དེ་རིང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་གངས་ཅན་རིག་མཛོད་ཀྱི་དེབ་ཕྲེང༢༧པ《བོད་ཀྱི་གནས་ཡིག་བདམས་བསྒྲིགས》བྱ་བའི་དཔེ་དེབ་ཅིག་ལག་སོན་བྱུང་། དེབ་དེར་འཇམ་དབྱངས་མཁྱེན་བརྩེ་དབང་པོས་མཛད་པའི《ལྷ་ལྡན་སོགས་དབུས་འགྱུར་གྱི་ཆོས་སྡེ་ཁག་དང་། ཡར་ཀླུངས་ལྷོ་རྒྱུད། གཙང་སྟོད། བྱང་རྭ་སྒྲེང་སོགས་ཀྱི་གནས་ཡིག》དང་། གངས་ཏི་སེ་དང་མཚོ་མ་ཕམ། ཙ་རི་མཚོ་དཀར། ལྷོ་བྲག་གྲོ་བོ་ལུང་སོགས་གནས་མཆོག་མང་པོའི་གནས་བཤད་ཀྱིས་གྲུབ་པའི་ཆོས་ཚན་བཅོ་ལྔ་ཙམ་བཞུགས། དེའི་ནང་ནས《ཇོ་ནང་གི་གནས་བཤད་བཞུགས་སོ》ཞེས་པ་དང《དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད་བཞུགས་སོ》ཞེས་པའི་ཆོས་ཚན་འགར“འདིའི་མཛད་བྱང་མི་གསལ”ཞེས་བྲིས་ཏེ་མཛད་པ་པོ་སུ་ཡིན་གྱི་གསལ་ཁ་ཐོན་མི་འདུག

ཕྲན་གྱིས་སྔོན་ཆད་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པར་གྲགས་པའི《ཇོ་ནང་གི་གནས་བཤད་བཞུགས་སོ》ཞེས་པ་དང《དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད་བཞུགས་སོ》ཞེས་པ་གཉིས་བཀླགས་མྱོང་བས། དེ་མུར་ལྡེབ་གྲངས༢༣༧སྟེང་དུ་བསྒྱུར་ཏེ་བམ་ཀློམ་ཙམ་བྱས་པ་ཡིན་མོད། མ་གཞི་ནས་ཕྲན་གྱིས་བཀླགས་མྱོང་བའི་གནས་བཤད་དེ་གཉིས་རེད་འདུག དེ་ནས་དེབ་དེའི་དཔེ་སྐྲུན་གསལ་བཤད་ལ་བལྟས་པ་ཡིན་དང་། གསལ་བཤད་དེ་ལོ་རྒྱུས་སྨྲ་བའི་དབང་པོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བྲིས་པ་ཞིག་རེད། དེ་རུ“འཇམ་དབྱངས་མཁྱེན་བརྩེ་དབང་པོས་མཛད་པའི་དབུས་གཙང་གནས་ཡིག་ཁོ་ན་དེ་སྔ་ཤིང་པར་དུ་འཁོད་མྱོང་བ་ཕུད། དེ་བྱིངས་ཚང་མ་མ་དཔེ་ལག་བྲིས་མའམ་ཡང་ན་དོན་གཉེར་ཅན་ཚོས་ལག་བྲིས་མ་ལས་བསྐྱར་བཤུས་གནང་བ་སོགས་དཔེ་རྒྱུན་ཤིན་ཏུ་དཀོན་པ་ཞེ་ཅིག་ཡིན། འོན་ཀྱང་དེ་དག་སོ་སོའི་མཛད་བྱང་དང་བརྩམས་དུས་གསལ་མིན་ཅི་རིགས་མཆིས་པ་མ་ཟད། རེ་ཟུང་གི་ཞབས་ཤོག་ཀྱང་ཐོར་གྱར་དུ་སོང་བ་ནི་ཧ་ཅང་ཕངས་པའི་གནས་དང་། རྩོམ་པ་པོའི་མཚན་ཙམ་གསལ་རིགས་ཀྱང་མ་གྲགས་པ་ཤས་ཆེ་བ་ལྟ་བུས་གཙོ་བོ་དཔེ་སྒྲིག་པའི་ཐོས་སྦྱངས་དམན་པ་ཁོ་ནས་རེ་རེ་བཞིན་གྱི་ལོ་རྒྱུས་ངོ་སྤྲོད་ངེས་འདྲོངས་ཞུ་སྤོབས་བྲལ”[1]ཞེས་གསུངས་འདུག

གསལ་བཤད་དེ་མཐོང་འཕྲལ་གནས་བཤད་དེ་གཉིས་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ཡིན་ནམ་སྙམ་པའི་དོགས་པ་ཞིག་ངང་གིས་སྐྱེས། སྤྱིར་གནས་བཤད་དེ་གཉིས་རྗེ་བཙུན་པའི་གསུང་ཡིན་པ་ཡོངས་གྲགས་ལྟར་གྱུར། ཕྲན་གྱིས་མཐོང་ཚོད་ལ་ཐོག་མར་བླ་མ་བློས་གྲགས་ཀྱིས“གནས་འདིར་སྔོན་མ་ཅིག་རི་མ་ནས་བཟུང་དེང་སྐབས་ཀྱི་བར་སྒྲུབ་གྲྭ་རྒྱུན་མ་ཆད་པའི་དབང་དུ་བྱས་ན་རྗེ་བཙུན་གྱི་སྐུ་དུས་ཡན་ལ་ལོ་ལྔ་བརྒྱ་ལྷག་ཙམ་སོང་། རང་རེའི་ཆོས་བརྒྱུད་ཀྱི་དབུ་འཛུགས་མཛད་པའི་ཆོས་རྗེ་ཀུན་སྤངས་ཆེན་པོ་ཕེབས་པ་ནས་ཆོས་བརྒྱུད་གཅིག་ཅིང་ཉམས་ལེན་རྒྱུན་གཅིག་གི་སྒྲུབ་བརྒྱུད་འདི་ཁོ་ནའང་རྗེ་བཙུན་ཏཱ་ར་ནཱ་ཐ་ཡན་ཆད་དུ་ལོ་བཞི་བརྒྱ་ལྷག་ཙམ་སོང་བ་ཡིན”[2]ཞེས《ཇོ་ནང་གི་གནས་བཤད》རང་དུ་གསུངས་པ་ཇི་བཞིན་ལ་ཚིག་ཁ་ཤས་རེ་དང་རྗེ་བཙུན་པའི་མཚན་ཙམ་ཁ་སྣོན་མཛད་ཡོད་པ་དེ་ལ་གཞིར་བཟུང་སྟེ། དེ་རྗེས་གནས་བཤད་དེ་རྗེ་བཙུན་པའི་གསུང་ཡིན་པར་ཡོངས་སུ་གྲགས་ཤིང་། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་སོགས་ཀྱིས་ཀྱང་པར་དུ་བཏབ། ད་དུང་དཔར་མ་དེ་རུ་མཇུག་གི་མཛད་བྱང་དུ“ཞེས་དགེ་སློང་ཀུན་དགའ་སྙིང་པོས་བྲིས”[3]ཞེས་པ་ཞིག་སྤྱིར་མཛད་བྱང་དུ་མི་གསལ་བ་ཞིག་ཀྱང་ཁ་སྣོན་བྱས་འདུག དེ་བཞིན《ཇོ་ནང་དཀར་ཆག་ཤེལ་དཀར་ཕྲེང་མཛེས》[4]ཞེས་པ་དེ་རུའང་གནས་བཤད་དེ་གཉིས་རྗེ་བཙུན་པའི་གསུངས་ཡིན་པ་གཞིར་བཞག་བྱས་ཏེ་བཀོད་འདུག་གོ །

དེ་ལྟ་ན《ཇོ་ནང་གི་གནས་བཤད》དེ་རྗེ་བཙུན་པའི་གསུང་ཡིན་མིན་གྱི་དོགས་པ་གང་ནས་བྱུང་ཞེ་ན། གནས་བཤད་དེ་གར“གནས་འདིར་ནི་སྔོན་མ་ཅིག་རི་མ་ནས་བཟུང་སྟེ་དེང་སང་གི་བར་དུ་སྒྲུབ་གྲྭ་རྒྱུན་མ་ཆད་པའི་དབང་དུ་བྱས་ན་ལོ་ལྔ་བརྒྱ་ཙམ་སོང་ཞིང་། ཆོས་རྗེ་ཀུན་སྤངས་ཆེན་པོ་ཕེབས་པ་ནས་ཆོས་རྒྱུད་གཅིག་ཅིང་ཉམས་ལེན་གྱི་རྒྱུན་གཅིག་པའི་སྒྲུབ་རྒྱུད་འདི་ཁོ་ན་ལའང་ད་ལྟ་ཡན་ཆད་དུ་ལོ་བཞི་བརྒྱ་ལྷག་ཙམ་སོང་ངོ”[5]ཞེས། གནས་བཤད་དེ་མཛད་པ་པོ་ཁོང་རང་གི་སྐབས་དེ་གཞིར་བཟུང་ནས་མ་ཅིག་སངས་རྒྱས་རི་མ་དང་ཁོང་གཉིས་ཀྱི་བར་དུ་ལོ་ངོ་ལྔ་བརྒྱ་ཙམ་སོང་བ་དང་། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་ཁོང་གཉིས་ཀྱི་བར་དུ་ལོ་ངོ་བཞི་བརྒྱ་ལྷག་ཅིག་སོང་བའི་ལོ་ཚིགས་གསལ།

འོ་ན་དོགས་པ་དང་པོ་ནི། གལ་ཏེ་གནས་བཤད་དེའི་མཛད་པ་པོ་རྗེ་བཙུན་ཏཱ་ར་ནཱ་ཐ་ཡིན་ན། རྗེ་བཙུན་ཁོང་ནི་རབ་བྱུང་བཅུ་པའི་ཤིང་མོ་ཕག་གི་ལོར་འཁྲུངས་པ་དང་། རབ་བྱུང་བཅུ་དྲུག་པའི་ཤིང་མོ་ཕག་གི་ལོར་གཤེགས(༡༥༧༥~༡༦༣༥)ཤིང་ཏག་ཏག་རབ་བྱུང་གཅིག་གི་ཡུན་དུ་བཞུགས་པ་ཞིག་ཡིན་ལ། མ་ཅིག་རི་མའི་རྣམ་ཐར་མ་མཐོང་ཡང་། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་སློབ་མ་གྲུབ་པ་ཐོབ་པ་མི་བཞིའི་ནང་གི་གཙོ་མོ་སྲད་སྒོམ་དཀོན་མཆོག་གམ་སྲད་མོ་དཀོན་ནེ་ཞེས་པ་འདས་རྗེས་ཀྱི་ལོ་ངོ་བརྒྱད་ཅུ་སྐོར་སོང་བའི་རྗེས་སུ་ཇོ་ནང་རི་ཁྲོད་དུ་བྱོན་པ་ཡིན་པ་གནས་བཤད་དེ་གར་གསལ། དེ་ལྟ་ན་སྲད་སྒོམ་མ་དང་མ་ཅིག་རི་མ་གཉིས་ཀྱི་ལོ་ཚིགས་གསལ་ཐག་ཆོད་པ་ཞིག་མ་ངེས་ཀྱང་། འབྲོག་མི་ལོ་ཙཱ་བ་ནི་རབ་བྱུང་མ་ཚུགས་གོང་གི་ཡར་སྔོན་ཆུ་སྦྲུལ་ལོར་འཁྲུངས་ཤིང་། རབ་བྱུང་དང་པོའི་ཤིང་ཕོ་སྟག་གི་ལོར་གཤེགས(༩༩༣~༡༠༧༤)པ་ཞིག་ཡིན་པས། སྲད་སྒོམ་མ་ཁོང་དང་དུས་མཉམ་པ་ཡིན་ཞིང་། སྲད་སྒོམ་མ་འདས་རྗེས་ལོ་བརྒྱུད་ཅུ་སྐོར་སོང་བའི་མཚམས་དེ་ཚོད་དཔག་ཙམ་བྱས་ནའང་རབ་བྱུང་གསུམ་པའི་ནང་ཞིག་ལ་ཁེལ་བས། མ་ཅིག་དང་རྗེ་བཙུན་པས་ཇོ་ནང་རི་ཁྲོད་ཀྱི་གདན་ས་མཛད་པའི་བར་ལ་ལོ་ངོ་ལྔ་བརྒྱ་ཙམ་སོང་བའི་གནས་མེད། ཆེས་རགས་བརྩིས་བྱས་ནའང་ལོ་ངོ་བཞི་བརྒྱ་ལྔ་བཅུ་དྲུག་ཅུ་ཡས་མས་ཤིག་ལས་སོང་མི་འདུག

ལོ་རྒྱུས་ཞིབ་དཔྱོད་པ་རེ་འགར་མ་ཅིག་སངས་རྒྱས་རི་མའི་སྐོར་དྲིས་པ་ཡིན་མོད། ཁོ་ཅག་གཅིག་གིས་མ་གཅིག་ཞ་མ་དང་མི་གཅིག་རེད་ཅེས་བཤད་པ་ལས་མི་ཤེས་ཟེར་མཁན་ཤ་སྟག་རེད། དེས་ན་མ་གཅིག་ཞ་མ་ནི་རབ་བྱུང་དང་པོའི་ཆུ་ཕོ་སྟག་གི་ལོར་འཁྲུངས་ཤིང་། རབ་བྱུང་གསུམ་པའི་ས་མོ་སྦྲུལ་ལོར་གཤེགས(༡༠༦༢~༡༡༤༩)པ་ཞིག་ཡིན་པ་ཨ་ལགས་དུང་དཀར་ཚང་གིས་གསུངས[6]འདུག་པས། རྗེ་བཙུན་དང་མ་གཅིག་གཉིས་ཀྱི་འཁྲུངས་ལོའི་དབང་དུ་བྱས་ན་ལོ་ངོ་ལྔ་བརྒྱ་བཅུ་བཞི་སོང་འདུག་ཀྱང་། གནས་བཤད་དུ་གསལ་བའི་ལོ་ལྔ་བརྒྱ་ཙམ་ཞེས་པ་ནི་གདན་ས་མཛད་པའི་ལོ་ནས་བརྩིས་པ་ཡིན་པས། རྗེ་བཙུན་པའི་གདན་ས་མཛད་པའི་ལོ་ནི་རབ་བྱུང་བཅུ་པའི་ཤིང་མོ་ལུག་གམ་ཕྱི་ལོ༡༥༩༥ལོ་ཡིན་ཞིང་། མ་གཅིག་ཞ་མ་དགུང་ལོ་སོ་གསུམ་ལ་སོན་པའི་ཡར་སྔོན་དུ་བླ་མ་རྨ་དང་འཁོན་ཕུ་བ་སོགས་ཀྱི་ཞབས་ཏོག་མཛད་ཅིང་ཆོས་ཞུས་ཏེ་བཞུགས་པས། ཁོང་གིས་ཡུལ་ཉི་ཤུ་རྩ་བཞི་སོགས་འགྲིམས་ཏེ་ཐུགས་དམ་མཛད་པའི་ཚུལ་ནི་མ་མཐའང་དགུང་ལོ་སོ་གསུམ་ཕྱིན་ཆད་ཅིག་ཏུ་ཡིན་དགོས། དེ་ལྟ་ན་མ་གཅིག་ཇོ་ནང་རི་ཁྲོད་དུ་ཕེབས་པ་དང་རྗེ་བཙུན་པས་ཇོ་ནང་རི་ཁྲོད་ཀྱི་གདན་ས་མཛད་པའི་བར་དུ་ལོ་ངོ་བཞི་བརྒྱ་དྲུག་ཅུ་ཡས་མས་ཤིག་ལས་སོང་མི་འདུག་པས། ལོ་ལྔ་བརྒྱ་ཙམ་ཞེས་པའི་ཙམ་སྒྲས་ཆེ་བཞག་བྱས་ནའང་ལོ་ངོ་ཉི་ཤུ་ཡས་མས་ཤིག་ལས་མི་ཆོད་པས་ལོ་ངོ་བཞི་བརྒྱ་བརྒྱད་ཅུའི་སྐོར་ཞིག་སོང་བའི་གནས་མེད་དོ། །

དོགས་པ་གཉིས་པ་ནི། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ནི་རབ་བྱུང་བཞི་པའི་ཆུ་མོ་ཡོས་ཀྱི་ལོར་སྐུ་འཁྲུངས་ཤིང་། རབ་བྱུང་ལྔ་པའི་ཆུ་མོ་གླང་གི་ལོར་སྐུ་གཤེགས(༡༢༤༣~༡༣༡༣)པ་ཡིན་ཞིང་། ཁོང་གིས་ལོ་ངོ་ཉེར་གཅིག་གི་ཡུན་དུ་ཇོ་ནང་རི་ཁྲོད་ཀྱི་གདན་ས་བཟུང་སྟེ་མཐར་དགུང་གྲངས་བདུན་ཅུ་རྩ་གཅིག་པའི་སྟེང་གནས་དེ་གར་སྐུ་འདས་པ་བླ་མ་ཡོན་ཏན་བཟང་པོས་གསུངས[7]ཡོད་པས། ཀུན་སྤངས་པ་ཆེན་པོས་གདན་ས་མཛད་པའི་ལོ་དེ་ནི་རབ་བྱུང་ལྔ་པའི་ཆུ་མོ་སྦྲུལ་ལོའམ་ཕྱི་ལོ༡༢༩༣ལོར་ཁེལ་ལ། རྗེ་བཙུན་པའི་གདན་ས་མཛད་པའི་ལོ་ནི་རབ་བྱུང་བཅུ་པའི་ཤིང་མོ་ལུག་གམ་ཕྱི་ལོ༡༥༩༥ལོ་དེ་ཡིན་པས། ཁོང་གཉིས་ཀྱིས་གདན་ས་མཛད་པའི་བར་དུ་ལོ་ངོ་སུམ་བརྒྱ་དང་གསུམ་ཙམ་ལས་སོང་མེད་སྟབས། གནས་བཤད་དེ་གར་གསལ་བ་ལྟར་ལོ་ངོ་བཞི་བརྒྱ་ལྷག་ཅིག་སོང་བའི་གནས་མེད་དོ། །

དོགས་པ་གསུམ་པ་ནི། 《ཇོ་ནང་གི་གནས་བཤད》དུ“གནས་འདིར་ནི་སྔོན་མ་ཅིག་རི་མ་ནས་བཟུང་སྟེ་དེང་སང་གི་བར་དུ་སྒྲུབ་གྲྭ་རྒྱུན་མ་ཆད་པའི་དབང་དུ་བྱས་ན་ལོ་ལྔ་བརྒྱ་ཙམ་སོང་ཞིང་། ཆོས་རྗེ་ཀུན་སྤངས་ཆེན་པོ་ཕེབས་པ་ནས་ཆོས་རྒྱུད་གཅིག་ཅིང་ཉམས་ལེན་གྱི་རྒྱུན་གཅིག་པའི་སྒྲུབ་རྒྱུད་འདི་ཁོ་ན་ལའང་ད་ལྟ་ཡན་ཆད་དུ་ལོ་བཞི་བརྒྱ་ལྷག་ཙམ་སོང་ངོ”ཞེས་པ་དང་། བླ་མ་བློས་གྲགས་ཀྱིས“གནས་འདིར་སྔོན་མ་ཅིག་རི་མ་ནས་བཟུང་དེང་སྐབས་ཀྱི་བར་སྒྲུབ་གྲྭ་རྒྱུན་མ་ཆད་པའི་དབང་དུ་བྱས་ན་རྗེ་བཙུན་གྱི་སྐུ་དུས་ཡན་ལ་ལོ་ལྔ་བརྒྱ་ལྷག་ཙམ་སོང་། རང་རེའི་ཆོས་བརྒྱུད་ཀྱི་དབུ་འཛུགས་མཛད་པའི་ཆོས་རྗེ་ཀུན་སྤངས་ཆེན་པོ་ཕེབས་པ་ནས་ཆོས་བརྒྱུད་གཅིག་ཅིང་ཉམས་ལེན་རྒྱུན་གཅིག་གི་སྒྲུབ་བརྒྱུད་འདི་ཁོ་ནའང་རྗེ་བཙུན་ཏཱ་ར་ནཱ་ཐ་ཡན་ཆད་དུ་ལོ་བཞི་བརྒྱ་ལྷག་ཙམ་སོང་བ་ཡིན”ཞེས་གསུངས་པའི་ཚིག་དུམ་དེ་གཉིས་ལ་ཞིབ་ཀྱིས་རྟོག་དང་། གནས་བཤད་དུ་གསལ་བ་ལ་བླ་མ་བློས་གྲགས་ཀྱིས་ཚིག་ཁ་ཤས་ཡར་བསྣན་པ་དང་། ཕྲད་རེ་འགའ་མར་འཕྲི་བ་ལས་གཞན་ཁྱད་པར་མེད་པ་དང་། ཡང་བླ་མ་བློ་གྲགས་ཀྱིས“གནས་འདིར་སྔོན་མ་ཅིག་རི་མ་ནས་བཟུང་དེང་སྐབས་ཀྱི་བར”ཞེས་པའི“དེང་སྐབས”ཟེར་བའི་ཚིག་དེ་བསྒྱུར་བཅོས་མ་བྱས་པར་བལྟས་ན་ཁོང་གིས་ཞིབ་ཆ་ལྡན་ཞིང་གཏན་ཚིགས་ཀྱིས་གྲུབ་པའི་ལོ་རྒྱུས་ཁུངས་ཐུབ་ཅིག་གསུངས་ཐུབ་མི་འདུག་ལ། ལྷག་ཏུ་མ་ཅིག་རི་མ་དང་རྗེ་བཙུན་པའི་བར་དུ་ལོ་ལྔ་བརྒྱ་ལྷག་ཅིག་སོང་བའི་གནས་མེད་པས། གཞི་དེ་ལ་བཅོལ་ཏེ《ཇོ་ནང་གི་གནས་བཤད》རྗེ་བཙུན་པའི་གསུང་ཡིན་པ་སྒྲུབ་མི་རིགས་སྙམ་མོ། །

དོགས་པ་བཞི་པ་ནི། 《ཇོ་ནང་གི་གནས་བཤད》དུ་ཇོ་ནང་རི་ཁྲོད་ཀྱི་གདན་ས་འཛིན་པ་རྣམས་ཀྱི་མཚན་བགྲངས་པའི་ཚེ“རྗེ་བཙུན་ཀུན་དགའ་གྲོལ་མཆོག་དང་། བསྟན་འཛིན་ཀུན་དགའ་དཔལ་བཟང་རྣམས་བྱོན། དེ་རྗེས་ད་ལྟའི་བླ་མ་དམ་པའོ”[8]ཞེས་གསུངས་འདུག་པས། ཇོ་ནང་རི་ཁྲོད་ཀྱི་གདན་རབས་ཉེར་ལྔ་པ་རྗེ་བཙུན་ཀུན་དགའ་གྲོལ་མཆོག(༡༥༠༧~༡༥༦༦) གདན་རབས་ཉེར་དྲུག་པ་རྗེ་དྲུང་ཀུན་དགའ་དཔལ་བཟང་། གདན་རབས་ཉེར་བདུན་པ་རྗེ་བཙུན་ཀུན་དགའ་སྙིང་པོ(ཏཱ་ར་ནཱ་ཐ)རྣམས་ཡིན། དེ་ལྟ་ན་གོང་དུ་གསལ་བའི“དེ་རྗེས་ད་ལྟའི་བླ་མ་དམ་པའོ”ཞེས་པ་དེ་རྗེ་བཙུན་ཀུན་དགའ་སྙིང་པོའམ་ཏཱ་ར་ནཱ་ཐ་ཉིད་ཡིན་པ་ཤེས་ཐུབ་པས། གནས་བཤད་དེའི་མཛད་པ་པོ་རྗེ་བཙུན་ཁོང་ཉིད་ཡིན་ན་ཉིད་ཀྱིས་ཉིད་ལ“དེ་རྗེས་ད་ལྟའི་བླ་མ་དམ་པའོ”ཞེས་བརྗོད་སྲིད་དམ།

དེ་བཞིན་དུ《དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད》ཀྱང་རྗེ་བཙུན་པའི་གསུང་ཡིན་ནམ་སྙམ། རྒྱུ་མཚན་དང་པོ། གནས་བཤད་དེ་གར“ཕྱོགས་བཅུ་དུས་གསུམ་རབ་འབྱམས་སྲིད་ཞི་མཐའ་དག་གི་རྣམ་དཀར་ལེགས་ཚོགས་ཐམས་ཅད་འབད་རྩོལ་མེད་པར་ལྷུན་གྲུབ་ངང་གིས་འདུ་བའི་གནས་དགའ་ལྡན་ཕུན་ཚོགས་གླིང་ངེས་དོན་དགའ་བའི་ཚལ་གྱི་གཙུག་ལག་ཁང་འདིའི་ལོ་རྒྱུས་ཀྱི་དབང་དུ་བྱས”[9]ཞེས་གཞུང་ཡིག་ཏུ་གསལ་ཞིང་། ཁ་བྱང་དུའང《དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད》ཅེས“དགའ་ལྡན་ཕུན་ཚོགས་གླིང”ཞེས་གསུངས་འདུག་པས། དགོན་པ་དེར་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་ཡོན་སྦྱར་ཞིང་རྗེ་བཙུན་ཁོང་གིས་ཕྱག་འདེབས་མཛད་པ་ནས། གདན་རབས་གསུམ་པ་རྗེ་བཙུན་ཁོང་གི་སློབ་མ་མཁན་ཆེན་རིན་ཆེན་རྒྱ་མཚོའི་བར་དུ“རྟག་བརྟན་དམ་ཆོས་གླིང”ཞེས་བརྗོད་པ་ལས“དགའ་ལྡན་ཕུན་ཚོགས་གླིང”ཞེས་པའི་བརྗོད་སྲོལ་མེད་པ་འདྲ།

“དགའ་ལྡན་ཕུན་ཚོགས་གླིང”ཞེས་འདོགས་པའི་དུས་ནི་མཁན་ཆེན་རིན་ཆེན་རྒྱ་མཚོའི་ཐུགས་སྲས་བློ་གྲོས་རྣམ་རྒྱལ་གྱི་དུས་སུ། རྒྱལ་དབང་ལྔ་པ་དང་། རྗེ་བཙུན་གྱི་སློབ་མར་གྱུར་ཅིང་རྗེས་སུ་རྗེ་བཙུན་དང་དམ་ཚིག་ཐེངས་དགུ་ལ་འགལ་བའི་ཡོངས་འཛིན་ཚེ་དབང་དོན་གྲུབ་བམ་སྨོན་འགྲོ་ཡབ་སྲས་སོགས་ཀྱི་བཀས་བསྐུལ་བ་ལྟར་རྟག་བརྟན་དམ་ཆོས་གླིང་དང་ཆོས་ལུང་བྱང་རྩེ་སོགས་རྩད་ནས་གཏོར་བཅོམ་བྱས་ནས་གྲུབ་མཐའ་དགེ་ལུགས་པར་བསྒྱུར་ཅིང་། དེར་བཞུགས་ཀྱི་གསུང་རབ་དག་ཀྱང་མེར་བསྲེགས་ནས་མེད་པར་བཟོས་ཏེ། དགོན་མིང་དུའང“དགའ་ལྡན་ཕུན་ཚོགས་གླིང”ཞེས་བཏགས་པ་རེད། གལ་ཏེ་གནས་བཤད་དེ་རྗེ་བཙུན་གྱི་གསུང་ཡིན་པའི་དབང་དུ་ན“རྟག་བརྟན་དམ་ཆོས་གླིང་གི་གནས་བཤད”ཅེས་བརྗོད་དགོས་པ་ལས། “དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད”ཅེས་བརྗོད་པའི་གནས་མེད་པར་འདོད། རྗེ་བཙུན་ཁོང་གི་སྐབས་ལ“རྟག་བརྟན་དམ་ཆོས་གླིང”ཞེས་པའི་དགོན་མིང་ལས་གཞན་མེད་པས་སོ། །ཡང་ན་དེ་རྗེས་རྗེ་བཙུན་རིན་པོ་ཆེའི་གསུང་ལ་ལོ་རྒྱུས་འཁྱོག་བརྗོད་ལ་སྤྲོས་པ་ཞིག་གིས་གནས་བཤད་དེར་ཁ་སྣོན་ནམ་ཁ་གསབ་ཅིག་བྱས་ཏེ“དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད”ཅེས་བཏགས་པ་ཡིན་དགོས་སོ། །དེ་མིན་གནས་བཤད་དེ་རྗེ་བཙུན་པའི་གསུང་ཡིན་པའི་སྲོལ་མེད་པ་འདྲ།

རྒྱུ་མཚན་གཉིས་པ། 《དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད》དེ་གར་མདོ་རྒྱུད་ལ་སོགས་པ་རུ་ཀུན་མཁྱེན་ཆེན་པོ་ལུང་གིས་བསྟན་ཚུལ་བཤད་སྐབས། “དེ་ཡང་རྔ་བོ་ཆེའི་མདོ་ལས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དོལ་པོ་སངས་རྒྱས་དེ་ཉིད་ཀྱིས་རྒྱལ་བའི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་ཅིང་། ལོ་བརྒྱུད་ཅུའི་བར་དུ་ངེས་དོན་གྱི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་བར་འགྱུར་ལ། དེ་ནས་བར་སྐབས་དེར་ཅུང་ཟད་ངེས་པའི་དོན་གྱི་བསྟན་པ་མི་གསལ་བར་གྱུར་པ་ན། སླར་ཡང་ཆོས་ཀྱི་རྒྱལ་པོ་དེ་ཉིད་འགྲོ་བའི་དོན་དུ་བཤེས་གཉེན་དམ་པའི་ཚུལ་བཟུང་སྟེ། སྤྲུལ་པའི་སྐུས་ངེས་པའི་དོན་གྱི་བསྟན་པ་གསལ་བར་མཛད་ཚུལ་ལུང་བསྟན་པ”[10]ཞེས་པའི་ལུང་དུ་བསྟན་པའི་སྤྲུལ་པའི་སྐུ་དེ་ནི་གནས་བཤད་དེ་གར“བདག་ཅག་གི་རྗེ་བཙུན་དམ་པ་འདིས། སླར་ཡང་ངེས་དོན་གྱི་བསྟན་པ་དར་བར་མཛད་པ་ལུང་བསྟན་པ་ཡིན་པར་གདའ”[11]ཞེས་རྗེ་བཙུན་ཏཱ་ར་ནཱ་ཐ་ཁོང་ཉིད་ལུང་བསྟན་པར་བཤད་པ་དང་། “བདག་ཅག་གི་རྗེ་བཙུན་དམ་པ་འདིས”ཞེས་པའི་ཚིག་འདིས་གནས་བཤད་དེའི་མཛད་པ་པོ་རྗེ་བཙུན་ཉིད་མིན་པ་གསལ་བོར་བསྟན་ཅིང་། ཁོང་གི་སློབ་རྒྱུད་དུ་གཏོགས་པ་ཞིག་ཡིན་པ་དོན་གྱིས་ཤེས་ཐུབ་པ་མ་ཡིན་ནམ།

རྒྱུ་མཚན་གསུམ་པ། ཡང་གནས་བཤད་དེ་གར་བད་རྔམ་པའི་ལྷ་ཁང་དུ་བཞུགས་པའི་ཐུབ་པའི་སྐུ་བརྙན་ཞིག་རྟག་བརྟན་གླིང་དུ་སྤྱན་འདྲེན་ཚུལ་བཤད་སྐབས། “དེ་རྗེས་ཁྲི་རྒྱབ་ལ་སོགས་པ་རྗེ་བཙུན་ཉིད་ཀྱིས་ཞལ་བཀོད་མཛད་ནས་བཞེངས”[12]ཞེས་པ་དང་། ལྷ་ཁང་དེའི་ལོགས་བྲིས་ངོ་སྤྲོད་ཀྱི་ནང་དུ“སྒྲུབ་པ་པོའི་ཚུལ་དུ་རྗེ་བཙུན་ཉིད་ཀྱི་སྐུ་འདྲ་དང་བཅས་པ་བཞུགས”[13]ཞེས་པ་དང་། ཡང་འོག་མིན་ལྷ་ཁང་ངོ་སྤྲོད་ཀྱི་ནང་དུ“སྦྱིན་བདག་གི་ཚུལ་དུ་རྗེ་བཙུན་ཉིད་ཀྱི་སྐུ་བརྙན་རྣམས་བཞུགས”[14]ཞེས་པ་དང་། གཞན་ཡང་ལྷ་ཁང་དག་གི་ལོགས་བྲིས་སུ“རྗེ་བཙུན་ཉིད་ཀྱི་སྐྱེས་རབས་འཕྲེང་བ་ལ་སོགས་པ་བཞུགས”[15]ཞེས་པ་དང་། “ཀུན་མཁྱེན་དུས་གསམ་སངས་རྒྱས་དང་། རྗེ་བཙུན་ཉིད་དོ”[16]ཞེས་པ་དང་། “ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། རྗེ་བཙུན་ཉིད”[17]ཅེས་པ་སོགས་མང་དུ་གསུངས་པ་དང་། མགོན་ཁང་གི་སྐུ་བརྙན་ནང་དུ“འདི་ནི་ཚོགས་བདག་དཀར་པོ། འདི་ནི་ཛམྦྷ་ལ་ནག་པོ་སྟེ། འདི་གཉིས་ཀྱང་རྗེ་བཙུན་ཉིད་ཀྱིས་གསར་བཞེངས་སུ་གནང་བ་བྱིན་རླབས་ཀྱི་རྟགས་མཚན་ཅན་ཡིན”[18]ཞེས་གསུངས་པ་སོགས་གནས་བཤད་དེ་གར་གསལ་བས། གནས་བཤད་དེའི་མཛད་པ་པོ་རྗེ་བཙུན་ཁོང་ཉིད་མིན་ཞིང་ཁོང་གི་སློབ་རྒྱུད་དུ་གཏོགས་པ་ཞིག་ཡིན་པ་ཤིན་ཏུ་གསལ་ལོ། །

མདོར་ན། ཕྲན་གྱིས་བལྟས་ན། 《ཇོ་ནང་གི་གནས་བཤད》ནི་ལོ་ཚིགས་སོགས་ལ་དཔགས་ཚེ་རྗེ་བཙུན་དང་དུས་མཉམ་ཞིང་ཁོང་གི་སློབ་མར་གྱུར་པ་ཞིག་གིས་མཛད་པ་མིན་ནམ་སྙམ། 《དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད》ནི་གནས་བཤད་དེའི་མཚན་བྱང་ལ་དཔགས་ཚེ་རྗེ་བཙུན་གྱི་སློབ་རྒྱུད་དུ་གཏོགས་པ་ཐུགས་སྲས་བློ་གྲོས་རྣམ་རྒྱལ་དང་དུས་མཉམ་ཞིང་། ཡང་ན་དེ་ལས་འཕྱིས་པ་ཞིག་གིས་མཛད་པ་མིན་ནམ་སྙམ།

གང་ལྟར། ཕྲན་ནི། ལོ་རྒྱུས་སྨྲ་བ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་ཀྱང་གནས་བཤད་དེའི་མཛད་པ་པོ་སུ་ཡིན་གྱི་བརྡར་ཤ་མ་ཆོད་དེ་བསྐྱུར་བའི་རྒྱུ་མཚན་དང་། གོང་དུ་བཀོད་པའི་དོགས་པ་དེ་དག་དང་རྒྱུ་མཚན་དེ་དག་ལ་བརྟེན《ཇོ་ནང་གི་གནས་བཤད》དང《དགའ་ལྡན་ཕུན་ཚོགས་གླིང་གི་གནས་བཤད》གཉིས་ཀྱི་མཛད་པ་པོ་རྗེ་བཙུན་ཏཱ་ར་ནཱ་ཐ་ཡིན་ནམ་སྙམ་པའི་ཐེ་ཚོམ་གྱི་དྲྭ་བར་ཚུད་ཡོད་པས། བློ་གྲོས་དང་ལྡན་པ་རྣམས་ལ་ཡིན་མིན་གྱི་གྲོས་འདེབས་ཙམ་དུ་ཕུལ་བ་ལས། ཡིན་ཐག་མིན་ཐག་ཆོད་པའི་གཏམ་དེ་འདྲ་གང་ཡང་མིན་པས། མཁྱེན་ལྡན་ཞིག་གིས་ཕྲན་གྱི་ཐེ་ཚོམ་གྱི་དྲྭ་རྒྱ་གཏོར་བའི་ཤེས་རབ་ཀྱི་རལ་གྲི་ཐེངས་ཤིག་གཡུགས་རོགས་ཞེས་ཞུ་བ་ལགས་སོ། །

ཡང་ལ་ལས། ཁྱོད་ཀྱིས་བླ་མ་བློས་གྲགས་ཀྱི་གསུང་འཁྲུལ་མེད་དེ་ལའང་དོགས་པ་བྱས་པ་དེ་བསྟན་བཤིག་གི་ལས་སོ་ཟེར་ཏེ། ཕྱིས་སུ་ཛམ་ཐང་སོགས་ནས་དཔར་བའི་ཤིང་པར་རེ་དང་ལྕགས་པར་རེ་ཁྱེར་ཡོང་ནས། གནས་བཤད་དེ་གཉིས་རྗེ་བཙུན་པའི་གསུང་ཡིན་པའི་སྒྲུབ་བྱེད་དུ་དགོད་ཡོང་སྲིད་མོད། གནས་བཤད་འདི་གཉིས་ཀྱི་མ་ཕྱིའི་ཡི་གེ་ནི་འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་རྙེད་པའི་དབུ་མེད་བྲིས་མ་དེ་ཉིད་ཡིན་ཞིང་དེ་རུ་མཛད་བྱང་ནི་མི་གསལ། ཕྱིས་སུ་དཔར་བ་དག་ལ་ནི་བླ་མ་བློས་གྲགས་ཀྱི་གསུང་གི་ཤན་ཞུགས་ཡོད་པས་སྒྲུབ་བྱེད་དུའང་མི་འོས། དེ་བས་གཏན་ཚིགས་ཡང་དག་གིས་གྲུབ་པའི་སྒྲུབ་བྱེད་རེ་མེད་ན་ཐུགས་ལྷོད་པོའི་ངང་ནས་སྨྲ་བ་བསྐྱུང་བའི་གནས་སུ་འཇུག་པའི་རེ་བ་ཞུའོ། །

༢༠༡༩/༡༡/༥

  ལུང་ཁུངས།

  [1] 《བོད་ཀྱི་གནས་ཡིག་བདམས་བསྒྲིགས།》 གངས་ཅན་རིག་མཛོད། དེབ་ཕྲེང27པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོའི་ཟླ2པའི་པར་ཐེངས་གཉིས་པ། ལྡེབ་གྲངས3དང4རུ་གསལ།

  [2] ངག་དབང་བློ་གྲོས་གྲགས་པས་མཛད་པའི《ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ།》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།1992ལོའི་ཟླ5པའི་པར་ཐེངས་དང་པོ། ལྡེབ་གྲངས100རུ་གསལ།

  [3] མེས་པོའི་ཤུལ་བཞག དེབ་དོན་དྲུག་པ། 《ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ།》 པོད་ཕྲེང༣༤པ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2008ལོའི་ཟླ4པའི་ཐེངས་དང་པོ། ལྡེབ་གྲངས153དུ་གསལ།

  [4] ཧོར་རྒྱལ་སོགས་ཀྱིས་སྒྲིག་སྒྱུར་བྱས་པའི་རྒྱ་བོད་ཡི་གེ་སྦྲགས་པ་ཅན་གྱི《ཇོ་ནང་དཀར་ཆག་ཤེལ་དཀར་ཕྲེང་མཛེས།》 མི་རིགས་དཔེ་སྐྲུན་ཁང་།2005ལོའི་ཟླ5པའི་པར་ཐེངས་དང་པོ། ལྡེབ་གྲངས60རུ་གསལ།

  [5] 《བོད་ཀྱི་གནས་ཡིག་བདམས་བསྒྲིགས།》 གངས་ཅན་རིག་མཛོད། དེབ་ཕྲེང27པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོའི་ཟླ2པའི་པར་ཐེངས་གཉིས་པ། ལྡེབ་གྲངས248དང249རུ་གསལ།

  [6] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི《དུང་དཀར་ཚིག་མཛོད་ཆེན་མོ།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།1999ལོའི་ཟླ4པའི་པར། ལྡེབ་གྲངས1585རུ་གསལ།

  [7] ངག་དབང་ཡོན་ཏན་བཟང་པོས་མཛད་པའི《ཇོ་ནང་ཆོས་འབྱུང་དང་རྗེ་ཇོ་ནང་པ་ཆེན་པོའི་རིང་ལུགས་བཞུགས་སོ། །》མི་རིགས་དཔེ་སྐྲུན་ཁང་།2000ལོའི་ཟླ10པའི་པར་ཐེངས་དང་པོ། ལྡེབ་གྲངས36ཏུ་གསལ།

  [8] 《བོད་ཀྱི་གནས་ཡིག་བདམས་བསྒྲིགས།》 གངས་ཅན་རིག་མཛོད། དེབ་ཕྲེང27པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོའི་ཟླ2པའི་པར་ཐེངས་གཉིས་པ། ལྡེབ་གྲངས247དུ་གསལ།

  [9] 《བོད་ཀྱི་གནས་ཡིག་བདམས་བསྒྲིགས།》 གངས་ཅན་རིག་མཛོད། དེབ་ཕྲེང27པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོའི་ཟླ2པའི་པར་ཐེངས་གཉིས་པ། ལྡེབ་གྲངས259རུ་གསལ།

  [10] 《བོད་ཀྱི་གནས་ཡིག་བདམས་བསྒྲིགས།》 གངས་ཅན་རིག་མཛོད། དེབ་ཕྲེང27པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོའི་ཟླ2པའི་པར་ཐེངས་གཉིས་པ། ལྡེབ་གྲངས264རུ་གསལ།

  [11] 《བོད་ཀྱི་གནས་ཡིག་བདམས་བསྒྲིགས།》 གངས་ཅན་རིག་མཛོད། དེབ་ཕྲེང27པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོའི་ཟླ2པའི་པར་ཐེངས་གཉིས་པ། ལྡེབ་གྲངས265རུ་གསལ།

  [12] 《བོད་ཀྱི་གནས་ཡིག་བདམས་བསྒྲིགས།》 གངས་ཅན་རིག་མཛོད། དེབ་ཕྲེང27པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོའི་ཟླ2པའི་པར་ཐེངས་གཉིས་པ། ལྡེབ་གྲངས272སུ་གསལ།

  [13] 《བོད་ཀྱི་གནས་ཡིག་བདམས་བསྒྲིགས།》 གངས་ཅན་རིག་མཛོད། དེབ་ཕྲེང27པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོའི་ཟླ2པའི་པར་ཐེངས་གཉིས་པ། ལྡེབ་གྲངས273དུ་གསལ།

  [14] 《བོད་ཀྱི་གནས་ཡིག་བདམས་བསྒྲིགས།》 གངས་ཅན་རིག་མཛོད། དེབ་ཕྲེང27པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོའི་ཟླ2པའི་པར་ཐེངས་གཉིས་པ། ལྡེབ་གྲངས277དུ་གསལ།

  [15] 《བོད་ཀྱི་གནས་ཡིག་བདམས་བསྒྲིགས།》 གངས་ཅན་རིག་མཛོད། དེབ་ཕྲེང27པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོའི་ཟླ2པའི་པར་ཐེངས་གཉིས་པ། ལྡེབ་གྲངས281ཏུ་གསལ།

  [16] 《བོད་ཀྱི་གནས་ཡིག་བདམས་བསྒྲིགས།》 གངས་ཅན་རིག་མཛོད། དེབ་ཕྲེང27པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོའི་ཟླ2པའི་པར་ཐེངས་གཉིས་པ། ལྡེབ་གྲངས283དུ་གསལ།

  [17] 《བོད་ཀྱི་གནས་ཡིག་བདམས་བསྒྲིགས།》 གངས་ཅན་རིག་མཛོད། དེབ་ཕྲེང27པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོའི་ཟླ2པའི་པར་ཐེངས་གཉིས་པ། ལྡེབ་གྲངས291ཏུ་གསལ།

  [18] 《བོད་ཀྱི་གནས་ཡིག་བདམས་བསྒྲིགས།》 གངས་ཅན་རིག་མཛོད། དེབ་ཕྲེང27པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012ལོའི་ཟླ2པའི་པར་ཐེངས་གཉིས་པ། ལྡེབ་གྲངས290རུ་གསལ།