གཅིག་དགུ་གྱ་ལྔ་ལོ་ནི་བོད་ཀྱི་རིག་གནས་ལ་མཚོན་ན་གྱོང་གུད་ཆེ་བའི་ལོ་ཞིག་རེད་ལ། བོད་ཀྱི་ཡོན་ཏན་པའི་སྡེ་ལ་མཚོན་ནའང་ཤིན་ཏུ་ཕངས་སེམས་ཆེ་བའི་ལོ་ཞིག་རེད། ལོ་དེར་བོད་ཀྱི་རིག་གནས་ལ་སྐུ་དྲིན་བསམ་གྱིས་མི་ཁྱབ་པའི་ངག་གི་དབང་ཕྱུག་གཉིས་སྔ་ཕྱིར་མི་ཡུལ་དང་ཞལ་གྱེས་སོང་།

སྤྱི་ལོ1985ལོའི་ཧོར་ཟླ5པའི་ཚེས13ཉིན་གྱི་སྔ་དྲོར་མཁས་དབང་ཚེ་ཏན་ཞབས་དྲུང་ལགས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྐུ་མྱ་ངན་ལས་འདས་པ་དང་། ཡང་ལོ་དེ་གའི་སྤྱི་ཟླ11པའི་ཚེས30ཉིན་གྱི་ཞོགས་པར་སྐུ་ཞབས་དོན་གྲུབ་རྒྱལ་ལགས་མདོ་སྨད་ཆབ་ཆ་ནས་དགོངས་པ་རྫོགས་པ་རེད། ལོ་དེར་བོད་ཀྱི་རིག་པའི་མི་བོ་ཆེ་གཉིས་སྔ་གཞུག་ཏུ་དགོངས་པ་གཞན་དོན་དུ་ཕེབས་པ་དེས་ཁ་བ་ཅན་གྱི་སྔོ་ཞིང་བསངས་པའི་ནམ་མཁའ་རུ་སྐྱོ་གདུང་གི་སྤྲིན་ནག་ཡོངས་སུ་འཐིབས་པའོ། །

ཁོང་རྣམ་པ་གཉིས་གཅིག་འཕྲོར་གཅིག་མཐུད་དུ་སྐུ་གཤེགས་རྗེས་གངས་ཅན་པའི་རིག་གནས་ཀྱི་སྡེ་ནས་རྗེས་དྲན་གྱི་མཆོད་པ་རྒྱ་ཆེར་བཤམས་ཤིང་། མྱ་ངན་གྱི་གདུང་དབྱངས་ཡང་ཡང་གྱེར་ཡོད་པ་རེད། ཡིན་ནའང་། <<སྦྲང་ཆར>>ཚང་གིས་འཕྱི་བ་ཁུང་ཉལ་གྱི་བརྟུལ་ཞུགས་བཟུང་སྟེ་ད་ལ་ཐུག་གི་བར་དུ་རྗེས་དྲན་གྱི་རྣམ་འགྱུར་གཙང་མ་ཞིག་བསྟན་མ་མྱོང་ངོ་། །

སྤྱི་ལོ1981ལོར<<སྦྲང་ཆར>>གསར་དུ་འདོན་པའི་སྐབས་སུ་དུས་དེབ་ཀྱི་མཚན་བྱང་ནི་མཁས་དབང་ཚེ་ཏན་ཞབས་དྲུང་ལགས་ཀྱིས་ཕྱག་བྲིས་གནང་ཞིང་། དེའི་མི་ཚད<<སྦྲང་ཆར>>གསར་དུ་བཏོན་པའི་ཤིས་ཚིག་ཐོག་མ་ལ། བླང་དོར་ལམ་བཟང་མཚོན་ལ་སྲིད་པའི་མིག །ཀུན་རྨོངས་ལྡུམ་ཚེར་འཇོམས་ལ་འབར་བའི་མེ། །རྣམ་མང་རིག་པའི་བཅུད་ཆགས་སྦྲང་མའི་རྩི། །བློ་གསལ་བུང་བའི་དགའ་སྟོན་ཆར་ལྟར་འཇོ། །ཞེས་བསྩལ་བ་དང་། ལྷག་པར་དུ་ཁོང་གི་ལྗགས་རྩོམ་གྲགས་ཆེ་བ་དཔེར་ན། <<ལོ་རྒྱུས་ཀྱི་ལོ་ཚིགས་སྐོར་འགའ་ཞིག—ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་བཤད་ཁྲིད་བྱས་སྐབས་ཀྱི་བརྗེད་བྱང>>ཞེས་པ་དང་། <<བོད་དུ་དར་བའི་ནང་བའི་གྲུབ་མཐའ་སོ་སོའི་མིང་འདོགས་ཀྱི་དཔྱད་པ་འཁྲུལ་སེལ་ངག་གི་ཕྱགས་མ>>ཞེས་པ། <<སྙན་ངག་མེ་ལོང་གི་འདོད་པའི་གཏམ་གྱི་ཕྱོགས་སུ་གཞོལ་བའི་དཔེར་བརྗོད་ཀྱི་དཔྱད་པ་བག་ཡོད་གོས་ཀྱི་ཤམ་བུ>>ཞེས་པ། <<བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར་མདོ་ཙམ་བརྗོད་པ་ཐུབ་བསྟན་ཁང་བཟང་མཛེས་པའི་ཏོག>>ཅེས་པ་སོགས་ཀྱང་ཁོང་ཞལ་བཞུགས་པའི་དུས་ལ<<སྦྲང་ཆར>>སྟེང་སྤེལ་བ་ཡིན་པའོ། །ཡང་མཚམས་ལན་རེར་འདོན་ཐེངས་གཅིག་གི་ཐོག་ལ་ཁོང་གི་ལྗགས་རྩོམ་གཉིས་རེ་སྤེལ་འདུག་པའང་ཡོད་དེ། དཔེར་ན། 1985ལོའི<<སྦྲང་ཆར>>དེབ་གཉིས་པར<<རྟོགས་བརྗོད་དངུལ་གྱི་མེ་ཏོག>>ཅེས་པ་ལས་ཚན་བཤུས་ཤིག་དང་། <<ཁ་ཏི་ཀའི་དགོན་པའི་རྟེན་གཙོ་རྗེའི་ཞལ་ཐང་གི་ལོ་རྒྱུས>>ཞེས་པ་གཉིས་མཉམ་དུ་སྤེལ་འདུག་པའོ། །

སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱིས་སྤྱི་ལོ1981ལོའི<<སྦྲང་ཆར>>གསར་བཏོན་དེབ་ཀྱི་སྟེང<<འབྲོག་སྟག་ཐང>>ཞེས་པ་སྤེལ་བ་ནས་ཁོང་སྐུ་མ་གཤེགས་བར་དུ། <<སྦྲང་ཆར>>ཐོག་ཁྱོན་བསྡོམས་ལྗགས་རྩོམ15སྤེལ་འདུག་ལ། ལྗགས་རྩོམ་དེ་དག་གི་ཁྲོད་དུ་དོན་གྲུབ་རྒྱལ་དང་རང་གྲོལ་གྱི་མཚན་ཐོག་ནས་སྤེལ་བ་ལ་རྩོམ་བཅུ་གཉིས་དང་། ཁོང་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་མཛད་པ་ལ་རྩོམ་གཉིས། ཡང་ཁོང་དང་ཚེ་རིང་དོན་གྲུབ་གཉིས་ཀྱིས་མཛད་པའི<<རྒྱུ་འབྲས་མེད་པའི་མནའ་མ>>ཞེས་པ་བཅས་ཡོད་པའོ། །ཡང་སྐབས་ལ་ལར་འདོན་ཐེངས་གཅིག་གི་སྟེང་ལ་ཁོང་གི་ལྗགས་རྩོམ་གཉིས་རེ་སྤེལ་འདུག་པའང་ཡོད་དེ། དཔེར་ན། 1981ལོའི<<སྦྲང་ཆར>>གསར་བཏོན་དེབ་ཀྱི་ཐོག་ལ<<འབྲོག་སྟག་ཐང>>ཞེས་པ་དང་། ཁོང་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བྲིས་པའི<<གནའ་རབས་ཀྱི་རིག་གནས་སྒྱུ་རྩལ་གྱི་བང་མཛོད—ཏུན་ཧོང>>ཞེས་པ་གཉིས་མཉམ་དུ་སྤེལ་འདུག་པ་དང་། ཡང1982ལོའི<<སྦྲང་ཆར>>དེབ་དང་པོའི་སྟེང་ལ<<ལྷམ་ཡ་གཅིག>>ཅེས་པ་དང་། <<རྩོམ་རིག་སྒྱུ་རྩལ་གྱི་སྣང་བརྙན་སྐོར་ཅུང་ཙམ་གླེང་བ>>ཞེས་པ་གཉིས་མཉམ་དུ་སྤེལ་འདུག་པ། ད་དུང1983ལོའི<<སྦྲང་ཆར>>དེབ་གཉིས་པར<<རྒྱུ་འབྲས་མེད་པའི་མནའ་མ>>ཞེས་པ་དང་། <<ལང་ཚོའི་རྦབ་ཆུ>>ཞེས་པ་གཉིས་མཉམ་དུ་སྤེལ་འདུག་པ། ཡང1984ལོའི<<སྦྲང་ཆར>>དེབ་གཉིས་པར<<ཤ་དང་རུས་པའི་བརྩེ་དུངས>>ཞེས་པ་དང་། <<<བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག>བཀླགས་པའི་མྱོང་ཚོར—གྲོགས་པོ་སངས་རྒྱས་ལ་བསམ་འཆར་བརྗེ་རེས་ཀྱི་ཚུལ་དུ་ཕུལ་བ>>ཞེས་པ་གཉིས་མཉམ་དུ་སྤེལ་འདུག་པ་ལྟ་བུའོ། །གཞན་ཁོང་སྐུ་གཤེགས་རྗེས་ཀྱང<<སྦྲང་ཆར>>ཚང་གིས<<མི་རྟག་སྒྱུ་མའི་རྨི་ལམ>>ཞེས་པ1986ལོའི<<སྦྲང་ཆར>>དེབ་དང་པོའི་ཐོག་སྤེལ་འདུག་པ་རེད།

སྐུ་ཞབས་དོན་གྲུབ་རྒྱལ་གྱི་རྣམ་དཔྱོད་ལས་འཁྲུངས་པའི་རྩོམ་གྱི་མེ་ཏོག་ནི<<སྦྲང་ཆར>>གྱི་སྤང་ཐང་དུ་ཁྲ་ལམ་མེར་བཞད་ནའང་། <<སྦྲང་ཆར>>ཚང་གིས་ཐ་ན་ཁོང་གི་སྐུ་པར་ཞིག་ཀྱང<<སྦྲང་ཆར>>གྱི་མདུན་ཤོག་ཏུ་བཞག་མ་མྱོང་། སྐུ་ཞབས་རང་གྲོལ་ལགས་ཀྱིས<<སྦྲང་ཆར>>གྱི་ཞིང་ས་རུ་དེང་རབས་རྩོམ་རིག་གི་ས་བོན་ཐོག་མར་བཏབ་ནའང་། <<སྦྲང་ཆར>>ཚང་གིས་ཐ་ན་ཁོང་གི་དགོངས་རྫོགས་དུས་དྲན་ལ<<སྦྲང་ཆར>>དུ་ཆེད་བསྒྲིགས་ལེ་ཚན་ཞིག་ཀྱང་བཟོས་མ་མྱོང་། གཅིག་བྱས་ན<<སྦྲང་ཆར>>ཚང་གིས“ཁ་ལག་པ་ལ་དྲིན་ཆེ་ཞིང་། ལག་པ་ཁའི་དྲིན་ཆེན་ཡང་ཡིན”ཞེས་སྒམ་མདོག་སྟོན་པ་ཡིན་ན་ཐང་མོད། ངས་བལྟས་ན་དེ་ནི་སྒམ་མདོག་མ་ཡིན་པར“རྒྱ་ཇ་ཁ་ལ་འཐུང་དུས། སྨུག་ཆུང་དྲེའུ་མི་བརྗེད”ཅེས་པའི་དཔེ་ཡི་ལྡོག་ཟླ་ལས་མ་འདས་སོ། །

དེ་བཞིན་དུ་མཁས་དབང་ཚེ་ཏན་ཞབས་དྲུང་ལགས་ཀྱིས་ཀྱང<<སྦྲང་ཆར>>ནི་རང་གི་སློབ་བུ་བཞིན་དུ་ཆུང་དུས་ནས་སྙོར་ཞིང་བསྐྱངས་ཏེ་མཐར་རིག་པའི་ཁོ་ལག་རྒྱས་སུ་བཅུག་ནའང་། ཁོང་དགོངས་པ་རྫོགས་རྗེས<<སྦྲང་ཆར>>ཚང་གིས་ནི་སྟོང་མཆོད་ཅིག་འབུལ་ཆོག་ཆོག་ཡིན་པ་ལ། ལྡོག་སྟེ་རང་གི་སློབ་བུས་བླ་མ་རྗེས་སུ་དྲན་པའི་གདུང་དབྱངས་ལན་གཅིག་ཀྱང་ཐོས་རྒྱུ་མ་བྱུང་ངོ་། །

བརྒྱ་ལ<<སྦྲང་ཆར>>དུ་ཁོང་རྣམ་པ་གཉིས་དང་འབྲེལ་བའི་རྗེས་དྲན་གྱི་རྩོམ་ཡིག་རེ་གཉིས་སྤེལ་ཡོད་པ་བདེན་དུ་མཆི་ཡང་། དེ་ནི་སོ་སོ་སྐྱེས་བུ་སྒེར་གྱི་རྗེས་དྲན་གྱི་གདུང་འབོད་ཅིག་ཡིན་པ་ལས། <<སྦྲང་ཆར>>ཚང་གི་ངོས་ནས་ཁོང་རྣམ་པ་གཉིས་ལ་སྙིང་ཁོང་རུས་པའི་དཀྱིལ་ནས་སམ། རྣམ་འགྱུར་དྲང་མོའི་སྒོ་ནས་སམ། ལྷག་བསམ་རྣམ་དག་གི་སྒོ་ནས་ནི་མི་ལོ་སོ་བཞིའི་རིང་ལ་རྗེས་སུ་དྲན་པའི་ཆེད་བསྒྲིགས་ལེ་ཚན་སོགས་ཅི་ཡང་བཟོས་མེད་དོ། །

སང་ལོ་སྟེ2020ལོ་ནི་མཁས་དབང་ཚེ་ཏན་ཞབས་དྲུང་ལགས་སྐུ་འཁྲུངས་ནས་ལོ་འཁོར110དང་སྐུ་མྱ་ངན་ལས་འདས་ནས་ལོ་འཁོར་སོ་ལྔ་ལོན་པའི་ལོ་ཡིན་ཞིང་། སྐུ་ཞབས་དོན་གྲུབ་རྒྱལ་ལགས་སྐུ་བལྟམས་ནས་ལོ་འཁོར67དང་དགོངས་པ་རྫོགས་ནས་ལོ་འཁོར་སོ་ལྔ་ལོན་པའི་ལོ་ཡིན་པས་ན། དེའི་སྐབས་སུ<<སྦྲང་ཆར>>ཚང་གིས་རྗེས་དྲན་གྱི་བུ་ལོན་འདི་འཇལ་ཆོག་ཆོག་ཡིན་ཨང་།

སྤྱི་ལོ2019ལོའི་ཟླ11པའི་ཚེས1ལ།