___ཡིག་ནོར་གྱིས་མཇལ་སྐལ་ཤོར་བའི་བཀའ་གདམས་མཆོད་རྟེན་ཞིག

གསེར་ཕྱེ་འབུམ་པ་ནི་གཉལ་སྡེ་དྲུག་གི་ཡ་གྱལ་གསེར་ཕྱེ་དགོན་པར་དུས་རབས་བཅུ་གཉིས་པའི་ནང་ལ་བཞེངས་པའི་བཀའ་གདམས་པའི་མཆོད་རྟེན་ཆེན་མོ་ཞིག་སྟེ། བོད་ལྗོངས་ལྷོ་ཁ་ལྷུན་རྩེ་རྫོང་ཁོངས་ཞིང་པ་གྲོང་བརྡལ་གསེར་ཕྱེ་ཞོལ་གྲོང་ཚོར་མཆིས།

གསེར་ཕྱེ་དང་གསེར་ཆེ་གདམ་ང་ཡིན་ཞིང་དེ་ནི་ཆོས་འབྱུང་དེབ་ཐེར་ཁག་ཏུ་ཆག་ལོ་དང་ཕྱག་ལོ་གཉིས་རེས་མོས་ཀྱིས་བྲིས་པ་ཇི་བཞིན་རེད། ས་མིང་གི་ཐོགས་དོན་ལ་གཉིས་ཏེ། གསེར་ཕྱེ་མ་ཕྱར་བ་གྲུ་བཞི་མ་གཅིག་གི་རྒྱ་ཁྱོན་ཙམ་བཞུགས་པའི་ཆ་ནས་དང་། དགོན་གྱི་ཕྱི་ངོས་ནས་བལྟས་ཚེ་གསེར་གྱི་ཕྱེ་མ་གཏོར་བ་དང་མཚུངས་པར་བརྗིད་ཆགས་ཡིད་དུ་འོང་བའི་རྒྱུ་མཚན་གྱིས་ཐོགས་པར་གྲགས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《དགའ་ལྡན་ཆོས་འབྱུང་བཻ་སེར་》ལས་བཀའ་གདམས་པའི་དགེ་བཤེས་སྣེའུ་ཟུར་པ་ཡེ་ཤེས་འབར་(1062-1138)ཀྱི་དངོས་སློབ་བྱང་སེམས་ཐུགས་རྗེ་རྒྱལ་མཚན་གྱིས་“བླ་མའི་ལུང་བསྟན་བཞིན་གསེར་ཕྱེ་འབུམ་མོ་ཆེ་ཕལ་ཆེར་བཞེངས། མཇུག་ཚགས་དང་བཅས་པ་གྲུ་ལུང་པས་མཛད་དེ་བུམ་པ་ནང་དུ་སྣེའུ་ཟུར་པའི་ཕྱག་དར་དང་། བྲེའི་ནང་དུ་ཐུགས་རྗེ་རྒྱལ་མཚན་པའི་སྐུ་གདུང་བཞུགས་”ཞེས་གསུངས་པར་གཞིགས་ན་འབུམ་མོ་ཆེ་གྲུབ་པའི་སྔ་རོལ་དུ་བྱང་སེམས་པ་མཆོག་སྐུ་གཤེགས་པ་དཔགས་ནུས།   《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་》དུ་གསེར་ཕྱེ་འབུམ་པར་སྣེའུ་ཟུར་པའི་ཕྱག་བཞུགས་པར་གསུངས་པས་སྡེ་སྲིད་ཀྱི་ཕྱག་དར་དེ་ཉིད་ཡིག་ནོར་ཨེ་ཡིན་སྙམ།

གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་(1230-1309)མཆོག་འདི་གར་ཕེབས་དུས་གཟིགས་སྣང་ཁྱད་པར་ཅན་ཞིག་བྱུང་བས་མཆོད་རྟེན་བྱིན་རླབས་ཆེ་བ་ཞིག་འདུག་ཅེས་བསྔགས་པ་དང་། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་(1357-1419)མཆོག་དགུང་ལོ་སོ་དགུའི་སྐབས་གཉལ་སྨད་སེང་གེ་རྫོང་དུ་བཞུགས་དུས་འབུམ་པ་ལ་མཆོད་པ་ཆེན་པོ་ཕུལ་ཞིང་༌། དེར་འདུལ་བའི་ཆོས་མང་དུ་གསུངས། ཁོང་གི་མཛད་ཆེན་བཞི་ལས་གཉལ་གྱི་ལུང་ར་ཆེན་མོའི་ཆོས་འཁོར་ཡང་ཐོག་མར་འདི་ནས་སྤེལ་ཞིང་།  དེང་སང་ཡང་འདིའི་ཉེ་ས་ན་ཙོང་ཕུག་ཏུ་གྲགས་པའི་རྗེ་བླ་མའི་སྒྲུབ་ཕུག་ཡོད་སྐད། 

《ཆག་ལོའི་རྣམ་ཐར་》གྱི་དབུ་མེད་བྲིས་མར་གསལ་བའི་“གསེར་ཕྱེ་འབུམ་པ”།

ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་(1197-1264)མཆོག་ཀྱང་སྤྱི་ལོ་1243ཙམ་ལ་འདི་གར་ཕེབས་ནས་ཆོས་དང་རྒྱ་གར་གྱི་ལོ་རྒྱུས་དེར་འདུས་སྐྱེ་བོ་རྣམས་ལ་གསུངས་པ་《ཆག་ལོའི་རྣམ་ཐར་》ལས་“གསེར་ཕྱེ་འབུམ་པའི་དྲུང་དུ་ཆོས་གསུངས་ཏེ་རྒྱ་གར་གྱི་ལོ་རྒྱུས་གསུངས་པས། མི་ཚོགས་པ་ཐམས་ཅད་མཆི་མ་ཤོར་བ་ཤ་སྟག་བྱུང་། དེའི་ལོ་ལ་གསེར་ཕྱེ་འབུམ་པའི་ཡུལ་ཁམས་དེར་ནད་མེད་པར་ལོ་ལེགས་པ་བྱུང་ངོ་། ། ”ཞེས་གསལ།

《ཆག་ལོའི་རྣམ་ཐར་དང་དགེ་ཆོས་གནས་ཡིག་》ཏུ་གསལ་བའི་“གསེར་ཕྱེ་ཕུལ་བ”།

ཡིན་ནའང་དེང་སང་གསར་དུ་དཔར་བའི་《ཆག་ལོའི་རྣམ་ཐར་》གྱི་པར་གཞི་རྣམས་སུ་དེ་ལས་ལྡོག་སྟེ། “གསེར་ཕྱེ་ཕུལ་བའི་དྲུང་དུ་ཆོས་གསུང་སྟེ། རྒྱ་གར་གྱི་ལོ་རྒྱུས་གསུངས་པས། མི་ཚོགས་པ་ཐམས་ཅད་མཆི་མ་ཤོར་བ་ཤ་སྟག་བྱུང་།  དེའི་ལོ་ལ་གསེར་ཕུལ་བའི་ཡུལ་ཁམས་དེར་ནད་མེད་པ་ལོ་ལེགས་པ་བྱུང་ངོ་། །”ཞེས་སོ། ། 

ད་ཕན་ཕྲན་གྱིས་ལག་སོན་བྱུང་བའི་འཇུ་བ་སྟོན་པ་ཆོས་དཔལ་དར་བྱང་གིས་མཛད་པའི་《ཆག་ལོ་ཙཱ་བའི་རྣམ་ཐར་》ལ་པར་གཞི་རིགས་ཐ་དད་པ་བཅུ་སྟེ།

1. དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་》ཀྱི་གླེགས་བམ་ལྔ་བཅུ་པར་བསྡུས་པའི་《ཆག་ལོའི་རྣམ་ཐར།》  དབུ་མེད་བྲིས་མ།

2.ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་བརྩམས་ཆོས་ཨང་W26615པ།《ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་བཟང་པོའི་རྣམ་ཐར་བཞུགས་སོ། །》  དབུ་མེད་བྲིས་མ།

3.སྤྱི་ལོ་1969ལོར་པཎ་ཆེན་འོས་སྤྲུལ་གྱིས་རྒྱ་གར་ནས་དཔར་བའི་《ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་བའི་རྣམ་ཐར།》  

4.སྤྱི་ལོ་1980ལོར་རྫོང་རྩེ་དཀའ་ཆེན་བྱམས་པ་ཐུབ་བསྟན་གྱིས་རྒྱ་གར་ནས་དཔར་བའི་《ཆག་ལོ་ཙཱ་བའི་རྣམ་ཐར་འཇུ་བ་ཆོས་དར་གྱིས་མཛད་པ་ངོ་མཚར་ཅན་ཡོད།།》  ལག་བྲིས་དཔར་མ།

5.སྤྱི་ལོ་2010ལོར་སྐྱེས་སར་ཀླུ་སྒྲུབ་ཀྱིས་རྒྱ་གར་ནས་དཔར་བའི་《ཆག་ལོ་ཙཱ་བའི་རྣམ་ཐར་དང་། དགེ་འདུན་ཆོས་འཕེལ་གྱི་གནས་ཡིག་》ཏུ་བསྡུས་པའི་《ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར།》  

ཉེ་དུས་དཔར་བའི་《ཆག་ལོའི་རྣམ་ཐར་》གྱི་པར་གཞི་གསར་པ་ལྔ།

6.སྤྱི་ལོ་2014ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་བའི་《བོད་ཀྱི་གདུང་རབས་དང་རྣམ་ཐར་ཐུང་ངུ་ཁག་དྲུག་》ཏུ་བསྡུས་པའི་《ཆག་ལོ་ཙཱ་བའི་རྣམ་པར་ཐར་པ་འཇུ་བ་ཆོས་དར་གྱིས་མཛད་པ་ངོ་མཚར་ཅན་ཡོད།》   

7.དབྱངས་གསལ་རྩོམ་སྒྲིག་ཁང་གིས་དཔར་བའི་《བོད་ཀྱི་ལོ་ཙཱ་བའི་ལམ་ཡིག་ཕྱོགས་བསྒྲིགས་》སུ་བསྡུས་པའི་《ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར།》 (དཔར་དུས་མི་གསལ།)

8.སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་ནས་དཔར་བའི་《ལོ་ཆེན་རིན་ཆེན་བཟང་པོ་དང་། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་གསུམ་གྱི་རྣམ་ཐར་》དུ་བསྡུས་པའི་《བླ་མ་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་བའི་རྣམ་པར་ཐར་པ་བླ་མའི་གསུང་དྲི་མ་མེད་པར་སྒྲིགས་པ་ཞེས་བྱ་བ་བཞུགས་སོ། །》  (དཔར་དུས་མི་གསལ།) 

9.སྤྱི་ལོ་2018ལོའི་ཟླ་7པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས་》སུ་བསྡུས་པའི་དེབ་ཕྲེང་དང་པོ་《ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་པར་ཐར་པ་བླ་མའི་གསུང་དྲི་མ་མེད་པར་བསྒྲིགས་པ་ཞེས་བྱ་བ།》  

10.སྤྱི་ལོ་2018ལོའི་ཟླ་8པར་ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར་བའི་《ལོ་པཎ་རྣམ་ཐར་ཕྱོགས་བསྒྲིགས་》ཀྱི་དེབ་བདུན་པ་《ལམ་ཡིག་ཕྱོགས་བསྒྲིགས་》སུ་བསྡུས་པའི་《བླ་མ་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་བའི་རྣམ་པར་ཐར་པ་བླུ་མའི་གསུང་དྲི་མ་མེད་པ་བསྒྲིགས་པ་ཞེས་བྱ་བ་བཞུགས་སོ། །》  

ཆག་ལོའི་རྣམ་ཐར་གྱི་དབུ་མེད་བྲིས་མ་གཉིས་དང་སེར་གཙུག་པར་གཞི་ལས་པར་གཞི་གཞན་མཐའ་དག་ལ་གསེར་ཕྱེ་འབུམ་པའི་དོད་དུ་གསེར་ཕྱེ་ཕུལ་བ་ཞེས་བྱུང་། (མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་ཆག་ལོའི་རྣམ་ཐར་དུ་གསེར་ཕྱེ་འབུམ་པ་དང་གསེར་ཕྱེ་ཕུལ་བ་གཉིས་ཀ་བྲིས་འདུག །) དེ་ཡང་ཡིག་ནོར་འདིའི་ཁུངས་ལྟ་བུ་ནི་སྤྱི་ལོ་1969ལོར་པཎ་ཆེན་འོས་སྤྲུལ་གྱི་ཞུ་དག་པར་གཞི་དེ་རེད་བསམས།  ཆག་ལོའི་རྣམ་ཐར་གྱི་དཔེ་རྙིང་བྲིས་མ་གཉིས་ལ་ཞིབ་ཏུ་མཇལ་ན་“ཡར་ཀླུངས་སྟག་ཚལ་དུ་པཎྜི་ཏ་དཱ་ན་ཤཱི་ལ་ལ་སྒྲུབ་ཐབས་བསྡུས་པའི་རྒྱ་དཔེ་ཡོད་མེད་འདྲི་བ་ལ་བྱོན་ཏེ་ཆུ་བ་བེ་རེ་ཅིག་དང་། ལྒ་པི་པི་ལི་ཕུལ་ནས་རྒྱུད་བླ་མའི་མཆོད་བརྗོད་ཀྱིས་སཾ་སྐྲྀ་ཏའི་སྐད་དུ་གསུངས་ཏེ་ཤིས་པ་བརྗོད་པས། པཎྜི་ཏ་འདར་སིག་སིག་སྤྱན་ཆབ་སི་ལི་བྱུང་།  མཁས་མཁས་ང་བས་ཁྱོད་མཁས་པར་འདུག ། ཁྱོད་རྒྱ་གར་དུ་ཡུན་རིང་སྦྱངས་པས་པཎྜི་ཏ་ཆེན་པོའི་ཆེན་པོར་འདུག ། ང་བོད་དུ་བསྡད་པས་བ་ལང་དུ་སོང་།  ཁྱོད་མཁས་དྲགས་པས་ངའི་བ་སྤུ་ལངས་པ་ཡིན་གསུང་ངོ་། ། གསེར་ཕྱེ་འབུམ་པའི་དྲུང་དུ་ཆོས་གསུངས་པ་་་་་་”ཞེས་པ་པར་གཞི་གསར་པ་རྣམས་ལ་གསེར་ཕྱེ་ཕུལ་བ་རུ་བཅོས་པ་ན་ཆག་ལོ་ཙཱ་བས་པཎྜི་ཏ་ལ་གསེར་ཕྱེ་ཕུལ་བ་དང་། ཆོས་གསུང་བ་པོ་དང་རྒྱ་གར་གྱི་ལོ་རྒྱུས་འཆད་མཁན་ཡང་ཆག་ལོ་ཙཱ་བ་མིན་པར་པཎྜི་ཏ་དཱ་ན་ཤཱི་ལ་ཡིན་པ་ལྟ་བུ་ཞིག་ཏུ་གྱུར་བ་རེད། ཆོས་གསུང་ཡུལ་ཡང་གསེར་ཕྱེ་འབུམ་པའི་དྲུང་དུ་མིན་པར་ཡར་ཀླུང་སྟག་ཚལ་དུ་སྤར་བ་རེད།  ཡིག་ནོར་འདིའི་ནུས་པ་འཇིགས་སུ་རུང་བ་ལ། སྔོན་གྱི་དཔེ་རྙིང་བྲིས་མ་རྣམས་སུ་དེང་སང་ནང་བཞིན་བྲིས་ཀྱི་ཚན་པ་གཅོད་དུས་ཐིག་ཕྲེང་སྟོང་བ་གཅིག་འཇོག་ཚུལ་མེད་ཀྱང་རྫོགས་ཚིག་དང་ཉིད་ཤད་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་ལ་འདིར་ཡང་དེ་བཞིན་ཡིན་པ་ཤེས་གསལ་ལྟར་རོ། །  

《དེབ་ཐེར་སྔོན་པོ་》ཡི་དབུ་ཅན་བྲིས་མར་གསལ་བའི་“ས་ལོ”།

《ཆག་ལོའི་རྣམ་ཐར་》གྱི་པར་གཞི་གསར་པ་རྣམས་སུ་དེ་ལྟ་བུའི་ཡུལ་མོན་རྡོར་གཅོད་ཀྱི་དཔེ་རུ་འགྲོ་བ་མང་པོ་ཡོད་དེ། ཆག་ལོས་གུང་ཐང་ལྷ་བཙུན་པ་ལས་འཕགས་སྐོར་རྡོག་ལུགས་གསན་པ་ལ་ཡིག་གཏག་མཁན་དང་ཞུ་དག་པས་འཕགས་སྐོར་རྔོག་ལུགས་དང་རྟོགས་ལུགས། རྔོགས་ལུགས་སོགས་སུ་བཅོས་པ་དང་། ཆག་ལོས་གཙུག་དགུའི་རྒྱུད་བསྒྱུར་བ་ལ་གཙུག་ལག་དགུའི་རྒྱུད་ཅེས་ཆོས་ཚན་གཅིག་དགུ་རུ་བཅོས་འདུག ། 《ཁང་དཀར་ཚང་གི་གསུང་འབུམ་པོད་བཅུ་པ་》རུ་བཙུན་དགུའི་རྒྱུད་དུ་བྲིས་པ་ཡང་ངོ་། ། དེ་ལྟར་བྲིས་པའི་མཐར་ཆག་ལོ་དང་འབྲེལ་བའི་ཡིག་ཚང་གསར་པ་ཁག་ཏུ་ནོར་བ་རྒྱུན་འབྱམས་ཀྱི་གནད་དོན་བྱུང་ཡོད།  དཔེར་ན་སྤྱི་ལོ་1985ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་《དེབ་ཐེར་སྔོན་པོ་》རུ་ཆག་ལོའི་བླ་མ་སེ་ལོ་ཞེས་ཡིག་ནོར་གཏགས་པ་དང་། སྤྱི་ལོ་1992ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་《གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད་》ལའང་དེ་ལྟར་བྲིས་ཡོད། སེ་ལོ་ནི་ཆག་ལོ་དང་དུས་མཉམ་དུ་བྱོན་པའི་ལོ་ཙཱ་བ་ཞིག་མིན་པ་《དུས་འཁོར་ཆོས་འབྱུང་》སོགས་ལ་གཟིགས་ན་ཤེས་ནུས་པ་དང་ཆག་ལོའི་བླ་མ་ནི་ས་ལོ་སྟེ་ས་སྐྱ་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་ཡིན་དགོས།  སྒོས་སུ་དཔལ་བརྩེགས་ཚང་གིས་བསྒྲིགས་པའི་《དེབ་སྔོན་》གྱི་དབུ་ཅན་བྲིས་མ་རུ་ཡང་ས་ལོ་ཡིན་པ་གསལ་ལོ། །

གསེར་ཕྱེ་འབུམ་པ་ནི་མིང་ཞིག་རེད། གསེར་ཕྱེ་ཕུལ་བ་ནི་ཚིག་ཅིག་རེད། མིང་ཞིག་ཚིག་ཏུ་བསྒྱུར་བ་འདིའི་རྐྱེན་ཁོ་བོ་ཟླ་བ་སྔོན་མར་སྨད་རྒྱ་ནག་ཁྲིན་ཏུའུ་ནས་སྟོད་ཡུལ་དབུས་ཀྱི་གཉལ་སྨད་དུ་ཆག་ལོ་ཆོས་རྗེ་དཔལ་གྱི་འཁྲུངས་ཡུལ་དང་གདན་ས་ལ་སྐྱོད་དུས་ལོ་ཙཱ་བ་ཁོང་ཕེབས་མྱོང་བའི་གསེར་ཕྱེ་འབུམ་པ་ལ་མཇལ་སྐལ་མ་བྱུང་། བརྒྱ་ལ་གཉལ་ལ་ཕྱིན་པའི་སྔ་རོལ་དུ་གུས་པས་ཆག་ལོའི་རྣམ་ཐར་གྱི་དཔེ་རྙིང་དབུ་མེད་བྲིས་མ་གཉིས་ལ་ཞིབ་ཏུ་བལྟས་ཡོད་ན། བརྒྱ་ལ་ཆག་ལོའི་རྣམ་ཐར་གྱི་པར་གཞི་གསར་པ་རྣམས་ལ་ཡིག་ནོར་དེ་གཉིས་ཤོར་མེད་ན། ལྷུན་རྩེ་རྫོང་ནས་ཤར་དུ་སྤྱི་ལེ་5ཙམ་མམ་རླངས་འཁོར་དུ་སྐར་མ་15ལས་བགྲོད་མི་དགོས་པའི་གནས་མཆོག་དེ་ནས་ཁོ་བོས་བྱང་སེམས་ཐུགས་རྗེ་རྒྱལ་མཚན་གྱི་གདུང་རྟེན་འབུམ་མོ་ཆེ་ལ་མཇལ་ནས་ཆག་ལོ་ཆེན་པོ་ཡི་བསྟོད་པ་འདོན་ཡོད་ངེས།  འབུམ་པ་ཆེན་མོ་དེའི་མཐོ་ཚད་དང་རྒྱ་ཁྱོན་རང་གི་མྱོང་བས་འཇལ་ཡོད་ངེས། དེ་ནས་རྩོམ་འདིའི་བར་བཅུག་ལ་ངེས་པར་མཁོ་བའི་པར་ལེགས་པོ་འགའ་ཡང་བརྒྱབ་ཡོད་སྲིད།  

གསེར་ཕྱེ་འབུམ་པ།

རྩོམ་ཐུང་འདི་ཉིད་བྲིས་པའི་དམིགས་ཡུལ་ནི་《ཆག་ལོའི་རྣམ་ཐར་》གྱི་པར་གཞི་གསར་པའི་ཡིག་གཏག་མཁན་དང་ཞུ་དག་པ། རྩོམ་སྒྲིག་འགན་འཁུར་པ་རྣམས་ལ་སྨོད་པ་མ་ཡིན་གྱི། ཕྱིས་སུ་རྣམ་ཐར་འདི་ཉིད་བསྐྱར་དུ་དཔར་དུས་འདི་ལྟའི་གནད་དོན་ལ་གཡའ་སེལ་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན། གཉིས་སུ་དཔེ་ཆ་བཅུ་ལ་ལན་གཅིག་བལྟས་པ་ལས་དཔེ་ཆ་གཅིག་ལ་ལན་བཅུ་ཀློག་ན་ཕན་པར་འདོད་པའི་དཔེ་ཀློག་པ་རྣམས་ལ་ཡང་། དཔེ་ཆ་གཅིག་གི་པར་གཞི་གཅིག་ལ་ལན་བཅུ་ལ་བལྟས་པ་ལས་དཔེ་ཆ་གཅིག་གི་པར་གཞི་མི་འདྲ་བ་རྣམས་ལ་བསྡུར་ནས་ཀློག་ཐུབ་ན་དེ་ཡིས་ཁྱེད་ལ་སྔར་མེད་ཀྱི་བློ་བསྐྱེད་ཆེན་པོ་སྩོལ་ནུས་པ་ཁོ་བོས་གདེང་དང་ལྡན་པའི་སྒོ་ནས་བརྗོད་ཕོད་དོ། ། 

གསལ་བཤད། རྩོམ་འདིར་བཅུག་པའི་གསེར་ཕྱེ་འབུམ་པའི་པར་ནི་གཉལ་པ་ལྷག་པ་བསམ་འགྲུབ་ལགས་ཀྱིས་གནང་ཞིང་འདིར་ཁོང་ལ་ཆེད་དུ་བཀའ་དྲིན་ཞུས་པ་ཡིན། 

                     སྤྱི་ལོ་2019ལོའི་སྤྱི་ཟླ་11པའི་ཚེས་10ནས་11བར་བྲིས།