/1309)[24]སོགས་འབྱུང་ལ། སློབ་མའི་གྲས་སུ་ དབོན་པོ་ཆོས་སྐྱོང་དཔལ།[25]སྒྲ་ཚད་པ་རིན་ཆེན་རྒྱལ་མཚན།[26]ལོ་ཙ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བཙུན་པ་སྟོན་གཞོན་སོགས་འབྱུང་ངོ་།། 


[1]   གངས་ཅན་རིག་མཛོད།ཨང་༤།ཤོག་གྲངས་༢༩༩བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།༡༩༨༨

[2]   “ཤོང་གིས་སླར་ཡང་དཔག་བསམ་འཁྲི་ཤིང་ལ་སོགས་པའི་གཞི་འགྱུར་དང་། སྔར་འགྱུར་བའི་འགྱུར་བཅོས་ཀྱང་མཛད་ཅིང་། སྒྲ་སྙན་དངགས། མིང་གི་མངོན་བརྗོད་རྣམས་ཀྱི་སྲོལ་ལེགས་པར་བཙུགས། དེས་རང་གི་གཅུང་པོ་ཤོང་བློ་གྲོས་བརྟན་པ་ལ་ལོ་ཙཱ་ལེགས་པར་བསླབས་ཤིང་། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གསུངས། བློ་བརྟན་གྱིས་སྒྲ་ཚད་པ་རིན་ཆེན་རྒྱལ་མཚན་དང་། ལོ་ཙཱ་བ་མཆོག་ལྡན་ལ་ལེགས་པར་གསུངས།” ཤོག་གྲངས་ ༩༡༩ དེབ་ཐེར་སྔོན་པོ། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ 

[3]   ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུ།(1698-1755) པོད་གཉིས་པ། ཤོག་གྲངས་ ༢༡༢། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦

[4]     འགྱུར་བྱང་ཅན་གྱི་བསྟན་བཅོས་རྣམས་གཤམ་དུ་ཟུར་སྦྱར་གྱིས་བཀོད་ཡོད།

[5]     གཉའ་ལམ་རྫོང་དུ་ཡོད་པའི་ཕུ་རི་དགོན་པ་ཡིན་དགོས། ཕུ་རི་གྲོང་ཚོ་ནས་བོད་ཡིག་ཡིག་ཚོགས་རྙིང་པ་རྙེད་པ་དེ་པོད་གཉིས་ཅན་གྱི་བདག་ཉིད་དུ་ ཕུ་རིའི་ཡིག་ཚངས་དང་དཀར་ཆག་ཅེས་ བོད་ལྗོངས་སློབ་གྲྭ་ཆེན་མོས་ ༢༠༡༢ ལོར་པར་བཏབ་འདུག

[6]   འདི་བསམ་ཡས་བྱང་ཕྱོགས་སུ་གནས་པའི་བྲག་དམར་ཞེས་པ་དེ་ཡིན་ནམ།

[7]   འདི་སྐྱིད་རོང་བསམ་གཏན་གླིང་ཞེས་པ་ཡིན་ནམ།

[8]                 བལ་ཡུལ་གྱི་པཎ་ཌི་ཏ་ས་དབང་བཟང་པོ་ཞེས་པ་ནི་ཤོང་སྐུ་མཆེད་གཉིས་དང་། དཔང་བློ་གྲོས་བརྟན་པ། མདོ་སྨད་པ་བློ་གྲོས་རྒྱལ་པོ་སོགས་སྐབས་འདིའི་ལོ་ཙ་བ་རྣམས་ཀྱི་དགེ་རྒན་ཡིན་ནོ།།

[9]                 བེ་རི་རིག་རྡོར་གྱིས་ཕྱི་ལོ་ ༢༠༡༩ པ་དེ་ནི་སྟོན་པས་དུས་འཁོར་རྩ་རྒྱུད་གསུངས་ནས་ལོ་ ༢༨༩༩ པར་འཁེལ་ཡོད་ཅེས་གསུངས་བྱུང་།

[10]  འདི་ཉིད་འཕགས་པའི་སློབ་མ་དང་ཤོང་བློ་བརྟན་གྱི་བླ་མ་ཡིན་ཚུལ་ཨ་མེས་ཞབས་ཀྱི་ “རྒྱུད་སྡེ་སྤྱིའི་རྣམ་གཞག་ལ་ཉེ་བར་མཁོ་བའི་ལེགས་བཤད་ལ་ཆོས་རྗེ་དཔལ་གྱི་རྒྱལ་མཚན་གྱི་ཟིན་བྲིས” ཞེས་པར་འབྱུང་།  

[11]  “གཤེན་རྗེ་གཤེད་དམར་པོའི་རྒྱུད་ལེའུ་བཅུ་དགུ་པ་ལ། ལོ་ཙཱ་བ་གྲཊ་པ་རྒྱལ་མཚན་དང་ཤོང་བློ་བརྟན་གཉིས་ཀྱི་འགྱུར་སྣང་ནའང་། རྒྱུད་ལ་བཤད་པའི་སྲོལ་བྱུང་བར་ནི་མི་ཐོས་ལ།” ཤོག་གྲངས་ ༤༦༠

[12]    རྒྱུད་རྒྱལ་གཤིན་རྗེ་གཤེད་སྐོར་གྱི་ཆོས་འབྱུང་རྒྱས་པ་ཡིད་ཆེས་ངོ་མཚར་བཞུགས། ཤོག་གྲངས་ ༧༧། ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། པོད་ ༡༡ པ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨(ཁོང་གིས་བསྟན་བཅོས་འདི་ནི་ “སྐྱེས་བདག་གི་ལོ་ལ་བརྩམས་ཞེས་སྦྱར་བྱང་དུ་བཀོད་འདུག་ན། ཕྱི་ལོ་ ༡༦༣༡ ལྕགས་ལུག་ལ་བརྩམས་པ་ཡིན་ནོ།།)

[13]  སློབ་དཔོན་འདིས་མཛད་པའི་གཤེད་དམར་གྱི་དཀྱིལ་འཁོར་ཆོ་ག་ཞེས་པ་ཞིག་ཀྱང་ཡོད་ལུགས་དབུ་མེད་མ་ཕྱིའི་དཀར་ཆག་ཏུ་འཁོད་འདུག

[14]  དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་མན་ངག་གི་བཀའ་སྲོལ་ཟབ་མོ་འཆད་ཅིང་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་བསྟན་བཅོས་ལེགས་པར་བཤད་པ་དུས་འཁོར་བསྟན་པའི་མཛེས་རྒྱན།

[15]  ས་ལོ་ཆེན་པོ་འཇམ་དབྱངས་ཀུན་བསོད་ཀྱི་གསན་ཡིག  ས་སྐྱ་ཌི་ཇི་ཊེལ་དཔེ་ཚོགས།

[16]  བཙུན་པ་སྟོན་གཞོན། རྣམ་འགྲེལ་གྱི་རྣམ་བཤད་གངས་ཅན་གྱི་རྒྱན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༣  ཡང་འདིའི་དབུ་མེད་བྲིས་རྙིང་གི་མ་ཕྱི་ tbrcནས་ཐོབ་བྱུང་།

[17]  Christopher P. Atwood, Encyclopedia of Mongolia and the Mongol Empire (Facts On File, 2004),  P. 625.

[18]  མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ་བཞུགས་སོ།། པོད་ ༤༤།  ཤོག་གྲངས་ ༡༢༦ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨། 

[19]  “ཚད་མའི་བསྟན་བཅོས་རིག་པ་ལ་འཇུག་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། རྒྱ་གར་ལས་རྒྱའི་ལོ་ཙཱ་བ་ཐང་སཾ་ཙང་གིས་བསྒྱུར་ཅིང་། སླད་ཀྱིས་རྒྱའི་དགེ་བཤེས་སིང་གྱང་ཇུས་དང་། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བོད་སྐད་དུ་བསྒྱུར་ཅིང་། ཕྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་རྒྱ་ནག་ཆེན་པོའི་ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས། དཔལ་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་། བོད་ཀྱི་དཔེ་གཉིས་པོ་ལེགས་པར་བཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར་བའོ།།།། རྒྱའི་དཔེ་ལ་རིགས་པ་ལ་འཇུག་པ་ཞེས་སྣང་། དེང་སང་བོད་རྣམས་རིགས་པའི་སྒོ་ཞེས་གྲགས་སོ༎” དཔེ་བསྡུར་མ། པོད། ༩༧ ཤོག་གྲངས་ ༤༦༢ ནས་ ༤༦༣

[20]  “དེ་ལྟར་མདོ་སྡེ་ས་བཅུ་པའི་སྡོམ་འདི་ནི། བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེས་མེ་མོ་གླང་གི་ལོ་སྟོན་ཟླ་འབྲིང་པོ་ལ་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྡེ་སྣོད་འཛིན་པ་དུ་མའི་དབུས་སུ་གསལ་བར་གསུངས་ཤིང༌། དེའི་གསུང་དེ་མ་ཐག་ཏུ་ཇི་ལྟར་ཟིན་པ་བཞིན་བཙུན་པ་སྟོན་གཞོན་གྱིས་ཟིན་བྲིས་བྱས་ཏེ་སླར་ཡང་ཕྱག་ཏུ་ཕུལ་ནས་དག་པར་བགྱིས་སོ།། །” གསུང་འབུམ། པོད་གཉིས་པ། ཤོག་གྲངས་ ༢༦༨

[21]  “བློ་ཆེ་རློམ་ཆེ་སྤོབས་པ་ཆེ། །གཟུགས་ཆུང་འཁོས་ཆུང་ལོངས་སྤྱོད་ཆུང༌། །ཆེན་པོ་གསུམ་དང་ཆུང་ངུ་གསུམ། །གཅིག་ལ་འཛོམ་པ་དེ་ལ་སྤྲིང༌། །ཚུལ་ཁྲིམས་དག་པའི་རྩ་བ་རབ་བརྟན་ཞིང༌། །མང་དུ་ཐོས་པའི་ལོ་འདབ་ཀྱིས་ཕྱུག་པའི། །ཏིང་འཛིན་ཞི་བའི་འབྲས་བུས་སྤུད་གྱུར་པའི། །སྟོན་གཞོན་དཔག་བསམ་ལྗོན་པ་རྒྱས་གྱུར་ཅིག །སྟོན་གཞོན་ལའོ།། །” གསུང་འབུམ། པོད་གཉིས་པ། ཤོག་གྲངས་ ༣༤༣

[22]  སྟག་སྡེ་བ་སེང་གེ་རྒྱལ་མཚན་གྱི་སློབ་མ་ཡིན་པ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་གསུངས།

[23]  འདི་གྲུབ་ཆེན་ཨུ་རྒྱན་པ་ལ་གཅེན་གསུམ་དང་སྲིང་མོ་གསུམ་སྟེ་ཁོང་དང་བཅས་མིང་སྲིང་བདུན་འཁྲུངས་པའི་རྒན་ཤོས་དེ་ཡིན། མཚན་ལ་ཇོ་བཙུན་མདོ་སྡེ་དཔལ་རྒྱལ་མཚན་ཞེས་ཀྱང་འཁོད། 

[24]  གྲུབ་ཆེན་ཨུ་རྒྱན་པ་ “ཆུ་ཕོ་འབྲུག་གི་ལོ་བདུན་ཅུ་རྩ་གསུམ་པ་” ཕྱི་ལོ་ ༡༢༩༢ ཆུ་ཕོ་འབྲུག་གི་ལོར་ཞབས་ཞུ་བ་དགུ་བཅུ་རྩ་བདུན་དང་བཅས་གོང་ལ་ཕེབས་པའི་སྐོར་གསལ་ཞིང་། ཤིང་ཀུན་བརྒྱུད་ནས་ཤང་ཏོ་ལ་ཕེབས་ཏེ་སེ་ཆེན་རྒྱལ་པོར་མཇལ་བ་དང་། རྒྱལ་པོར་སྨན་བཅོས་མཛད་པ། རྒྱལ་པོའི་ཕོ་བྲང་དུ་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་བཞུགས་ཏེ་སླར་རི་བོ་རྩེ་ལྔ་མཇལ་ཏེ་བོད་དུ་ལོག་ཕེབས་པའི་སྐོར་གསལ་ཞིང་།  “ང་ཡང་སྤྱོད་པ་རྩིང་། ས་སྐྱ་བ་འདི་པ་བྱེད་པ་ངན་”སོགས་ཀྱི་ཚིག་འགྲོས་ཀྱང་བཀོད་འདུག འདིའི་དགུང་གྲངས་དང་ལོ་ཁམས་གཉིས་ཆ་མི་མཚུངས་པ་འདུག དགུང་ལོ་བདུན་ཅུ་དོན་དྲུག་ཡིན་ཚེ་ཤིང་ཕོ་འབྲུག་སྟེ་ཕྱི་ལོ་ ༡༣༠༤ ལ་འཁེལ། འོན་ཀྱང་དེ་དུས་སེ་ཆེན་གྲོངས་ཟིན། ཆུ་ཕོ་འབྲུག་སྟེ་ཕྱི་ལོ་ ༡༢༩༢ ཙམ་ཡིན་ན། དགུང་གྲངས་རེ་གསུམ་ཙམ་ལས་ཕེབས་མེད། དཔྱད་གཞིར་ཕུལ། [རྣམ་ཐར། ཤོག་གྲགས ༢༢༤ ནས་ ༢༤༤ བར་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༧ ]

[25]  འདི་དཔང་ལོ་ཙ་བ་གྲོས་བརྟན་པ་(1276-1342)བླ་མ་སྟག་སྡེ་བ་སེང་གེ་རྒྱལ་མཚན་འདས་རྗེས་ས་སྐྱར་བྱོན་ཏེ། “བླ་མ་ཤོང་པའི་དབོན་པོ་ལ་ཀཱ་ལ་ཙན་དྲ་མེ་ལོང་འཆི་མེད་མཛོད་ཀྱི་ཕྱག་དཔེ་དབྱར་(གཡར་)བྲིས། ཨ་ཙ་ར་བྱུང་ཚད་ལ་ཕྲལ་སྐད་སྦྱངས་ནས་ལྷོ་བལ་ལ་བྱོན་པའི་གྲབས་བྱས་སོ།།”[རྣམ་ཐར། དབུ་མེད་བྲིས་མ། ཤོག་གྲངས་ ༣]འདིས་ཕྱི་ལོ་ ༡༣༢༥ ཙམ་ལ་ དཔང་ལོའི་དབོན་པོ་ལོ་ཆེན་བྱང་ཆུབ་རྩེ་མོ་(1315-1379)་ལ་རབ་བྱུང་བསྒྲུབས་ཡོད། 

[26]  འདི་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་(1230-1309)དགུང་ལོ་བདུན་ཅུ་དོན་དྲུག་ལ་སླེབས་སྐབས་ཏེ་ཕྱི་ལོ་ ༡༣༠༦ ཙམ་ལ་ཁོང་གཉིས་མཇལ་བའི་སྐོར་ཞིག་གྲུབ་ཆེན་ཨུ་རྒྱན་པའི་རྣམ་ཐར་དུ་འཁོད། [རྣམ་ཐར། ཤོག་གྲགས ༢༨༢། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༧ ]ཡང་འདིས་བསྒྱུར་པའི་ “ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་”བསྟན་འགྱུར་དུ་འཁོད། 

གསལ་བཤད། རྩོམ་ཡིག་འདི་ནི་ད་དུང་ཟིན་བྲིས་མཐའ་མའི་ཚུལ་དུ་ཡོད་ཅིང་། མུ་མཐུད་ནས་ཞིབ་འཇུག་བྱེད་རྒྱུ་བསྡད་ཡོད། འཕྲོས་འདོན་ཐེངས་རྗེས་མར་གཟིགས