སྔོན་གླེང་།

ཉིན་ཤས་ཀྱི་སྔོན་གྲོགས་པོ་ཡེ་ཤེས་ཕུན་ཚོགས་ཀྱིས་མགྲོན་འབོད་བྱས་པ་ལྟར། ཕྲན་དགའ་སྣང་ཞིག་གིས་དྲངས་ཏེ་ཕྱིན་པར། ཁོང་གིས་ཤ་ཆང་གྲ་སྒྲིག་བྱས་ཏེ་སྒུག་འདུག ངེད་གཉིས་ཀྱིས་གྲོང་ཁྱེར་གཅིག་ཏུ་འཚོ་བ་རོལ་གྱིན་ཡོད་མོད། ལས་ཀའི་དབང་གིས་ཡུན་རིང་པོར་ཐུག་མ་ཐུབ། ཁོང་གིས་བོད་ཡིག་ཡག་པོ་མི་ཤེས་ཀྱང་བོད་ཀྱི་རིག་གཞུང་ལ་དོ་སྣང་ཡོད་པས་མི་ཚད་རྒྱལ་རབས་ལོ་རྒྱུས་སོགས་ཀྱི་སྐོར་བཤད་ན་ཚིམས་པ་མེད་པའི་རྣམ་འགྱུར་སྟོན། གྲོང་ཁྱེར་འདི་ན་བོད་མི་བཅུ་གྲངས་ཙམ་ཡོད་པ་དེ་དག་གི་ཁྲོད་དུ། བོད་ཀྱི་ཤེས་རིག་ལ་དུང་ཞེན་ཡོད་པ་ནི་ཁོང་ཡིན། ཡུན་རིང་མ་འཕྲད་པའི་གྲོགས་པོ་སླར་ཡང་མཐོང་བས་དགའ་སྤྲོ་འཕེལ་བར་གྱུར།

ངེད་གཉིས་ཀྱིས་ཤ་ཆང་ལ་རོལ། དེ་ནས་དུས་ཡུན་རིང་པོ་མ་འགོར་བར། ཁོང་གིས་ཕྲན་གྱིས་བྲིས་པའི‘‘སྒྱུ་རྩལ་པ་ཕིས་ཁ་ཟོ་ཡི་རི་མོ་སྐོར་ཞིག་ལས་འཕྲོས་ཏེ་ཁོང་གི་ལོ་རྒྱུས་གླེང་བ’’ཞེས་པའི་རྩོམ་ཡིག་གླེང་སློང་དང་འབྲེལ་ཏེ། ཕིས་ཁ་ཟོ་ཡི་སྐོར་ཤེས་འདོད་ཡོད་སྐོར་བཤད་སོང་། དེ་བས། ཕྲན་གྱིས་སྒྱུ་རྩལ་པ་ཕིས་ཁ་ཟོ་དང་ཁོང་གི་རི་མོའི་སྐོར་འགྲེལ་བཤད་བྱེད་འགོ་བརྩམས། སྐབས་རེར་ཕྲན་གྱིས་དཔེ་ཆ་གསར་པ་དང་གཏམ་གསར་པ་རེ་བཤད་སྐབས། ཁོང་གིས་ཕྲན་གྱི་ཤེལ་ཕོར་དུ་རྒུན་ཆང་བླུགས་རྗེས། ཕྲན་གྱི་ལག་ཏུ་ཤོར་ཕོར་འཇོག དེ་ནས་ཡིད་སྨོན་བྱེད་པའི་རྣམ་འགྱུར་སྟོན། སྐབས་དེར་ཕྲན་གྱིས་ཀྱང་སྐད་མགོ་ཇེ་མཐོར་བཏང་ནས་སྐད་ཆ་བཤད་སྲོལ་ཞིག་ཡོད། ཕིས་ཁ་ཟོ་ཡི་སྐོར་བཤད་སྐབས་ཀྱང་སྔར་ལྟར་ཁོང་གིས་ཕྲན་ལ་ཡིད་སྨོན་བྱས་ཤིང་། ཕྲན་གྱིས་ཀྱང་སྐད་མགོ་ཇེ་མཐོར་བཏང་།

ཁོང་གིས་ཕིས་ཁ་ཟོ་དང་ཁོང་གི་རི་མོའི་སྐོར་ཉན་རྗེས། ཧ་ཅང་ཡིད་ཚིམས་པའི་རྣམ་འགྱུར་གྱིས་ཡང་སྐྱར་ཕྲན་ལ་རྒུན་ཆང་དྲངས། རྒུན་ཆང་འདྲེན་སྟངས་ལ་བལྟས་ན་ཁོང་ཅུང་ཙམ་ར་བཟི་ཡོད་པ་འདྲ་མོད། ཅི་ཞིག་དྲན་པའི་ཚུལ་གྱིས‘‘དེས་ན་ཁ་སྤུ་རིང་ཞིང་སྣེ་མོ་གཉིས་གྱེན་དུ་འཁྱིལ་བ་དེ་སུ་རེད’’ཟེར། ཕྲན་གྱིས‘‘ཁོང་ནི་ཟལ་བ་དྷོར དྷ་ལེས’’(Salvador Dali 1904-1989)ཞུ་བ་ཡིན་པ་དང་། སྒྱུ་རྩལ་པ་དྷ་ལེའི་སྐོར་ལའང་རྩོམ་ཡིག་ཅིག་བྲི་རྒྱུ་ཡིན་ཚུལ་བཤད། འདི་ནི་གཟའ་འཁོར་གཅིག་ལྷག་གི་སྔོན་ལ་བྱུང་བའི་གནས་ཚུལ་ཞིག་ཡིན།

ཕྲན་གྱིས་ཕིས་ཁ་ཟོ་དང་ཁོང་གི་རི་མོའི་སྐོར་གྱི་རྩོམ་ཡིག་བྲིས་རྗེས། ཡུ་རོབ་ཀྱི་རི་མོ་སྒྱུ་རྩལ་པ་གཞན་ཞིག་གི་སྐོར་ཡང་འབྲི་བཞིན་ཡོད་མོད། ཉིན་ཤས་ཀྱི་སྔོན་ཕྲན་གྱི་གྲོགས་པོས‘‘ཟལ་བ་དྷོར དྷ་ལེས’’གླེང་བ་ལ་རྐྱེན་བྱས་ཏེ། སྒྱུ་རྩལ་པ་དྷ་ལེའི་སྐོར་གྱི་ཡིག་ཆ་སྣ་ཚོགས་ཤིག་ལ་བལྟས་པས། དྷ་ལེས་དང་ཁོང་གི་རི་མོའི་སྐོར་ཅུང་ཙམ་གོ་རིམ་ཡོད་པ་ཞིག་ཤེས་པར་གྱུར། དེ་བས་ཕྲན་གྱིས་འབྲི་འགོ་བཙུགས་པའི་སྒྱུ་རྩལ་པ་དེའི་སྐོར་གྱི་རྩོམ་ཡིག་རེ་ཞིག་འབྲི་མཚམས་བཞག་སྟེ། ཐེངས་འདིར་དྷ་ལེས་ཀྱི་སྐོར་གླེང་འདོད་སྐྱེས། འོན་ཀྱང་། རྩོམ་ཡིག་འདི་དང་འདིས་མཚོན་པའི་ནུབ་ཕྱོགས་ཀྱི་སྒྱུ་རྩལ་པ་དག་གི་ལོ་རྒྱུས་དང་རི་མོའི་སྐོར་འབྲེལ་ཡོད་ཀྱི་ཡིག་ཆ་སྣ་ཚོགས་ཤིག་བཀླགས་ནས་བསལ་གསེད་ཀྱིས་བྲིས་དང་འབྲི་བཞིན་ཡོད་པ་ལས། གཞན་སྐད་དུ་གསལ་བ་ཞིག་བོད་ཡིག་ཏུ་ཇི་བཞིན་དུ་བསྒྱུར་བའི་ལས་ལ་ཞུགས་ཀྱི་མེད་པས། དེ་དོན་ཐུགས་འཇགས་འཚལ་ཞེས་པ་ནི་སྔོན་གླེང་གི་ཚུལ་དུ་ཚིག་འགའ་ཞུས་པ་ཙམ་མོ།།

གཅིག བྱིས་པའི་ལོ་ཟླ་དང་འཆར་ཡན་རིང་ལུགས་ཀྱི་རི་མོ།

སྒྱུ་རྩལ་པ་ཆེན་མོ་ཟལ་བ་དྷོར དྷ་ལེས་ནི་སྤྱི་ལོ་༡༩༠༤ལོའི་ཟླ་༥པའི་ཚེས་༡༡ཉིན་སི་པན(Spain)གྱི་བྱང་ཕྱོགས་སུ་འཁེལ་བའི་གྲོང་ཁྱེར་ཧྥིས་གྷུ་ཝ་སི(Figueras)ནས་འཁྲུངས། ‘‘ཟལ་བ་དྷོར’’ (Salvador )ཞེས་པ་ནི་ཁོང་གི་གཅེན་པོའི་མིང་ཡིན་མོད། ཁོང་མ་སྐྱེས་པའི་ཟླ་ཤས་ཀྱི་སྔོན་ལ་གྲོངས་འདུག ཁོང་གི་ཕ་ནི་བཤེར་དཔང་ཞིག་དང་། མ་ནི་ཁྱིམ་ལས་པ་ཞིག་ཡིན་པར་བཤད། དྷ་ལེས་བྱིས་པ་ཡིན་སྐབས་ཕ་མ་གཉིས་ཀྱིས་གཅེན་པོའི་དུར་སར་ཁྲིད་དེ། ཁོང་ནི་གཅེན་པོའི་སྐྱེ་བ་ཡིན་པར་གླེང་། ཁོང་གིས་ཀྱང་དེ་ལྟར་ཡིད་ཆེས་བྱས་མོད། ལྐོག་གྱུར་དང་འཁྲུལ་སྣང་ལྟ་བུའི་གནས་ཚུལ་དེ་ཁོང་གི་མི་ཚེའི་ནང་མ་ཡལ་བར་མངོན།

བྱིས་པ་ཐུན་མོང་ལ་ཆུང་དུས་ཀྱི་རྨི་ལམ་ཡོད་པ་ལྟར། ཁོང་ལོ་དྲུག་ཡིན་སྐབས་ཟ་མ་བཟོ་མཁན་ཞིག་ཏུ་འགྱུར་འདོད་ཡོད་པ་དང་། ལོ་བདུན་ཡིན་སྐབས་ནཱ་པོ་ལོས་ཨོང(Napoléon Bonaparte 1769-1821)ལ་འགྱུར་འདོད་ཀྱི་རྨི་ལམ་ཡོད་པ་རེད་ཟེར། ཡིན་ནའང་། རི་མོ་ལ་དགའ་མོས་ཆེན་པོ་ཡོད་པའི་ལོ་རྒྱུས་མ་མཐོང་མོད། སྤྱི་ལོ་༡༩༡༠ལོར་ཁོང་གིས་ལྷན་སྐྱེས་ཀྱི་ཤེས་རབ་ལ་བརྟེན་ནས‘‘ཧྥིས་གྷུ་ཝ་སིའི་ཉེ་འཁྲིས་ཀྱི་ཡུལ་ལྗོངས’’ ( Paysage prés de Figueres)ཞེས་པའི་རི་མོ་བྲིས་པར་བཤད། སྤྱི་ལོ་༡༩༡༣ལོར‘‘བེ་ལ་བྷེར་ཐག་ཝང’’(Villabertran)དང་། སྤྱི་ལོ་༡༩༡༤ལོར‘‘མཚོ་ཆུང་ཞིག་དང་ཐག་ཉེ་བའི་ཁང་པ’’(Maison près d’un lac)སོགས་བྲིས་ཤིང་། རི་མོའི་སྒྱུ་རྩལ་གྱི་ཕྱོགས་ལ་རིག་སྟོབས་ཐུན་མོང་མ་ཡིན་པ་ཞིག་ཡོད་པར་བཤད། འོན་ཀྱང་ཁོང་སློབ་ཆུང་དུ་ཡོད་སྐབས། སློབ་མ་གཞན་དག་ལྟར་སྦྱངས་འབྲས་ལེགས་པའི་སློབ་མ་ཞིག་མིན་ཟེར། ཐ་ན་རྒྱུགས་མ་འཕྲོད་པའི་གནས་ཚུལ་བྱུང་བའི་ལོ་རྒྱུས་འདུག

ཧྥིས་གྷུ་ཝ་སིའི་ཉེ་འཁྲིས་ཀྱི་ཡུལ་ལྗོངས།

སྤྱི་ལོ་༡༩༡༦ལོར་ཁོང་དམའ་འབྲིང་ཞིག་ཏུ་ཞུགས་ཏེ། ཁོང་གིས་སི་པན་གྱི་རིག་གནས་དང་མཉམ་དུ་ཧྥ་སྐད་སྦྱང་འགོ་བརྩམས། ལོ་དེའི་དབྱར་ཁའི་གུང་གསེང་གི་སྐབས་སུ། ཁོང་ནང་མི་དང་འགྲོགས་ཏེ་གྲོང་རྡལ་ཀ་དྷ་ཀེ་སི( Cadaqués)རུ་ཕྱིན་པ་དང་། ཡུལ་དེ་ནས་ཁོང་གིས་ཕ་རྒན་གྱི་གྲོགས་པོ་འཆར་ཡན་རིང་ལུགས་ཀྱི་རི་མོ་སྒྱུ་རྩལ་པ་ཝ་མོང ཕིས་ཞོ(Ramón Pichot1872-1925)ཞུ་བ་ངོ་ཤེས། སྒྱུ་རྩལ་པ་དེ་ནི་སྐབས་དེར་སི་པན་དང་ཕེ་རི་སིར་ཕར་འགྲོ་ཚུང་འོང་བྱེད་མཁན་ཞིག་དང་། ཕིས་ཁ་ཟོ་ཡི་གྲོགས་པོ་ཞིག་ཀྱང་རེད། དེ་ནས་བཟུང་སྟེ། དྷ་ལེས་ཀྱིས་ཕྱི་རོལ་ཡུལ་གྱི་བྱ་དངོས་མཐའ་དག་གི་མཐོང་སྣང་ཇི་བཞིན་བརྗོད་པའི་ལམ་ནས་འབྲི་བའི་རི་མོའི་གྲུབ་མཐའ་ཞིག་སྟེ་འཆར་ཡན་རིང་ལུགས་ཞེས་པ་གསར་དུ་ཤེས་ཤིང་། དེའི་བག་ཆགས་ཐེབས་པར་གྱུར།

ཝ་མོང ཕིས་ཞོས་སློབ་སྟོན་བྱས་པ་ལྟར། ཕ་མ་གཉིས་ཀྱིས་དྷ་ལེ་རྐོས་པར(Gravure)སྦྱང་སའི་སློབ་གྲྭ་ཞིག་ཏུ་མངགས་ཤིང་། ལོ་དེའི་ཕྱི་ལོར་ཕ་རྒན་གྱིས་དྷ་ལེས་ཀྱིས་བྲིས་པའི་སོལ་བའི་རི་མོ་སྐོར་ཞིག་རང་ཁྱིམ་དུ་འགྲེམས་སྟོན་བྱས། སྤྱི་ལོ་༡༩༡༩ལོར་ཁོང་གིས་གྲོགས་པོ་སྒྱུ་རྩལ་པ་སྐོར་ཞིག་དང་མཉམ་འབྲེལ་གྱིས་རང་གི་སྐྱེས་ཡུལ་ཧྥིས་གྷུ་ཝ་སི་གྲོང་ཁྱེར་དང་། ‘‘བྷར་སིལ་ལོན’’(Barcelone)གྲོང་ཁྱེར་དུའང་རི་མོ་སྐོར་ཞིག་འགྲེམས་སྟོན་བྱས། སྐབས་དེའི་ཁོང་གི་རི་མོ་དག་ནི་འཆར་ཡན་རིང་ལུགས་ལྟར་བྲིས་པ་ཡིན་ཞིང་། རི་མོ་ཁག་གི་བརྗོད་བྱ་གཙོ་བོ་ནི་ཕ་ཡུལ་གྱི་ཡུལ་ལྗོངས་དང་རང་ཉིད་ཀྱི་མཐོང་སྣང་ཁག་ཡིན་པ་རེད། བྷར་སིལ་ལོན་གྱི་སློབ་གྲྭ་ཞིག་གིས་ཁོང་གི་རི་མོར་བྱ་དགའ་ཞིག་ཀྱང་གནང་།

སྤྱི་ལོ་༡༩༡༩ལོར་ཁོང་གིས‘‘ཝ་མོང  མང་ཊ་ནེ་སློབ་གྲྭ’’ (Institut Ramon Muntaner )འགྲིམ་བཞིན་ཡོད་སྐབས་སུ། ཁོང་གིས་སློབ་གྲོགས་སྐོར་ཞིག་དང་མཉམ་འབྲེལ་གྱིས་རི་མོའི་དུས་དེབ་ཅིག་འདོན་སྤེལ་བྱས་ཤིང་། དེའི་སྟེང་དུ་མཁྱེན་པའི་ཀློང་བརྡོལ་བའི་རི་མོ་བ‘‘ཧྥང་སེ་སུ་ཁོ དྷུ གྷོ་ཡ’’ (Francisco de Goya 1746-1828)དང་།  ‘‘དྷེས་གྷོ བེལ་ལེ་སུ་ཁེ་ཛུ’’ (Diego Velázquez 1599-1660) ལེའོ་ན་ཌོ དྷ བན་སེ (Leonardo da Vinci 1452-1519) སོགས་ཀྱི་ལོ་རྒྱུས་སྤེལ།

སྤྱི་ལོ་༡༩༢༡ལོར་དྷ་ལེས་ཀྱི་ཨ་མ་ནུ་སྐྲན་གྱིས་གྲོངས། སྐབས་དེར་ཁོང་ལོ་བཅུ་དྲུག་ཡིན། མ་རྒན་གྲོངས་རྗེས་དྷ་ལེས་ཀྱི་ཕ་རྒན་ཨ་མའི་གཅུང་མོར་གཉེན་སྒྲིག་བྱས་ཤིང་། དེས་ཁོང་གི་སེམས་ལ་བཟོད་གླགས་མེད་པའི་རྨ་ཁ་བསྐྲུན་པར་བཤད།

གཉིས། མ་དྷུ་ཝས(Madrid)ཀྱི་སློབ་ཆེན་དུ་ཡོད་སྐབས་ཀྱི་འཚོ་བ།

ངའི་ཕ་རྒན་གྱི་འདྲ་རིས།

སྤྱི་ལོ་༡༩༢༢ལོར་དྷ་ལེས་དམའ་འབྲིང་སློབ་མཐར་ཕྱིན་པས། ལོ་དེར་ཁོང་མ་དྷུ་ཝས་གྲོང་ཁྱེར་དུ་ཡོད་པའི‘‘རྒྱལ་པོ་ཟན ཧྥེ་ཌི་ཎང་སྒྱུ་རྩལ་སློབ་གླིང’’ ( L’Académie royale des beaux-arts Saint-Ferdinand) དུ་ཞུགས་ཏེ་རི་མོ་དང་། འཇིམ་བཟོ། ཚགས་རྒྱག་སྟངས་ཀྱི་སྐོར་སྦྱངས། མི་རིང་བར་སློབ་གླིང་དེ་ནས་སི་པན་རྒྱལ་ཁབ་ཏུ་སྙན་གྲགས་འབར་བའི་སྒྱུ་རྩལ་པ་སྐོར་ཞིག་ལ་འཕྲད་པར་གྱུར་ཅིང་། ‘‘དངོས་ཁམས་དཔྱད་རིག་པ’’ (Métaphysiques )དང‘‘དབྱིབས་གཟུགས་རིང་ལུགས’’( Cubisme )སོགས་ཤེས་འགོ་ཚུགས།  

སྤྱི་ལོ་༡༩༢༣ལོར་ཁོང་གིས་སློབ་གླིང་དགེ་རྒན་སྐོར་ཞིག་ལ་སྐྱོན་བརྗོད་དང་ངོ་རྒོལ་སོགས་བྱས་པར་བརྟེན། ལོ་གཅིག་རིང་སློབ་གྲྭ་ནས་ཕྱིར་འབུད་བཏང་། སྐབས་དེར་ཆབ་སྲིད་ཚོགས་པ་ཞིག་ཏུ་འཛུལ་བས། རེ་ཞིག་བཙོན་ཁང་དུ་ཕྱིན་པའི་ལོ་རྒྱུས་ཀྱང་ཡོད། བཙོན་གྲོལ་ཐོབ་རྗེས་ཕ་ཡུལ་དུ་ལོག་སྟེ། ཁོང་གིས་རི་མོ་བ་འཇན ནུས་ནེ་ཛུས(Juan Nuñez )ཀྱི་མདུན་ནས་ཚགས་རྒྱག་སྟངས་སྐོར་སྦྱངས་ཤིང་། ཚགས་རྒྱག་སྟངས་ཀྱི་གདམས་པ་མ་ལུས་པ་སྐབས་དེ་ཤེད་དུ་ཤེས་པར་གྱུར།

སྤྱི་ལོ་༡༩༢༤ལོར་ཁོང་ཡང་སྐྱར་སྒྱུ་རྩལ་སློབ་གླིང་དུ་ཞུགས་ཏེ། རི་མོ་བ་ཝ་ཧྥེལ(Raphaël 1483-1520)དང་། བྷི་ཝོང་ཛེ་ནོ(Bronzino 1503-1572) དྷེས་གྷོ བེ་ལ་སི་ཁུས་ཛུ(Diego Vélasquez 1599-1660)སོགས་ཀྱི་སྲོལ་རྒྱུན་རི་མོའི་འབྲི་ཐབས་སྐོར་འཚོལ་ཞིབ་བྱས་མོད། སྲོལ་རྒྱུན་རི་མོའི་རྣམ་གཞག་གཏོར་བའི་རི་མོའི་གྲུབ་མཐའ་ཞིག་སྟེ‘‘དྷ་དྷ་རིང་ལུགས’’(Dadaïsme)ཀྱི་སྐོར་ལ་དོ་སྣང་ཤུགས་ཆེར་བགྱིས་ཤིང་། རི་མོའི་གྲུབ་མཐའ་འདི་ཁོང་གི་སྙིང་ལ་ཐིམ་ནས་འཕར་ལྡིང་བྱས། དེ་ནས་སྤྱི་ལོ་༡༩༢༥ལོར་བྷར་སིལ་ལོན་དུ་ཁོང་གིས‘‘ངའི་ཕ་རྒན་གྱི་འདྲ་རིས’’ (Portrait de mon père  )དང་། ཁོང་གི་སྲིང་ཆུང་མའི་འདྲ་རིས་ཏེ‘‘སྒེའུ་ཁུང་གམ་གྱི་གཞོན་ནུ་མ’’(Jeune fille à la fenêtre)གཉིས་འགྲེམས་སྟོན་བྱས་པར་བརྟེན། ཁོང་གི་རི་མོར་དོ་སྣང་བྱེད་མཁན་གྱི་མི་མེད་པ་ནས་ཡོད་པར་གྱུར།

གསུམ། དྷ་ལེས་དང་བག་ཉལ་མངོན་གྱུར་རིང་ལུགས།

སྤྱི་ལོ་༡༩༢༦ལོར་དྷ་ལེས་སྒྱུ་རྩལ་སློབ་གླིང་ནས་མཐར་མ་ཕྱིན་པའི་སྔོན་ཙམ་དུ། སློབ་གྲྭ་དེའི་འགན་འཛིན་གྱིས་ཁོང་ལ་ཁྲིམས་འགལ་ཟིང་སློང་ཞིག་གི་ནག་ཉེས་གཡོགས་ཏེ་ཕྱིར་འབུད་བྱས། ལོ་དེར་དྷ་ལེས་རང་ཉིད་ཀྱི་ཨ་ནེ་དང་སྲིང་ཆུང་མ་གཉིས་དང་ལྷན་དུ་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིར་ཕྱིན་ཏེ། ཧྥ་རན་སིའི་རྒྱལ་ཁང‘‘བག་ཟིལ’’(Versailles )དང་། ‘‘གྷི་ཝེ་བན་འགྲེམས་སྟོན་ཁང’’(Musée Grévin)  ‘‘ལོ་བུ་ཝུ་འགྲེམས་སྟོན’’(Musée de Louvre) སོགས་སུ་ལྟ་སྐོར་བྱས་ཤིང་། དྷ་ལེས་ཀྱི་སེམས་ན་གུས་བརྩི་བླ་མེད་ཡོད་པའི་སྒྱུ་རྩལ་པ་ཆེན་མོ་ཕིས་ཁ་ཟོ་དང་མཇལ་ཐུབ་པ་བྱུང་། ཕིས་ཁ་ཟོ་ཡིས་རི་མོ་སྒྱུ་རྩལ་པ་རྗོན མེ་ཝོ(Joan Miró 1893-1983)བརྒྱུད་དེ་དྷ་ལེས་ཀྱི་ཐུན་མོང་མ་ཡིན་པའི་རི་མོའི་སྒྱུ་རྩལ་སྐོར་ཐོས་མྱོང་བས། ཁོང་གིས་སྤྲོ་སེམས་འཁོལ་བའི་ངང་དྷ་ལེས་སྣེ་ལེན་བགྱིས་ཤིང་། དྷ་ལེས་ཀྱིས་ཀྱང་ཕིས་ཁ་ཟོ་ལ་རི་མོ‘‘ཧྥིས་གྷུ་ཝ་སིའི་བུ་མོ’’ (La Fille de Figueras) ཞེས་པ་སྤྱན་འབུལ་ཞུས། དེ་ལྟར་དྷ་ལེས་ཕེ་རེ་སིར་འགྲུལ་བཞུད་ཐེངས་གཅིག་བྱས་པའི་ཉེར་ལེན་ལ་བརྟེན་ནས། ཁོང་ལ་བག་ཉལ་མངོན་གྱུར་རིང་ལུགས་ཀྱི་རི་མོའི་ཤུགས་རྐྱེན་ཐེབས་འགོ་ཚུགས།

མི་ནད་པ་ཞིག་གིས་རྒྱ་མཚོར་ཉན་པ།

ཁོང་ཕེ་རེ་སི་ནས་རང་ཁྱིམ་དུ་ལོག་རྗེས། དམིགས་པ་ཡོད་ཚད་རྩེ་གཅིག་ཏུ་བསྒྲིམས་ནས་རི་མོ་སྒྱུ་རྩལ་ལ་གཞོལ། སྤྱི་ལོ་༡༩༢༧ནས་༡༩༢༨ལོའི་བར་ཁོང་གིས་བྲིས་པའི་རི་མོ་སྐོར་ཞིག་ཡུལ་ལུང་འདྲ་མིན་དུ་འགྲེམས་སྟོན་བྱས་ཤིང་། རི་མོ་སྐོར་ཞིག་ལ་བག་ཉལ་མངོན་གྱུར་རིང་ལུགས་ཀྱི་ཤུགས་རྐྱེན་ཅུང་ཙམ་ཐེབས་པའི་རྣམ་པ་མངོན། འོན་ཀྱང་། རི་མོ་ཕལ་མོ་ཆེ་ནི ‘‘འཆར་སྣང་སྲོལ་ལུགས’’ (Impressionnisme ) དང་། མ་འོངས་གསར་བཏོད་རིང་ལུགས ’’ (Futurisme ) ‘‘དབྱིབས་གཟུགས་རིང་ལུགས’’(Cubisme)གསུམ་སྤྱད་དེ་བྲིས་ཡོད། སྐབས་དེའི‘‘སྦྲང་རྩི་ནི་ཟུངས་ཁྲག་ལས་ཀྱང་འཇམ’’( Le miel est plus doux que le sang)ཞེས་པའི་རི་མོ་དང་། ‘‘སྨྱུག་གཟེབ་ནང་གི་བག་ལེབ’’(La Corbeille de pain) ཞེས་པའི་རི་མོ་གཉིས་ནི་ཕུལ་བྱུང་གི་བརྩམས་ཆོས་གཉིས་ཡིན།   

སྤྱི་ལོ་༡༩༢༩ལོར་དྷ་ལེས་དང་ཁོང་གི་གྲོགས་པོ་ལོས་སུ བྷེས་ནོལ(Luis Buñuel 1900-1983)གཉིས་ཀྱིས་བག་ཉམས་མངོན་གྱུར་རིང་ལུགས་ཀྱི་གློག་བརྙན‘‘ཨང་དྷ་ལོབ་ཀྱི་ཁྱི་ཞིག’’ ( Un chien andalou)ཅེས་པ་པར་སྐྲུན་བྱ་ཆེད་ཕེ་རེ་སིར་ཕྱིན། སྐབས་དེར་རྗོན མེ་ཝོས་ངོ་སྤྲོད་བྱས་པ་ལྟར། དྷ་ལེས་ཀྱིས་ཕེ་རེ་སི་ན་སྙན་གྲགས་ཡོད་པའི་བག་ཉལ་མངོན་གྱུར་རིང་ལུགས་ཀྱི་སྙན་ངག་པ་ཨང་དྷུ་ཝེ བྷུ་ཝས་ཊོང( André Breton1896-1966)དང་། སྒྱུ་རྩལ་པ་ཝེ་ཎི མ་གྷུ་ཝས་ཊི(René Magritte 1898-1967) སྙན་ངག་པ་པའོ ཨེ་ལེ་ལོ་བ(Paul Éluard 1895-1952)སོགས་ངོ་ཤེས་ཤིང་། ཨུ་རུ་སུའི་མི་སེར་ཡིན་པའི་སྒྱུ་རྩལ་གྱི་ལྷ་མོ་སྟེ་གྷ་བླ(Gala 1894-1982)དང་འཕྲད་དེ་སེམས་པ་ཤོར།  

དྷ་ལེས་དང་གྷ་བླ་གཉིས་ཀྱི་གནས་ཚུལ་སྐོར་ཞིག་འོག་ཏུ་ཞུ་རྩིས་ཡོད་མོད། བུད་མེད་འདི་ནི་སྙན་ངག་པ་པའོ ཨེ་ལེ་ལོའི་ཆུང་མ་ཡིན་ཞིང་། དྷ་ལེས་ལས་ལོ་བཅུ་ལས་ཆེ་བ་ཞིག་ཡིན། དྷ་ལེས་གྷ་བླ་དང་མཉམ་དུ་བསྡད་པ་དེས་ཁོང་གི་ཕ་རྒན་དང་སྲིང་ཆུང་མ་གཉིས་ལ་ཁོང་ཁྲོ་བསླངས་ཤིང་། ནང་མིའི་འབྲེལ་བ་རེ་ཞིག་ཆད་པར་གྱུར་མོད། གྷ་བླ་ནི་དྷ་ལེས་ཀྱི་མི་ཚེའི་ནང་གི་ཆེས་མཛེས་སྡུག་གི་ལྷ་མོ་དེ་ཡིན།

པའོ ཨེ་ལེ་ལོ་བ་དང་གྷ་བླ་གཉིས་གཉེན་འཐོར་བྱས་རྗེས། དྷ་ལེས་ཀྱིས་སྒྱུ་རྩལ་གྱི་ལྷ་མོ་དང་མཉམ་དུ་ཀ་དྷ་ཀེ་སི་དང་ཐག་ཧ་ཅང་ཉེ་བའི‘‘པོག་ཏི་ལོས་གྷ’’( Portlligat)ཞེས་པའི་མཚོ་འགྲམ་དུ་ཉ་པ་ཞིག་གི་ཁང་པ་ཆུང་ཆུང་ཞིག་ཉོས་ཏེ་འཚོ་བ་རོལ། སྐབས་དེར་ཁོང་གིས‘‘འཁྲིག་སྲེད་ཐོག་མར་སྤྱོད་དུས་ཀྱི་བ་སྤུ’’ ( Chair de poule inaugurale)ཞེས་པ་དང་།‘‘ཁུ་བ་ལག་འབྱིན་པ་ཆེན་མོ’’ (Le Grand Masturbateur )  ‘‘མི་མངོན་པའི་སྐྱེས་བུ ’’ (L’Homme invisible) ‘‘མི་ནད་པ་ཞིག་གིས་རྒྱ་མཚོར་ཉན་པ’’ ( Homme malade écoutant le bruit de la mer) ‘‘པའོ ཨེ་ལེ་ལོ་བའི་འདྲ་རིས’’ ( Portrait de Paul Éluard)སོགས་ཀྱི་རི་མོ་བྲིས། 

སྤྱི་ལོ་༡༩༣༠ལོར་ལོས་སུ བྷེས་ནོལ་དང་མཉམ་འབྲེལ་གྱིས་ཕབ་སྐྲུན་བྱས་པའི་གློག་བརྙན་གཉིས་པ‘‘ གསེར་གྱི་ལོ’’(L’Âge d’or)ཞེས་པ་ཕེ་རེ་སི་ནས་བསྟན་ཅིང་། བག་ཉལ་རིང་ལུགས་ཀྱི་རྩོམ་སྒྲིག་ཁང་ཞིག་གིས་ཁོང་གི་དེབ‘‘མི་མངོན་པའི་བུད་མེད’’ (La femme visible )ཞེས་པ་པར་དུ་བསྐྲུན་ཅིང་། དྷ་ལེས་ནི་རི་མོ་དང་གློག་བརྙན་ཙམ་མིན་པར་རྩོམ་ཡིག་སྒྱུ་རྩལ་དང་། པར་རིས་སྒྱུ་རྩལ། རྒྱན་ཆ་སོགས་ལའང་དགའ་མོས་ཡོད་པའི་སྐྱེས་བུ་ཞིག་ཡིན་པ་ཕྱིས་ཀྱི་ལོ་རྒྱུས་ལ་བལྟས་ན་རྟོགས་ནུས།

བཞི། ‘‘རྟག་བརྟན་གྱི་དྲན་སྣང’’ཞེས་པའི་རི་མོ།

སྤྱི་ལོ་༡༩༣༡ལོར་དྷ་ལེས་ཀྱིས‘‘རྟག་བརྟན་གྱི་དྲན་སྣང’’ (Persistance de la mémoire ) ངམ་ཡང་ན ‘‘ཆུ་ཚོད་སྙི་མོ’’(les Montres molles)ཞེས་པའི་རི་མོ་སྐད་གྲགས་ཅན་ཞིག་བྲིས་ཤིང་། རི་མོ་འདི་ནི་བག་ཉལ་མངོན་གྱུར་རིང་ལུགས་ཀྱི་ཚབ་མཚོན་རི་མོ་ཞིག་ཡིན་པར་སྨྲ།

རྟག་བརྟན་གྱི་དྲན་སྣང་།

དྷ་ལེས་ཀྱི་རི་མོ་འདི་གང་དུ་བྲིས་པའི་ལོ་རྒྱུས་འཁྲུན་ཐག་ཆོད་པ་ཞིག་རྙེད་དཀའ་སེ་འདུག་མོད། ཕལ་ཆེར་ཁོང་པོག་ཏི་ལོས་གྷའི་མཚོ་འགྲམ་དུ་བཞུགས་སྐབས་སུ་བྲིས་པའི་རི་མོ་ཞིག་ཡིན་པར་ཚོད་དཔག་བྱེད། རྒྱུ་མཚན་ནི་རི་མོའི་སྟེང་གི་མཚོ་འགྲམ་དེ་ནི་པོག་ཏི་ལོས་གྷའི་མཚོ་འགྲམ་ཡིན་པས་རེད།  «དྷ་ལེས་ཀྱི་མི་ཚེའི་གསང་བ»ཞེས་པའི་དེབ་ཏུ།  རི་མོ་འདིའི་སྐོར་ལ་གསལ་བཤད་ཅིག་གནང་ཡོད་པ་མདོར་བསྡུས་ན་འདི་ལྟར།

ཉིན་ཞིག ཟལ་བ་དྷོར དྷ་ལེས་རང་གི་གྲོགས་པོ་སྐོར་ཞིག་དང་མཉམ་དུ་གློག་བརྙན་བལྟ་རུ་འགྲོ་བར་དུས་ཆད་བཟོས་ཡོད་ནའང་། དུས་ཚོད་ཟིན་སྐབས་ཟལ་བ་ཊོར དྷ་ལེས་ཐང་ཆད་པ་དང་མགོ་གཟེར་ཞིག་བྱུང་བས། གློག་བརྙན་བལྟ་རུ་འགྲོ་མ་ཐུབ་པར་རང་ཁྱིམ་དུ་བསྡད། ཁོང་མ་ཉལ་སྔོན་ལ་ལས་ཀ་བྱེད་སའི་ཁང་ཆུང་དེར་འགྲོ་དགོས་བྱུང་ཞིང་། སྐབས་དེར་ཁྱིམ་གྱི་ཅོག་ཅེའི་སྟེང་ན་ཕྱུ་ར་རློན་པ་ཞིག་སྡེར་མ་ཞིག་གི་ཟུར་ཞིག་ན་ནར་ནར་ངང་འཛར་ཡོད་པ་མཐོང་། དེ་ནས་ཁོང་ལས་ཀ་བྱེད་སར་ཕྱིན་ཏེ་རི་མོ་ཞིག་འབྲི་བཞིན་ཡོད་པ་དེར་བལྟས། རི་མོ་དེའི་ཡུལ་ལྗོངས་དེར་ཡུལ་ལྗོངས་གཞན་ཞིག་ཀྱང་ཡོད་ན་ཅི་མ་རུང་སྙམ་སྟེ་སྒོ་ཕྱི་ལ་བུད། དེ་མ་ཐག་ཁོང་གིས་ནར་ནར་ངང་འཛར་ཡོད་པའི་ཕྱུ་ར་རློན་པ་དབྱིབས་ཅན་གྱི་ཆུ་ཚོད་འཁོར་ལོ་དང་། ཨོ་ལེབ་ཀྱི་ཡལ་ག (Olive Branch) སོགས་བྲིས་ཤིང་། དུས་ཚོད་གཉིས་ཀྱི་རྗེས་སུ་རི་མོ་དེ་བྲིས་ཚར་བར་བྱས། རི་མོ་དེ་ནི‘‘རྟག་བརྟན་གྱི་དྲན་སྣང’’ཞེས་པ་ཡིན་པ་རེད། དེང་སང་རི་མོ་འདི་ཨ་རིའི་ཉིག་ཡོར་གྱི་དེང་རབས་རི་མོའི་འགྲེམས་སྟོང་ཁང (Museum of Modern Art)དུ་ཡོད་པར་བཤད།

དེ་ནས་དྷ་ལེས་ཀྱིས་མུ་མཐུད་དུ་ཕེ་རེ་སིའི‘‘མོང་པ་ཎ་སི’’(Montparnasse)ན་ཡོད་པའི་བག་ཉལ་མངོན་གྱུར་རིང་ལུགས་ཀྱི་རི་མོ་བའི་སྡེ་ཞིག་ཡོད་པ་དང་མཉམ་དུ་ཕྱག་ལས་གནང་། ཁོང་གི་རི་མོ་ཁག་ལ་བག་ཉལ་མངོན་གྱུར་རིང་ལུགས་ཀྱི་རང་ལུགས་གསར་པ་ཞིག་གི་རྣམ་པ་མངོན་པར་གྱུར་ཅིང་། རི་མོ་དག་ལ‘‘འཁྲུལ་སྨྱོའི་ཐེར་འདོན་གྱི་བྱེད་ཐབས ’’(Méthode paranoïaque-critique)ཞེས་བཏགས་ཏེ་འགྲེམས་སྟོན་བྱས། དེ་ནས་བཟུང་། དྷ་ལེས་ནི་བག་ཉལ་མངོན་གྱུར་རིང་ལུགས་ཀྱི་རང་ལུགས་ཀྱི་ཡབ་ཆེན་ལྟ་བུར་གྱུར།

ལྔ། དྷ་ལེས་ཨ་རིར་ཕྱིན་ཚུལ་དང་དེའི་རྗེས་ཀྱི་ལོ་རྒྱུས་ཕྲན་ཚེགས།

སྤྱི་ལོ་༡༩༣༣ལོར་རི་མོ་སྒྱུ་རྩལ་གྱི་ཚོང་ལས་གཉེར་མཁན‘‘རྗོལ་ལན ལ་བེ’’ ( Julien Levy 1906-1981)ཡིས་ཨ་རིའི་ཉིག་ཡོར་ནས་དྷ་ལེས་ཀྱི་བརྩམས་ཆོས་མི་འདྲ་བ་ཉེར་ལྔ་འགྲེམས་སྟོན་བྱས། ༡༩༣༤ལོར་སྒྱུ་རྩལ་པ་ཕིས་ཁ་ཟོ་དང་ཨ་རིའི་ཕྱུག་བདག‘‘ཀུ་རེ་སུ ཁོ་སུ་བྷེ’’ (Caresse Crosby 1891-1970 ) གཉིས་ཀྱི་རོགས་རམ་ལ་བརྟེན་ནས། དྷ་ལེས་དང་ཁོང་གི་སྒྱུ་རྩལ་གྱི་ལྷ་མོ་གྷ་བླ་གཉིས་ཨ་རིར་འགྲོ་ཐུབ་པ་བྱུང་།

དྷ་ལེས་ཀྱིས་ཉིག་ཡོར་ནས་ཁོང་གི་རི་མོ་སྐོར་ཞིག་འགྲེམས་སྟོན་བྱས་པར། སྐབས་དེར་ཨ་རི་ན་བག་ཉལ་མངོན་གྱུར་རིང་ལུགས་ཀྱི་རི་མོ་དར་ཁྱབ་བྱུང་མེད་པས། རི་མོའི་སྒྱུ་རྩལ་ལ་དོ་སྣང་ཡོད་པའི་ཨ་རི་བ་ཚོས་ཁོང་གི་སྨྱོ་འཚུབ་ཀྱི་གཤིས་ཀ་དང་རི་མོའི་སྒྱུ་རྩལ་ལ་དང་དོད་བྱས་པར་གྲགས། ལྷག་པར་དུ་རྒྱལ་ཁོངས་ཨིན་ཇི་ནས་ཡིན་པའི་བག་ཉལ་མངོན་གྱུར་རིང་ལུགས་ཀྱི་སྙན་ངག་པ་ཨེ་ཊོར་ཌི རྗེམ་སི( Edward James 1907-1984)ཡིས་ཁོང་གི་བརྩམས་ཆོས་མང་པོ་ཉོས། སྤྱི་ལོ་༡༩༣༦ལོར་དྷ་ལེས་ཀྱིས་བྲིས་པའི‘‘གཟིགས་འགྱུར་བའི་གྷི་རིག་ལྷ་སྒྲུང་ནང་གི་གཞོན་ནུ ’’( métamorphose de Narcisse)དང་། ‘‘མི་ཤ་ཟ་བའི་སྤྱོད་ལམ་གྱི་སྟོན་ཁ’’ (Cannibalisme d’automne )ཞེས་པ་གཉིས་ནི་བརྩམས་ཆོས་ཕུལ་དུ་བྱུང་བ་གཉིས་ཡིན་ཞིང་། དེང་སང་ཨིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཁྲེ་ཁྲུ( Tate )འགྲེམས་སྟོན་ཁང་དུ་ཡོད།

མི་སེར་དམག་འཁྲུག་གི་ཉེན་བརྡ།

སྤྱི་ལོ་༡༩༣༦ལོར་ཁོང་བཟའ་ཟླ་གཉིས་ཨ་རི་ནས་ཕྱིར་པོག་ཏི་ལོས་གྷ་ལ་ལོག་ཅིང་། སི་པན་གྱི་མི་སེར་དམག་འཁྲུག་ལ་གཡོལ་ཆེད་ཨི་ཊ་ལིར་ཕྱིན། གནའ་བོའི་རོ་མན་གྱི་རི་མོ་སྒྱུ་རྩལ་དང་རིག་རྩལ་བསྐྱར་དར་སྐབས་ཀྱི་རི་མོ་སྒྱུ་རྩལ་གྱིས་དྷ་ལེས་ལ་བློ་སྒོ་གསར་པ་ཞིག་ཕྱེས། སྐབས་དེར་ཁོང་གིས་སི་པན་གྱི་མི་སེར་དམག་འཁྲུག་བརྗོད་བྱར་བྱས་པའི་རི་མོ‘‘སི་པན’’(Espagne)ཞེས་པ་བྲིས་ཤིང་། དེ་རྗེས‘‘མི་སེར་དམག་འཁྲུག་གི་ཉེན་བརྡ’’ (Prémonition de la Guerre Civile )དང་། ‘‘འབར་བཞིན་པའི་ཤྭ་ཁྲ་སྐེ་རིང’’ ( La Girafe en feu)སོགས་ཀྱང་བྲིས་ཡོད།

སྤྱི་ལོ་༡༩༣༧ལོར་ཁོང་ཡང་སྐྱར་ཨ་རིར་ཕྱིན་ཏེ་གློག་བརྙན་ཞིག་ཕབ་སྐྲུན་བྱེད་རྩིས་བྱས་མོད་ལེགས་འགྲུབ་མ་བྱུང་། སྤྱི་ལོ་༡༩༣༨ལོར་ཕེ་རེ་སི་ནས་ཁོང་གི་གྲོགས་པོ་ཨང་དྷུ་ཝེ བྷུ་ཝས་ཊོང་དང་པའོ ཨེ་ལེ་ལོ་བ་གཉིས་ཀྱིས་མགོ་ཁྲིད་དེ‘‘རྒྱལ་སྤྱིའི་བག་ཉམ་མངོན་གྱུར་རིང་ལུགས་ཀྱི་འགྲེམས་སྟོན’’ ( Exposition internationale du surréalisme)ཞེས་པ་ཞིག་གོ་སྒྲིག་བྱས་པའི་སྟེང་དུ། དྷ་ལེས་ཀྱི་སྐད་གྲགས་ཅན་གྱི་འཇིམ་བཟོས་འདྲ་སྐུ་‘‘ཆར་འབབ་པའི་ཊེག་སི’’(Taxi pluvieux)འགྲེམས་སྟོན་བྱས་ཤིང་། ༡༩༣༩ལོར་རྗོལ་ལན ལ་བེ་ཡིས་ཉིག་ཡོར་ནས་ཁོང་གི་རི་མོ་གྲགས་ཅན‘‘གཟའ་པ་སངས་ཀྱི་རྨི་ལམ ’’( Rêve de Vénus)ཞེས་པ་འགྲེམས་སྟོན་བྱས་པའི་ལེགས་ཚོགས་སོགས་ལ་བརྟེན་ནས། ཁོང་གི་སྙན་གྲགས་མུ་མཐུད་དུ་འཕེལ།  

སྤྱི་ལོ་༡༩༣༩ལོར་ཕེ་རེ་སིར་ཡོད་པའི་བག་ཉལ་མངོན་གྱུར་རིང་ལུགས་ཀྱི་ཚོགས་པ་ཞིག་ཡོད་པ་དེས། དྷ་ལེས་ཀྱིས་སི་པན་གྱི་སྒེར་གཅོད་རིང་ལུགས་པ་ཧྥང་སེ་སུ་ཁོ ཧྥང་རང་ཁོ( Francisco Franco 1892-1975 )དང་། རྗར་མན་གྱི་ནཱ་ཛིའི་མགོ་ཁྲིད་ཨ་ཌོ་ཧྥུ ཧེ་ཋེ་ལིར(Adolf Hitler 1889-1945)གཉིས་ཀྱི་སྲིད་དོན་གྱི་ལྟ་བར་མོས་མཐུན་བྱས་ཡོད་པར་བསྙད་དེ་ཚོགས་པ་ནས་ཕྱིར་འབུད་བཏང་། འོན་ཀྱང་། ཁོང་གིས་སྔར་བཞིན་རང་ཉིད་ཀྱི་རི་མོ་དག་འགྲེམས་སྟོན་བྱས་མོད། སྐབས་དེ་ནས་བཟུང་དྷ་ལེས་ཀྱི་རང་གཤིས་འཆལ་པོ་ཞིག་ཏུ་གྱུར་ཅིང་། འཚོ་བ་ལ་བག་མེད་ལོངས་སྤྱོད་དང་། གཞན་ལ་ཟུར་ཟ་བྱེད་མཁན་ཞིག་ཏུ་གྱུར་པས། སྤྱི་ཚོགས་སྟེང་གི་མིས་ཁོང་སེམས་ཁམས་མི་དྭངས་པའི་སྨྱོན་པ་ཞིག་ཏུ་ངོས་འཛིན་བྱས།

དྲུག ཨ་རིའི་ནང་ལོ་བརྒྱད།

སྤྱི་ལོ་༡༩༤༠ལོར་རྗར་མན་ན་ཛའི་དམག་ཧྥ་རན་སིར་བསླེབ་ལ་ཉེ་བའི་དུས་སུ། ཁོང་གིས་གྷ་བླ་ཁྲིད་དེ་ཡང་སྐྱར་ཉིག་ཡོར་དུ་ཕྱིན། བཟའ་ཟླ་གཉིས་ཉིག་ཡོར་དུ་འབྱོར་རྗེས། དྷ་ལེས་ཀྱིས་ཉིག་ཡོར་དུ་གནས་པའི་མཐོ་རིམ་མི་སྣ་དང་འབྱོར་ལྡན་ཅན་གྱི་མི་མང་པོ་གསར་དུ་ཤེས་པར་གྱུར་ཅིང་། མི་སྣ་སྐོར་ཞིག་གི་གཟུགས་བརྙན་ཚོན་ལ་བསྒྱུར་ནས་རི་མོར་ཕབ། སྐབས་དེ་ཤེད་དུ་ཁོང་བུད་མེད་ཀྱི་རྒྱན་ཆའི་རིགས་ལ་དོ་སྣང་བྱུང་སྟེ། སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་རྣ་ལུང་དང་མཇུབ་དཀྲིས་གསར་སྐྲུན་བྱས་ཤིང་། པར་རིས་སྒྱུ་རྩལ་གྱི་སྐོར་ལའང་ཕྱག་ལས་གནང་འགོ་ཚུགས་ཡོད།

ཡུལ་བབ་སྲིད་ཇུས་ཀྱི་བྱིས་པས་འགྲོ་བ་མི་གསར་དུ་སྐྱེ་བར་ལྟ་བ།

སྤྱི་ལོ་༡༩༤༡ལོར་དྷ་ལེས་ཀྱིས་ཁོང་གི་རི་མོ་དྲུག་ཅུ་ལྷག་ཉིག་ཡོར་གྱི་དེང་རབས་སྒྱུ་རྩལ་འགྲེམས་སྟོན་ཁང ( Museum of Modern Art) དུ་འགྲེམས་སྟོན་བྱས་རྗེས། འགྲེམས་སྟོན་ཁང་གཞན་པ་སྐོར་ཞིག་ནས་ཀྱང་ཁོང་གི་རི་མོ་འགྲེམས་སྟོན་བྱས་པས་སྐད་གྲགས་ཆེན་པོ་བྱུང་། དེ་ནས་རིམ་གྱིས་འགྲེམས་སྟོན་ཁང་གཞན་དག་གི་འགན་འཛིན་ཚོས་ཀྱང་ཁོང་གི་རི་མོ་འགྲེམས་སྟོན་བྱེད་པར་འཕྲོག་རྩོད་བྱས་པའི་གནས་ཚུལ་བྱུང་སྐད། དེ་དག་གི་འབྲས་བུར། དྷ་ལེས་ཀྱི་རི་མོ་མང་པོ་བྲིན་པས་ཧ་ཅང་འབྱོར་ལྡན་ཅན་དུ་གྱུར།

སྤྱི་ལོ་༡༩༤༢ལོར་ཁོང་གིས«ཟལ་བ་དྷོར དྷ་ལེས་ཀྱི་མི་ཚེའི་གསང་བ»( La vie secrète de Salvador Dalí)ཞེས་པ་བྲིས་ཏེ་འགྲེམས་སྤེལ་བྱས། དེབ་འདི་ནི་ཁོང་གིས་ཧྥ་ཡིག་ཏུ་བྲིས་ཤིང་། ཨ་རིའི་ཧ་ཁན ཞི་བ་ལོས་ཡ( Haakon Chevalier 1907-1985)ཡིས་ཨིན་ཡིག་ཏུ་བསྒྱུར་ཡོད། དེབ་འདིའི་ནང་དུ་དྷ་ལེས་ཀྱིས་འདས་ཟིན་པའི་མི་ལོ་བཞི་བཅུ་ཙམ་གྱི་ལོ་རྒྱུས་བྲིས་ཡོད་ཅིང་། ཁོང་གི་རི་མོ་དང་། འདྲ་པར། སྐྱ་བྲིས་རི་མོ་སྐོར་ཞིག་ཀྱང་བཅུག་འདུག དེབ་འདི་ལེའུ་གསུམ་གྱིས་གྲུབ་ཅིང་། ཤོག་གྲངས་བཞི་བརྒྱ་ལྷག་མཆིས། ཨ་རིའི་རྟོག་སྒྲུང་རྩོམ་པ་པོ་གྲགས་ཅན་རྗོར་རྗི ཨོར་བེལ(George Orwell 1903-1950)གྱིས་བསྐྱར་ཞིབ་རྩོམ་ཡིག་ཀྱང་བྲིས་ཡོད།

སྤྱི་ལོ་༡༩༤༣ལོར་ཨ་རིའི་ཚོང་བ་རཱ་ནོ་སི མོ་སི(Reynolds Morse 1914-2000)ཡིས་དྷ་ལེས་དང་གྷ་བླ་གཉིས་ངོ་ཤེས་ཏེ།  དྷ་ལེས་ཀྱི་རི་མོ་མང་པོ་ཉོས་ཤིང་། དེང་སང་ཨ་རིའི་མངའ་སྡེ་ཧྥུ་ལོ་རི་ཊའི(Folrida)གྲོང་ཁྱེར་སན ཕིས་ཁྲིར་སི་བྷ་གྷུ(St Petersburg)ན་ཡོད་པའི‘‘ཟལ་བ་དྷོར དྷ་ལེ་ཡི་འགྲེམས་སྟོན་ཁང’’ ( Salvador Dalí Museum )གི་རི་མོ་ཕལ་མོ་ཆེ་ནི་ཚོང་བ་རཱ་ནོ་སི མོ་སི་ཡིས་གསོག་ཉར་བྱས་པའི་དྷ་ལེས་ཀྱི་བརྩམས་ཆོས་ཁག་ཡིན།

སྤྱི་ལོ་༡༩༤༤ལོར་ཉིག་ཡོར་གྱི་རྒྱལ་སྤྱིའི་ཟློས་གར་ཁང་དུ་དྷ་ལེས་ཀྱིས‘‘སེམས་ཚོར་སྐྱེན་པོའི་གྲོས་གླེང’’ (Colloque sentimental )ཞེས་པའི་རི་མོ་འགྲེམས་སྟོན་བྱས་ཤིང་། «གབ་པའི་ངོ་གདོང» (Visages Cachés)ཞེས་པའི་རྟོག་སྒྲུང་གི་དེབ་ཅིག་པར་སྐྲུན་བྱས། ལོ་དེར་སྐད་གྲགས་ཅན་གྱི་རི་མོ‘‘ཐག་ཝེ་སུ་ཊན་སྨྱོན་པ’’ (Tristan fou)ཞེས་པའང་བྲིས་ཡོད།

སྤྱི་ལོ་༡༩༤༥ལོར་ཁོང་ཧོ་ལེ་བོ་ཊིར(Hollywood)ཕྱིན་ཏེ། ཁོང་གི་ཨ་རིའི་གློག་བརྙན་འཁྲབ་ཁྲིད་པ་ཨ་ཧྥི་ཝེ་དྷུ ཨེས་ཆི་ཁོ་ཁུ( Alfred Hitchcock 1899-1980)དང་ལྷན་དུ‘‘ཨེམ་ཇི་ཨེ་དྷུ་བའི་ཁང་པ ’’( La maison du docteur Edwards )ཞེས་པའི་གློག་བརྙན་སྐོར་ལ་ཕྱག་ལས་གནང་། དེ་ནས་ལོ་དེར‘‘ཟལ་བ་དྷོར དྷ་ལེས་ཀྱི་ཉེ་དུས་ཀྱི་བརྩམས་ཆོས་རི་མོའི་འགྲེམས་སྟོན’’ (L’exposition Peintures récentes de Salvador Dalí )ཞེས་པ་ལེགས་པར་གྲུབ།

ཨ་མི་རི་ཀའི་སྙན་ངག

སྤྱི་ལོ་༡༩༤༥དང་སྤྱི་ལོ་༡༩༤༦ལོར་དྷ་ལེས་ཀྱིས་ཨི་ཊ་ལའི་སྒྱུ་རྩལ་བ་ཆེན་མོ«བྷན་བན་ནེས་ཌོ སེ་ལེས་ཎས་ཀྱི་རྣམ་ཐར» ( Autobiographie de Benvenuto Cellini 1500-1571)ཞེས་པ་དང་། ཨིན་ལན་གྱི་རིག་པའི་དབང་ཕྱུག་བེལ་ཡམ ཤག་ཁུ་སི་པེ་ཨར(William Shakespeare 1564-1616)གྱིས་བརྩམས་པའི «ཤག་ཁུ་སི་པེ་ཨར་གྱི་མ་གྷུ་བྷ་ཋུ»( Macbeth de Shakespeare)  སི་པན་གྱི་རྟོག་སྒྲུང་བ་སྐད་གྲགས་ཅན་མེ་གྷལ དྷུ སེག་བང་ཊུས་(Miguel de Cervantès)བརྩམས་པའི «དྷོང ཁས་ཞོ་ཊུ»(Don Quichotte ) གཞན་ཡང་། ཧྥ་རན་སིའི་རྩོམ་པ་པོ་གྲགས་ཅན་མེལ་ཞལ དྷུ མོང་ཊན་ཉི་ཡིས་བརྩམས་པའི‘‘མེལ་ཞལ དྷུ མོང་ཊན་ཉི་ཡི་ལྷུག་རྩོམ་གཅེས་བཏུས’’ ( les Essais de Michel de Montaigne) ཞེས་པའི་བསྟན་བཅོས་དག་ལ་ཡིད་དབང་འཕྲོག་པའི་པར་རིས་བྲིས་ཡོད།

 སྤྱི་ལོ་༡༩༤༨ལོར་དྷ་ལེས་ཀྱི་རི་མོ་ལྷན་བསྡེབས་ཀྱི་དེབ«སྒྱུ་འཕྲུལ་གྱི་གསང་བ་༥༠» (50 secrets magiques ) ཞེས་པ་ཞིག་བྲིས་ཏེ་པར་སྐྲུན་བྱས་ཤིང་། དེབ་འདིའི་ནང་དུ་ཁོང་གིས་རང་ཉིད་ཀྱི་རི་མོའི་སྐོར་གྱི་ཉམས་མྱོང་དང་། ཤེས་བྱ། ཚོར་སྣང་སོགས་རྒྱུན་ཐག་ཏུ་བགྱིས་ཏེ་བྲིས་ཡོད། དེ་ལྟར་དྷ་ལེས་ཀྱིས་ཕྱག་ལས་སྣ་ཚོགས་གནང་སྟེ་ཨ་རི་ནས་ལོ་བརྒྱད་བསྡད་རྗེས། སྤྱི་ལོ་༡༩༤༨ལོའི་སྤྱི་ཟླ་བདུན་པའི་ནང་ཕྱིར་རང་གི་ཕ་ཡུལ་སི་པན་དུ་ལོག་ཡོད།

འབྲེལ་ཡོད་ཀྱི་ཡིག་ཆ་རེ་ཟུང་ལྟར་ན། དྷ་ལེས་ཨ་རིར་འབྱོར་རྗེས་སྲོལ་རྒྱུན་གྱི་རི་མོའི་སྐོར་ལ་ཐུགས་མོས་བྱུང་བའི་ལོ་རྒྱུས་གསལ་མོད། སྐབས་དེར་ཁོང་གིས་བྲིས་པའི་རི་མོ‘‘ཕག་ཤ་སྲེག་མ་དང་མཉམ་དུ་ཡོད་པའི་འདྲ་རིས་སྙི་མོ’’ (Autoportrait mou avec du lard grillé )ཞེས་པ་དང་། ‘‘ཡུལ་བབ་སྲིད་ཇུས་ཀྱི་བྱིས་པས་འགྲོ་བ་མི་གསར་དུ་སྐྱེ་བར་ལྟ་བ’’ ( Enfant géopolitique observant la naissance de l’homme nouveau) ‘‘གཉིད་མ་སད་པའི་སྐར་ཆ་ཁ་ཤས་ཀྱི་སྔོན་ལ། སེ་འབྲུའི་མཐའ་འཁོར་དུ་འཕུར་བའི་སྦྲང་མ་ཞིག་གི་དབང་གིས་རྨི་ལམ་རྨིས་པ’’ ( Rêve causé par le vol d’une abeille autour d’une grenade, une seconde avant l’éveil) ‘‘སན ཨང་ཋོ་བ་ཎིའི་འདོད་སེམས’’ ( La Tentation de saint Antoine ) ‘‘ཨ་མི་རི་ཀའི་སྙན་ངག ’’ ( Poésie d’Amérique) ‘‘ ཞས་ཎ་ཏའི་འཚིག་ཇ’’ ( Café de Chinitas)སོགས་ནི་བག་ཉལ་མངོན་གྱུར་རིང་ལུགས་ཀྱི་རི་མོ་ཡིན་ནོ། །

བདུན། ཆོས་ལུགས་དང་འབྲེལ་བའི་རི་མོ།

སྤྱི་ལོ་༡༩༤༩ལོར་ཁོང་སི་པན་དུ་ལོག་རྗེས། ཡེ་ཤུའི་ཆོས་ལུགས་ལ་སྔར་ལས་དད་མོས་བྱུང་བར་བརྟེན། ཁོང་གིས་ཡེ་ཤུའི་བླ་ཆེན་པོབ་པིས བཅུ་བཞི( Pie XII )ལ་སྒེར་མཇལ་ཞུས་པའི་ལོ་རྒྱུས་ཡོད་ཅིང་། སྤྱི་ལོ་༡༩༥༡ལོར་ཁོང་གིས་སྐད་གྲགས་ཅན་གྱི་ཡེ་ཤུའི་སྟོན་པ་བརྗོད་བྱར་བྱས་པའི་རི་མོ ‘‘བདག་ཉིད་ཆེན་པོ་གཞང དྷུ བླ ཁོག་ཝའི་ཡེ་ཤུའི་སྟོན་པ་མ་ཤི་ཀ’’ ( Christ de saint Jean de la Croix) ཞེས་པ་བྲིས་ཡོད། རི་མོ་ཞིབ་འཇུག་པ་སྐོར་ཞིག་གིས་དྷ་ལེས་ཀྱི‘‘རྟག་བརྟན་གྱི་དྲན་སྣང’’དང་། ‘‘རྒྱངས་གཅོད’’ ( Crucifixion ‘Corpus hypercubus) དེ་བཞིན་དུ་གོང་གི་རི་མོ་དག་ནི་ཁོང་གི་ཚབ་མཚོན་བརྩམས་ཆོས་ཀྱི་གྲས་སུ་འཇོག་མཁན་ཀྱང་ཡོད།  དྷ་ལེས་ཀྱིས་བྲིས་པའི་རི་མོ་ཚང་མར་ལོ་རྒྱུས་དང་རྒྱབ་ལྗོངས་ངེས་ཅན་རེ་ཡོད་པ་གདོན་མི་ཟ་ནའང་། ཁོང་གིས‘‘བདག་ཉིད་ཆེན་པོ་གཞང དྷུ བླ ཁོག་ཝའི་ཡེ་ཤུའི་སྟོན་པ་མ་ཤི་ཀ’’ཞེས་པའི་རི་མོ་འདི་འབྲི་དགོས་པའི་རྒྱབ་ལྗོངས་བཙལ་འཚོལ་བྱེད་སྐབས་གཤམ་གསལ་གྱི་གསུང་དུམ་འདི་རྙེད་བྱུང་།

བདག་ཉིད་ཆེན་པོ་གཞང དྷུ བླ ཁོག་ཝའི་ཡེ་ཤུའི་སྟོན་པ་མ་ཤི་ཀ

དྷ་ལེས་ན་རེ།  ‘‘ཐེངས་དང་པོར། སྤྱི་ལོ་༡༩༥༠ལོར་ངའི་རྨི་ལམ་ཁྲོད་དུ་ང་ལ‘‘འཇིག་རྟེན་ཁམས་ཀྱི་རྨི་ལམ’’ཞིག་ཡོད་པ་དེའི་ནང་དུ་ངས་ཚོན་མདངས་ལྡན་པའི་གཟུགས་བརྙན་འདི་མཐོང་བྱུང་ལ། གཟུགས་བརྙན་འདིས‘‘རྡུལ་ཕྲན་གྱི་སྙིང་པོ’’མཚོན་པར་བྱེད། སྙིང་པོ་དེ་མཐར་གཟུགས་འདས་རིག་པའི་ནང་དོན་དུ་འགྱུར་ཞིང་། ངས་དེ་ཉིད‘‘འཇིག་རྟེན་གྱི་གཅིག་སྒྲིལ’’ཏེ་ཡེ་ཤུའི་སྟོན་པ་མ་ཤི་ཀར་རྩི་འཇོག་བྱས་པ་ཡིན། ཐེངས་གཉིས་པར། དཀོན་མཆོག་བྷི་ཝས་ནོ(Bruno )ཡི་ལམ་སྟོན་གྱི་ལེགས་ཚོགས་ལ་བརྟེན་ནས། ངས་བདག་ཉིད་ཆེན་པོ་གཞང དྷུ ལ ཁོག་ཝས་ཡེ་ཤུའི་སྟོན་པ་མ་ཤི་ཀ་རི་མོར་འབྲི་བ་མཐོང་ཞིང་། ངས་ཟུར་གསུམ་དང་སྒོར་སྒོར་བྱས་ཏེ་ཐིག་རྩིས་བརྒྱབ་པ་ཡིན། ‘‘མཛེས་ཉམས་ཀྱི་རྣམ་གཞག’’འདིས་ངའི་ཉམས་མྱོང་ཡོད་ཚད་བསྡུས་ཡོད་ཅིང་། ཟུར་གསུམ་འདིའི་ནང་དུ་ངའི་ཡེ་ཤུའི་སྟོན་པ་མ་ཤི་ཀ་རི་མོར་བཀོད་ཡོད།’’

དེང་སང་ཨིན་ཇིའི་རྒྱབ་ཁབ་ཀྱི‘‘གྷུ་བླ་སུ་གྷོ’’ (Glasgow)གྲོང་ཁྱེར་གྱི་ཁེ་བན་གྷུ་ཝོ་བུ་འགྲེམས་སྟོན་ཁང( Kelvingrove Art Gallery and Museum)དུ་ཡོད།

‘‘རྒྱངས་གཅོད’’ཞེས་པའི་རི་མོ་འདི་ནི་དྷ་ལེས་ཀྱིས་སྤྱི་ལོ་༡༩༥༣ལོར་བྲིས་ཤིང་། དེ་ནི་ཡེ་ཤུའི་སྟོན་པ་ཀ་རྒྱངས་ཤིང་ལ་བརྒྱངས་པ་ཞིག་ཡིན་ཞིང་། ཁོང་གི་བཟའ་ཟླ་གྷ་བླ་ནི་ཡེ་ཤུའི་སྟོན་པའི་མ་ཡུམ་ཡིན་པའི་ཟོལ་གྱིས་རང་ཉིད་ཀྱི་བུ་ལ་གཟིགས་ནས་འགྲེངས་ཡོད། རོ་མོ་དེའི་ལྟག་རྒྱབ་ཀྱི་ཡུལ་ལྗོངས་ནི་པོག་ཏི་ལོས་གྷའི་མཚོ་ངོགས་ཡིན་པ་རེད། རི་མོ་འདི་ནི་དེང་སང་ཉིག་ཡོར་གྱི་དེང་རབས་སྒྱུ་རྩལ་འགྲེམས་སྟོན་ཁང་དུ་ཡོད་པར་བཤད།

བརྒྱད། དྷ་ལེས་ཀྱི་གཏམ་བཤད་དང་རི་མོ་སྐོར་ཞིག་བཤད་པ།

དྷ་ལེས་ཨ་རི་ནས་ཡུ་རོབ་ཏུ་འབྱོར་སྐབས། འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་མ་ཐག་ཡིན་པས། ཁོང་རྡུལ་ཕྲན་མཚོན་ཆའི་ལྐོག་གྱུར་གྱི་ནུས་སྟོབས་ལ་ཐུགས་མོས་བྱུང་བརྟེན། ཆོས་ལུགས་དང་། རྡུལ་ཕྲན་གྱི་མཚོན་དོན་ཡོད་པའི་སྲོལ་རྒྱུན་གྱི་རི་མོ‘‘ཟླུམ་གཟུགས་ཀྱི་གྷ་ལེས་ཌེ’’ (Galatea des sphères)དང་། བག་ཉལ་མངོན་གྱུར་རིང་ལུགས་ཀྱི་རི་མོ་‘‘གྲུ་གཟིངས་འབབ་ཚིགས་ལས་གྷ་ཊིའི་མ་དྷོ་ཎི’’ (La Madone de Port Lligat) སོགས་བྲིས་ཡོད།

སྤྱི་ལོ་༡༩༥༡ལོར་ཁོང་གིས་རི་མོ་ལྷན་བསྡེབས་ཀྱི་དེབ‘‘འཇིག་རྟེན་ལས་འདས་པའི་བསྒྲགས་གཏམ ’’( Manifeste mystique)ཞེས་པ་འགྲེམས་སྤེལ་བྱས་ཏེ། སྲོལ་རྒྱུན་རི་མོ་དང་། ཆོས་ལུགས། ཚན་རིག་དང་འབྲེལ་བའི་རི་མོའི་སྐོར་ལས་འཕྲོས་ཏེ་ཚོགས་འདུ་གང་མང་ཞིག་གི་སྟེང་དུ་གཏམ་བཤད་གནང་། སི་པན་གྱི་མ་དྷུ་ཝས(Madrid)གྲོང་ཁྱེར་དུ‘‘བདག་དང་ཕིས་ཁ་ཟོ’’ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྐད་གྲགས་ཅན་ཞིག་ཀྱང་གནང་།

ཁུར་སི་ཊོ་ཧྥིར འཁོ་ལོམ་འབོག་གིས་ཨ་མི་རི་ཀ་གསར་རྙེད།

སྤྱི་ལོ་༡༩༥༢ དང་སྤྱི་ལོ་ ༡༩༥༣ ལོར་ཁོང་གིས་ཧྥ་རན་སིའི་རི་མོའི་དུས་དེབ་ཁག་ཏུ་རྩོམ་ཡིག་སྣ་ཚོགས་སྤེལ་ཅིང་། སྤྱི་ལོ་༡༩༥༤ལོར་སི་པན་གྱི་གནའ་རབས་བསྟན་བཅོས་སྐོར་ཞིག་ལ་པར་རིས་རི་མོ་བྲིས། སྤྱི་ལོར་སྤྱི་ལོ་༡༩༥༦ལོར‘‘དེང་རབས་སྒྱུ་རྩལ་གྱི་འཆལ་མོའི་ཟླ་བོ་རྒན་པོ’’ ( La Bataille de Tétouan ) ཞེས་པའི་དེབ་ཅིག་ཀྱང་འགྲེམས་སྤེལ་བྱས་ཤིང་། ཕེ་རེ་སིའི་ཟོག་བྷོང་ཎི་སློབ་གྲྭ་ཆེན་མོ( Sorbonne université)ཞེས་པའི་ནང་དུ་རི་མོའི་སྒྱུ་རྩལ་སྐོར་ལ་གཏམ་བཤད་གནང་། སྤྱི་ལོ་༡༩༥༩ལོར་ཁོང་གི་གྲོགས་པོ་ཨང་དྷུ་ཝེ བྷུ་ཝས་ཊོང་གིས‘‘བག་ཉལ་མངོན་གྱུར་རིང་ལུགས་ལ་དྲན་གསོ་ཞུ་བ’’ ( Hommage au surréalisme  )ཞེས་པའི་མཛད་སྒོ་ཞིག་བཀོད་སྒྲིག་བྱས་ཏེ། བག་ཉལ་མངོན་གྱུར་རིང་ལུགས་དར་ནས་ལོ་འཁོར་བཞི་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་བྱས། མཛད་སྒོའི་སྟེང་དྷ་ལེས་ཀྱི་རི་མོ་འགྲེམས་སྟོན་བྱས་ཡོད།

སྐབས་དེར། དྷ་ལེས་ཀྱི་རི་མོ་ཧ་ཅང་བྲིན་པར་གྱུར་པས། ཁོང་བཟའ་ཟླ་གཉིས་ཀྱིས་ཧ་ཅང་རྒྱས་སྤྲོས་ཀྱི་འཚོ་བ་རོལ། འཚོ་བ་ཇི་ལྟར་སྐྱིད་ནའང་། དྷ་ལེས་ཀྱིས་མཚམས་མ་ཆད་པར་རི་མོ་བྲིས། དཔེར་ན། སྤྱི་ལོ་༡༩༦༡དང་སྤྱི་ལོ་༡༩༦༢ལོར‘‘ཊེ་ཋོ་ཎའི་དམག་འཁྲུག’’( La Bataille de Tétouan)ཅེས་པ་དང་། སྤྱི་ལོ་༡༩༥༨དང་སྤྱི་ལོ་༡༩༥༩ལོར‘‘ཁུར་སི་ཊོ་ཧྥིར འཁོ་ལོམ་འབོག་གིས་ཨ་མི་རི་ཀ་གསར་རྙེད’’ ( La Découverte des Amériques par Christophe Colomb)  སྤྱི་ལོ་༡༩༦༥ལོར‘‘པེ་ཕིས་མྱིང་གི་མེ་འཁོར་འབབ་ཚིགས’’( La Gare de Perpignan) ཡང་། སྤྱི་ལོ་༡༩༦༨དང་སྤྱི་ལོ་༡༩༧༠ལོར‘‘ཊོ་ཝེ་ཝོའི་འཁྲུལ་སྣང’’ ( Le Torero hallucinogène) སྤྱི་ལོ་༡༩༦༨དང་སྤྱི་ལོ་༡༩༧༠ལོར‘‘མཚོ་ཉ་ཊུ་ན་འཛིན་པ’’ ( La Pêche au thon)སོགས་ཀྱང་བྲིས་ཡོད། ཁོང་གི་སྐུ་ཚེའི་མཇུག་ཏུ་ཕུལ་བྱུང་གི་བརྩམས་ཆོས་བཅུ་དགུ་ལྷག་བྲིས་པར་བཤད་ཅིང་། རི་མོ་ཕལ་མོ་ཆེ་དེང་རབས་ནས་ཕྱིར་ལྡོག་སྟེ་སྲོལ་རྒྱུན་ལ་ཁ་ཕྱོགས་ཡོད།

སྤྱི་ལོ་༡༩༦༥ལོར་ཉིག་ཡོར་གྱི་དེང་རབས་སྒྱུ་རྩལ་འགྲེམས་སྟོན་ཁང་གིས‘‘ཟལ་བ་དྷོར དྷ་ལེས། སྤྱི་ལོ་༡༩༡༠-༡༩༦༥’’ ( Salvador Dalí 1910-1965)ཞེས་པའི་མིང་ཐོག་ནས་ཁོང་གི་རི་མོ་འགྲེམས་སྟོན་བྱས་ཤིང་། སྤྱི་ལོ་༡༩༦༨ལོར་འགྲེམས་སྟོན་ཁང་དེས་ཡང་སྐྱར་དྷ་ལེས་ཀྱི་རི་མོ་སྐོར་ཞིག་འགྲེམས་སྟོན་བྱས་ཤིང་། ཐེངས་དེའི་འགྲེམས་སྟོན་གྱི་མིང་ལ‘‘བག་ཉལ་མངོན་གྱུར་རིང་ལུགས་དང་། དྷ་དྷ་རིང་ལུགས། དེ་དག་གི་གཅེས་ནོར’’ (Surréalisme et dadaïsme et leur héritage)ཞེས་བཏགས་ཡོད།

དགུ། སྒྱུ་རྩལ་གྱི་ལྷ་མོ་གྷ་བླ།

སྤྱི་ལོ་༡༩༦༥ལོར་དྷ་ལེས་དང་གྷ་བླ་གཉིས་ཁ་གྱེས་ཤིང་། ཁོང་ཨ་མང་དྷ ལེར( Amanda Lear)ཟེར་བའི་གཞོན་ནུ་མ་ཞིག་ལ་ཁ་ཐུག་ཡོད་མོད། འོན་ཀྱང་། ཁོང་གིས་གཞོན་ནུ་མ་འདི་དང་མཉམ་དུ་འཁྲིག་སྤྱོད་བྱས་ཡོད་མེད་ལ་ཐེ་ཚོམ་ཟ་མཁན་མང་། དེར་མ་ཟད། དྷ་ལེས་ཀྱིས་གྷ་བླའང་འཁྲུག་སྤྱོད་བྱས་མེད་པར་འདོད་མཁན་ཡོད།

དྷ་ལེས་དང་གྷ་བླ་བཟའ་ཟླ་གཉིས།

འཁྲིག་སྤྱོད་ཀྱི་སྐོར་ལ་དྷ་ལེས་ལ་སེམས་ཁམས་ཀྱི་ན་ཚ་ཞིག་ཡོད་པར་བཤད་ཅིང་། བུད་མེད་ཅིག་དང་ལྷན་དུ་འཁྲིག་སྤྱོད་བྱེད་པར་མི་མངོན་པའི་འཇིགས་སྣང་ཆེན་པོ་ཞིག་ཡོད་པར་བཤད། དེ་བས། ‘‘འཁྲིག་སྤྱོད་ཐོག་མར་བྱེད་དུས་ཀྱི་བ་སྤུ’’ཞེས་པའི་རི་མོ་དེ་ནི་དོན་དངོས་སུ་ཁོང་གིས་གྷ་བླ་དང་མཉམ་དུ་འཁྲིག་སྤྱོད་བྱེད་རྩིས་ཡོད་པའི་སྐབས་དེར། ཁོང་ལ་འཇིགས་སྐྲག་ཆེན་པོ་ཞིག་སྐྱེས་ཏེ་འཁྲིག་སྤྱོད་བྱེད་མ་ཐུབ་པའི་རྒྱུ་མཚན་དེར་གཞི་བཅོལ་ཏེ་བྲིས་པར་བཤད། ཁོང་གིས་འཁྲིག་སྤྱོད་བྱེད་སྟངས་ནི།  གྷ་བླས་མི་གཞན་དང་མཉམ་དུ་འཁྲིག་སྤྱོད་བྱེད་སྐབས། ཁོང་གིས་དེ་ལ་བལྟས་ནས་ཁུ་བ་ལག་འབྱིན་བྱེད་པ་དེ་རེད་ཟེར། གནས་སྟངས་འདིས་དྲངས་ཏེ་ཁོང་གིས་ཆགས་སྲེད་ཀྱི་རི་མོ་དང་། གྷ་བླ་སྒྲེན་མོར་ཡོད་པའི་རི་མོ། ཁུ་བ་ལག་འབྱིན་བྱེད་པའི་རི་མོ་སྣ་ཚོགས་ཤིག་འབྲི་དགོས་བྱུང་ཡོད།

དྷ་ལེས་དང་གྷ་བླ་གཉིས་ཁ་གྱེས་ནའང་། སྤྱི་ལོ་༡༩༦༩ལོར་ཁོང་གིས་གྷ་བླར‘‘ཕུ་བྷོར་མཁར་གྲོང’’ ( Château de Púbol)  ཞེས་པ་ཉོས་ཤིང་། མོ་མཁར་གྲོང་དེར་གནས་སྤོར་གྱིས་བསྡད། དེ་ནས་ལོ་བཅུ་གཅིག་གི་རྗེས་ཏེ་སྤྱི་ལོ་༡༩༨༢ལོར་ཚེ་ལས་འདས།

བཅུ། སྐུ་ཚེའི་མཇུག་གི་ལོ་རྒྱུས།

སྤྱི་ལོ་༡༩༦༠ལོར་དྷ་ལེས་ཀྱིས་འཆར་བཀོད་བཏིངས་ནས‘‘དྷ་ལེས་ཀྱི་ཟློས་གར་ཁང་དང་འགྲེམས་སྟོན་ཁང’’ ( Dalí Théâtre-Museum) ཞེས་པ་འཛུགས་སྐྲུན་བྱེད་འགོ་བཙུགས་ཏེ། འགྲེམས་སྟོན་ཁང་འདིའི་ལྕམ་ཁེམས་ཀྱི་རི་མོ་ཡོད་ཚད་ཁོང་གིས་བྲིས་པར་བཤད་ཅིང་། སྤྱི་ལོ་༡༩༧༤ལོར་ལེགས་པར་གྲུབ་ཡོད། འགྲེམས་སྟོན་ཁང་འདི་ནི་ཁོང་གི་སྐྱེས་ཡུལ་ཧྥིས་གྷུ་ཝ་སི་ན་ཡོད་ཅིང་། སྔར་སྤྱི་ལོ་༡༩༡༤ལོར་ཁོང་གིས་གྲོགས་པོ་སྐོར་ཞིག་དང་མཉམ་དུ་རི་མོ་འགྲེམས་སྟོན་ཐོག་མ་བྱེད་ས་དེ་ཡིན་ལ། ཕྱིས་སུ་སི་པན་གྱི་མི་སེར་དམག་འཁྲུག་གི་སྐབས་སུ་གཏོར་བཅོམ་ཐེབས་ཏེ་ཞིག་རལ་ཏུ་གྱུར་ཡོད།

ཡུ་རོབ་ཀྱི་དབུ།

སྤྱི་ལོ་༡༩༧༡ལོར་སི་པན་གྱི་ཆོས་རིག་ལུས་ཁུངས་ཀྱིས་ཁོང་ལ་གསེར་གྱི་རྟགས་མའི་བྱ་དགའ་སྩལ་ཅིང་། དེ་རྗེས་རྒྱབ་ཁབ་འདྲ་མིན་དུ་ཁོང་གི་རི་མོ་འགྲེམས་སྟོན་བྱས་པ་དཔེར་ན། ༡༩༧༩ལོར་ཧྥ་རན་སིའི་རྒྱལ་སར་ཡོད་པའི‘‘རྗོར་རྗི པོང་ཕིས་དྷའི་རིག་གཞུང་སྒྱུ་རྩལ་ལྟེ་གནས་ཁང’’ ( Le centre Georges-Pompidou)དུ་དྷ་ལེས་ཀྱི་རི་མོ་༡༦༩དང་སྐྱ་བྲིས་རི་མོ་༢༡༩འགྲེམས་སྟོན་ཁང་བྱས་ཤིང་། ཧྥ་རན་སིའི་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས། སྤྱི་ལོ་༡༩༨༣ལོར་སི་པན་གྱི་གྲོང་ཁྱེར་མ་དྷུ་ཝས་སུ‘‘སྤྱི་ལོ་༡༩༡༤ནས་སྤྱི་ལོ་༡༩༨༣ལོའི་ཟལ་བ་ཊོར དྷ་ལེས་ཀྱི་བརྩམས་ཆོས་༤༠༠’’ (400 œuvres de Salvador Dalí de 1914 à 1983)ཞེས་པའི་འགྲེམས་སྟོན་རྒྱ་ཆེན་པོ་ཞིག་སྤེལ། ད་དུང་ཁོང་གིས་གནང་བའི་གསུང་བཤད་དང་། པར་སྐྲུན་བྱས་པའི་དེབ་ཀྱི་སྐོར་གྱི་ལོ་རྒྱུས་མཆིས་མོད་འདིར་ཞིབ་ཏུ་མ་སྤྲོས།

སྤྱི་ལོ་༡༩༨༢ལོར་གྷ་བླ་ཚེ་ལས་འདས་པས། དྷ་ལེས་ཧྥིས་གྷུ་ཝ་སི་དང་ཁ་བྲལ་ཏེ་ཕུ་བྷོར་མཁར་གྲོང་དུ་གནས་སྤར། ལོ་དེར་ཁོང་ལ‘‘པཱར་ཀིན་སན་རྩ་དཀར’’གྱི་ནད་བྱུང་བས། ཁོང་གིས་ཕྱག་ལས་གནང་མཚམས་མི་འཇོག་ཀ་མེད་བྱུང་མོད། ད་ལྟ་སྐུ་འཚོ་བཞུགས་ཡོད་པའི་སི་པན་གྱི་རྒྱལ་པོ‘‘རྗོན ཀ་ལོ་སི་དང་པོ’’ ( Juan Carlos Ier)ཡིས་དྷ་ལེས་ལ‘‘ཕུ་བྷོར་གྱི་རྗེ་དཔོན’’ ( Marquis de Dalí de Púbol)གྱི་གོ་གནས་སྩལ་བས། ཁོང་གིས‘‘ཡུ་རོབ་ཀྱི་དབུ’’ (Tête d’Europe )ཞེས་པའི་རི་མོ་ཞིག་བྲིས་ཏེ་རྒྱལ་པོར་ཕུལ་ཞིང་། དེ་ནི་ཁོང་གི་རི་མོ་མཐའ་མ་ཡིན་པར་གྲགས།

སྤྱི་ལོ་༡༩༨༣ལོར་ཕུ་བྷོར་མཁར་གྲོང་དུ་ཡོད་པའི་ཁོང་གི་གཟིམ་ཁང་དུ་མེ་སྐྱོན་ཞིག་བྱུང་བས། ཁོང་ཧྥིས་གྷུ་ཝ་སིར་གནས་སྤོར་གྱིས་བཞུགས། སྤྱི་ལོ༡༩༨༨ལོར་སྙིང་རྩ་འགག་པའི་ན་ཚའི་དབང་གིས་སྨན་ཁང་དུ་ཕེབས་དགོས་བྱུང་སྟེ། སྤྱི་ལོ་༡༩༨༩ལོའི་ཟླ་༢པའི་ཚེས་༢༣ཉིན་སྐུ་གཤེགས་ཡོད། ‘‘དྷ་ལེས་ཀྱི་གར་ཁང་དང་འགྲེམས་སྟོན་ཁང’’དུ་ཕུང་པོ་མེར་བསྲེགས་བཏང་། སྐབས་དེར་ཁོང་དགུང་ལོ་༨༤ཡིན་པ་རེད།

བཅུ་གཅིག དྷ་ལེས་ཀྱི་བརྩམས་ཆོས།

བསྡོམས་རྩིས་བྱས་པ་ལྟར་ན། དྷ་ལེས་ཀྱིས་རི་མོ་མི་འདྲ་བ་ཆིག་སྟོང་ལྔ་བརྒྱ་ལྷག་བྲིས་ཡོད་པར་བཤད་ཅིང་། ད་དུང་ཁོང་ལ་དེབ་ཀྱི་པར་རིས་སྣ་ཚོགས། འཇིམ་བཟོ། རྡོ་པར།(lithographies) ཟློས་གར་གྱི་གྱོན་ཆས་སྣ་ཚོགས། གློག་བརྙན། འདྲ་དཔར་བརྩམས་ཆོས། དེབ་སོགས་བརྩམས་ཆོས་སྣ་ཚོགས་ཤིག་ཡོད།

དྷ་ལེས་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་ཀྱི་དེབ།

ཕྲན་ལ་ཡོད་པའི་གླེགས་བམ་ཆེན་པོ་འདི་གཉིས་ཀྱི་ནང་དུ། དྷ་ལེས་ཀྱི་སྣུམ་ཚོན་རི་མོས་གཙོས་པའི་བརྩམས་ཆོས་མི་འདྲ་བ་ཆིག་སྟོང་དྲུག་བརྒྱ་ལྷག་གི་འདྲ་པར་མཆིས། དྷ་ལེས་ཀྱིས་ཐོག་མར་འཆར་སྣང་རིང་ལུགས་ནས་བག་ཉལ་མངོན་གྱུར་རིང་ལུགས། དེ་ནས་སྔར་སྲོལ་རྗེས་འབྲངས་ལམ་ལུགས་ལྟར་རི་མོ་བྲིས་ཤིང་། སྐབས་རེར་རི་མོའི་གྲུབ་མཐའ་དེ་དག་གཞི་གཅིག་ཏུ་བསྲེས་པའི་རི་མོའང་བྲིས་ཡོད་པའི་རྣམ་པ་གསལ་ཞིང་།  ཁོང་གི་རི་མོའི་ནང་དོན་ནི་ཕ་ཡུལ་གྱི་ཡུལ་ལྗོངས་དང་། མཚོ་འགྲམ། དམག་འཁྲུག བུད་མེད། ཆགས་སྲེད། ཆོས་ལུགས། རྡུལ་ཕྲན་སོགས་ཡིན་པའང་གླེགས་བམ་ཆེན་པོ་འདི་གཉིས་ལས་ཤེས་ཐུབ།

ཕྲན་གྱིས་རྩོམ་ཡིག་འདི་བྲིས་ནས་མཇུག་སྒྲིལ་མཚམས་འདིར་སླེབས་སྐབས། ཡང་སྐྱར་ཁོང་གི་བརྩམས་ཆོས་འཁོད་པའི་གླེགས་བམ་ཆེན་པོ་འདི་གཉིས་ལ་ཞིབ་ཏུ་བལྟས་པར། དྷ་ལེས་ནི་སེམས་ཁམས་མི་དྭངས་པའི་སྐྱེས་བུ་ཞིག་ཡིན་པ་ཚོར། གླེགས་བམ་གཉིས་པའི་མཇུག་ཏུ‘‘ཁོང་ནི་སྐྱེས་སྟོབས་ཀྱི་ཤེས་རབ་འབར་བའི་སྒྱུ་རྩལ་པ་སྨྱོན་པ་ཞིག་རེད’’ཅེས་གསལ་བ་བདེན་པ་ཡིན་པའི་སྣང་བ་བྱུང་།

(གསལ་བཤད། རྩོམ་སྒྲིག་པ་དང་རྩོམ་པ་པོའི་ཆོག་མཆན་མེད་པར་རྩོམ་ཡིག་འདི་འཕྲིན་སྟེགས་དང་དྲྭ་རྒྱ་གཞན་དུ་མི་སྤེལ་བའི་རེ་བ་ཡོད།)