བཀའ་མ་ཞེས་པའི་ཐ་སྙད་འདིའི་གོ་དོན་ཐད་སྲོལ་རྒྱུན་རིག་གནས་ལ་རྒྱུས་མངའ་མེད་པ་དག་ལ་གོ་ནོར་ཅུང་ཟད་འབྱུང་གི་ཡོད་པ་ནི།  སྔ་འགྱུར་བཀའ་མའི་གླེགས་བམ་རྣམས་ཚང་མ་སངས་རྒྱས་ཀྱི་བཀའ་ཡིན་དགོས་རྒྱུ་རེད། གལ་སྲིད་དེ་ལྟར་མིན་ན་བཀའ་མ་ཞེས་པའི་ཐ་སྙད་འདི་འདོགས་མི་རུང་བའི་དོགས་པ་འབྱུང་གི་ཡོད། སྤྱིར་སྔ་འགྱུར་བཀའ་མ་ནི་སྔགས་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་ཐེག་པ་རིམ་དགུའི་གཞུང་དང་འགྲེལ་བ། མན་ངག་དང་ཆོག་འཕྲིན་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན་པས་སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་བཀའ་མང་པོ་ཡོད་རུང་དེ་ཁོ་ནའི་དབང་གིས་བཀའ་མ་ཞེས་མིང་བཏགས་པ་ཞིག་མིན།  དེ་ཡང་སྔ་འགྱུར་རྙིང་ལུགས་ལ་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ་ཟབ་མོ་དག་སྣང་གི་བརྒྱུད་པ་སྟེ་བརྒྱུད་སྲོལ་གསུམ་ཡོད་པའི་ཡ་གྱལ། རིང་བརྒྱུད་བཀའ་མ་སྟེ་སངས་རྒྱས་ནས་བཟུང་ད་ལྟའི་བླ་མ་རྣམས་ཀྱི་བར་ཞལ་ནས་ཞལ་དུ་བརྒྱུད་པ་ལ་བཀའ་མ་ཞེས་མིང་བཏགས་པ་ཞིག་སྟེ།  དཔེར་ན་ས་སྐྱའི་ལམ་འབྲས་ལ་གསུང་ངག་ལམ་འབྲས་ཞེས་མིང་འབོད་པ་བཞིན་ནོ།།ཡང་རྙིང་ལུགས་ཀྱི་ཐེག་པ་རིམ་དགུ་བརྩི་སྲོལ་འདི་ཡང་དུས་ཚོད་ནམ་ཙམ་བྱུང་བ་དང་། བོན་ལུགས་ཀྱི་ཐེག་པ་རིམ་དགུ་གཉིས་ཕན་ཚུན་ཤུགས་རྐྱེན་ཐེབས་མིན་དང་། བོད་ཡུལ་དུ་གྲངས་ཀ་དགུའི་རིག་གནས་ལ་ཆོས་དང་འཇིག་རྟེན་གཉིས་ཆར་ནས་བརྩིས་མཐོང་ཆེན་པོ་བྱ་དོན་སོགས་གསལ་བཤད་དགོས་པ་མང་རུང་ཡིག་ཚོགས་ལ་འཇིགས་ཏེ་ལོགས་སུ་ཞུ་རྒྱུ་ཡིན།    སྔ་འགྱུར་རྙིང་མ་ཞེས་མིང་འདོགས་སའི་གཞི་ནི་རྙིང་མ་རྒྱུད་འབུམ་དང་བཀའ་མ་གཉིས་ཡིན་པ་ལས་མདོ་ཕྱོགས་ཀྱི་གཞུང་རྣམས་ལ་ཁྱད་པར་མེད།  དེས་ན་ཐོག་མར་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་གཞུང་རྣམས་བོད་ཡུལ་དུ་ཇི་ལྟར་འགྱུར་ཚུལ་སྐོར་ཉུང་བསྡུས་ཤིག་ཞུ་རྒྱུ་ཡིན། དེ་ཡང་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས། གསང་སྔགས་སྔ་འགྱུར་ལ་འགྱུར་བཅུ་དང་། འཆད་ཚུལ་བཞི། ཡོངས་སུ་རྫོགས་པའི་སྐོར་དང་ལྔ་ཞེས་བཤད་པ་ལྟར་ན། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་འགྱུར་བ་དྲུག་དང་། དབོན་སྲས་རྣམས་ཀྱི་སྐུ་དུས་སུ་འགྱུར་བ་བཞི་ཡོད་པའི་དང་པོ།

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས།

ཁོང་ནི་ཆུ་རྟ་སྟེ་སྤྱི་ལོ་༧༤༢ལ་སྐུ་འཁྲུངས་ཏེ་དགུང་ལོ་༡༥པ་མེ་བྱ་སྤྱི་ལོ་༧༥༧ཁྲིར་འཁོད་དེ་ཆབ་སྲིད་ལོ་༤༠་བསྐྱངས་མཐར། དགུང་ལོ་༥༥་པ་མེ་གླང་༧༩༧ལ་སྐུ་གཤེགས་པ་སོགས་ལོ་རྒྱུས་ཡོངས་གྲགས་རྣམས་བསྐྱར་བཟློས་མི་བྱ་བར་སྔ་འགྱུར་ལ་འགྱུར་བཅུ་ཡོད་པ་ལས་ཁོང་གི་སྐུ་དུས་སུ་འགྱུར་བ་དྲུག་ལས།  དང་པོ། མཆིམས་ཤཱཀྱ་པྲ་བྷ་དང་། ཤུད་བུ་དཔལ་གྱི་སེངྒེ། སྣ་ནམ་རྡོ་རྗེ་བདུད་འཇོམས་གསུམ་གྱིས་སློབ་དཔོན་པདྨ་སཾ་བྷ་ཝ་སྤྱན་དྲངས་ཏེ། རྒྱུད་གསང་བ་སྙིང་པོ་དང་ཐབས་ཀྱི་ཞགས་པ་གཉིས་ལ་བརྟེན་ནས་སློབ་དཔོན་ཆེན་པོས་རྩ་བའི་དཀྱིལ་འཁོར་བཞིར་ཕྱེས་ཏེ། ༡ ཞི་བའི་ལྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང་། ༢ རྒྱུད་དེ་ཉིད་འདུས་པ་ལ་བརྟེན་ནས་རྡོར་དབྱིངས་ཀྱི་དཀྱིལ་འཁོར་དང་། ༣ ཁྲོ་བོ་ཁྲག་འཐུང་གི་དཀྱིལ་འཁོར་དང་། ༤ རྡོ་རྗེ་སྲིན་པོ་ཁྲོ་བོ་བཅུའི་དཀྱིལ་འཁོར་བཞི་ལ་བརྟེན་ནས་ཡན་ལག་འཕྲིན་ལས་བཞི་ལ། ༡ སྐུ་ཁྲོ་བོ་གཤིན་རྗེ་གཤེད་ལ་བརྟེན་ནས་གཤེན་རྗེ་ནག་པོའི་ལས་ཁ་བརྒྱ་རྩ་གཅིག། ༢ ཆེ་མཆོག་ཡོན་ཏན་གྱི་ཁྲོ་བོ་ལ་བརྟེན་ནས་མ་མོ་ཟོར་གྱི་ལས་ཁ་བརྒྱ་རྩ་གཅིག། ༣ པདྨ་དབང་ཆེན་གྱི་ཁྲོ་བོ་ལ་བརྟེན་ནས་ཕོ་ཉ་འགུག་འདྲེན་གྱི་ལས་ཁ་བརྒྱ་རྩ་གཅིག། ༤ ཐུགས་རྡོ་རྗེ་སྲིན་པོ་རྡོ་རྗེ་གཞོན་ནུ་ལ་བརྟེན་ནས་ཕུར་པ་ཟིལ་གནོན་གྱི་ལས་ཁ་བརྒྱ་རྩ་གཅིག་བཅས་ལས་བཞི་བརྒྱ་རྩ་བཞི་བོད་དུ་སྣང་། ཕྲིན་ལས་བསྟན་སྲུང་ཕྲ་མོ་རྣམས་ནི་བོད་དུ་མཛད། འགྱུར་བཅུའི་དང་པོའོ། །ཅེས་པ་ལྟར་ན། རྩ་བའི་དཀྱིལ་འཁོར་བཞི་དང་ཡན་ལག་ཕྲིན་ལས་ཀྱི་དཀྱིལ་འཁོར་བཞི། ལས་བཞི་བརྒྱ་རྩ་བཞིའི་དཀྱིལ་འཁོར་རྣམས་བསྒྱུར་བ་དང་། དེ་དག་གི་རྗེས་འབྲེལ་དུ་བསྟན་སྲུང་ཕྲ་མོའི་སྐོར་རྣམས་སློབ་དཔོན་ཆེན་པོས་བོད་དུ་མཛད་པར་བཤད། 

གཉིས་པ། བསམ་ཡས་རབ་གནས་ལ་སློབ་དཔོན་ཤིན་ཏིང་གརྦྷ་སྤྱན་དྲངས་པའི་དུས་སུ། ཀྲི་ཡའི་རྒྱུད་དང་། ཡོ་གའི་ཤས་ཙམ་བསྒྱུར་ཏེ་འགྱུར་གཉིས་པའོ། །

གསུམ་པ། སློབ་དཔོན་སངས་རྒྱས་གསང་བ་གངས་ཏི་སིར་བྱོན་པའི་ཚེ་བོད་དུ་གདན་འདྲེན་ཞུས་པར་ཕེབས་མ་ཐུབ་ཀྱང་། ཆོས་བརྒྱད་བོད་དུ་བརྫངས་པ། པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ལོ་ཙཱ་བྱས་ཏེ་བསྒྱུར་པ། ༡ ཨུ་པ་ཡའི་རྒྱུད་དང་། ༢ མངོན་པར་བྱང་ཆུབ་པའི་རྒྱུད། ༣ ཞི་བ་དྲྭ་ཆེན། ༤ དྲྭ་ཆུང་། ༥ ཁྲོ་བོ་དམ་པ་རྒྱན། ༦ ཕྲེང་ལུང་། ༧ ཅུང་ལུང་རྣམས་བསྒྱུར་ཏེ་བརྫངས་སྐད་དེ་གསུམ་པའོ། །

བཞི་པ། ཧཱུཾ་མཛད་དྲག་པོས་བང་ཆེན་མི་དྲུག་ལ། ཡང་དག་སྒྲུབ་པ་བརྫངས་ཏེ་བྱོན་ཞེས་པ། གནུབས་ནམ་མཁའི་སྙིང་པོ། འབྲེ་རྒྱལ་བའི་བློ་གྲོས། རླངས་དཔལ་གྱི་སེངྒེ། རུ་གྱོང་བིརྱ་རཱ་ཛ། གྲུ་གུ་ཨེ་བག་ཤ། ལང་གྲོ་དཀོན་མཆོག་འབྱུང་གནས་དྲུག་གིས་ཡང་དག་ཞུས་ནས་བསྒྱུར་ཏོ། །

ལྔ་པ། མཁན་སློབ་གཉིས་ཀྱིས་མདོ་སྡེ་གཙོ་བོར་གྱུར་པའི་ཆོས་མང་པོ་ཞིག་བོད་དུ་དར་བར་མཛད་ཀྱང་། རྒྱལ་པོ་ཐུགས་མ་ཚིམས་ནས་ཚེ་འདི་ཉིད་ལ་སངས་རྒྱ་བའི་མན་ངག་གི་ཆོས་འཚོལ་དུ། པ་གོར་ཧེ་འདོད་ཀྱི་བུ་གན་འཇག་ཐང་ཏ་དང་། གཙང་ཐེ་ལེན་གྱི་བུ་ལེགས་གྲུབ་གཉིས་རྒྱ་གར་དུ་མངགས་པས། སློབ་དཔོན་ཆེན་པོ་ཤྲཱི་སེང་ཧའི་ཞབས་ལ་གཏུགས་ཏེ་རིག་པའི་ཁུ་བྱུག་དང་། རྩལ་ཆེན་སྤྲུག་པ། ཡུལ་ཀུན་ལ་འཇུག་པ། ཁྱུང་ཆེན་ལྡིང་བ། རྡོ་ལ་གསེར་ཞུན་རྣམས་གསུངས། དེ་ནས་གྲོགས་པོ་ལེགས་གྲུབ་ཐུགས་ཚིམ་ནས་བོད་དུ་ལོག་པའི་ལམ་བར་ནས་གཅན་འཕྲང་པས་བསད་པར་གྲགས། བཻ་རོས་ད་དུང་ནམ་མཁའ་ཆེ་དང་། རྨད་དུ་བྱུང་བ། མན་ངག་རྒྱ་མཚོའི་ཀློང་སོགས་གསན་ནས་བོད་དུ་ཕེབས་ཏེ་བསྒྱུར་བ་རྣམས་སོ། །

དྲུག་པ། སློབ་དཔོན་ཤྲཱི་སེང་ཧ་དགོངས་པ་བཞི་ལ་དགོངས་ནས་བོད་དུ་བྱོན་པ་སྟེ། ༡ བོད་ན་ལས་ཅན་གྱི་གང་ཟག་འདུག་གམ་མི་འདུག་ལྟ་བ་དང་། ༢ སྔར་བསྐུར་བའི་ཆོས་ཀྱིས་བོད་ལ་ཕན་ཐོགས་སམ་མི་ཐོགས་ལྟ་བ། ༣ སྣོད་ལྡན་གྱི་གང་ཟག་ཡོད་ན་རྫོགས་པ་ཆེན་པོ་སེམས་དོན་བཞི་པ་གནང་བར་དགོངས་པ། ༤ དཔལ་གྱི་བསམ་ཡས་སྒྲ་ཆེ་བར་གཟིགས་པར་དགོངས་ཏེ་བྱོན་པའི་དུས་སུ། རྒྱལ་པོ་སྣོད་ལྡན་དུ་གཟིགས་ནས་སེམས་དོན་བཞི་པ་གནང་ནས་བསྒྱུར་ཏེ། རྒྱལ་པོས་སྣུབས་སངས་རྒྱས་རིན་ཆེན་ལ་གནང་བ་དྲུག་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བསྒྱུར་བར་བཤད། འདིར་ཞིབ་དཔྱད་དགོས་པ་མང་ཡང་ཟུར་དུ་གླེང་བར་བྱ།

དབོན་སྲས་རྣམས་ཀྱི་སྐབས་སུ་འགྱུར་བ་བཞི།

ཁྲི་ལྡེ་སྲོང་བཙན་གྱིས་ཆབ་སྲིད་ལོ་བཅུ་བདུན་བསྐྱངས་པའི་རིང་ལ་སྔ་འགྱུར་འགྱུར་བཅུའི་བདུན་པ་འགྱུར་བར་བཤད་དེ། དེ་ཡང་སྔོན་ཡབ་ཁྲི་སྲོང་གིས་བང་ཆེན་བཏང་སྟེ་སྤྱན་དྲངས་པ་བཙན་པོ་འདིའི་སྐུ་དུས་སུ་བྱོན་པ། རྒྱ་གར་གྱི་མཁས་པ་པྲ་ཛྙཱ་བར་མ་དང་། དཱ་ན་ཤི་ལ་སོགས་ཕེབས་ཏེ་སྐུ་གསུང་ཐུགས་ཀྱི་རྒྱུད་སྡེ་མང་དུ་བསྒྱུར་བ་དེ་འགྱུར་བདུན་པའོ་ཞེས་པ་དང་།ཡང་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་ཆབ་སྲིད་ལོ་ཉེར་དྲུག་བསྐྱངས་པའི་རིང་ལ་འགྱུར་བཅུའི་བརྒྱད་པ་སྟེ།  སྔར་མེས་ཁྲི་སྲོང་ལྡེའུ་བཙན་གྱིས་གསེར་ཕྱེ་བྲེ་གང་བསྐུར་ཏེ་གདན་ཞུས་བྱས་པའི་པཎྜི་ཏ་བི་མ་མི་ཏྲ་འདིའི་སྐུ་དུས་སུ་བྱོན་ཏེ། ལོ་ཙཱ་བ་རྨ་གཉགས་གཉིས་དང་། རྒྱལ་བ་བྱང་ཆུབ། གཡུ་སྒྲ་སྙིང་པོ་སོགས་ཀྱིས་སེམས་སྡེ་ཕྱི་མ་རྣམས་དང་། སྒྱུ་འཕྲུལ་རྒྱུད་འགྲེལ་དང་བཅས་པ་མང་པོ་དང་། བདུད་རྩི་མཆོག་གི་ལུང་སོགས་དང་། སྒྲུབ་སྡེ་ལྔ། སྒྱུ་འཕྲུལ་གྱི་སྐོར་ལ་ཕྲ་མོ་སུམ་ཅུ་རྩ་གཅིག་སོགས་འགྱུར་ཡོད། འདིར་བཤད་པའི་སྒྱུ་འཕྲུལ་ཕྲ་མོ་སུམ་ཅུ་རྩ་གཅིག་དང་།  ད་ཡོད་སྒྱུ་འཕྲུལ་ཕྲ་མོ་དྲུག་ཅུའི་དཔེ་དང་བསྡུར་བའི་གསལ་བཤད་ནི་ཟུར་དུ་ཤེས་པར་ནུས།  ཡང་ལུང་ཕྲན་བདུན་ཅུ་རྩ་གཉིས་ནི། མདོའི་ཆོས་ཡིན་ཏེ། མདོ་བཞི་དང་། སྤྱི་མདོ་དང་ལྔ། སྤྱི་མདོ་དགོངས་པ་འདུས་པ་ལ་འབྲེལ་བ་བདུན། མདོ་བཞི་ལ་འགྲེལ་བ་རེ་རེ་བཞུགས། རྟོགས་དཔྱོད་ཀྱི་རྗེས་སུ་འཇུག་པ་ལྟ་བ་སྟོན་པ་ལ་ལུང་ཕྲན་བཅུ་བཞུགས། དོན་གྱི་རྗེས་སུ་འཇུག་པ་མི་རྟོག་པ་སྒོམ་པ་ལ། བསམ་གཏན་དབྱིག་གི་སྒྲོན་མ་ལས་མི་རྟོག་པ་སྒོམ་པའི་ཐབས་ཉི་ཤུ་རྩ་བརྒྱད་བཅས། བསྡུ་ན་མདོ་ཕྲན་རྣམ་པ་བཅུ་བཞུགས་ཏེ་ཉི་ཤུ། ཡི་གེའི་རྗེས་སུ་འཇུག་པ་མཚན་མ་ལྷའི་དཀྱིལ་འཁོར་སྒོམ་པ་ལུང་ཕྲན་བཅུ་གཅིག་བཞུགས་ཏེ་སུམ་ཅུ་སོ་གཅིག བཀོད་པ་དཀྱིལ་འཁོར་སྟོན་པ་ལ་ལུང་ཕྲན་དགུ་སྟེ་བཞི་བཅུ་ཐམ་པ། རིམ་པར་བགྲོད་པ་དབང་གི་ལུང་ཕྲན་ལ། ལུང་ཕྲན་བཅོ་ལྔ་བཞུགས་ཏེ་ལྔ་བཅུ་ང་ལྔ། མི་འདའ་བ་དམ་ཚིག་གི་ལུང་ཕྲན་བཅུ་སྟེ་དྲུག་ཅུ་རེ་ལྔ། རོལ་པ་ཕྲིན་ལས་ཀྱི་ལུང་བདུན། དེ་ལྟར་ལུང་ཕྲན་བདུན་ཅུ་རྩ་གཉིས་ནི་ལུང་ཨ་ནུ་ཡོ་གའི་ཆོས་ཡིན་ནོ། །

དེ་ལྟར་སྒྲུབ་པ་སྡེ་ལྔ། ཕྲ་མོ་སུམ་ཅུ་རྩ་གཅིག ལུང་ཕྲན་བདུན་ཅུ་རྩ་གཉིས་བསྒྱུར་ཏེ་འགྱུར་བརྒྱད་པའོ། །

འདིར་བཤད་པའི་སྒྲུབ་པ་སྡེ་ལྔ་དང་ཕྲ་མོ་སུམ་ཅུ་རྩ་གཅིག་ཕལ་ཆེ་བའི་དཔེ་རྒྱུན་ད་ལྟའང་ཡོད་ལ། ལུང་ཕྲན་བདུན་ཅུ་རྩ་གཉིས་ལས་མདོ་ལྔ་ཙམ་ལས་གཞན་རྣམས་ཀྱི་དཔེ་རྒྱུན་མེད་པ་མ་ཚད་ཆོས་ཚན་དེ་ཚོའི་མཚན་ཐོ་ཙམ་ཡང་རྙེད་དཀའ་བའི་ཚད་དུ་གྱུར་ཡོད་པ་སོགས་ཞིབ་ཕྲ་ཟུར་དུ་ཤེས།   

དགུ་པ། ཁམས་ཀྱི་འོ་རུ་བྱམས་ཆེན་དུ་སློབ་དཔོན་བི་ཤྭ་མི་ཏྲ་ཕྱི་མ་གདན་དྲངས། བཻ་རོ་ཙ་ནས་ལོ་ཙཱ་མཛད་དེ་ཡང་དག་སྒྲུབ་པ་བདག་དོན་དུ་གྲགས་པ་རྣམས་བསྒྱུར། དེ་ནས་རྒྱལ་པོ་དར་མ་འུ་དུམ་བཙན་བཀྲོངས་རྗེས་སུ། ཨ་ཙ་ར་དྷ་ན་ཏ་ལ་བོད་དུ་བྱོན་ནས་ཁུ་ལུང་ཡོན་ཏན་རྒྱ་མཚོ་ལ་གཏེར་སྲུང་གི་ཆོས་སྐོར་མང་པོ་གནང་སྟེ་བསྒྱུར་བ་དང་། རྒྱ་གར་ཙནྟྲ་ཀིརྟིས་འོ་བྲན་བློ་གྲོས་དབང་ཕྱུག་ལ་གཤིན་རྗེ་ཐེབས་རྒྱ་གནང་ནས་བསྒྱུར་བ་འགྱུར་དགུ་པའོ། །

བཅུ་པ། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་བླ་མ་སོག་པོ་དཔལ་གྱི་ཡེ་ཤེས་ཡིན། དེས་ཀྱང་མ་ཚིམ་ནས་གཉགས་ཛྙཱ་ན་ཀུ་མ་ར་ལ་བཏུགས། དེས་ཀྱང་མ་ཚིམ་ནས་ལོ་ལྔ་བཅུ་རྩ་བཞི་ལོན་པའི་ཚེ་བལ་པོ་བྷ་སུ་དྷ་ར་བཏུགས། དེའི་ཞལ་ནས་ལུང་བསྟན་པ་ལྟར་རྒྱ་གར་དུ་བྱོན་ཏེ་མཁས་པ་བཅུའི་ཞལ་འགྲིམས། རོམ་བུ་གུཧྱ་ལ་ངན་སྔགས་ཞུས། མདོར་ན་རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་ཕྱིན་ཏེ། ལན་དྲུག་ལ་ཆོས་བསྩལ་ནས་ལན་གཅིག་ལ་ཞུ་ཏིག་མཛད། དེ་ནས་རྒྱ་གར་ཆོས་སྐྱོང་བའི་རྒྱལ་པོ་བྲུ་ཤར་གཤེགས་པ་ཐོས་ནས། བྲུ་ཤར་བྱོན་པས་ཡུལ་དེར་ཆོས་སྲིད་བྱེད་པ་མཇལ་ནས། ལོ་ཙཱ་བ་ཆེ་རྩན་སྐྱེས་ཀྱི་ཞལ་མཐོང་སྐད། གསུང་ཡང་ཐོས་ནས་བྲུ་ཤ་ནས་དགོངས་འདུས་བསྒྱུར་ནས་བོད་དུ་སྤྱན་དྲངས། སྨན་དང་སྒྲུབ་ཡིག་ངན་སྔགས་སོགས་བསྒྱུར་ཏོ། །གསང་སྔགས་ཀྱི་བབས་ལུགས་སམ་འགྱུར་བཅུ་པའོ། །ཞེས་གསལ་པའི་འགྱུར་བཅུའི་གོ་རིམ་དང་ལོ་པན་རྣམས་ཀྱིས་བོད་ཡུལ་དུ་ཆོས་བསྒྱུར་སྤེལ་གནང་བའི་དུས་ཚོད་དང་། ད་ཡོད་ཀྱི་དཔེ་ཆ་དངོས་དང་འགྱུར་བྱང་ཁག་གུང་བསྒྲིགས་པའི་ཞིབ་དཔྱད་ཀྱི་གསལ་བཤད་དགོས་གལ་ཆེ་རུང་ཡི་གེར་འཇིགས་ནས་དེ་ཙམ་མོ།     

ཆོས་འབྱུང་མེ་ཏོག་སྦྲང་རྩིའི་སྙིང་པོའི་བཅུད་ལས།

མ་ཧཱ་ཡོ་གའི་སྐོར་ལ།

ཐོག་མར་གསང་སྔགས་ཀྱི་ཆོས་སྒྲུབ་པ་ལ་བར་ཆད་མི་འབྱུང་བའི་ཕྱིར་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད། བདག་ཏུ་འཛིན་པ་འཁོར་བའི་རྒྱུ་ཡིན་པས་འཁོར་བ་ལས་སྒྲོལ་ཞིང་ཕུང་པོ་ལྷའི་དཀྱིལ་འཁོར་དུ་བྱ་བའི་ཕྱིར་ཞི་བ་ལྷའི་རྒྱུད། བདུད་དང་མུ་སྟེགས་ཚར་བཅད་པར་བྱ་བའི་ཕྱིར་སྐུའི་སྒྲུབ་ལུགས་བསྐལ་པ་མེ་ལྟར་འབར་བའི་རྒྱུད། གསུང་གི་སྒྲུབ་ལུགས་དབང་ཆེན་འདུས་པའི་ཏནྟྲ། ཐུགས་ཀྱི་སྒྲུབ་ལུགས་ཁྲོ་བོ་ཀུན་དྷ་རི་ཀའི་ཏནྟྲ། ཡོན་ཏན་གྱི་སྒྲུབ་ལུགས་ལྷ་མོ་མ་གོལ་བའི་ཏནྟྲ། ཕྲིན་ལས་ཀྱི་སྒྲུབ་ལུགས་རིག་འཛིན་འདུས་པའི་ཏནྟྲ། རིགས་སྔགས་ཀྱི་སྒྲུབ་ལུགས་ཧེ་རུ་ཀ་འདུས་པའི་ཏནྟྲ། འཇམ་དཔལ་སྐུའི་རྒྱུད་ཟླ་གསང་ནག་པོ། པད་མ་གསུང་གི་རྒྱུད་རྟ་མཆོག་རོལ་པ། ཡང་དག་ཐུགས་ཀྱི་རྒྱུད་ཧེ་རུ་ཀ་གལ་པོ། འཇིག་རྟེན་འདས་པའི་མདོ། བདུད་རྩི་ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པ་ཆེ་ཆུང་། ཕུར་པ་འཕྲིན་ལས་ཀྱི་རྒྱུད་བི་ཏོ་ཏ་མ་ལ་འབུམ་སྟེ། མ་མོ་རྦོད་གཏོང་གི་རྒྱུད་འབུམ་ཏིག། སྲིད་པ་རྒྱུད་ལུང་། ཕྲིན་ལས་ཁ་སྐོང་བ་དང་རྒྱན་རྟགས་འདེབས་པའི་ཕྱིར་ཤེས་པ་སྟོང་ཁས་བརྒྱན་པའི་རྒྱུད། ལས་རྒྱ་མཚོ་ཇི་ལྟར་བསྟན་པའི་རྒྱུད། ཀརྨ་མ་ལེ་ཕྲིན་ལས་ཀྱི་རྒྱུད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་ཚོགས་རྒྱུད་ཆེ་ཆུང་། མཆོད་པ་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབ་པའི་ཕྱིར་ནམ་མཁའ་མཛོད་བྱིན་གྱིས་བརླབས་པའི་རྒྱུད། སྒྲོལ་བ་གནས་སུ་དག་པར་བྱ་བའི་ཕྱིར་སྟོབས་ཆེན་ཡོངས་སྒྲོལ་གྱི་རྒྱུད། སྦྱོར་བ་གནས་སུ་དག་པར་བྱ་བའི་ཕྱིར་ཐིག་ལེ་ཀློང་གི་རྒྱུད། བརྟུལ་ཞུགས་དྲག་པོ་བྱ་བའི་ཕྱིར་གླང་པོ་ཆེ་རབ་འབོག་གི་རྒྱུད། བཀྲ་ཤིས་པ་ལ་སྦྱིན་བསྲེག་བྱ་བའི་ཕྱིར་ཟ་བྱེད་རོལ་པའི་རྒྱུད། གཏོར་མའི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་གཏོར་རྒྱུད་ཆེ་ཆུང་། བཀའ་འཁོར་སྐྱོང་བའི་སྲུང་མ་ལྷག་མ་ལ་དབང་བ་ལས་བཅོལ་བའི་ཕྱིར་དཔལ་འབར་ཁྲོ་མོའི་རྒྱུད། བགེགས་གཟིར་ཞིང་མནན་པའི་ཕྱིར་ཞིང་བཅུ་སྒྲོལ་བའི་རྒྱུད། དེ་རྣམས་ནི་མ་ཧཱ་ཡོ་གའི་སྐོར་ཡིན། 

ལུང་ཨ་ནུ་ཡོ་གའི་སྐོར་ལ། 

མདོ་བཞི་སེམས་དང་ལྔ་ལས་ཀུན་འདུས་རིག་པའི་མདོ། ཡེ་ཤེས་རྔམ་པ་ཀློག་གི་འཁོར་ལོ། དུར་ཁྲོད་ཁུ་བྱུག་རོལ་པའི་མདོ། སེམས་ལུང་ཆེན་པོའི་མདོ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ནི་བཀའ་ཐམས་ཅད་ཀྱི་ཐེམས་སུ་བཞུགས་པ་ཡིན་ནོ། 

གསང་བ་སྡེ་དྲུག་ལ།

སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལེ། མཇུག་སྡུད་དོན་བསྡུས་པ་རྡོ་རྗེ་གདན་བཞིའི་རྒྱུད་དོ། 

སྒྱུ་འཕྲུལ་སྡེ་བརྒྱད་ལ། 

སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་གསང་བ་སྙིང་པོ། ཕྲིན་ལས་ཁ་ཚང་བར་སྟོན་པ་སྒྱུ་འཕྲུལ་བཞི་བཅུ་པ། དབང་མངོན་དུ་གྱུར་པ་སྒྱུ་འཕྲུལ་བླ་མ། དམ་ཚིག་དང་ལྟ་བའི་མན་ངག་ཏུ་གྱུར་པ་སྒྱུ་འཕྲུལ་ལེ་ལག དོན་བསྡུས་ནས་བསྟན་པ་སྒྱུ་འཕྲུལ་ལེའུ་བརྒྱད་པ། རོལ་པ་མངོན་དུ་གྱུར་པ་ལྷ་མོ་སྒྱུ་འཕྲུལ་དྲྭ་བ། མ་ཚང་བ་ཁ་སྐོང་བ་སྒྱུ་འཕྲུལ་རྒྱས་པ་བརྒྱད་ཅུ་པ། དོན་དམ་པ་ཡེ་ཤེས་སུ་བཤད་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། དེ་རྣམས་ནི་གསང་སྔགས་ནང་གི་རྒྱུད་སྡེ་སྟེ་སློབ་དཔོན་པདྨ་འབྱུང་གནས་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་སྟེ། དེ་དག་གི་རྒྱ་དཔེ་བསམ་ཡས་དཀོར་མཛོད་ནང་དུ་བཞུགས་ཞེས་གསལ། 

སྔགས་ཕྱི་པ་རྣམས་ནི།

སློབ་དཔོན་བོ་དྷི་ས་ཏྭ་དང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་སྟེ། ཀྲི་ཡའི་ཆོས་བྱ་བ་སྤྱིའི་རྒྱུད་དྲུག་ལ། རིག་སྔགས་ཐམས་ཅད་ཀྱི་ཁོག་དབུབ་པ་ཀྲི་ཡ་དཔུང་བཟང་གི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དབང་བསྐུར་བ་ཕྱག་ན་རྡོ་རྗེ་དབང་གི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་གསང་བ་རིག་པ་མཆོག་གི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་འདུལ་བ་སིདྡྷི་ཀ་རའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་ཕྲིན་ལས་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དགོངས་པ་བསམ་གཏན་ཕྱི་མའི་རྒྱུད་དང་དྲུག་གོ ། 

བྱ་བ་བྱེ་བྲག་གི་རྒྱུད་ནི།

སྤྱན་རས་གཟིགས་ཀྱི་སྐོར། པད་མ་རྩེ་མོ་སྔགས་ཀྱི་རྒྱུད། པད་མ་ཅོད་པན་གྱི་རྒྱུད། ཆོ་ག་སྔགས་ཀྱི་རྒྱུད། ཡིད་བཞིན་ནོར་བུའི་རྒྱུད། ཨ་མོ་གྷ་པ་ཤ་དོན་ཡོད་ཞགས་པའི་རྒྱུད། ཟ་མ་ཏོག་ཆེ་ཆུང་ལ་སོགས་པ་རྣམས་སོ། །

འཇམ་དཔལ་གྱི་སྐོར་ལ།

འཇམ་དཔལ་ཡེ་ཤེས་སེམས་དཔའ་དྲི་མ་མེད་པའི་རྒྱུད། འཇམ་དཔལ་རྣོན་པོ་སྒྲིབ་པ་མེད་པའི་རྒྱུད། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་བསྟོད་པ་གླུ་བླངས་ཀྱི་རྒྱུད་ལ་སོགས་པའོ། །

ཕྱག་ན་རྡོ་རྗེའི་སྐོར་ལ།

ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། རྡོ་རྗེ་ས་འོག་གི་རྒྱུད། རྡོ་རྗེ་བེ་ཅོན་གྱི་རྒྱུད། རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད། རྡོ་རྗེ་རྣོན་པོའི་རྒྱུད། གཟུངས་གྲ་ལྔ་སོགས་བརྒྱ་དང་དྲུག་ཅུ། 

ཨུ་པ་ཡའི་རྒྱུད་བཞི་ལ།

རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད། མེ་དཔུང་འབར་བའི་རྒྱུད། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། རྣམ་པར་མི་རྟོག་པའི་རྒྱུད། 

ཡོ་གའི་སྐོར་ལ།

ཡོ་གའི་རྒྱུད་ལ་བམ་པོ་སུམ་བརྒྱ་ཅན་ཞིག་ཡོད་ཀྱང་བོད་དུ་མ་འགྱུར། རྒྱུད་སྡེ་ཆེན་པོ་བཞི་ལ། མུ་ལ་ཏནྟྲ་རྩ་བའི་རྒྱུད། རྡོ་རྗེ་རྩེ་མོའི་རྒྱུད། དཔལ་མཆོག་དང་པོའི་རྒྱུད། རྟོགས་པ་བསྡུས་པའི་རྒྱུད་དང་བཞི་ནི་གསང་སྔགས་ཕྱིའི་རྒྱུད་ཡིན། དེ་རྣམས་མཁན་པོ་བོ་དྷི་ས་ཏྭ་དང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་གཉིས་ཀྱིས་བསྒྱུར་ཏེ་རྒྱ་དཔེ་བསམ་ཡས་ན་བཞུགས་སོ། །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གནུབས་ནམ་མཁའི་སྙིང་པོ་དང་། རླངས་དཔལ་གྱི་སེངྒེ། འབྲེ་རྒྱལ་བའི་བློ་གྲོས་སོགས་མི་དྲུག་རྒྱ་གར་དུ་མངགས་པས། སློབ་དཔོན་ཧཱུཾ་ཀ་རའི་ཞབས་ལ་གཏུགས་ཏེ་ཡང་དག་གི་ཆོས་སྐོར་མང་པོ་ཞིག་ཞུས་ནས་བསྒྱུར་བ་རྣམས་དང་། ཡང་ཆོས་རྒྱལ་གྱིས་ལོ་ཆེན་བཻ་རོ་ཙ་ན་དང་། གཙང་ལེགས་གྲུབ་གཉིས་རྒྱ་གར་དུ་དམ་ཆོས་རྫོགས་པ་ཆེན་པོ་ཞུ་ཕྱིར་བཏང་བས། སློབ་དཔོན་ཤྲཱི་སེངྷའི་ཞབས་ལ་གཏུགས་ཏེ་རྫོགས་ཆེན་གྱི་རྒྱུད་ཉི་ཤུ་རྩ་ལྔ་གསན་པ་སྟེ། དང་པོ་སེམས་ཀྱི་དོན་རྩ་བ་རྒྱས་པར་བསྟན་པའི་ཕྱིར་ནམ་མཁའ་ཆེ་རྒྱས་པའི་རྒྱུད། སེམས་ཀྱི་དོན་རྟོགས་པར་དཀའ་བས་དེ་ཉམས་སུ་བླང་བའི་ཕྱིར་ནམ་མཁའ་ཆེ་རྒྱས་པ། སེམས་ཀྱི་དོན་རྣམ་པར་གྲོལ་བར་བསྟན་པའི་ཕྱིར་ནམ་མཁའ་ཆེ་གྲོལ་བའི་རྒྱུད། སེམས་ཀྱི་དོན་མི་འགྱུར་བར་བསྟན་པའི་ཕྱིར་ཊཱིཀྐ་རྒྱལ་པོའི་རྒྱུད། སེམས་ཀྱི་དོན་ཐིག་ལེའི་ཀློང་དུ་འདུས་པར་བསྟན་པའི་ཕྱིར་བྱང་སེམས་ཐིག་ལེའི་རྒྱུད། སེམས་ཀྱི་དོན་རང་བྱུང་ཡེ་ཤེས་བསྟན་པའི་ཕྱིར་ཡེ་ཤེས་ཐིག་ལེའི་རྒྱུད། སེམས་ཀྱི་དོན་རིམ་པས་རྒྱས་པར་བསྟན་པའི་ཕྱིར་མན་ངག་ཕྲེང་བའི་རྒྱུད། སེམས་ཀྱི་དོན་ཀུན་གྱི་ཐུན་མོང་དུ་བསྟན་པའི་ཕྱིར་གསང་བ་རྒྱལ་པོའི་རྒྱུད། སེམས་ཀྱི་དོན་རང་གིས་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཤེས་རབ་ཡེ་ཤེས་ཐིག་ལེའི་རྒྱུད། སེམས་ཀྱི་དོན་ཀུན་ཏུ་བཟང་པོའི་ཀློང་དུ་ཐམས་ཅད་གཅིག་པར་བྱ་བའི་ཕྱིར་དབྱིངས་རྣམ་པར་དག་པའི་རྒྱུད། སེམས་ཀྱི་དོན་ཐམས་ཅད་མཆོག་ཏུ་བསྟན་པའི་ཕྱིར་མན་ངག་སྙིང་པོའི་རྒྱུད། སེམས་ཀྱི་དོན་མཆོག་ཏུ་གྱུར་པ་དེ་ཉིད་ཡིད་ཆེས་པར་བསྟན་པའི་ཕྱིར་སྙིང་པོ་སིདྷིའི་རྒྱུད། སེམས་ཀྱི་དོན་རྩ་བ་མ་ནོར་བར་བསྟན་པའི་ཕྱིར་ནམ་མཁའ་ཆེ་རྩ་བ་ཅན་གྱི་རྒྱུད། སེམས་ཀྱི་དོན་ཐིག་ལེ་ཉག་གཅིག་ཏུ་བསྟན་པའི་ཕྱིར་ཉག་གཅིག་དགོངས་པའི་རྒྱུད། སེམས་ཀྱི་དོན་མ་ནོར་བ་རྣལ་མར་བཞག་པར་བྱ་བའི་ཕྱིར་བསམ་གཏན་གཅིག་པའི་རྒྱུད། སེམས་ཀྱི་དོན་རིམ་པར་བརྒྱུད་ནས་བསྟན་པའི་ཕྱིར་བསམ་གཏན་བརྒྱུད་པའི་རྒྱུད། སེམས་ཀྱི་དོན་གཞུང་ཀུན་ཏུ་དགོངས་པ་བསྟན་པའི་ཕྱིར་ནམ་མཁའ་ཆེ་དབང་གི་རྒྱལ་པོའི་རྒྱུད། སེམས་ཀྱི་དོན་བརྗོད་པའི་ཚིག་དང་བྲལ་བར་བསྟན་པའི་ཕྱིར་ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད། སེམས་ཀྱི་དོན་དངོས་པོ་ཐམས་ཅད་ཇི་ལྟ་བར་འབྱུང་བ་བསྟན་པའི་ཕྱིར་རིན་ཆེན་འབར་བའི་རྒྱུད། སེམས་ཀྱི་དོན་དངོས་པོ་ཐམས་ཅད་འོད་གསལ་བར་བསྟན་པའི་ཕྱིར་རིན་ཆེན་སྒྲོན་མེའི་རྒྱུད། སེམས་ཀྱི་དོན་དགོངས་པ་ཐམས་ཅད་རང་ལས་བྱུང་བ་བསྟན་པའི་ཕྱིར་རིན་ཆེན་ཕྲེང་བའི་རྒྱུད། སེམས་ཀྱི་དོན་ཁམས་གསུམ་གྱི་ངང་དུ་གསལ་བར་བསྟན་པའི་ཕྱིར་ངེས་པ་སྙིང་པོའི་རྒྱུད། སེམས་ཀྱི་དོན་མི་འགྱུར་བར་བསྟན་པའི་ཕྱིར་རྡོ་རྗེ་གསང་བའི་རྒྱུད། སེམས་ཀྱི་དོན་སངས་རྒྱས་ད་ལྟ་ནས་ཡིན་པའི་ཕྱིར་ཡེ་ནས་སངས་རྒྱས་ཀྱི་རྒྱུད་རྣམས་སོ། །

ལུང་ཆེན་པོ་བཅོ་བརྒྱད་གསན་པ་སྟེ།

བྱང་ཆུབ་སེམས་ལས་འབྱུང་བའི་ཕྱིར་རིག་པའི་ཁུ་བྱུག་ཞུས། རྩོལ་སྒྲུབ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རྩལ་ཆེན་སྤྲུག་པ། སེམས་ཀྱི་དོན་ཆོས་ཀྱི་དབྱིངས་སུ་རྫོགས་པ་ཁྱུང་ཆེན་ལྡིང་བ། སྒོམ་པའི་དོན་དབྱིངས་སུ་རྫོགས་པ་བྱང་སེམས་སྒོམ་པ་རྡོ་ལ་གསེར་ཞུན། སྒོམ་པའི་དོན་མཐར་ཕྱིན་པ་མི་ནུབ་རྒྱལ་མཚན་དང་ནམ་མཁའ་ཆེ། སེམས་སྟོང་པ་ཉིད་དུ་ལ་བཟླ་བའི་ཕྱིར་གནད་དུ་གྱུར་པ། སེམས་ཉིད་ཀྱི་རང་བཞིན་ཆོས་ཀྱི་སྐུར་བསྟན་པའི་ཕྱིར་རྗེ་བཙན་དམ་པ། སེམས་ཉིད་ཀྱི་ངོ་བོ་ཐིག་ལེ་ཉག་གཅིག་ཏུ་བསྟན་པའི་ཕྱིར་ཡང་ཏིག སེམས་སྐྱེ་ཤི་མེད་པར་སྲིད་གསུམ་བསྐོར་བའི་ཕྱིར་སྲོག་གི་འཁོར་ལོ། སེམས་ཉིད་ལ་འདོད་པའི་ཡོན་ཏན་ཐམས་ཅད་འབྱུང་བར་བསྟན་པའི་ཕྱིར་ཡིད་བཞིན་ནོར་བུ། སེམས་ཀྱི་ངང་དུ་རྣམ་པར་རྟོག་པ་ཐམས་ཅད་ཆོས་ཉིད་མཉམ་པའི་ངང་དུ་བསྟན་པའི་ཕྱིར་ཀུན་འདུས། སེམས་ལ་ཐེག་པ་ཐམས་ཅད་རྫོགས་ཤིང་འབྱུང་བ་ཀུན་ནས་རྒྱས་པར་བསྟན་པའི་ཕྱིར་ནམ་མཁའ་ཆེ་རྒྱལ་པོ། སེམས་ཉིད་ཀུན་ཏུ་བཟང་པོའི་ངང་ལ་བཞག་པ་ཀུན་གྱི་མཆོག་གི་གཙོ་བོར་བསྟན་པའི་ཕྱིར་རྩེ་མོ་བྱུང་རྒྱལ། སེམས་ཀྱི་རང་བཞིན་དོན་དམ་པའི་ངང་ལ་སྤྲོས་པ་བྲལ་ཞིང་བདེ་གསལ་ལ་གནས་པའི་ཕྱིར་བདེ་འབྱམས། སེམས་ཉོན་མོངས་པའི་སྐྱོན་གྱིས་མ་གོས་ཤིང་ཡོན་ཏན་གྱི་འབྲས་བུས་སྤུད་པའི་ཕྱིར་བདེ་བ་ཕྲ་བཀོད་རྣམས་ཞུས་ཏེ་བོད་དུ་ཕེབས་ཀྱང་། རྒྱུད་དེ་རྣམས་ལས་སེམས་སྡེ་སྔ་འགྱུར་ལྔ་ཙམ་ལས་ཚང་མ་འགྱུར་ཁོམ་མ་བྱུང་བར་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་པར་གྲགས།

དེའི་རྗེས་སུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། རྨ་རིན་ཆེན་མཆོག་གསུམ་མངགས་ཏེ་པཎྜི་ཏ་བི་མ་མི་ཏྲ་གདན་འདྲེན་ཞུས་པ་བཞིན་ཕེབས། རྒྱ་མོ་ཚ་བ་རོང་ནས་གཡུ་སྒྲ་སྙིང་པོ་ཡར་ཕེབས་ཏེ་སྔར་བཻ་རོས་བསྒྱུར་བ་སེམས་སྡེ་ལྔ་འགྱུར་དུ་གྲགས་པ་ལྔའི་སྟེང་དུ། པཎ་ཆེན་བི་མ་མི་ཏྲ་དང་། ལོ་ཙཱ་བ་གཡུ་སྒྲ་སྙིང་པོ། རྨ་གཉགས་གཉིས་སོགས་ཀྱིས་སེམས་སྡེ་ཕྱིས་འགྱུར་དུ་གྲགས་པ་བཅུ་གསུམ་སོགས་མང་པོ་བསྒྱུར་བར་གསུངས།

དེ་དག་ནི་སྔ་འགྱུར་བའི་རྒྱུད་གཞུང་ཐོག་མར་རྒྱ་གར་ནས་འགྱུར་ཚུལ་བོད་ཀྱི་ལོ་རྒྱུས་ཡིག་རྙིང་རྣམས་སུ་ཅུང་ཟད་གསལ་བ་རྣམས་ཡིན་ཅིང་། ལོ་རྒྱུས་ཡིག་རྙིང་དག་དང་དཀར་ཆག་སོགས་སུ་ཡང་བཤད་ཚུལ་མི་གཅིག་པ་དང་། ད་ཡོད་ཀྱི་ཡིག་ཆ་དངོས་དང་བསྡུར་བའི་དཔྱད་དོན་གསལ་བཤད་དགོས་པ་མང་ན་ཡང་། ཚིག་སྦྱོར་ཉུང་ངུའི་སྒོ་ནས་གསལ་བཤད་བྱ་ཐབས་བྲལ་བས་ཡིག་ཚོགས་ལ་འཇིགས་ཏེ་ཟུར་དུ་ཞུ་རྒྱུ་ཡིན།  

བོད་ཡུལ་དུ་ཇི་ལྟར་བརྒྱུད་འཛིན་དང་འཕེལ་རྒྱས་བྱུང་བའི་སྐོར།

ཡོངས་གྲགས་བོད་ཀྱི་ཆོས་འབྱུང་རྣམས་ཀྱི་བཤད་ཚུལ་ལྟར་ན་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་མདོ་སྒྱུ་སེམས་གསུམ་གྱི་བཀའ་དང་པོ་གཉགས་(གཉགས་ཛྙཱ་ན་ཀུ་མ་ར།)ལ་བབས། བར་དུ་གནུབས་ལ་བབས། (གནུབས་ཆེན་སངས་རྒྱས་ཡེ་ཤེས། )ཐ་མ་ཟུར་ལ་བབས་པ་དེ་དག་གི་ཆོས་བརྒྱུད་མང་བ་དང་། ཁྱད་པར་དུ་བསྟན་པ་ཕྱི་དར་གྱི་སྐབས་སུ། ལྷ་རྗེ་འུག་བྱ་ལུང་པས་(ཟུར་པོ་ཆེ་ཤཱཀྱ་འབྱུང་གནས)སྔ་འགྱུར་བསྟན་པའི་རྩ་བ་བཙུགས། བདེ་གཤེགས་རྒྱ་བོ་པས་(ཟུར་ཆུང་ཤེས་རབ་གྲགས་པ། )ཡལ་ག་བསྐྱངས། གསང་བདག་སྒྲོ་ཕུག་པས་(ཤཱཀྱ་སེང་གེ)ལོ་འབྲས་རྒྱས་པར་མཛད་པས་ཟུར་མེས་དབོན་རྣམ་གསུམ་སོགས་ནས་འཕེལ་རྒྱས་བྱུང་བར་བཤད།   

སྔ་འགྱུར་བསྟན་པའི་བབས་སོ་དང་པོ་རྨ་གཉགས་གཉིས་ལས་དང་པོ། 

རྨ་གཅོ་རིན་ཆེན། 

ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ཡུལ་དབུས་འཕན་ཡུལ་རྨ་གཅོ་ཞེས་པའི་སར་སྐུ་འཁྲུངས། མཁན་པོ་བོ་དྷི་ས་ཏྭ་ལས་སད་མི་བདུན་གྱི་གྲས་སུ་རབ་ཏུ་བྱུང་སྟེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་དང་བོད་ཀྱི་མི་རབ་དགུའི་ཡ་གྱལ་དུ་གྲགས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དབུ་ཡི་མཆོད་གནས་སུ་རྒྱ་གར་ནས་པཎྜི་ཏ་སྤྱན་འདྲེན་དུ། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། རྨ་རིན་ཆེན་མཆོག་གསུམ་ལ་གསེར་མང་པོ་བསྐུར་ནས་ཕྱི་ནང་གཉིས་ཀྱི་གྲུབ་མཐའ་ལ་མཁས་ཤིང་། ཁྱད་པར་མན་ངག་གི་ཆོས་ལ་མཁས་པའི་པཎྜི་ཏ་གཅིག་གདན་འདྲེན་དུ་རྒྱ་གར་ལ་མངགས་ཏེ། བི་མ་མི་ཏྲ་བོད་དུ་སྤྱན་དྲངས་ཏེ་ནང་རྒྱུད་སྡེ་གསུམ་དང་ཁྱད་པར་དུ་མ་ཧཱ་ཡོ་གའི་བཀའ་བབས་ཏེ་སྒྱུ་འཕྲུལ་སྡེ་བརྒྱད་དང་། སྒྱུ་འཕྲུལ་ཕྲ་མོ་དྲུག་ཅུ་སོགས་ལ་མཁས་པར་གྱུར་ཏེ། བོད་སྐད་དུ་བསྒྱུར་བས་ལོ་ཙཱ་བའི་ནང་ནས་ཀྱང་མཆོག་ཏུ་གྱུར། སློབ་དཔོན་པདྨའི་མདུན་ནས་སྔགས་རྫོགས་ཀྱི་གདམས་ཁྲིད་མང་པོ་གསན་ཏེ་ཉམས་བཞེས་མཛད། ལྷག་པར་དུ་རྩ་རྒྱུད་གསང་བ་སྙིང་པོ་ལ་ཤིན་ཏུ་མཁས་པས། བསྟན་པ་སྔ་དར་དུས་སུ་རྨ་རིན་འཕྱོང་དྲུག་མ་ཤེས་ན་རྩ་རྒྱུད་གསང་བ་སྙིང་པོ་མི་ཤེས་པར་གྲགས། ཕྱིས་སུ་བཅོམ་ལྡན་རིག་པའི་རལ་གྲིས་ཀྱང་། རྨ་རིན་འཕྱོང་དྲུག་སྤྱད་གཞུང་མ་མཐོང་བས། །འཕྱོང་དྲུག་གཞུང་མཚམས་ཤེས་པ་མེད་ཅེས་གྲགས། །འཕྱོང་དྲུག་ཤེས་པར་འདོད་པའི་བློ་གསལ་རྣམས། །གཟུར་གནས་བློ་ལྡན་ཁོ་བོའི་དྲུང་དུ་ཤོག །ཅེས་གསུངས། ཡང་གོང་གསལ་ལྡེའུ་ཆོས་འབྱུང་ལས། བསྟན་པ་སྔ་དར་སྐབས་སུ་གསང་སྔགས་འགྱུར་བཅུ་དང་། འཆད་ཚུལ་བཞི་ཡོད་པའི་ནང་ནས་འགྱུར་བརྒྱད་པ་གཙོ་བོ་པཎ་ཆེན་བི་མ་མི་ཏྲ་ལ་བརྟེན་ནས་ལོ་ཙཱ་བ་རྨ་གཉགས་སོགས་ཀྱིས་སེམས་ཕྱོགས་དང་། སྒྱུ་འཕྲུལ། བདུད་རྩི་ཡོན་ཏན། སྒྲུབ་སྡེ་ཕྲ་མོ་སུམ་ཅུ་རྩ་གཅིག ལུང་ཕྲན་བརྒྱད་ཅུ་རྩ་ལྔ་སོགས་བསྒྱུར་ཏེ། དེ་དག་འཆད་པ་ལ་ཚུལ་བཞི་སྟེ། བཀའ་ལུང་རུ་ཚུགས་སུ་འཆད་པ། ཡོངས་གྲགས་རྟོགས་ཆོས་སུ་འཆད་པ། འགྲེལ་པ་རྒྱུད་གཞུང་ལྟེམ་པའི་དཀོར་དུ་འཆད་པ། གཉན་རྒྱུད་ཐོར་བུར་འཆད་པ་སྟེ་བཞི་ལ་མཁས་པ་ནི་རྨ་གཉགས་གཉིས་ཡིན་པར་བཤད། པཎ་ཆེན་བི་མ་མི་ཏྲ་བོད་དུ་བྱོན་པའི་དུས་ཚོད་ཀྱང་ཁྲི་སྲོང་གིས་གདན་ཞུས་བྱས་ཏེ། དབོན་རལ་པ་ཅན་གྱི་སྐུ་དུས་སུ་བྱོན་པར་བཤད། ཉང་ཆོས་འབྱུང་ལས་སློབ་དཔོན་ཀཱ་མ་ལ་ཤཱི་ལ་དང་། རྨ་རིན་ཆེན་མཆོག་གིས་དཔང་སྐོང་ཕྱག་སྟོང་པ་ལ་སོགས་པ་དང་། མདོ་སྡེ་རྒྱ་ནག་མ་ལ་སོགས་པ་མང་པོ་བསྒྱུར་བར་བཤད་པ་དང་།  བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཆོས་བློན་དང་། སྲས་མུ་ནེ་བཙན་པོའི་དབུ་བླ་ཡང་མཛད་པ་ཤེས་ཐུབ། ཉང་ཆོས་འབྱུང་ལས། རྒྱལ་པོ་དར་མས་བསྟན་པ་བསྣུབས་སྐབས་སུ། རྨ་རིན་ཆེན་མཆོག་བུད་མེད་དུ་བརྫུས་ནས་འུ་ཡུག་ཏུ་ཟླ་བ་དགུ་ཡིབ་རྗེས། ཕྱག་རྒྱ་མ་བསྟེན་པ་ལ་སྙད་བཏགས་ཏེ་བཀྲོངས་པར་བཤད་པ་དང་། ལྡེའུ་ཆོས་འབྱུང་ལས། རྨ་རིན་ཆེན་མཆོག་གསོད་མི་བཏང་བས་བུད་མེད་དུ་རྫུས་ནས་བྲོས་པས་ལམ་དུ་ཕྲད་ཀྱང་ངོ་མ་ཤེས། གཙང་གི་འུ་ཡུག་ཏུ་ཡིབ་ནས་བཞུགས་པ་ལ་ལོ་དགུ་ནས་འདས་པ་ལས་མ་ཚོར་ཞེས་བཤད་པ་ལྟར་ན། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་སྟོད་རྒྱལ་པོ་དར་མས་བསྟན་པ་བསྣུབས་པའི་རྗེས་ཙམ་ལ་ཞིང་དུ་གཤེགས་པར་མངོན།

སློབ་མ། གཙུག་རུ་རིན་ཆེན་གཞོན་ནུ། ཀཾ་ཤཱཀྱ། གྱེ་རེ་མཆོག་སྐྱོང་། ལྕེ་ས་ཟླ་འབར། ནམ་སྨད་ཟླ་བ་རྡོ་རྗེ་སོགས་བྱོན་པ་ལས། གཙུག་རུ་དང་གྱེ་རེ་གཉིས་ནི་སྒྱུ་འཕྲུལ་བརྒྱུད་པའི་སྲོལ་འཛིན་དུ་གྱུར་པར་གྲགས། ཁོང་གི་འགྱུར་ལ་ད་ལྟ་སྔ་འགྱུར་རྒྱུད་འབུམ་ནང་དུ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་སོགས་ཆོས་ཚན་དྲུག་ཡོད་པ་དང་།  ཀློང་ཆེན་ཆོས་འབྱུང་ལས་པཎྜི་ཏ་བི་མ་མི་ཏྲ་དང་། ལོ་ཙཱ་བ་རྨ་རིན་ཆེན་མཆོག་གཉིས་ཀྱིས་མ་ཧཱ་ཡོ་ག་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་གཙོ་བོར་གྱུར་པ་སྒྱུ་འཕྲུལ་གྱི་ཆོས་སྐོར་བརྒྱ་ལྷག་ཙམ་བསྒྱུར་བར་བཤད་པ་དང་། ལྡེའུ་ཆོས་འབྱུང་ལས་སྒྱུ་འཕྲུལ་ཕྲ་མོ་སུམ་ཅུ་རྩ་གཅིག་བསྒྱུར་བར་བཤད་པ་དང་། གསུང་རྩོམ་ལ་སྒྱུ་འཕྲུལ་དབང་གི་ངེས་འབྱེད་ཆེ་བ་ཞེས་པ་སོགས་ཡོད་པར་གྲགས་པ་བཅས་ལ་ཞིབ་འཇུག་དགོས་པ་མང་ཡང་གནས་སྐབས་དེ་ཙམ་མོ། །  

སྔ་འགྱུར་བསྟན་པའི་བབས་སོ་དང་པོ་རྨ་གཉགས་གཉིས་ལས་གཉིས་པ།

གཉགས་ཛྙཱ་ན་ཀུ་མཱ་ར།

ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་སྟོད་ཙམ་དུ་ཡུལ་ཡར་ཀླུང་འཕྱོངས་རྒྱས་སུ་སྐུ་འཁྲུངས། མཁན་ཆེན་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། དམ་ཆོས་འདུལ་བ་དང་སྒྲ་ཚད་ཕར་ཕྱིན་སོགས་མདོ་ཕྱོགས་དང་། དེ་ནས་སློབ་དཔོན་ཆེན་པོ་པདྨ་དང་། བི་མ་མི་ཏྲ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ་སོགས་ནང་རྒྱུད་ཡོ་ག་རྣམ་གསུམ་ལ་གསན་བསམ་དང་ཉམས་བཞེས་གནང་། ལྷ་སྲས་མུ་ནེའི་བཙན་པོ་གཤེགས་པའི་དགོངས་རྫོགས་ཀྱི་ཚོགས་དབུར་པཎ་ཆེན་བི་མ་མི་ཏྲ་ཕེབས་པ་དང་མཇལ་ནས་གསེར་ཕྱེ་ལོང་མོ་གང་ཕྱག་རྟེན་དུ་ཕུལ་ཏེ་ཕུར་པའི་ཆོས་སྐོར་གནང་བ་གསན་ནས་ལྷོ་བྲག་མཁར་ཆུ་སྣའི་བྲག་ཕུག་ཏུ་སྒྲུབ་པ་མཛད། དྲག་པོ་མངོན་སྤྱོད་འཕྲིན་ལས་ཀྱིས་བསྟན་པ་སྲུང་བར་མཛད། ལོ་ཙཱ་བ་གནང་སྟེ་མདོ་སྔགས་ཀྱི་ཟབ་ཆོས་མང་པོ་བསྒྱུར་བ་དང་། ཉན་བཤད་ཀྱི་སྒོ་ནས་སྐལ་ལྡན་གྱི་སློབ་མ་མང་པོ་རྗེས་སུ་བཟུང་སྟེ་བསྟན་པ་མི་ཉམས་པར་གསལ་བར་མཛད། ཁྱད་པར་དུ་གཉགས་ཛྙཱ་ན་ཀུ་མཱ་ར་ལ་དབང་གི་ཆུ་བོ་ཆེན་པོ་བཞིའི་བཀའ་བབས་པ་ལས། རྫོགས་ཆེན་ཨ་ཏི་ཡོ་གའི་སེམས་ཀློང་མན་ངག་གི་བརྒྱུད་པ་རྣམས། ལོ་ཆེན་བཻ་རོ་ཙ་ནས་གཡུ་སྒྲ་སྙིང་པོ་ལ་གསུངས། དེའི་གཉགས་ཛྙཱ་ན་ཀུ་མ་ར་ལ་རིག་པ་རྩལ་གྱི་དབང་བསྐུར། 

སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལྷ་ས་ཡེར་པའི་དབེན་གནས་སུ་གཉགས་ཛྙཱ་ན་ཀུ་མ་ར་ལ། དབང་བཞི་ཡོངས་རྫོགས་སུ་བསྐུར་ཏེ་གསང་མཚན་རྡོ་རྗེ་གྲུབ་པ་རྩལ་དུ་བཏགས། སློབ་དཔོན་ནམ་མཁའི་སྙིང་པོས། གཉགས་ལོ་ལ་གཉལ་གྱི་བྱེ་བྲག་ཏུ་དབང་བསྐུར་ཅིང་། གསང་མཚན་ཐིག་ལེ་གཤོག་རྒོད་རྩལ་དུ་བཏགས། པཎ་ཆེན་བི་མ་མི་ཏྲས་ཡུལ་ཡར་ཀླུང་གི་ཡང་ཐོག་ཏུ་གཉགས་ཛྙཱ་ན་ཀུ་མཱ་ར་ལ། མ་ཧཱ་ཡོ་གའི་སྒོ་ནས་དབང་བཞི་བསྐུར་ཏེ་གསང་མཚན་དྲི་མེད་ཟླ་ཤར་རྩལ་དུ་བཏགས། དེ་ལྟར་གསང་སྔགས་སྔ་འགྱུར་བའི་བསྟན་པ་དང་པོ་གཉགས་ལ་བབས་པ་སྟེ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་སྟེ། བཀའ་བབ་ཆུ་བོ་བཞིའི་དབང་བཤད་སྒྲུབ་ཐབས་མན་ངག་དང་བཅས་པ་མཐའ་དག་གསན་པས། མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་མངའ་བདག་ཏུ་གྱུར་ཏེ། མཐར་འོད་གསལ་རྫོགས་པ་ཆེན་པོའི་ལམ་ནས་དངོས་གྲུབ་བརྙེས་ཏེ་སྐུ་འོད་ལུས་སུ་གཤེགས་སོ། །སློབ་མ། སོག་པོ་དཔལ་གྱི་ཡེ་ཤེས། འོ་བྲན་དཔལ་གྱི་གཞོན་ནུ། གཉན་ཆེན་དཔལ་དབྱངས་སོགས་མང་པོ་བྱུང་། འགྱུར་ལ་སྔ་འགྱུར་རྒྱུད་འབུམ་ནང་དུ། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་རང་བྱུང་བདེ་བའི་འཁོར་ལོ་སོགས་ཆོས་ཚན་༣༡་ཙམ་དང་།  

ཁོང་གི་བརྩམ་ཆོས་ལ་འཕྲུལ་གྱི་མེ་ལོང་དགུ་སྐོར་དང། སྒྲོན་མ་ཐ་རམ་གྱི་འགྲེལ་པ་དང་། བྱང་ཆུབ་སེམས་ཀྱི་སྤྱི་ཆིངས། གསང་བ་བདེ་བ་བཅས་ཆོས་ཚན་གསུམ་ཡོད། 

སྔ་འགྱུར་བསྟན་པའི་བབས་སོ་གཉིས་པ། གནུབས་ཆེན་སངས་རྒྱས་ཡེ་ཤེས། 784-913

གནུབས་སངས་རྒྱས་ཡེ་ཤེས་རབ་བྱུང་གོང་གི་ཤིང་བྱི་དཔྱིད་ཟླ་ར་བའི་ཚེས་ཤར། སྤྱི་ལོ༧༨༤ལ་ཡུལ་དབུས་སྦྲགས་ཀྱི་ལུང་པར་སྐུ་འཁྲུངས། དགུང་ལོ་དགུ་པར་མཁན་པོ་བྷོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་། རྒྱ་གར་གྱི་མཁན་པོ་བྷ་སུ་དྷ་ར་ལ་གསེར་སྲང་གསུམ་ཕུལ་ནས་ལོ་གསུམ་རིང་ཆོས་གསན། དེ་ནས་དགུང་ལོ་བཅུ་གསུམ་པ་མེ་བྱི་སྤྱི་ལོ༧༩༦ལ་བལ་ཡུལ་དུ་ཕེབས་ཏེ། ཡང་ལེ་ཤོད་དུ་སློབ་དཔོན་བྷ་སུ་དྷ་ར་དང་། རོམ་བུ་གུ་ཧྱ་དེ་བ་ཙནྟྲ་སོགས་ལས་ཆོས་གསན། རྡོ་རྗེ་གདན་དུ་མཁན་པོ་ཆོས་རྒྱལ་སྐྱོང་ལས་མདོ་ལུང་སྡེ་བདུན་དང་། རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་སོགས་རྒྱུད་སྡེ་ཉི་ཤུ་རྩ་གཅིག་གསན། སྤྱི་མདོ་དགོངས་པ་འདུས་པའི་གཞུང་བཤད་དང་མན་ངག་རྣམས་མདོའི་མཁས་པ་དྷ་ན་རཀྵི་ཏ་དང་། དྷརྨ་བོ་དྷི། དྷརྨ་རཱ་ཛ་རྣམས་བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས་ཀྱིས་སྤྱན་དྲངས་ནས་བྲུ་ཤའི་ཡུལ་དུ་བཞུགས་པ་ལས་རྫོགས་པར་གསན། བོད་ནས་སོག་པོ་དཔལ་གྱི་ཡེ་ཤེས་དང་ཞང་རྒྱལ་བའི་ཡོན་ཏན་གཉིས་ཀ་ལས་གསན་པས། ལུང་ཨ་ནུ་ཡོ་གའི་བརྒྱུད་སྲོལ་མཐའ་དག་མ་ལུས་པར་ཁོང་ལ་མངའ། དེ་ནས་ཤྲཱི་སིངྷ་དང་། བི་མ་མི་ཏྲ། ཀཱ་མ་ལ་ཤི་ལ། དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། ཤཱནྟིཾ་གརྦྷ། དྷ་ན་སཾ་སྐྲི་ཏ། དྷ་ན་རཀྵི་ཏ། བྲམ་ཟེ་གསལ་བའི་རྒྱན། གཙུག་ལག་དཔལ་དགེ་ལ་སོགས་རྒྱ་གར་གྱི་མཁས་པ་བཅུ་བཞིའི་ཞབས་ལ་གཏུགས་ཏེ་གསང་སྔགས་ཀྱི་གདམས་ངག་མང་པོ་གསན། རྒྱ་གར་བལ་ཡུལ་ས་མཚམས་སུ་སློབ་དཔོན་པདྨ་རྒྱལ་པོའི་སྤྱན་སྔར་ཀུན་འདུས་རྩ་བའི་རྒྱུད་དྲུག་དང་། ཕུར་པའི་སྒྲུབ་ཐབས་རྩ་བ་སྡེ་དྲུག རྫོགས་པ་ཆེན་པོའི་ཡང་སྙིང་གསེར་གྱི་བཟེ་རུ་ཆེ་ཆུང་། རིན་ཆེན་གསང་སྡེ་བཅོ་བརྒྱད་ལ་སོགས་པ་གསན། བོད་དུ་གསང་བའི་སྙིང་པོ་དང་། ཐབས་ཀྱི་ཞགས་པ། སངས་རྒྱས་མཉམ་སྦྱོར། ཧེ་རུ་ཀ་གལ་པོ་སོགས་མ་ཧཱ་ཡོ་གའི་རྒྱུད་སྡེའི་སྐོར་དང་དེ་དག་གི་དབང་སྒྲུབ་ཐབས་དང་བཅས་པ། ཨ་ནུ་ཡོ་གའི་མདོ་དགོངས་པ་འདུས་པ། ཨ་ཏི་ཡོ་གའི་སེམས་ལུང་ཆེན་པོ་ལྔ་སོགས་རྒྱུད་ལུང་མན་ངག་མཐའ་དག་གནང་། དགུང་ལོ་དྲུག་ཅུ་རེ་གཅིག་པ་ཤིང་ཕོ་བྱི་བ་སྤྱི་ལོ༨༤༤ལ་ཁེང་ལོག་བར་པ་བྱུང་སྐབས་སུ། སྙེ་མོ་བྱེ་མཁར་དུ་ཚར་བཅད་པ་སོགས་མང་། དེ་ནས་རབ་བྱུང་གོང་གི་ཤིང་ཕོ་བྱི་བ་སྤྱི་ལོ་༧༨༤ལ་སྐུ་འཁྲུངས་པ་ནས་ཆུ་བྱ༩༡༣བར་ལ་བཞུགས་པ་ཡིན་ན། བོད་སིལ་བུར་འཐོར་ཏེ་མངའ་རིས་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་སྐུ་འཁྲུངས་པ་ལ་ད་དུང་ལོ༣༤ཙམ་ཡོད་པ་སོགས་ཞིབ་ཕྲ་ཟུར་དུ་ཤེས། ཁོང་གི་འགྱུར་ལ་རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་སོགས་ཆོས་ཚན་༥༠ལྷག་ཙམ་ཞིག་དང་། ཁོང་གི་བརྩམ་ཆོས་ལ་དགོངས་པ་འདུས་པ་མདོའི་དཀའ་འགྲེལ་མུན་པའི་གོ་ཆ་སོགས་ཆོས་ཚན་༣༠་ཙམ་དང་།  ད་ལྟ་མཇལ་རྒྱུ་མ་བྱུང་ཡང་དཀར་ཆག་རྣམས་སུ་གསལ་བ། ལྟ་བ་ནམ་མཁའ་ཆེ། བྱང་ཆུབ་སེམས་སྒོམ་དོན་དྲུག་པ། རྩེ་མོ་བྱུང་རྒྱལ། བདེ་བ་ཕྲ་བཀོད། ཀློངས་ཡངས་བདེ་འབྱམས། སྲོག་གི་འཁོར་ལོ། སྤྱི་གཅོད་འཁྱིལ་པ། རྡོ་རྗེ་གཟོང་ཕུག ཡེ་ཤེས་ནམ་མཁའི་རྒྱལ་པོ། རྗེ་བཙུན་དམ་པ་བཅས་ལ་འགྲེལ་པ་རེ་དང་། སྒྱུ་འཕྲུལ་གྱི་མངོན་པར་རྟོགས་པའི་རྒྱ་ཆེར་འགྲེལ་པ། བརྗོད་མེད་བཤགས་པ་སོགས་མང་པོ་ཡོད་པར་བཤད་པ་དང་། སློབ་མ། སྤ་གོར་བློན་ཆེན་འཕགས་པ། སྲུ་ལེགས་པའི་སྒྲོན་མ། དན་ཡོན་ཏན་མཆོག སོ་ཡེ་ཤེས་དབང་ཕྱུག ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་སོགས་མང་པོ་བྱུང་། 

སྔ་འགྱུར་བསྟན་པའི་བབས་སོ་གསུམ་པ།

ལྷ་རྗེ་འུག་བྱ་ལུང་པས་སྔ་འགྱུར་བསྟན་པའི་རྩ་བ་བཙུགས།

ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། 1002- 1062

བསྟན་པ་ཕྱི་དར་གྱི་སྐབས་སུ་ལྷ་རྗེ་འུག་བྱ་ལུང་པས་སྔ་འགྱུར་བསྟན་པའི་རྩ་བ་བཙུགས། བདེ་གཤེགས་རྒྱ་བོ་པས་ཡལ་ག་བསྐྱངས། གསང་བདག་སྒྲོ་ཕུག་པས་ལོ་འབྲས་རྒྱས་པར་མཛད་དེ་ཟུར་མེས་དབོན་རྣམ་གསུམ་ཞེས་གྲགས་པ་ལས། ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ནི་རབ་བྱུང་གོང་གི་ཆུ་སྟག་སྤྱི་ལོ་༡༠༠༢ལ་སྐུ་འཁྲུངས། བླ་ཆེན་དགོངས་པ་རབ་གསལ་ལས་རབ་བྱུང་དང་བསྙེན་པར་རྫོགས། མེས་པོ་ཟུར་རིན་ཆེན་རྒྱ་མཚོ་ལས་སྡེ་སྣོད་གསུམ། སྔགས་ཕྱི་ནང་མང་པོ་གསན། དེ་ནས་མཆིམས་ཕུའི་རོག་ཤཱཀྱ་འབྱུང་གནས་ལས་ཡང་དག་གི་ཆོས་སྐོར་རྣམས་རྫོགས་པར་གསན། ལྕེ་ཤཱཀྱ་མཆོག་ལས་བདུད་རྩི་སྨན་སྒྲུབ་དང་། ཉང་ཡེ་ཤེས་འབྱུང་གནས་ལས་ཟུར་གྱི་ཕ་ཆོས་སྒྱུ་འཕྲུལ་དང་སེམས་ཕྱོགས་སྐོར། ལྕེ་ཤཱཀྱ་རྒྱལ་མཚན་ལས་གསང་དབང་དང་ཐབས་ལམ་སྐོར། འབྲེ་ཁྲོ་ཆུང་ལས་པར་ཁབ་དང་ལམ་རིམ། རྫོགས་ཆེན་ཀ་དག་ལྷུན་གྲུབ་ཀྱི་ཁྲིད་བཅས་གསན། ལྡན་མ་ཤེས་རབ་ཚུལ་ཁྲིམས་དང་། ཐོ་གར་ནམ་མཁའ་ལྡེ་ལས་ཕུར་དབང་དང་རྒྱུད་བཤད། འདུས་པ་མདོའི་དབང་ཡོངས་རྫོགས། མདོ་ལྔ། འགྲེལ་པ་ཐེམས་བྱང་། མདོ་ཕྲན་དང་བཅས་པ། རྫོགས་ཆེན་གྱི་མན་ངག་བཅས་གསན་ཏེ་གསང་མཚན་རྡོ་རྗེ་བདུད་འདུལ་རྩལ་དུ་བཏགས། སྟོང་ཚབ་བྱང་ཆུབ། རྒྱ་སྟོན་བློ་གྲོས། བཀའ་སྟོད་ཡེ་ཤེས་སྙིང་པོ་རྣམས་ལས་ཀྱང་མདོ་ལུང་དབང་སྒྲུབ། རྒྱུད་འགྲེལ་འཕྲིན་ལས་དང་བཅས་པ་གསན། ཁོང་གི་སྤྱིར་བླ་མ་བརྒྱ་རྩ་ཙམ་བསྟེན་ཏེ་ཆོས་གསན་པར་གྲགས། བཟང་སྒོམ་ཤེས་རབ་བརྒྱུད་མཆིམས་ཕུ་ནས་སངས་རྒྱས་མཉམ་སྦྱོར་གྱི་དབང་དང་། དཔལ་ཡང་དག་བདག་དོན་དཀྱིལ་འཁོར་དྲུག གཞན་དོན་དཀྱིལ་འཁོར་དྲུག་སྟེ་བཅུ་གཉིས། ཡང་ཕུར་སྦྲགས་མ་སོགས་དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་གསན། རྩ་རྒྱུད་དང་བཤད་རྒྱུད་བསྡེབས། རྩ་བ་དང་འགྲེལ་པར་བསྡེབས། རྒྱུད་དང་སྒྲུབ་ཐབས་བསྡེབས། སྒྲུབ་ཐབས་ཆོ་ག་དང་། དབང་སྙན་བརྒྱུད། གདམས་ངག་ཕྱག་བཞེས་སུ་བསྡེབས་ཏེ། ཐོས་བསམ་གྱི་སྒྲོ་འདོགས་ཆོད་ནས། ནགས་ཚལ་ཅན་གྱི་རི་ལ་དཔལ་ཡང་དག་གི་སྒྲུབ་པ་མཛད་དེ་བཞུགས། དེ་ནས་འུག་པ་ལུང་དུ་ཡང་དག་ལྷ་དགུའི་སྒྲུབ་པ་མཛད་པས་ཡང་དག་ལྷ་དགུའི་ཞལ་གཟིགས་པ་སོགས་ངོ་མཚར་བའི་རྣམ་ཐར་རྒྱ་ཆེ། དེ་ནས་དགུང་ལོ་དྲུག་ཅུ་རེ་གཅིག་ལ་ཕེབས་པ་རབ་བྱུང་དང་པོའི་ཆུ་སྟག་སྤྱི་ལོ་༡༠༦༢་ཞི་བར་གཤེགས་སོ། །སློབ་མ་ཡང་རྩེ་མོ་བཞི་དང་། རྩེ་ལྐོག་གཅིག ། ཡང་ན་རྩེ་ལྐོག་བརྒྱད། སྒོམ་ཆེན་བརྒྱ་རྩ་བརྒྱད་དང་། གྲྭ་པ་དཔེ་འགྲེམས་པ་སུམ་བརྒྱ་ལྷག་ཙམ་བྱུང་བར་གྲགས་སོ། །

བདེ་གཤེགས་རྒྱ་བོ་པས་སྔ་འགྱུར་བསྟན་པའི་ཡལ་ག་བརྐྱངས།

ཟུར་ཆུང་ཤེས་རབ་གྲགས་པ། 1014- 1074

བདེ་གཤེགས་རྒྱ་བོ་པའམ་ཟུར་ཆུང་པ་ཤེས་རབ་གྲགས་པ་ནི། རབ་བྱུང་སྔོན་གྱི་ཤིང་སྟག་སྤྱི་ལོ༡༠༡༤ལ་སྐུ་འཁྲུངས། དགུང་ལོ་བདུན་པར་ཡི་གེ་འབྲི་ཀློག་ལ་སྦྱངས། དེ་ནས་འུག་པ་ལུང་དུ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱི་དྲུང་དུ་བྱོན་ཏེ་མདོ་སྔགས་ཀྱི་ཟབ་ཆོས་སྤྱི་དང་ཁྱད་པར་དུ་མ་ཧཱ་ཡོ་ག་སྒྱུ་འཕྲུལ་དྲྭ་བའི་རྒྱུད་སྡེ་བཅོ་བརྒྱད་དུ་ཕྱེས་པ་སོགས་གསང་སྔགས་ཕྱི་ནང་གི་གཞུང་རྣམས་རྫོགས་པར་གསན། བླ་མས་ད་ཁྱོད་ཀྱིས་བཤད་པ་གྱིས་གསུངས་པ་བཞིན་སྤྱི་མདོ་དགོངས་འདུས་བཤད་པས་དུས་གཅིག་ལ་དཔེ་འགྲེམས་པ་སུམ་བརྒྱ་ཙམ་བྱུང་། དེ་ནས་བྲག་རྒྱ་བོར་ཕེབས་ཏེ་གསང་བ་སྒྱུ་འཕྲུལ་ལས་བྱུང་བའི། ཕྱག་རྒྱ་བསམ་གཏན་གྱི་སྒྲུབ་པ་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལ་བརྟེན་ནས་སྒྲུབ་པ་མཛད་པས་རྡོ་རྗེ་སེམས་དཔའི་ཞལ་གཟིགས། ཕྱིས་བྲག་རྒྱ་བོར་བཤད་སྒྲུབ་ཀྱི་ཆོས་གྲྭ་ཆེན་པོ་བསྐྱངས་པས་སློབ་མ་དཔེ་འགྲེམས་པ་ཁྲི་ཕྲག་ལྷག་ཙམ་བྱུང་བར་གྲགས། དགུང་ལོ་དྲུག་ཅུ་རེ་བརྒྱད་པ་ལ་སྐུ་ཞི་བར་གཤེགས་སོ། །གསུང་རྩོམ་ལ། མདོ་སྒྱུ་སེམས་གསུམ་ཀའི་གནད་འདུས་པ་ཞལ་གདམས་བརྒྱད་ཅུ་པ། སློབ་མ་ཀ་བ་བཞི། གདུང་མ་བརྒྱད། སྒོམ་ཆེན་མི་གཉིས་སོགས་མང་།

གསང་བདག་སྒྲོ་ཕུག་པས་སྔ་འགྱུར་བསྟན་པའི་ལོ་འབྲས་རྒྱས་པར་མཛད།

སྒྲོ་ཕུག་པ་ཤཱཀྱ་སེང་གེ། 1074- 1134

ཁོང་ནི་ཡབ་ཟུར་ཆུང་ཤེས་རབ་གྲགས་པའི་སྲས་སུ་ཤིང་སྟག་སྤྱི་ལོ༡༠༧༤ལ་སྐུ་འཁྲུངས་ཏེ་མཚན་ཤཱཀྱ་སེངྒེ་ཞེས་བཏགས། དེ་ནས་མདའ་ཏིག་ཤཱཀྱ་དང་། གླན་ཤཱཀྱ་བཟང་པོ། སྐྱོ་སྟོན། ཡང་ཁྱེར་བླ་མ། གླན་ཉ་ཚལ་པ། ཕ་དམ་པ་སོགས་ལས་ཟབ་ཆོས་མང་དུ་གསན་ཏེ་ཐོས་བསམ་གྱི་སྒྲོ་འདོགས་བཅད་ནས་བསྐྱེད་རྫོགས་ཀྱི་གནས་ལ་ཉམས་བཞེས་མཐར་ཕྱིན་གནང་། དབྱར་ཆོས་དང་དགུན་ཆོས་ལ་གྲྭ་པ་དཔེ་འགྲེམ་པ་ལྔ་བརྒྱ་ཙམ་དང་། སྟོན་དཔྱིད་གཉིས་ལ་སུམ་བརྒྱ་ཙམ་རེ་བྱུང་སྟེ། སྤྱིར་སློབ་མ་དཔེ་འགྲེམས་པ་ཁྲི་བདུན་དང་། བསྟན་པ་སྐྱོང་བའི་སློབ་མ་གདུགས་ཐོག་སྟོང་ཙམ་དང་། ཐུགས་ཟིན་གྱི་སློབ་མ་བཅུ་གཉིས་སོགས་བྱུང་བ་རྣམས་ལ་ནང་རྒྱུད་སྡེ་གསུམ་སྤྱི་དང་། ཁྱད་པར་དུ་རྩ་རྒྱུད་གསང་བ་སྙིང་པོ་རྩལ་དུ་བཏོན་ནས་བཤད་པ་མཛད་པས། དགུང་ལོ་དྲུག་ཅུ་རྩ་གཅིག་ལ་ཕེབས་པ་རབ་བྱུང་གཉིས་པའི་ཤིང་སྟག་སྤྱི་ལོ༡༡༣༤ལ་ཞི་བར་གཤེགས་སོ། །ཁོང་གི་གསུང་རྩོམ་ལ། སྒྱུ་འཕྲུལ་དྲྭ་བ་རྩ་རྒྱུད་གསང་བ་སྙིང་པོ་དང་རྒྱུད་ཕྱི་མ་རྒྱས་པའི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་སོགས་ཡོད། སློབ་མ། ནག་པོའི་མཚན་ཅན་བཞི། སྟོན་པ་བཞི་སོགས་ཡོད་དོ། །

སྔ་འགྱུར་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་དང་པོ།

ད་ལྟའི་ཆར་ལོ་རྒྱུས་ཀྱི་དཔྱད་གཞི་ལས་ཤེས་རྟོགས་ཐུབ་པ། ལྡེའུ་ཆོས་འབྱུང་དང་དཔྱལ་གྱི་གདུང་རབས་སོགས་སུ་གསལ་པ་ལྟར་འཆིམས་ཕུའི་ཕྱག་བཞེས་དགུ་ཞེས་པ་བསྟན་པ་སྔ་དར་སྐབས་སུ་ཉམས་ལེན་གྱི་ཕྱག་བཞེས་ཤིག་ཡོད་ཚུལ་བཤད་པ་དང་། ཡང་གོང་གསལ་ལྟར་ཟུར་ཆེན་ཤཱཀྱ་འབྱུང་གནས་ཀྱིས་བཟང་སྒོམ་ཤེས་རབ་རྒྱལ་པོ་བརྒྱུད་བསམ་ཡས་མཆིམས་ཕུར་བཞུགས་པ་རོག་ཤཱཀྱ་འབྱུང་གནས་ཀྱི་མདུན་ནས། སངས་རྒྱས་མཉམ་སྦྱོར་དང་། ཡང་དག་བདག་དོན་བཅུ་གཉིས། ཡང་ཕུར་སྦྲགས་མ་སོགས་དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་ཀྱི་དཔེ་ལུང་དང་བཅས་པ་ཞུས་པ་དེ་དག་རྩ་རྒྱུད་དང་བཤད་རྒྱུད་དུ་བསྡེབས། རྩ་བ་དང་འགྲེལ་པར་བསྡེབས། རྒྱུད་དང་སྒྲུབ་ཐབས་བསྡེབས། སྒྲུབ་ཐབས་ཆོ་གའི་ལག་ལེན་དུ་ཐེབས་པར་མཛད་དེ་སྤེལ་བར་བཤད་པ་དེ་སྔ་འགྱུར་བཀའ་མའི་དཔེ་ལུང་ཕྱོགས་བསྒྲིགས་ཀྱི་ཐོག་མ་ཡིན་དགོས་རུང་། དེའི་སྐོར་གྱི་ཆ་འཕྲིན་འཐོར་བུ་ཙམ་ལས་ཡིག་ཆ་ཁ་ཚང་མ་རྙེད་པས། ད་ཡོད་དཀར་ཆག་མཐོང་རྒྱུ་ཡོད་པ་ནི་གཙང་རྒྱ་མཁར་བའི་མཁས་དབང་སེ་སྟོན་རིམ་བྱོན་དང་། ལྷག་པར་དུ་སེའི་བེནྡྷེ་རིན་ཆེན་འབྱུང་ལྡན་གྱིས་བཀའ་མའི་གཞུང་མང་པོ་ཕྱོགས་བསྡུ་དང་མཆན་འགྲེལ་གནང་བ་དང་། རིན་ཆེན་རྒྱལ་མཚན་གྱིས་བཀའ་མ་སྒྱུ་འཕྲུལ་གྱི་སྐོར་ཕྱོགས་བསྒྲིགས་དང་དཀར་ཆག་ལ་བཀོད་པ་དེ་ཐོག་མ་ལྟ་བུ་ཞིག་ཆགས་ཡོད། 

སེ་རྒྱ་མཁར་བའི་སྐོར།

དེ་ཡང་སྤྱིར་གཙང་ཕྱོགས་སུ་བོད་བཙན་པོའི་སྐབས་ནས་བཟུང་ས་སྐྱའི་སྲིད་དབང་གི་གཡས་གཡོན་ཙམ་གྱི་བར་དུ།  སྔ་འགྱུར་གྱི་ཆོས་སྡེ་རྒྱ་ཆེར་བྱུང་བ་མ་ཟད་དེ་དག་རྣམས་སུ་མདོ་སྒྱུ་སེམས་གསུམ་སྤྱི་དང་ལྷག་པར་དུ་སྒྱུ་འཕྲུལ་དང་རྫོགས་ཆེན་མན་ངག་གི་བསྟན་པ་རྒྱ་ཆེན་ཞིག་དར་ཡོད། ཉང་སྟོད་ཕྱོགས་སུ་གུ་རུ་རིན་པོ་ཆེའི་དངོས་སློབ་རྒྱ་འཇམ་དཔལ་གསང་བས་བསྟན་པ་རྒྱ་ཆེར་སྤེལ་བ་དང་།   གུང་ཐང་ཕྱོགས་སུ་ལོ་པན་གྱི་ཆེ་བ་ཡང་ཐོག་པ།  མཐུ་ཡིའི་ཆེ་བ་གོ་འཆོ།   འབངས་ཀྱི་ཆེ་བ་རོ་གམ།   ཟམ་འཕྲང་གི་ཆེ་བ་གསར་ཚོ། ཞེས་དེ་སྐབས་ཙམ་ལ་ཆོས་སྲིད་གཉིས་ཆར་ནས་གུང་ཐང་རྒྱལ་པོ་དང་མཉམ་པ་སྟེ་གོ་བཞི་བཙད་ཆུང་ཁབ་པ་དང་ལྔ་ཞེས་བྱུང་བ་དང་།  གུང་ཐང་རྒྱལ་པོའི་སྲས་མོ་ལྷ་རིན་ཆེན་མཚོའི་སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་གྲྭ་བཙུགས་པ།  གཞན་ཡང་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་སྨད་ཙམ་དུ་གར་སྟོན་དཀོན་མཆོག་རིན་ཆེན་གྱིས།  མདོ་སྒྱུ་སེམསགསུམ་སྤྱི་དང་ལྷག་པར་དུ་མདོ་དགོངས་འདུས་དོན་བསྡུས་དང་བཅས་པ། སྒྱུ་འཕྲུལ་ལམ་སྙིང་དང་སེམས་ཕྱོགས་སྔ་འགྱུར་ལྔ་མན་ངག་སྒྲ་དྲིལ་ནས་བཤད་པའི་ལུགས་དང་། དཀོན་པའི་རྒྱུན་དྲུག་གསན། ཡང་དག་སོ་ལུགས་ཆ་དགུ་དབང་དང་སྒྲུབ་པ་ལག་ལེན་དང་བཅས་པ་དང་། ན་རག་དོང་སྤྲུགས་ཀྱི་སྒྲུབ་ཐབས་ལག་ལེན་དང་བཅས་པ་གསན་བསམ་གནང་ཚུལ་དང་།     ཡང་མ་བདུན་རས་པས་ཀྱང་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་དང་གར་སྟོན་དཀོན་མཆོག་རིན་ཆེན་སོགས་ལས་རྫོགས་པ་ཆེན་པོ་བཀོད་པའི་རྒྱུད་དྲུག་དང་། བཤད་རྒྱུད་སྡེ་བཞི་གསེར་གྱི་ཡང་ཐེབས་བཅུ་གསུམ་དང་བཅས་པ་གསན། རྫོགས་པ་ཆེན་པོ་སྔ་འགྱུར་ལྔ་ལ་མན་ངག་སྒང་དྲིལ་གྱི་ལུང་རྟོགས་པའི་རྒྱུད་དང་། དེ་ལ་སོགས་པའི་རྒྱུད་ཕྲན་ཡང་མང་དུ་གསན། ཡང་དག་སོ་ལུགས་ལག་ཆ་དགུ་དབང་སྒྲུབ་ལག་ལེན་དང་བཅས་པ། ཕུར་པ་སྐྱི་ལུགས་སྟོད་ལས་སྨད་ལས། དབང་བཀའ་ཕྱག་ལེན་དང་བཅས་པ་དང་། གུ་རུའི་སྒྲུབ་ཐབས་རྡོ་རྗེ་ཐོད་ཕྲེང་རྩལ་མ་སོགས་པ་གསན། གཞན་ཡང་ལྟ་ཕྲེང་དང་། གཡུ་ཐང་སྐྲས་དགུ་པ་དང་། ལྟ་རིམ་སོགས་སྤྱིའི་ཆོས་ཀྱང་མང་དུ་གསན། མན་ངག་གི་ཆོས་ལ། རྫོགས་པ་ཆེན་པོ་ཀློང་གི་སྙན་རྒྱུད། སྙན་རྒྱུད་ཐུགས་ཀྱི་སྙིང་པོ། སྐོར་ལུགས་སྟོང་ཐུན་དང་། གདམས་པ་ནོར་བུའི་ཕྲེང་བ་དམ་པ། སངས་རྒྱས་ཡེ་ཤེས་རིན་པོ་ཆེས་མཛད་པའི་བསམ་གཏན་མིག་སྒྲོན་དང་། ཟུར་ཆུང་པས་མཛད་པའི་ཞལ་གདམས་བརྒྱད་ཅུ་པ་སོགས་གསན། རྩ་རྒྱུད་གསང་བ་སྙིང་པོ་བཤད་རྒྱུད་དང་བཅས་པ། མན་ངག་ལམ་རིམ་སྒྱུ་འཕྲུལ་ཕྲན་ཚེག་དང་བཅས་པ། སྒྲུབ་ཐབས་རྒྱས་འབྲིང་དབང་བཀའ་དང་བཅས་པ། འགྱོད་ཚངས་ཀྱི་རྒྱལ་པོ་ན་རག་དོང་སྤྲུགས་དབང་དང་བཅས་པ། ལུང་གི་ཆོས་ལ། མདོ་དབང་ཆེན་མོ་དང་། དགོངས་འདུས་གཞུང་བཤད་དང་བཅས་པ། མན་ངག་དོན་བསྡུས་ལ་སོགས་པ་གསན་ནོ། །མན་ངག་གི་ཆོས་ལ། སྔ་འགྱུར་ལྔ་དང་། ཕྱི་འགྱུར་བཅུ་གསུམ་དང་། ཀུན་བྱེད་རྒྱལ་པོ་དང་། རྫོགས་པ་ཆེན་པོ་སྙིང་གི་ཉི་མ། ཐེག་ཆེན་རྣལ་འབྱོར་སོགས་གསན་བསམ་འཆད་སྤེལ་གནང་བ་སོགས། གཙང་ཕྱོགས་སུ་མདོ་སྒྱུ་སེམས་གསུམ་གྱི་འཆད་ཉན་དར་ཚུལ་མང་རུང་ཡིག་ཚོགས་ལ་འཇིགས་ཏེ་དཔེ་མཚོན་ཙམ་མོ།   །

དེ་ཡང་གུ་བཀྲ་ཆོས་འབྱུང་ལས་སེ་སྟོན་གོང་མ་ཞིག་གིས་གླང་ལ་ཁལ་བཀལ་ནས་སྒྲུབ་གནས་བཙལ་བས་ས་དེར་གླང་ཉལ་བ་ལ་དབྱུག་པས་བརྒྱ་བརྡུངས་ཀྱང་མ་ལངས་པར། དེ་གར་གནས་གཞི་བཏིང་བ་ལ་དཔལ་ལྡན་རྒྱ་མཁར་གསང་སྔགས་ཆོས་གླིང་དུ་གྲགས་ཤིང་། གནས་དེར་སེ་སྟོན་དཔལ་ཆེན་འབུམ་སོགས་སྔགས་འཆང་ནུས་ལྡན་བརྒྱུད་མར་བྱོན་པ་ལས། སེ་སྟོན་ཉི་མ་བཟང་པོ་༡༣༨༦མེ་སྟག་ལོ་པས་ཐོ་རེངས་ཀྱི་སྐབས་ཤིག་ཐུགས་སྒྲུབ་ཀྱི་འཕྲིན་ལས་མཛད་པས་ཏིང་ངེ་འཛིན་རྩེ་གཅིག་ལ་སོང་བའི་མཐར་ཅུང་ཟད་མནལ་བར་དག་སྣང་དུ་མ་དང་། ཁྱད་པར་སྔགས་སྲུང་ཨེ་ཀ་ཛ་ཏྲིས་སྐུ་ལུས་བོར་མ་ཐག་ཨོ་རྒྱན་རིན་པོ་ཆེའི་ཞབས་དྲུང་དུ་བྱོན་ཏེ་ལུང་བསྟན་ཐོབ་ནས་སྟེང་ཕྱོགས་འཁོར་བ་ཟིལ་གནོན་གྱི་ཞིང་དུ་བགྲོད་ཅིང་སེམས་ཅན་འབུམ་ཕྲག་བདུན་གྲོལ་བ་ལུང་བསྟན། ཞེས་དང་། སེ་སྟོན་མགོན་པོ་བཟང་པོ་ནི་སྒྲུབ་པ་མཐར་ཕྱིན་དུ་སྐུ་ཚེ་དྲིལ་བས་སྤང་རྟོགས་ཀྱི་ཡོན་ཏན་དང་  ལྡན་པ་ཞིག་གོ །སེ་སྟོན་རིན་ཆེན་རྒྱལ་མཚན་ནི་མཁས་གྲུབ་ཆེན་པོར་བཞུགས་ཤིང་དམ་པ་དུ་མའི་ཞབས་པད་བསྟེན་པས་ལུང་རྟོགས་ཀྱི་ཡོན་ཏན་དུ་མས་ཕྱུག་ཅིང་ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས་འཆད་རྩོམ་མང་དུ་མཛད་པས་སྔ་འགྱུར་བསྟན་པའི་སྲོལ་འཛིན་ཆེན་པོ་ཞིག་གོ །ཞེས་པ་ཙམ་ལས་མི་གསལ་བ་དང་།  ཡང་དེབ་སྔོན་ལས།  གཙང་སྟོད་མང་དཀར་དུ་ཡང་མང་སྟོན་ཟུར་པ་ཞེས་གྲགས་པ་རིམ་པར་བྱུང་བ་རྣམས་ཀྱིས་ཀྱང་བཤད་སྒྲུབ་ལེགས་པར་མཛད་དེ། ལས་སྟོད་ལྷོ་དང་བྱང་ཐམས་ཅད་དུ་ཡང་ཤིན་ཏུ་དར་བས། བྱང་དུ་སེ་སྟོན་འབྱུང་ལྡན་འོད་ཅེས་པ་དང་།  སྣར་སྟོན་སེང་གེའི་འོད་ཅེས་པ་དང་། བྱང་ཏར་ལ་མོ་པ་ཡོན་ཏན་དབང་ཕྱུག་ཅེས་པ་ལ་སོགས་པའི་བཤད་པ་འགའ་རེ་ཡང་མཐོང་ངོ་། །ཟུར་རྣམ་པ་གསུམ་གྱི་སློབ་མའི་གྲངས་སྔ་མ་རྣམས་ཀྱིས་བཤར་དུ་བཏབ་པ་ལྟར། དེ་དག་ལས་མཆེད་པས་གྲངས་མེད་པ་ཞིག་བྱུང་བར་མཚོན་ནུས་མོད་ཀྱི། སོ་སོའི་མིང་དང་རུས་དང་བཅས་པ་ནི་བསྙད་པར་མི་ནུས་སོ། །ཞེས་པ་ཙམ་ལས་མི་གསལ་རུང་དཔལ་ལྡན་རྒྱ་མཁར་གསང་སྔགས་ཆོས་གླིང་དུ་གྲགས་པ་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་ཙམ་ཕྱག་བཏབ་པ་དང་། དེ་ནས་སེ་སྟོན་རིམ་བྱོན་གྱིས་མདོ་སྒྱུ་སེམས་གསུམ་གྱི་བསྟན་རྒྱ་ཆེར་སྤེལ་ནས་སློབ་བརྒྱུད་མང་པོ་བྱུང་།  ཕྱིས་སུ་སེ་སྟོན་རིན་ཆེན་རྒྱལ་མཚན་སོགས་སེ་རྒྱ་མཁར་པ་དང་། སེ་བཀྲ་བཟང་བ་གཉིས་སུ་གྱེས་པའི་བཀྲ་བཟང་དགོན་པ་ཐོག་མར་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ཏེ་རྒོད་ལྡེམ་ཅན་གྱིས་བཏབ་རྗེས་ཐུགས་སྲས་རྣམ་རྒྱལ་མགོན་པོ་༡༣༩༧་མེ་གླང་ཡས་མན་ལ་བསྐྱངས། དེ་རྗེས་སེ་སྟོན་རིམ་བྱོན་གྱི་གདན་སར་གྱུར་ཏེ་བཀྲ་བཟང་པ་སེ་སྟོན་པདྨ་དབང་ཆེན། ཚེ་དབང་རིག་འཛིན། ནམ་མཁའ་རིག་འཛིན། ཐུགས་མཆོག་འོད་འབར། སེ་སྟོན་ཀུན་བཟང་འཛམ་གླིང་རྡོ་རྗེ་སོགས་སྔགས་གྲྭ་དང་གདུང་བརྒྱུད་མ་ཆད་པར་བྱོན་ནས་བསྟན་པ་བསྐྱངས་བར་བཤད་པ་ལྟར།   ད་ལྟ་སྔ་འགྱུར་བཀའ་མའི་གཞུང་སྒྱུ་འཕྲུལ་སྐོར་དང་།   རྫོགས་ཆེན་ཀློང་དགུའི་རྒྱུད་སོགས་མང་པོ་ཞིག་ལ་སེ་བན་འབྱུང་ལྡན་འོད་ཀྱིས་མཆན་འགྲེལ་གནང་ཡོད་པ་དང་།  དེ་རྗེས་སེ་སྟོན་རིན་ཆེན་རྒྱལ་མཚན་གྱིས་སྒྱུ་འཕྲུལ་གཙོ་བོར་གྱུར་པའི་གཞུང་ཕྱོགས་བསྒྲིགས་དང་ཐོ་འགོད་གནང་སྟེ་སྔ་འགྱུར་བཀའ་མའི་བསྟན་པ་སྤེལ། །

སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་ལ་སེ་བན་རིན་ཆེན་རྒྱལ་མཚན་གྱིས་སྔ་འགྱུར་བཀའ་མའི་སྐོར་ལ། མ་ཧཱ་ཡོ་ག་སྒྱུ་འཕྲུལ་གྱི་ཡིག་ཆ་རྣམས་ཐོ་འགོད་དང་ཕྱོགས་བསྒྲིགས་ཐོག་མར་གནང་བ་སྟེ།    རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྒྱུད་ཀྱི་འགྲེལ་བཤད་དང་སྒྲུབ་ཐབས་ཕྲ་མོའི་དཀར་ཆག་གསལ་བྱེད་སྣང་བ་ཞེས་བྱ་བའི་ནང་དུ་གསལ་བ་ལྟར་ན།  ༡ ལྟ་བ་དང་མཚན་མ་མེད་པ་ཏིང་ངེ་འཛིན་སྟོན་པའི་སྐོར་ལ་ཆོས་ཚན་༢༤།   ༢ མཚན་མེད་སྒོམ་ཐབས་གཙོ་བོར་སྟོན་པའི་གཞུང་ལ་ཆོས་ཚན་༡༠།   ༣ རྒྱུད་བཤད་ཐབས་ཀྱི་སྐོར་ལས་སྤྱི་དོན་དང་ཁོག་དབུབ་སྐོར་ལ་ཆོས་ཚན་༥།  ༤ རྒྱུད་འགྲེལ་སྐོར་ལ་ཆོས་ཚན་༡༥།   ༥ སྒྲུབ་ཐབས་ཕྲ་མོའི་སྐོར་ལ་སློབ་དཔོན་སངས་རྒྱས་གསང་བའི་བཞེད་པ་ལྟར་རྒྱུད་ཀྱི་དངོས་པོ་ལྔ་ལས།  ༦ དཀྱིལ་འཁོར་སྐོར་ལ་ཆོས་ཚན་༤།   ༧ དབང་གི་སྐོར་ལ་ཆོས་ཚན་༢༥།   ༨ དམ་ཚིག་སྐོར་ལ་ཆོས་ཚན་༡༢།   ༩ སྒྲུབ་པ་སྐོར་ལ་ཆོས་ཚན་༣༨།  ༡༠ བསྐྱེད་རྫོགས་གཉིས་ཀ་སྟོན་པའི་གཞུང་ལ་སྐོར་ལ་ཆོས་ཚན་༡༡།   ༡༡ ཕྲིན་ལ་སྐོར་ལ་ཆོས་ཚན་༣༤།   ཁ་སྐོང་ཕྲ་མོའི་སྐོར་ལ་ཆོས་ཚན་༧་བཅས་ཁྱོན་བསྡོམས་ཆོས་ཚན་༡༣༣་གྱི་མཚན་ཐོ་གསལ་བ་དང་། ཡང་དེའི་མཆན་ཞིག་ཏུ་ཆོས་ཚན་༡༤༧་ཡོད་པར་གསལ་བའི་དཀར་ཆག་འདི་ནི་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་རྒྱ་མཁར་ཡང་དབེན་དུ་བྲིས་ཞེས་གསལ་ཡོད།   

སྔ་འགྱུར་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་གཉིས་པ།

སྨིན་གླིང་སྐུ་མཆེད་གཉིས་ཀྱིས་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་དཔེ་རྒྱུན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་འཕེལ་བའི་བྱུང་བ།

སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ། 1646-1714

ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ཧོར་ཟླ་གཉིས་པའི་ཚེས་དགུ་སྤྱི་ལོ༡༦༤༦ལ་སྐུ་འཁྲུངས།དགུང་ལོ་བཅུ་གཅིག་པར་རྒྱལ་དབང་ལྔ་པར་གཙུག་ཕུད་ཕུལ་ཏེ་མཚན་ངག་དབང་བསྟན་འཛིན་ཞེས་གསོལ། དེ་ནས་ཡབ་རྗེ་དང་རྒྱལ་མཆོག་ལྔ་པ་ཆེན་པོ། དྭགས་སྟོན་ཆོས་རྗེ་སོགས་ཡོངས་འཛིན་སུམ་ཅུ་རྩ་ལྔ་ལས་མདོ་སྡེ་སྣོད་གསུམ་དང་སྔགས་མདོ་སྒྱུ་སེམས་གསུམ་སྨིན་གྲོལ་རྒྱུད་བཤད་དང་བཅས་པ་སོགས་གསན་བསམ་མཐར་ཕྱིན་གནང་། མཆིམས་ཕུ་གཡའ་མ་ལུང་། བསམ་གཏན་རྩེ་སོགས་དབེན་གནས་རྣམས་སུ་ཡི་དམ་གྱི་ལྷ་སུམ་ཅུ་རྩ་ལྔ་ཙམ་གྱི་བསྙེན་སྒྲུབ་དང་། ཁྲེགས་ཆོད་ཐོད་རྒལ་གྱི་ཉམས་བཞེས་མཐར་ཕྱིན་མཛད། དགུང་ལོ་ཉེར་ལྔ་པ་བོད་རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི་སྤྱི་ལོ༡༦༧༠ལ་གྲྭ་ཕྱི་ཨོ་རྒྱན་སྨིན་གྲོལ་གླིང་བཏབས་ཏེ། སྔ་འགྱུར་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པ་རྒྱུད་འབུམ་རིན་པོ་ཆེས་མཚོན་ཟབ་ཆོས་དུ་མའི་དཔེ་ལུང་གི་རྒྱུན་བཙལ་ཏེ་གསར་བཞེངས་གནང་། བཀའ་མའི་སྒྲུབ་དཀྱིལ་དབང་ཆོག་ཁྲིད་ཡིག་སོགས། རྒྱུད་གཞུང་གི་དགོངས་དོན་མན་ངག་གནད་ཀྱིས་བཀྲལ་བའི་བསྟན་བཅོས་པོད་ཏི་བཅུ་གསུམ་ལོང་བ་གསར་རྩོམ་མཛད། ཁྱད་པར་དུ་བཀའ་མ་མདོ་སྒྱུ་གཉིས་ཀྱི་བཤད་རྒྱུན་དང་སྒྲུབ་མཆོད་ཀྱི་སྲོལ་བཙུགས་ཏེ་བསྟན་པ་བསྐྱངས།མཐར་དགུང་ལོ་རེ་དགུ་པ་བོད་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་སྤྱི་ལོ༡༧༡༤ལ་ཞིང་དུ་གཤེགས་སོ། །

གསུང་འབུམ་ལ། མདོ་སྒྱུ་སེམས་གསུམ་གྱི་ཆོ་ག་དང་། མན་ངག་སོགས་ལས་གྲུབ་པ་པོད་བཅོ་ལྔ་ཙམ་ཡོད།

སློབ་མ། ས་སྐྱ་བདག་ཆེན་ཀུན་དགའ་བཀྲ་ཤིས། ཆབ་མདོའི་རྒྱལ་བ་འཕགས་པ་ལྷ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ་སོགས་དང་། གཞན་ཡང་ཁམས་ཀཿཐོག་དང་། རྫོགས་ཆེན། དབུས་ཀྱི་དཔལ་རི་དང་། རྡོ་བྲག། གདན་ས་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་སྤྲུལ་སོགས་མང་པོ་བྱོན་པའོ། །

མཁན་ཆེན་ཆོས་དཔལ་རྒྱ་མཚོ། 1654-1718

ཁོང་ནི་བོད་རབ་བྱུང་བཅུ་གཅིག་པའི་ཤིང་རྟ་སྤྱི་ལོ༡༦༥༤ལ་སྐུ་འཁྲུངས། མཚན་ལེགས་པ་དོན་གྲུབ་ཞེས་གསོལ་ཏེ་ཡི་གེ་འབྲི་ཀློག་སྦྱང་པས་ཚེགས་མེད་ཀྱིས་མཁྱེན། གཅེན་གཏེར་ཆེན་བླ་མས་ལུགས་གཉིས་ཀའི་ཐུགས་རྗེས་བཟུང་སྟེ་བསྐྱངས།  གུང་ཐང་པཎ་ཆེན་བཤེས་གཉེན་རྣམ་རྒྱལ། ཟླུམ་པོ་དོན་གྲུབ་དབང་རྒྱལ། སྟག་ལུང་སྒྲ་པ་ངག་དབང་གསུང་མཆོག གཅེན་བསྟན་པའི་ཉི་མ། རྡོ་བྲག་རིག་འཛིན་པདྨ་ཕྲིན་སོགས་ལས་གསན་བསམ་མཛད། དགུང་ལོ་བཅོ་ལྔ་ལ་རྒྱལ་དབང་ལྔ་པ་ལས་རབ་ཏུ་བྱུང་སྟེ་མཚན་ངག་དབང་ཆོས་དཔལ་ཞེས་གསོལ། རྗེས་སུ་མཁན་པོ་དཀོན་མཆོག་བསྟན་འཛིན་སྡོམ་རྒྱུན་སྨད་འདུལ་གྱི་ལུགས་སུ་གསར་སྤོ་གནང་། གཅེན་གཏེར་ཆེན་ལས་བྱང་སྡོམ་བཀའ་སྲོལ་གསུམ་གྱི་སྨོན་འཇུག་སེམས་བསྐྱེད་དང་། སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བཞུགས་སོ་ཅོག་དང་། གཏེར་ཁ་གོང་འོག་གཙོས་གཏེར་རྙིང་ཕལ་མོ་ཆེའི་སྨིན་གྲོལ་གྱི་རྒྱུན་ཇི་སྙེད་པ་དང་། དེ་དག་གི་རྩ་བར་གྱུར་བ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་སོགས་བུམ་པ་གང་བྱོས་ཀྱི་ཚུལ་དུ་གསན།  བསྟན་བཅོས་གསང་བདག་དགོངས་རྒྱན་དང་ཞལ་ལུང་། སྡོམ་གསུམ་རྣམ་ངེས་འགྲེལ་ཆེན། འདུས་མདོའི་སྤྱི་དོན་དང་། དཀྱིལ་ཆོག་དྲི་མེད་འོད་ཕྲེང་གཙོས་དབང་ཆོག་དང་། སྒྲུབ་ཐབས་རྗེས་གནང་སོགས་བསྟན་བཅོས་པོ་ཏི་བཅོ་བརྒྱད་ལོང་བ་མཛད་དེ་བསྟན་བ་སྐྱངས་མཐར་དགུང་གྲངས་རེ་ལྔ་པ་བོད་རབ་བྱུང་བཅུ་གཉིས་པའི་ས་ཁྱི་སྤྱི་ལོ༡༧༡༨ལ་སོག་པོ་ཇུན་གར་བས་བཀྲོང་རྩིས་བྱས་ཚེ་ཟབ་ལམ་འཕོ་བའི་གདམས་པས་སྐད་ཅིག་དེ་ཉིད་དུ་ཞི་བར་གཤེགས་སོ། །

གསུང་འབུམ་ལ། མདོ་སྔགས་རིག་གནས་ཀུན་འདུས་ཀྱི་པོད་ཉི་ཤུ་སྤྱི་ཚོགས་ཐོག་མཇལ་རྒྱུ་ཡོད་པ་རྣམས་སོ། །

སློབ་མ། འབྲི་གུང་དཀོན་མཆོག་བསྟན་འཛིན། འབྲུག་པ་ཐམས་ཅད་མཁྱེན་པ། སྒམ་པོ་སྤྲུལ་སྐུ། མཚུར་ཕུ་རྒྱལ་ཚབ། ཀཿཐོག་རྒྱལ་སྲས་སོགས་མང་། 

ཁོང་གིས་མཛད་པ་གསང་ཆེན་བཀའ་མའི་བསྟན་བཅོས་རྣམས་ཀྱི་དཀར་ཆག་ནོར་བུའི་དོ་ཤལ་ཞེས་བྱ་བ་ལས། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་དགོངས་འགྲེལ་གྱི་བསྟན་བཅོས་རྒྱ་འགྱུར་སྐོར་ལ་གཉིས་ཀྱིས། དང་པོ་ཐོས་པའི་ཤེས་རབ་ལ་བརྟེན་ཏེ་རྒྱུད་དྲང་ཐད་དུ་གཏན་ལ་འབེབས་པའི་མན་ངག་འགྲེལ་བཤད་དང་སྤྱི་དོན་གྱི་སྐོར་ལ། ༡ རྩ་རྒྱུད་སྐོར་ལ་ཆོས་ཚན་༧།  ༢ བཤད་རྒྱུད་སྐོར་ལ་ཆོས་ཚན་༣།  ༣ ཆ་མཐུན་གྱི་རྒྱུད་སྐོར་ལ་ཆོས་ཚན་༢།  ༤  རྒྱུད་ཀྱི་སྤྱིའི་དོན་ཁོག་དབུབ་ཀྱི་སྐོར་སྐོར་ལ་ཆོས་ཚན་༥།

གཉིས་པ་བསྒོམ་པའི་ཤེས་རབ་ལ་བརྟེན་ནས་རྒྱུད་མངོན་རྟོགས་སུ་བསླབ་ཅིང་ཉམས་སུ་ལེན་པའི་མན་ངག་ནི། ཡོངས་ཤེས་ཀྱི་དངོས་པོ་ཁ་ཡར་ལ་སྟོན་པ་ནས་བསྟན་བཅོས་ཕྲ་མོའི་སྐོར་རྣམས་ཏེ། དེ་ཡང་བཅུ་ལས། དང་པོ་ལྟ་བ་གཙོ་བོར་སྟོན་པའི་མན་ངག་སྐོར་ལ་ཆོས་ཚན་༩།  བྱེ་བྲག་གི་སྐོར་ལ་ཆོས་ཚན་༥། གཉིས་པ་སྤྱོད་པ་གཙོ་བོར་སྟོན་པའི་མན་ངག་སྐོར་ལ་ཆོས་ཚན་༢།  གསུམ་པ་དཀྱིལ་འཁོར་སྐོར་ལ་ཆོས་ཚན་༢། བཞི་པ་དབང་གཙོ་བོར་སྟོན་པའི་མན་ངག་སྐོར་ལ་ཆོས་ཚན་༢༧།  ལྔ་པ་དམ་ཚིག་སྟོན་པའི་མན་ངག་སྐོར་ལ་ཆོས་ཚན་༡༢། དྲུག་པ་ཕྲིན་ལས་གཙོ་བོར་སྟོན་པའི་མན་ངག་སྐོར་ལ་ཆོས་ཚན་༢༨། བདུན་པ་སྒྲུབ་པ་གཙོ་བོར་སྟོན་པའི་མན་ངག་སྐོར་ལ་ཆོས་ཚན་༢༣།  ཁྲོ་བོའི་སྐོར་ལ་ཆོས་ཚན་༥། བརྒྱད་པ་ཏིང་ངེ་འཛིན་གཙོ་བོར་སྟོན་པའི་མན་ངག་སྐོར་ལ་ཆོས་ཚན་༡༩། དགུ་པ་མཆོད་པ་གཙོ་བོར་སྟོན་པའི་མན་ངག་སྐོར་ལ་ཆོས་ཚན་༧།  རྒྱ་འགྱུར་དང་བཀའ་བཙན་མི་བཙན་འདྲ་བའི་བོད་ཀྱི་བསྟན་བཅོས་ལས། རྒྱུད་ཀྱི་འགྲེལ་ཀྱི་སྐོར་ལ་ཆོས་ཚན་༣།  ཕྲ་མོའི་ནང་ཚན་ལྟ་བའི་སྐོར་ལ་ཆོས་ཚན་༡༠། དབང་སྐོར་ལ་ཆོས་ཚན་༡། དམ་ཚིག་སྐོར་ལ་ཆོས་ཚན་༡།  ཕྲིན་ལས་སྐོར་ལ་ཆོས་ཚན་༣།  སྒྲུབ་པའི་སྐོར་ལ་ཆོས་ཚན་༢། 

༈ ལུང་ཨ་ནུ་ཡོ་ག་འདུས་པ་ཆེན་པོ་མདོའི་སྐོར་ལ་ཆོས་ཚན་༡༧་བཅས་ཁྱོན་བསྡོམས་ཆོས་ཚན་༡༩༣བཅས་ལས་གྲུབ་པ་ཞིག་ཡིན།འདི་ནི་གོང་གི་སེ་བན་དཀར་ཆག་དང་མི་འདྲ་བར་མིང་ཡང་གསང་ཆེན་བཀའ་མའི་དཀར་ཆག་ཅེས་བཀོད་ཡོད་པ་དང་། མ་ཧཱ་ཡོ་ག་སྒྱུ་འཕྲུལ་གྱི་སྐོར་གཅིག་པུ་མིན་པར་ཨ་ནུ་ཡོ་ག་འདུས་མདོའི་སྐོར་གྱི་དཀར་ཆག་ཀྱང་འཁོད་ཡོད།  

གོང་གི་སེ་བན་རིན་ཆེན་རྒྱལ་མཚན་གྱི་དཀར་ཆག་ལ་ཡོད་ཅིང་ལོ་ཆེན་གྱི་དཀར་ཆག་ནང་མ་འཁོད་པའི་ཆོས་ཚན་༢༢།  ལོ་ཆེན་གྱི་དཀར་ཆག་ནང་འཁོད་ཅིང་སེ་བན་རིན་ཆེན་རྒྱལ་མཚན་གྱི་དཀར་ཆག་ནང་མ་འཁོད་པ་ཆོས་ཚན་༢༧། སེ་བན་རིན་ཆེན་རྒྱལ་མཚན་དང་ལོ་ཆེན་ཆོས་དཔལ་རྒྱ་མཚོ་གཉིས་ཀྱི་དཀར་ཆག་ནང་འཁོད་པ་ད་ལྟའི་ཆར་མ་རྙེད་པ་ཆོས་ཚན་༡༡༡། ཡང་སེ་བན་དང་ལོ་ཆེན་གཉིས་ཀྱི་དཀར་ཆག་ཏུ་མ་འཁོད་རུང་ད་ལྟ་གསར་རྙེད་སྒྱུ་འཕྲུལ་ཕྲ་སྐོར་དང་མདོ་ཕྲན་སྐོར་གྱི་དཔེ་རྙིང་ཆོས་ཚན་༣༧་ཡོད་པ་སོགས་ཞིབ་ཕྲ་ཟུར་དུ་ཤེས་པར་བྱ།  

སྔ་འགྱུར་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་གསུམ་པ།

རྒྱལ་སྲས་གཞན་ཕན་མཐའ་ཡས། 1800-1855

རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ་སྤྱི་ལོ་༡༨༠༠ལོར་སྐུ་འཁྲུངས། དེ་ནས་སྔགས་སྟོན་སྨོན་ལམ་དར་རྒྱས་དང་། འཇིགས་མེད་རྒྱལ་བའི་མྱུ་གུ ། གླིང་གྲུབ་ཆེན་བསོད་ནམས་སྦྱིན་པ། མང་དགེ་རབ་འབྱམས་པ་དགེ་ལེགས་ཡར་འཕེལ། གྲུབ་དབང་བྱང་ཆུབ་རྡོ་རྗེ། གཞོན་ནུ་འཇིགས་མེད་སྐལ་བཟང་། སྨིན་གླིང་རྡོར་འཛིན་འགྱུར་མེད་མི་ཕམ་དཔལ་བཟང་པོ་དང་། ལྷ་ལུང་པད་རི་སྤྲུལ་སྐུ། སྨིན་གླིང་ཁྲི་ཆེན་སོགས་དམ་པ་དུ་མའི་མདུན་ནས་གསན་བསམ་མཛད།  སྟོད་གངས་དཀར་ཏི་སེ་ནས་སྨད་རྒྱ་ནག་གླང་ཆེན་འགྱིང་རིའི་བར་གནས་ཆེན་གངས་བྲག་མཚོ་སོགས་ངེས་མེད་ཀྱི་དབེན་ཁྲོད་དུ་མར་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ཉམས་བཞེས་མཐར་ཕྱིན་མཛད།  མདོ་ཁམས་རྫོགས་ཆེན་ཤྲཱི་སིདྷ་ཆོས་གྲྭ་ཆེན་པོ་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་ལྷན་དུ་གསར་བསྐྲུན་གནང་། དབུས་གཙང་ཁམས་ཁུལ་ཀུན་ཏུ་མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ལུང་གི་རྒྱུན་རྣམས་དང་། ཁྱད་པར་དུ་ཀུན་མཁྱེན་རོང་ཟོམ་ཆོས་བཟང་གི་གསུང་འབུམ་གཙོ་བོར་གྱུར་པའི་དཔེ་རྙིང་རྣམས་འཚོལ་བསྡུ་གནང་སྟེ་ཤིང་སྤར་ལ་བཀོད་པ་དང་། མན་ངག་ལྟ་ཕྲེང་གི་དཔེ་ཆ་རྙེད་པ་ཞིབ་གཟིགས་གནང་བས། ཚིག་དོན་ཕུན་སུམ་ཚོགས་པར་གཟིགས་ཏེ་ངེས་ཤེས་ཐུན་མོང་མིན་པ་ཞིག་འཁྲུངས། དེའི་རྐྱེན་གྱིས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བཀའ་མའི་གཞུང་རྣམས་ཕྱོགས་སྒྲིག་བྱེད་རྒྱུའི་ཐུགས་འདུན་དྲག་པོ་ཞིག་རྙེད་པ་རྒྱུན་ཆགས་སུ་ཡོད་པའི་ཁར། ལྷ་ལུང་པད་རི་དགོན་དུ་ཟླ་ཤས་བཞུགས་སྐབས་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དམ་པ་དེ་ཉིད་ཀྱིས་སྐུ་གསུང་ཐུགས་རྟེན་གཙོ་བོར་གྱུར་པའི་དངོས་རྫས་དུ་མའི་འབུལ་བ་དང་བཅས་ཏེ། སྔ་འགྱུར་བཀའ་མའི་དབང་ལུང་དང་དཔེ་རྒྱུན་རྣམས་ཕྱོགས་བསྡུ་བྱེད་པར་ཡང་ཡང་བསྐུལ་བ་དང་། ཀོང་ཡུལ་ང་ཕོད་མི་རྗེའི་གདུང་རྒྱུད་ཟླ་བ་ཚེ་བརྟན་རྒྱལ་པོས་ཀྱང་བསྐུལ་མ་ཞུས། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་གི་གདུང་འཛིན་ཁྲི་རབས་དྲུག་པ། འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་ཡང་ཡང་བསྐུལ་བས།སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་ཡང་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་བྱུང་བ་སོགས། ལྷ་དང་སྲུང་མས་བསྐུལ་བའི་གཟིགས་སྣང་མང་པོ་བྱུང་བས། ཁམས་དབུས་ཀུན་ཏུ་བཞུགས་པའི་དཔེ་ལུང་གི་རྒྱུན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཤིང་པར་ལ་བཀོད་གནང་མཛད།  དགུང་ལོ་ལྔ་བཅུ་ང་ལྔ་རབ་བྱུང་བཅུ་བཞི་པའི་ཤིང་ཡོས་སྤྱི་ལོ་༡༨༥༥པར་ཞི་བར་་གཤེགས་སོ། །

སློབ་མ། དཔལ་སྤྲུལ་རིན་པོ་ཆེ། མཁན་པོ་པདྨ་རྡོ་རྗེ། ཞེ་ཆེན་པཎྜི་ཏ་མཐུ་སྟོབས་རྣམ་རྒྱལ། སྨིན་གླིང་ཁྲི་ཆེན་སངས་རྒྱས་ཀུན་དགའ། རྡོ་རྗེ་བྲག་རིག་འཛིན་ཆེན་མོ། ལྷ་ལུང་པད་རི་སྤྲུལ་སྐུ། བླ་མ་པདྨ་དམ་ཆོས་འོད་ཟེར་སོགས་མང་པོ་བྱོན། 

གསུང་འབུམ་པོད་གཉིས་ལ་ཆོས་ཚན་བརྒྱད་ཅུ་ཙམ་བཞུགས། 

ཁོང་གིས་ཕྱོགས་བསྒྲིགས་གནང་བའི་བཀའ་མའི་སྒྲིག་སྟངས་ཀྱི་གོ་རིམ་ནི་རྙིང་ལུགས་ཐེག་རིམ་དགུའི་བཀའ་སྲོལ་ལྟར་དང་། རྩ་བའི་ས་བཅད་གཅིག་སྟེ་ཆོག་འཕྲིན་སྐོར་གཙོ་བོར་བྱས་པའི་པོ་ཏི་དགུ་ལ་ལྡེབ་གྲངས་སུམ་སྟོང་ལྷག་ཙམ་ཞིག་ཡོད།  འདིའི་ཤིང་སྤར་གྱི་བུ་དཔེ་ནི་དེང་སྐབས་ཕོ་བྲང་པོ་ཏ་ལར་ཚར་གཅིག་དང་། པེ་ཅིང་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཆ་མ་ཚང་བ་ཞིག་བཞུགས་པ་ཙམ་དུ་ཟད། འདིར་ཆོ་ག་གཅིག་པུ་ལས་རྒྱུད་གཞུང་དང་འགྲེལ་པ་མན་ངག་སྐོར་གཅིག་ཀྱང་མ་བཞག་པའི་གནད་དོན་དང་། ཁོང་གི་རྣམ་ཐར་ལས་བཀའ་མའི་དཔེ་རྙིང་འཚོལ་སྐབས་རྒྱུད་གཞུང་གི་འགྲེལ་བ་མང་པོ་ཞིག་རྩད་འཚོལ་གནང་ཡོད་པ་དང་། ཐོག་མར་རྫོགས་ཆེན་དགོན་ནས་གུ་རུའི་གསུང་མན་ངག་ལྟ་ཕྲེང་པོད་གཅིག་རྙེད་པ་དང་།  སྨིན་གླིང་དུ་འབྲེལ་འདྲིས་ཟབ་པ་མ་ཚད་དཔེ་རྙིང་མང་པོ་ཞིག་རྙེད་ཚུལ་གསུངས་ཡོད་རུང་།   སྨིན་གླིང་ལོ་ཆེན་གྱིས་བཀའི་མའི་དཀར་ཆག་ནོར་བུའི་དོ་ཤལ་ནང་གསལ་བའི་ཆོས་སྐོར་ཙམ་ཡང་བཀོད་མེད་པ་མ་ཟད།  ས་བཅད་དུ་ཡང་ཆོག་འཕྲིན་གཅིག་པུ་ལས་མེད་པ་སོགས་ལ་ཞིབ་བཤད་དགོས་པ་མང་ཡང་ཡི་གེར་འཇིགས་ནས་ཟུར་དུ་གླེང་བར་བྱའོ། །  

དཀར་ཆག་བཀའ་མ་ཐེག་རིམ་དགུའི་འཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་པ་པདྨ་དམ་ཆོས་འོད་ཟེར་གྱིས་མཛད་པ་ཞིག་ཡོད།    

སྔ་འགྱུར་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་བཞི་པ།

སྔ་འགྱུར་བཀའ་མ་རིན་པོ་ཆེའི་རྒྱུད་སྡེ་སུམ་ཅུའི་སྨིན་གྲོལ་བཅས་གསན།

རྒྱ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན། 183-1892

དཔལ་ཡུལ་རྒྱ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན་ནི་བོད་རབ་བྱུང་བཅུ་བཞི་བའི་ལྕགས་སྟག་སྤྱི་ལོ་༡༨༣༠ལ་སྐུ་འཁྲུངས།དགུང་ལོ་བཅུ་གཉིས་པར་དཔལ་ཡུལ་བའི་གདན་སར་ཕེབས་པར།  རྗེ་ཀརྨ་འགྱུར་མེད་དང་།སི་ཏུ་པདྨ་ཉིན་བྱེད་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། དགེ་མང་གསོལ་དཔོན་པདྨ། མངའ་རིས་བླ་མ་ཀུན་དགའ་འཇམ་དབྱངས་སོགས་བཤེས་གཉེན་དུ་མའི་མདུན་ནས་གསན་བསམ་རྒྱ་ཆེར་གནང་། དཔལ་ཡུལ་དར་ཐང་མདོ་སྔགས་བཤད་སྒྲུབ་གླིང་གི་ཆོས་སྡེ་ཆེན་པོ་གསར་བསྐྲུན་གནང་བ་དང་། དཔལ་ཡུལ་མ་དགོན་དུ་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་བཤད་པ་དང་། སྒྲུབ་མཆོད་དཀྱིལ་འཁོར་སུམ་ཅུ་ཙམ་གྱི་རྒྱུན་གསར་འཛུགས་མཛད་པ། སྔ་འགྱུར་བཀའ་མ་ཐེག་རིམ་དགུའི་རྒྱུད་གཞུང་དང་འཕྲིན་ཆོག་མཐའ་དག་བསྡུ་རུབ་གནང་སྟེ། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་དུ་ཤིང་སྤར་ལ་བརྐོ་རྒྱུའི་འགོ་བརྩམས་མཐར།དགུང་གྲངས་དྲུག་ཅུ་རེ་གསུམ་པ་བོད་རབ་བྱུང་བཅོ་ལྔ་བའི་ཆུ་འབྲུག་སྤྱི་ལོ་༨༩༢ལ་ཞི་བར་གཤེགས་སོ། །

སློབ་མ། སྒ་རྗེ་བླ་མ་བཀྲ་ཤིས་རྒྱ་མཚོ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། ཞེ་ཆེན་རབ་འབྱམས་ལྔ་པ། གཟི་འགགས་སྤྲུལ་སྐུ། ཞེ་ཆེན་རྒྱལ་ཚབ། ལྕགས་ལ་མཁན་པོ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་མང་པོ་བྱོན། 

གསུང་རྩོམ་ལ། གཟའ་ཡུམ་གྱི་དབང་ཆོག་དང་། དྲི་མེད་རྣམ་གཉིས་ཀྱི་དཀྱིལ་ཆོག་སོགས་ཡོད། 

དེ་ཡང་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་བཀའ་མ་ཕྱོགས་སྒྲིག་ཐེངས་གསུམ་པ་ཤིང་སྤར་ལ་བརྐོས་ནས་ལོ་སུམ་ཅུ་འཁོར་བ། རྗེ་འདི་ཉིད་དགུང་ལོ་བཞི་བཅུ་རྩ་ལྔ་བཞེས་པ་བོད་རབ་བྱུང་བཅོ་ལྔ་བའི་ཤིང་ཕོ་ཁྱི་སྤྱི་ལོ་༨༧༤ལ་དབུ་འཛུགས་གནང་སྟེ་པོ་ཏི་བཅོ་ལྔ་ཙམ་ཞིག་གྲུབ་ཀྱང་མཛད་པ་འཕྲོ་ཅན་དུ་གྱུར།དེ་ནས་གདན་རབས་བཅུ་པ་ཀརྨ་ཐེག་མཆོག་སྙིང་པོས་མཇུག་སྐྱོང་གནང་སྟེ།སྔར་ཞུས་དག་འཕྲོ་ཅན་དུ་གྱུར་པ་སྒྱུ་འཕྲུལ་ཕྲ་མོ་དྲུག་ཅུའི་སྐོར་དང་། མདོ་འགྲེལ་མུན་པའི་གོ་ཆ། སྒེག་རྡོར་གྱི་སྤར་ཁབ། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་སོགས་པོད་བཅུ་ཙམ་ཞིག ཁ་སྐོང་གི་ཚུལ་དུ་གསར་བསྐྲུན་གནང་སྟེ་ཁྱོན་བསྡོམས་པོ་ཏི་ཉེར་ལྔ་ཤིང་སྤར་ལ་བཀོད་གནང་མཛད་ཅེས་གསལ།སྒྲིག་སྟངས་ཀྱི་གོ་རིམ་ནི་སྔར་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རྩ་བའི་ས་བཅད་ཆོག་འཕྲིན་གྱི་སྟེང་དུ། རྗེ་འདི་ཉིད་ཀྱིས་གཞུང་པོད་ཀྱི་སྐོར་ཞེས་ས་བཅད་གཅིག་གསར་སྣོན་མཛད་ནས། གཞུང་མན་ངག་གི་སྐོར་དང་རྒྱུད་འགྲེལ་སོགས་པོད་བཅུ་དྲུག་གསར་བསྣན་མཛད་དེ་ཁྱོན་པོད་༢༥་ལས་གསར་འཛུད་ཀྱིས་ཆོས་ཚན་༡༩༣་ལ་ཤིང་སྤར་དུ་བཀོད་པའི་བུ་དཔེ། ད་ལྟ་ཉག་རོང་འབྱུང་ཁུང་དགོན་དུ་པོད་༢༤བཞུགས་པ་ཙམ་ལས་ཆ་ཚང་བ་ཞིག་ད་སྔོན་མཐོང་ཐོས་ཀྱི་ཡུལ་དུ་མ་བྱུང་།

མཁན་ཆེན་པདྨ་རྡོ་རྗེའི་གསུང་ལ་གཞི་བྱས་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་ཞེས་པ་ཞིག་ར་འགོ་སྤྲུལ་སྐུའི་བརྩམས།  

སྐབས་འདིར་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་དུ་འཁོད་ཅིང་ད་ལྟའི་དཔེའི་ནང་མེད་པ་ཆོས་ཚན་༡༠༠ཙམ་དང་།   དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་དུ་མ་འཁོད་རུང་ད་ལྟའི་དཔེ་ཆའི་ནང་ཡོད་པ་ཆོས་ཚན་༤༣ཙམ་ཡོད་ལ།   གོང་གསལ་ལྟར་རྒྱ་སྤྲུལ་རིན་པོ་ཆེའི་བཀའ་མའི་ཡིག་ཆ་ཤིང་སྤར་པོད་བཅོ་ལྔ་ཙམ་བརྐོས་རྗེས་མཛད་པ་འཕྲོ་ཅན་དུ་གྱུར་པ་དང་།    དེ་རྗེས་ཀརྨ་ཐེག་མཆོག་སྙིང་པོས་མཇུག་བསྐྱངས་ཚུལ་དང་།   ར་འགོ་སྤྲུལ་སྐུའི་དཀར་ཆག་རྩོམ་སྒྲིག་གནང་བ་སོགས་ཀྱི་བར་དུས་ཡུན་རིང་པོར་འགོར་འགྱངས་སུ་གྱུར་པ་དང་།  སྔ་འགྱུར་བཀའ་མའི་ཆོག་སྒྲིག་མགོ་རྩོམ་པ་པོ་དང་མཇུག་སྐྱོང་བ་པོ། དཀར་ཆག་རྩོམ་སྒྲིག་གནང་མི་གསུམ་གཅིག་གྱུར་གྱི་འཆར་གཞི་མ་བྱུང་བ་བཅས་ཀྱིས་དཔེ་ཆ་དངོས་དང་དཀར་ཆག་བསྟུན་མི་ཐུབ་ས་མང་བ་དང་།   ཤིང་སྤར་ལ་བཀོད་ཟིན་པ་རྣམས་ཀྱང་ཞུ་དག་མཐར་ཕྱིན་པ་མ་ཐུབ་ས་མང་བ་མ་ཟད་ཆོས་ཚན་འགའ་ཤས་ལ་སྤར་ཤིང་ཐོག་ནག་ཐིག་ལུས་པའང་མང་།  ད་ལྟ་དཔེ་གཅིག་པུ་འདི་ལས་མེད་པ་དེ་ལ་གཞིག་ན་བཅོས་བསྒྱུར་དུས་ཟིང་དབང་གིས་ལེགས་གྲུབ་མ་ཐུབ་པའི་རྣམ་པ་མངོན་གསལ་དུ་ཡོད།སྔ་འགྱུར་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་བཞི་བ་འདིའི་ས་བཅད་འཇོག་སྟངས་ལ་ཆོག་འཕྲིན་དང་། གཞུང་པོད་གཉིས་སུ་ཕྱེས་ཏེ་ནང་དོན་ལའང་དེ་བཞིན་ཆོ་ག་དང་གཞུང་མན་ངག་གི་སྐོར་ཚོ་གཉིས་སུ་བཞུགས་ཡོད་པ་འདི་ནི།  སྨིན་གླིང་ལོ་ཆེན་དཀར་ཆག་དང་པདྨ་དམ་ཆོས་འོད་ཟེར་གྱི་དཀར་ཆག་གཉིས་གཞུང་དང་ཆོ་ག་ཕྱོགས་རེ་བར་གྱུར་པ་གཅིག་ཏུ་འདུས་ཏེ་སྔ་འགྱུར་བཀའ་མའི་ཡིག་ཆ་མ་ལག་དང་ལྡན་པ་ཞིག་དངོས་སུ་ཆགས་པ་སོགས་ཞིབ་བཤད་དགོས་པ་མང་ཡང་ལོགས་སུ་ཤེས་པར་འགྱུར་བའོ། །  

སྔ་འགྱུར་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་ལྔ་བ།

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། 1904-1987

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ནི་རབ་བྱུང་བཅོ་ལྔ་བའི་ཤིང་འབྲུག་སྤྱི་ལོ་༡༩༠༤ལ་པདྨ་བཀོད་ཀྱི་ཉེ་འདབས་སུ་སྐུ་འཁྲུངས། དེ་ནས་ཕུ་ཁུང་སྤྲུལ་སྐུ་འགྱུར་མེད་ངེས་དོན་དབང་པོ་དང་། རྟོགས་ལྡན་བསྟན་པ་རབ་རྒྱས། རྗེ་དྲུང་བྱམས་པ་འབྱུང་གནས། སྤྲུལ་སྐུ་ཀུན་བཟང་ཐེག་མཆོག སྔགས་བཙུན་དགེ་འདུན་རྒྱ་མཚོ་སོགས་བཤེས་གཉེན་དུ་མའི་མདུན་ནས་གསན་བསམ་དཔྱིས་ཕྱིན་པ་གནང་སྟེ།སྦས་ཡུལ་མཁན་པ་ལྗོངས་དང་བུདྡྷ་ཚེ་ཕུག་རྣམས་སུ་ཕུར་པ་དང་ཚེ་སྒྲུབ་གནང་བས་གྲུབ་པའི་མཚན་མ་བརྙེས། རྗེ་འདི་ཉིད་ལ་ཟབ་གཏེར་རྩ་གསུམ་དང་བླ་རྫོགས་ཐུགས་གསུམ་སོགས་དགོངས་གཏེར་དུ་མ་བབས་ཀྱང་། རྩ་སྒྲུབ་ཙམ་རེ་ཕབ་པ་ལས་གཏེར་གསར་གྱི་རྩོལ་བ་མ་མཛད་པར་གཏེར་རྙིང་ཁོ་ན་སྐྱོང་བ་དང་།རྙིང་མ་རྒྱུད་འབུམ་དང་བཀའ་མ་རྣམས་ཀྱིས་མཚོན་སྨིན་གྲོལ་ཟབ་ཁྲིད་ཀྱི་གདམས་པ་རྒྱ་ཆེར་སྤེལ། 

ཁྱད་པར་དུ་གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མ་རིན་པོ་ཆེའི་དཔེ་རྒྱུན་དང་། སྨིན་གྲོལ་གྱི་རྒྱུན་རྣམས་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་དང་དགོངས་མཐུན་གྱིས་བསྡུ་རུབ་མཛད་དེ་འཆད་སྤེལ་གནང་བ་དང་། ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ནས་སྦྱིན་བདག་གི་མཐུན་རྐྱེན་ཞུས་ཏེ་སྨིན་གྲོལ་ཡོངས་རྫོགས་འཆད་སྤེལ་མཛད་དེ། དགུང་གྲངས་བརྒྱད་ཅུ་གྱ་གསུམ་མེ་ཡོས་སྤྱི་ལོ་༡༩༨༧ལ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །

གསུང་འབུམ་ལ། པོད་ཉེར་ལྔ་ཙམ་ཡོད །

ཞལ་སློབ། བྱ་བྲལ་སངས་རྒྱས་རྡོ་རྗེ། གྲུབ་དབང་པད་མ་ནོར་བུ་རིན་པོ་ཆེ། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། སྨིན་གླིང་ཁྲི་ཆེན། ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེ། རིགས་སྲས་ཕྲིན་ལས་ནོར་བུ་སོགས་མང་།  

བཀའ་མ་ཕྱོགས་བསྒྲིགས་ཐེངས་ལྔ་བའི་སྒྲིག་སྟངས་ནི་ཐེག་པ་རིམ་དགུའི་ཡིག་ཆ་རྣམས་གོ་རིམ་མ་འཁྲུགས་པར་སྔ་མ་ལྟར་ལ། རྩ་བའི་ས་བཅད་དང་པོ་ཆོག་འཕྲིན་དང་། གཉིས་པ་གཞུང་པོད་གཉིས་ཆར་ལ་བཀའ་མ་རྩ་གཞུང་ཞེས་ས་བཅད་གཅིག་བྱས། དེའི་སྟེང་དུ་རྒྱབ་ཆོས་ཞེས་པའི་ས་བཅད་གསར་པ་གཅིག་ཁ་སྣོན་གནང་བའི་ནང་། མདོ་སྒྱུ་སེམས་གསུམ་གྱི་རྒྱུད་འགྲེལ་དཔེ་དཀོན་རྣམས་གཙོ་བོར་གྱུར་པའི་ཡིག་ཆ། གླེགས་བམ་སུམ་ཅུ་ཙམ་ཞིག་ཁ་གསབ་གནང་བས།སྔར་གྱི་གླེགས་བམ་ཉེར་ལྔ་བཅས་བསྡོམས་པས་གླེགས་བམ༥༨་ལས་གྲུབ་པ། ལག་བྲིས་སྤུས་ལེགས་ཤིག་དེང་སྐབས་མཇལ་རྒྱུ་ཡོད་པ་འདི་རྣམས་ཡིན།  

བཀའ་མ་ཕྱོགས་བསྒྲིགས་ཐེངས་བཞི་བ་རྒྱ་སྤྲུལ་རིན་པོ་ཆེའི་གནང་བའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་རྫིང་དུ་ཡོད་ཅིང་། བཀའ་མ་ཕྱོགས་བསྒྲིགས་ཐེངས་ལྔ་བདུད་འཇོམས་རིན་པོ་ཆེའི་དཀར་ཆག་ནང་མེད་པ་ཆོས་ཚན་༡༢༣།   བཀའ་མ་ཕྱོགས་བསྒྲིགས་ཐེངས་ལྔ་བདུད་འཇོམས་རིན་པོ་ཆེའི་གསར་དུ་ཁ་གསབ་གནང་བ་པོད་སུམ་ཅུ་སོ་གསུམ་ལ་ཆོས་ཚན་༡༨༦་ཙམ་ཡོད།    

སྔ་འགྱུར་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་དྲུག་པ།

མཁན་མུན་སེལ་རིན་པོ་ཆེ་མཆོག་ནི་བོད་རབ་བྱུང་བཅོ་ལྔ་བའི་མེ་འབྲུག་ལོ་སྤྱི་ལོ་༡༩༡༦ལོར་སྐུ་འཁྲུངས། སྐུ་ན་ཕྲ་མོ་ནས་གཡུང་ཤུལ་བླ་མ་གསུང་མཆོག་རྡོ་རྗེ་དང་། སེ་ཤུལ་བླ་མ་ཆོས་སྐུ། མཁན་པོ་འཇམ་དཔལ་རྒྱ་མཚོ་སོགས་ལས་གསན་བསམ་མཛད། དེ་ནས་ཀཿཐོག་རྒྱུད་སྡེ་བཤད་གྲྭར་ཕེབས་ནས་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས་དང་།  མཁན་པོ་ངག་དབང་དཔལ་བཟང་། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ།ཕྱག་སྤྲུལ་པདྨ་འཕྲིན་ལས་རྒྱ་མཚོ། འཇུ་དགོན་སྤྲུལ་སྐུ་ཨོ་རྒྱན་བསྟན་འཛིན། ཀཿཐོག་དབོན་སྤྲུལ་ཚུལ་ཁྲིམས་ཡོན་ཏན་རྒྱ་མཚོ།མཁན་པོ་དངུལ་མཁར་ཤེས་རབ་སོགས་ལས་མདོ་རྒྱུད་མན་ངག་རྒྱ་མཚོ་ལྟ་བུ་ལ་གསན་བསམ་དང་ཐུགས་དམ་ཉམས་བཞེས་གནང་། ལྷག་པར་དུ་མཁན་པོ་ངག་ཆུང་མདུན་ནས་རྫོགས་པ་ཆེན་པོ་ཀ་དག་ཁྲེག་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཕྱག་བཞེས་ཐུན་མིན་དམར་ཁྲིད་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་བ་ཉམས་བཞེས་གནང་། ཕྱིས་སུ་རྒྱལ་བསྟན་སླར་གསོའི་སྐབས་སུ་མདོ་དབུས་ཁམས་ཀུན་གྱི་སློབ་ཚོགས་ཁྲི་ལས་བརྒལ་བར། རྗོགས་ཆེན་གྱི་ཉམས་ལེན་དམར་ཁྲིད་དུ་གནང་སྟེ་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་གསལ་བར་མཛད་མཐར་བོད་རབ་བྱུང་༡༧པའི་ཆུ་བྱ་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔ། སྤྱི་ལོ༡༩༩༣ལ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །

གསུང་རྩོམ་ལ། བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོའི་སྤྱི་དོན་དང་། འབྲུ་འགྲེལ། ཞལ་གདམས་བསླབ་བྱའི་སྐོར་སོགས་ཡོད། 

ཞལ་སློབ། མཁན་པོ་བསྟན་པ་དར་རྒྱས། ཁྲ་གླིང་མཁན་པོ་པདྨ་བློ་གྲོས་སོགས་མང་། 

ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན། 1929-2001

ཁོང་ནི་ཀཿཐོག་རྡོ་རྗེ་གདན་གྱི་ཉེ་ཞོལ་དུ་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་སྤྱི་ལོ་༡༩༢༩ལ་སྐུ་འཁྲུངས། ཆུང་དུས་ནས་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས་དང་། ཀཿཐོག་མཁན་པོ་ལེགས་བཤད་འབྱོར་ལྡན། མཁན་པོ་ཤེས་རབ་རབ་གསལ། འགྱུར་མེད་བསྟན་པ་རྣམ་རྒྱལ། མཁན་པོ་ངག་ཆུང་། གདུང་སྲས་རིག་འཛིན་རྣམ་རྒྱལ། གཏེར་སྲས་ཆོས་དབྱིངས་རྡོ་རྗེ། པདྨ་ཐུགས་རྗེ་དབང་ཕྱུག་དང་། སྨིན་གླིང་ཁྲི་ཆེན། མཁན་པོ་ནུས་ལྡན། མཁན་པོ་རྒྱལ་མཚན་འོད་ཟེར་སོགས་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ཏེ་གསན་བསམ་གནང་། བླ་མ་དཔལ་ལྡན་ཡེ་ཤེས་མདུན་རྫོགས་ཆེན་ཁྲེགས་ཆོད་དང་། ཐོད་རྒལ་གྱི་གདམས་ཁྲིད་རྣམས་ལྷག་ལུས་མེད་པར་གསན་ཏེ་ཉམས་བཞེས་མཛད།  དེ་ནས་ཀཿཐོག་པའི་སྒྲུབ་གྲྭ་གཙོ་བོར་གྱུར་པའི་དགེ་འདུན་ཁྲི་སྟོང་མང་པོར་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་མན་ངག་མང་པོ་གནང་། ཁྱད་པར་དུ་མཁན་མུན་སེལ་རིན་པོ་ཆེའི་དགོངས་བཞེད་ལྟར། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་སྐོང་གི་དཔེ་རྙིང་རྣམས་འཚོལ་བསྡུ་དང་པར་བསྐྲུན་གནང་མཐར་དགུང་ལོ་བདུན་ཅུ་དོན་གསུམ་ལ་ཕེབས་པ་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ། སྤྱི་ལོ༢༠༠༡ལ་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །

གསུང་རྩོམ་ལ། ཀཿཐོག་ཆོས་འབྱུང་སོགས་པོད་ཉི་ཤུ་ཙམ་ཡོད། 

ཞལ་སློབ། ཀཿཐོག་མཁན་པོ་བསོད་ནམས་བསྟན་པ། མཁན་པོ་ཚེ་ལུ། མགོ་ལོག་མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་མང་།

དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢་ལོའི་ཟླ་བཅུ་གཅིག་པའི་ཚེ་༡༥་ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་།པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་།སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་། དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི།སྔ་འགྱུར་བཀའ་མ་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་།དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་།དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ།དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་རྗེས་ཚེ་རིང་རྒྱ་མཚོ་དང་གྲོས་མོལ་ཀྱིས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་བཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བར། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས།ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ། བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ།སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །

དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། གྲོགས་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་རུ་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས།སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། སྤྲུལ་སྐུ་བློ་དགའ་སོགས་ཀྱིས་མཐུན་འགྱུར་རོགས་རམ་ཞུས་པ་བརྒྱུད་ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། གླེགས་བམ་བརྒྱ་དང་ཉི་ཤུ་ཅན་ཞིག་ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ།སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།

བཀའ་མ་ཕྱོགས་བསྒྲིགས་གླེགས་བམ་བརྒྱ་དང་ཉི་ཤུ་ཅན་དེ་ལ་གཞི་བཟུང་ནས་དཔལ་ཡུལ་མཆོག་སྤྲུལ་ཐུབ་བཟང་མཆོག་ནས་ཤིང་སྤར་ལ་བཀོད་གནང་བའི་དཀར་ཆག་རིན་ཆེན་ནོར་བུའི་དོ་ཤལ་ཞེས་པ་མཁན་པོ་ཚེ་དབང་གིས་བྲིས་པ་ཞིག་ཡོད།   

ཡང་ཚེ་རིང་རྒྱ་མཚོ་མཆོག་ནས་བཀའ་མ་ཕྱོགས་བསྒྲིགས་གླེགས་བམ་བརྒྱ་དང་ཉི་ཤུ་ཅན་གཞི་བཟུང་ཐོག ཆོས་གསར་པ་འགའ་ཤས་ཁ་གསབ་ཀྱིས་གློག་ཀླད་ནང་དུ་བཅུག་སྟེ་གླེགས་བམ་༡༣༠ཅན་ཞིག་ཟི་ཁྲོན་མི་རིག་དཔེ་སྐྲུན་ཁང་སྤར་བསྐྲུན་ཞུས་པའི་དཀར་ཆག སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་དཀར་ཆག་དྭངས་གསལ་མེ་ལོང་ཞེས་པ་ཞིག་ཡོད།   

གོང་གསལ་ལྟར་རྩ་བའི་ཆ་ནས་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་དྲུག་བྱུང་བ་ལ་དཀར་ཆག་ཡང་དྲུག་ཡོད་པ་མ་ཟད།  ཕྱོགས་བསྒྲིགས་ཐེངས་དྲུག་པ་དེ་ཤིང་སྤར་དང་གློག་སྤར་གྱིས་སྤར་བསྐྲུན་ཞུས་པའི་དཀར་ཆག་གཉིས་བཅས་དཀར་ཆག་བརྒྱད་ཙམ་ཞིག་ཡོད།  འོན་ཀྱང་དཀར་ཆག་དེ་དག་སྲོལ་རྒྱུན་ཆོས་འབྱུང་ལྟར་བྲིས་གནང་བ་ལས་ཞིབ་མོའི་སྒོ་ནས་འཇུག་མ་ཐུབ་པའི་རྐྱེན་གྱིས་གཅིག་མཚུངས་ལས་དམིགས་བསལ་གྱི་ཁྱད་ཆོས་མངོན་མ་ཐུབ་པ་དང་། བླ་མའི་མཚན་འདྲ་བ་ལ་གོ་ནོར་ཤོར་བ་དང་སྡེ་ཚན་དབྱེ་བའི་སྐབས་སུ་གོ་རིམ་ནོར་བ་སོགས་ཀྱང་མི་ཉུང་བ་ཞིག་ཡོད།  དཔེ་ཆ་གཞུང་གི་ནང་དོན་ལ་དཔེ་གཅིག་ཙམ་ལས་མང་པོ་དཔེ་བསྡུར་བྱ་བའི་མཐུན་རྐྱེན་མ་འཛོམས་པའི་དབང་གིས། ཡིག་ལྡེབ་རེ་ཟུང་དང་ཡིག་ཕྲེང་འགའ་ཤས་ཆད་པའང་ཡོད་ལ་འབྲུ་ནོར་ནི་མང་བའི་ཚོད་དུ་སྣང་།   ཡང་དཔེ་མ་འཛོམས་པའི་དབང་གིས་བཀའ་མདོ་སྒྱུ་སེམས་གསུམ་གྱི་དཔེ་ཡིན་ངེས་པའི་ཆོས་ཚན་བརྒྱ་ལྷག་ཙམ་ཞིག་ཕྱོགས་བསྒྲིགས་ཐེངས་དྲུག་གི་སྐབས་འཛུད་མ་ཐུབ་པ་དང་། བཀའ་མ་དང་འབྲེལ་བ་དེ་ཙམ་མི་ཆེ་བའི་ཆོས་ཚན་ཡང་ནང་དུ་བཞུགས་པ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད།  ད་ལྟའི་ཆར་ཆེས་གལ་ཆེ་བ་ནི་བཀའ་མའི་སྐོར་གྱི་ལོ་རྒྱུས་རྣམ་ཐར་དང་། གསན་ཡིག གཞུང་དངོས་ཀྱི་མཛད་བྱང་སོགས་གུང་བསྒྲིགས་ནས་ཞིབ་མོའི་སྒོ་ནས་འཇུག་པ་དང་།    མ་དཔེའི་དཔེ་གཞི་མི་འདྲ་བ་གང་རྙེད་རྙེད་དཔེ་བསྡུར་བྱ་རྒྱུ་ནི་ཤིན་ཏུ་གལ་ཏེ་གནའ་བོའི་དཔེ་རྙིང་དག་ལའང་ཆད་ལྷག་ཤོར་བ་ནི་མི་ཉུང་བ་ཡོད།   ད་སྔོན་ཕྱོགས་བསྒྲིགས་ཐེངས་དྲུག་པའི་དཔེ་འདི་ཙམ་ཞིག་ཡང་དུ་བསྐྱར་སྤར་གྱིས་སྤར་བསྐྲུན་མང་པོ་བྱས་པ་ཡིན་ན་དམིགས་བསལ་གྱི་ཁྱད་ཆོས་མངོན་མི་ཐུབ་པ་ནི་ཤེས་དགོས་པ་ཞིག་རེད།   གལ་སྲིད་ལས་གཞི་འདིའི་སྐོར་ལ་འཇུག་འདོད་ཡོད་པ་རྣམས་ཀྱིས་མཁྱེན་དགོས་པ་ཞིག་ནི་གོང་གསལ་ལྟར་ཞིབ་འཇུག་དང་དཔེ་བསྡུར་གྱི་སྒོ་ནས་བྲེལ་ཚབ་མི་ཆེ་བར་སྤུས་ཚད་གཙོ་བོར་འཛིན་པའི་སྒོ་ནས་ལས་གཞི་ཞིག་གཉེར་ཐུབ་པ་ཡིན་ན་ཕན་འབྲས་ཆེན་པོ་ཡོད་པ་ནི་བཤད་མ་དགོས་པ་རེད།  ད་ལྟ་དཀར་ཆག་སོགས་ཆ་འཕྲིན་དག་ལས་མཐོང་ཐོས་བྱུང་བ་བཀའ་མ་ཡིན་ངེས་ཀྱི་ཡིག་ཆ་ཆ་ཚང་འཛོམས་ཐུབ་ན་གླེགས་བམ་ཉིས་བརྒྱ་ལྷག་ཙམ་ཡོད་ཚོད་ལ།  འོན་ཀྱང་གླེགས་བམ་གྱི་གྲངས་འབོར་གཙོ་བོ་མ་ཡིན་པར་བཀའ་མ་མདོ་སྒྱུ་སེམས་གསུམ་དང་འབྲེལ་པའི་ཡིག་ཆ་དཔེ་དཀོན་ཡིན་དགོས་པ་ནི་ཤིན་ཏུ་གལ་ཆེ།   སྤྱིར་ཡིག་ཆས་ཕོངས་ནས་བསྡད་པ་ཞིག་མིན་པ་ནི་ཤེས་གསལ་དང་ལྷག་དོན་ཡིག་རྙིང་འདིའི་རིགས་སྤྱོད་སྒོ་ག་ཚོད་ཡོད་མེད་མི་ཤེས་རུང་།  སྤྱོད་སྒོ་ཆེ་ཆུང་ལ་མི་ལྟོས་པར་ཡབ་མེས་གོང་མ་རྣམས་ཀྱི་དངུལ་ཁྲག་ལས་བསྐྲུན་བའི་ཤུལ་བཞག་རྣམས་རྒྱུན་འཛིན་བྱ་རྒྱུ་ནི་འོས་འགན་ཞིག་རེད། ཁོ་བོའི་སྤྱི་ལོ༡༩༩༢་ལོར་ཀཿཐོག་ཏུ་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན་དབང་ལུང་སྐབས་བཀའ་མའི་དཔེ་དཀོན་ལ་དོ་སྣང་བྱུང་བ་ནས་བཟུང་། ལོ་༢༨ཙམ་གྱི་རིང་ཐོག་མར་ལས་ཀའི་དགོས་མཁོ་དང་བར་དུ་དགའ་ཕྱོགས་ཀྱི་དབང་གིས་དཔེ་རྙིང་འཚོལ་བསྡུ་བར་མ་ཆད་བྱས་པ་ཡིན།   ད་ལྟའི་ཆར་ཡང་དཔེ་རྙིང་རྩད་འཚོལ་དང་འབྲེལ་བའི་ཞིབ་འཇུག་བྱ་རྒྱུ་གཙོ་བོ་ཡིན་པ་ལས་མགྱོགས་མྱུར་དཔེ་བསྐྲུན་གྱི་འཆར་གཞི་མེད།  མ་གཞི་དཔེ་བསྡུར་དང་འབྲེལ་བའི་ཞིབ་འཇུག་གི་ལས་གཞི་གཉེར་ཐུབ་ན་དགེ་མཚན་ཆེ་བ་ལས་ད་ཡོད་ཀྱི་དཔེ་དེབ་ཚོ་བསྐྱར་སྤར་མང་པོ་བྱས་པ་ལ་དགོས་པ་མི་ཆེ་བས་ང་ཚོའི་ངེས་པར་དུ་རིག་པ་དྭངས་གསལ་གནང་དགོས། ཞེས་ཉེ་ལམ་མི་སྒེར་དང་ཚོགས་པ་འགའ་ཤས་ཀྱིས་སྔ་འགྱུར་བཀའ་མ་ཞིབ་འཇུག་ཁང་འཛུགས་རྒྱུ་ལ་དགེ་མཚན་ཡོད་མེད་དང་།    ཡང་འགའ་རེས་བསྐྱར་ཞུས་དང་འབྲེལ་སྤར་བསྐྲུན་བྱ་རྒྱུ་ཡིན་ཚུལ་དང་། ཁྱེད་རང་གི་བཀའ་མའི་དཔེ་རྙིང་གི་ལས་གཞིའི་དམིགས་ཚད་གང་ཡིན་དང་། མཉམ་ལས་བྱས་ན་འགྲིག་མིན་སོགས་དྲི་བ་འགའ་དང་། ཡང་ཞིབ་འཇུག་པ་དགེ་རྒན་དང་སློབ་མ་འགའ་ཤས་ཀྱིས་བཀའ་མའི་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་བྱུང་རིམ་ཞིག་དགོས་པར་བསྐུལ་བའི་ལན་མདོར་བསྡུས་ཙམ་ཞིག་ཕུལ་བའོ། །

༢༠༡༩ལོའི་ཟླ༡༠པའི་ཚེས་༡༨་ལ་ཀརྨ་བདེ་ལེགས་ཀྱིས།