རྡོག་སྒྲ༼མདོ་ལྷོ།༽

བྱིས་པ་ཆུང་ཆུང་འདི་ཚོར་སྤྲུལ་སྐུ་ཞེས་པའི་མིང་བཏགས་པ་ནས་ཁོ་ཚོར་རང་གི་སྙིང་ཉེ་བའི་ཨ་མའི་ནུ་མ་ནུ་དབང་མེད་ལ་དྲིན་ཆེ་བའི་ཨ་མའི་རུམ་ཁ་དྲོན་མོ་ཡང་ལོངས་སུ་སྤྱོད་དབང་ཡང་མེད། ཉིན་དེ་ནས་བཟུང་ཁོར་སྐྱེ་བུ་ཆེན་པོ་ཞིག་གི་མཚན་སྙན་དང་ཆོ་ལོ་སྦྱར་ཡོད་པས། ཁོ་ནི་ཁོ་མིན་པར་མི་གཞན་ཞིག་གི་ཚབ་བྱེད་དགོས། ཁོས་རང་གིས་འདོད་པའི་འཚོ་བ་སྐྱེལ་མི་ཆོག་ལ་ཁོས་མི་ཚེ་ནི་སྔར་ནས་བཀོད་སྒྲིག་བྱས་ཚར་ཡོད། ཁོ་ལ་༼མི་ལུས་རང་དབང་༽དང་༼མི་ཚེ་རང་དབང་༽ཟེར་བ་ཞིག་མེད་དེ། ཁོའི་ཡོད་ཚད་སྤྲུལ་སྐུ་ཞེས་པའི་ཆོ་ལོ་ཆེན་པོ་འདིས་བཅོམ་ཚར། ཁོའི་འགྲོ་འདུག་དང་དགའ་སྐྱོ་ནི་འདས་ཟིན་པའི་སྐྱེ་བུ་ཆེན་པོ་དེའི་འགྲོ་འདུག་དང་དགའ་སྐྱོ་ཡིན། ཁོ་བགད་ན་ཁོ་མིན་ལ་ཁོ་ངུས་ན་ཡང་ཁོ་མིན། ཁོའི་རྣམ་འགྱུར་ཡོད་ཚད་ནི་ཞིང་ཁམས་གཞན་ན་བཞུགས་པའི་སྐྱེ་བུ་ཆེན་པོ་དེའི་ཡིན། ཁོའི་འགྲོ་འདུག་ཡོད་ཚད་དོགས་འཚེར་ཁྲོད་ན་ཡོད། ཁོས་སྐྱེ་བོ་ཆེན་པོ་དེའི་མིང་ལ་འགན་འཁུར་དགོས། ཁོས་སྤྲུལ་སྐུ་ཞེས་པ་དེའི་ཐོབ་ལ་འགན་འཁུར་དགོས། ཁོས་རང་གི་གོམ་ཁ་ལམ་ལ་མི་ཞོག་དུས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བདག་པོ་རྒྱག་དགོས། ཁོའི་རང་གི་གཉེན་ནང་མིའི་ངོ་ཡང་མི་ཟིན་དུས་ནས་འགྲོ་བ་རིགས་དྲུག་གི་བདེ་སྡུག་བསམ་དགོས། ཤི་བོ་ཚོའི་རྣམ་ཤེས་འདྲེན་དགོས། གསོན་པོ་ཚོའི་སྐྱིད་སྡུག་མཁྱེན་དགོས། ཁོའི་མི་ཚེ་ནི་གཞན་གྱི་ཆེད་དུ་སྐྱེལ་དགོས་ལ། ཁོའི་མི་ལུས་ནི་གཞན་གྱི་ལག་ན་ཡོད། ནང་ཆེན་ཞེས་པའི་ལྕགས་རི་མཐོན་པོ་དེའི་ནང་ནས་ཁོས་ནམ་མཁའི་རྒྱ་ཁྱོན་ཡང་མཐོང་དཀའ། ཡོངས་འཛིན་ཞུ་བའི་གྲྭ་བ་རྒན་པ་དེའི་དྲུང་ནས་ཁོའི་བྱིས་དུས་ཀྱི་བདེ་སྐྱིད་དང་མཚར་སྣང་མཐའ་དག་མཚམས་བཞག ཁོ་ལ་འདྲ་མཉམ་གྱི་གྲོགས་པོ་མེད་ལ། གྲོགས་བསྒྲིགས་པའི་རང་དབང་ཡང་མེད། ཁོ་ལ་སེམས་མཐུན་གྱི་རྩེད་རོགས་མེད་ལ། ཁོའི་རྩེད་རོགས་ཡོད་ཚད་ནི་གཞན་གྱིས་བཀོད་སྒྲིག་བྱས་ཡོད། ཁོ་ནི་བཙོན་མ་ཡིན་ཡང་བཙོན་མིང་མེད། ཁོ་ལ་ནག་ཉེས་གང་ཡང་མེད་ཀྱང་བཙོན་གྲོལ་ཐོབ་རྒྱུ་མེད། ཁོ་ནི་བོད་མི་ཚོས་དད་པས་དམ་ལ་བཏགས་པའི་བཙོན་མ་དེ་ཡིན། ཁོ་ནི་སྤྲུལ་སྐུས་ལམ་ལུགས་ཀྱིས་རྒྱ་རུ་བཅུག་པའི་བཙོན་མ་དེ་ཡིན། ཁོ་ནི་སུས་ཀྱང་སྙིང་རྗེ་སྐྱེ་མི་ཤེས་ལ། སྙིང་རྗེ་སྐྱེ་མི་སྲིད་ཅིང་། སྙིང་རྗེ་སྐྱེ་ཕོད་པའི་ནམ་མཁའི་ཁམས་ཀྱི་བཙོན་མ་དེ་ཡིན། སྤྱི་བོའི་གཙུག་གི་བཙོན་མ་དེ་ཡིན། རྒྱུ་ནོམ་དང་མཚན་སྙན་རང་ཆས་ཀྱི་བཙོན་མ་དེ་ཡིན། བོད་རྣམས་ཀྱིས་ཁོང་ཚོར་སྤྲུལ་སྐུའམ་ཨ་ལགས་ཟེར་བའི་མིང་སྙན་མོ་ཞིག་གིས་འབོད། །

དྲྭ་གྲོགས་འགའ་ལ་མཆན་ལན་ཙམ་དུ།
༢༠༡༤、༧、༣༡