སྡེ་སྲིད་གང་དུ་འཁྲུངས་པ་དང་ཡབ་ཡུམ་སོགས།

སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་ལྷ་སའི་བྱང་གི་ཉང་བྲན་གྲོང་སྨད་ཅེས་པར་འཁྲུངས་ཤིང་། ཡུལ་དེ་ནི་ཉང་ཏིང་འཛིན་བཟང་པོའི་བྲན་དུ་གྱུར་བས་ཉང་བྲན་ཞེས་ཐོགས་པར་མི་དབང་སྡེ་སྲིད་གསུངས་ལ། ཡབ་ཨ་སུག་དང་ཡུམ་བུ་ཁྲིད་རྒྱལ་མོ་ཞུ་བ་གཉིས་ཀྱི་སྲས་སུ་འཁྲུངས།   ཁ་ཅིག་སྡེ་སྲིད་ཁོང་ནི་ལྔ་པ་ཆེན་མོའི་སྲས་ཡིན་ཞེས་ཟེར་ཞིང་།   སྐྱེ་བོ་འགའ་ཞིག་དེ་ཉིད་འཐད་པའི་ཕྱོགས་བཟུང་སྟེ་ཁ་ཟེར་མཁན་ཀྱང་མང་། 

དེ་ཡང་ཁོ་པ་ཅག་གིས་ནི་སྒྲོས་དེ་རྒྱ་སེར་ཞིག་གིས་བྲིས་པའི་ཡི་གེ་ལས་མཐོང་བར་ངེས་ལ།    དེའི་ཁུངས་དངོས་ནི། 《 སླེ་ལུང་བཞད་པའི་རྡོ་རྗེའི་རྣམ་ཐར》 དུ། ཀུན་མཁྱེན་ལྔ་པ་ཆེན་པོའི་སྐོར་སྤྱི་དང་ཁྱད་པར་དུ་ངག་དབང་བློ་བཟང་རྒྱ་མཚོ་རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྐྱེ་བ་ཡིན་ནམ་ཟེར་བར། ངེད་རང་ཚོས་ཅི་ཤེས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་གོང་མའི་སོགས་སྐྱེས་ཆེན་དམ་པ་ཚད་ལྡན་རྣམས་ཀྱིས་འཁྲུལ་མེད་དུ་ངོས་འཛིན་མཛད་པ་ནི་གོང་ས་ལྔ་པ་ཡིན་པར་འདུག་བྱས་པས། པཎ་ཆེན་རིན་པོ་ཆེས་ངོས་འཛིན་དེ་ལྟར་མཛད་མེད་པ་འདྲ། གཟིམ་ཁང་གོང་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོའི་སྐྱེ་བ་འཁྲུལ་མེད་ཡིན་པར་དེ་ལ་ངག་དབང་བློ་བཟང་རྒྱ་མཚོས་ཕྲག་དོག་གི་རྣམ་པས་སྡང་ཤུགས་དང་ཉེ་རིགས་རྣམས་ལ་ཡང་དགོངས་པར་མི་བདེ་བ་མཛད་འདུག ངེད་ཚོའི་ལུང་བར་གཟིམ་ཁང་གོང་སྤྲུལ་སྐུར་བྷ་ག་ཏ་ལའི་བླ་མ་ཟེར་གྱིན་ཡོད་ཟེར། ཡང་ངག་དབང་བློ་བཟང་རྒྱ་མཚོ་སྐུ་སྐྱེ་འཁྲུལ་མེད་ཡིན་པར་ཤར་ཡང་ཁོང་ལ་སྡོམ་པ་མེད། ཕྱིས་སྡོམ་རྒྱུན་གསར་བ་ལེན་དགོས་པ་དེ་ཡང་ལེགས་པའི་རྟགས་མིན། དམག་ཐམས་ཅད་ཀྱི་གྲོས་བྱས། ལྷག་པར་དུ་སྡེ་སྲིད་དེ་ཁོ་རང་གི་བུ་ཡིན་པར་འདུག ཁོ་རང་ཕ་བོང་ཁར་འགྲོ་བའི་ཞོར་ལ་གྲོང་སྨད་དུ་ཞག་སྡོད་བྱས། སྡེ་སྲིད་ཀྱི་མ་དང་མཐུན་པས་མུ་ཏིག་གི་ཕྲེང་བ་དང་། གསེར་གྱི་གདུ་བུ་སོགས་ཀྱང་བྱིན་ཞེས་འབྱུང་བ་དེ་ཡིན་ལ། སྒྲོས་འདི་ནི་གཟིམ་ཁང་གོང་མའི་སྤྲུལ་སྐུ་དེ་ཉིད་གོང་སའི་སྐུ་སྐྱེར་ངོས་འཛིན་མ་གནང་བའི་ཞེ་འཁོན་གྱིས་སྨྲས་པར་ངེས་ཤིང་། འདིའི་ཐད་ཀྱི་དགག་པ་ནི་ལོ་རྒྱུས་མཁས་ཆེན་དག་གིས་གནང་ཟིན་པས་ཁོ་བོ་ལྟ་བུའི་བཤད་པའི་འོས་སུ་མི་འདུག  

ཡང་སྡོམ་རྒྱུན་གསར་བ་ལེན་པ་དེ་ལེགས་པའི་རྟགས་སུ་མི་འདུག་ཅེས་པ་ཡང་གང་ཐོད་ཐོད་དུ་སྨྲས་པ་ཙམ་དུ་ཟད་དེ། 《ལྔ་པ་ཆེན་མོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང》དུ། འོན་ཀྱང་བླ་ཆེན་པོའི་བསྙེན་རྫོགས་མཛད་དུས་ཁ་སྐོང་གི་རྒྱ་བན་གཉིས་སྤྲུལ་པ་ཡིན་མིན་ཐེ་ཚོམ་པའི་སྒྲོས་སྙེང་དང་ཆབ་བོས་སོགས་ཀྱིས་ཀྱང་སྦགས་མ་སྦགས་མངོན་ཤེས་ཀྱིས་དཔྱོད་མ་ཤེས་པའི་སྟེང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་མཁན་པོ་པཎ་ཆེན་དམ་ཆོས་ཡར་འཕེལ་གྱིས་ཐོག་མར་ཤངས་སྟོན་བློ་གྲོས་ལེགས་བཟང་ལ་བསྙེན་པར་རྫོགས་པ་སྤོས་ཁང་ཚོགས་པཎ་ཆེན་གྱི་རྒྱུད་པ་ཡིན་ཅིང་སླར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ཨལ་ཐན་རྒྱལ་པོའི་ཏི་ཤྲཱི་ར་གདན་དྲངས་པའི་ཚེ་བསྐྱར་བསྒྲུབས་སྐབས་སྡོམ་གསུམ་རིམ་གྱིས་ནོད་ན་བླ་ཆེན་དང་བསྙེན་རྫོགས་ཁོ་ན་ཡིན་ཚེ་སྡོམ་པ་གཟུགས་ཅན་དབང་གིས་ཕྱི་མ་མི་སྐྱེ་ནའང་གང་ཡིན་ཆོས་འབྱུང་རྣམ་ཐར་ཚོར་མི་གསལ་བས་རྒྱུད་པ་སོམ་ཉིའི་དྲ་བར་ཆུད་པ་དང་། ཕྱག་ལེན་ལའང་ཚོགས་ཀྱིས་ཚོགས་ལ་ལས་མི་བྱ་བར་བྱ་བས་མཚོན་འདུལ་བའི་ཆོས་སྐད་མང་པོ་ཞིག་པ་སྔ་ཕྱིར་བསྟན་པ་རིན་པོ་ཆེ་འཛུགས་པར་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་ཀྱིས་དཀའ་བ་དེ་ཙམ་སྤྱད་པ་ཡལ་འདོར་བློས་མ་བཟོད་ཅིང་རྗེ་བཙུན་ཙོང་ཁ་བ་ཆེན་པོས་ཀྱང་ཚག་མིག་མཁན་ཆེན་ཚུལ་རིན་པར་པཎ་ཆེན་སྡོམ་རྒྱུན་བཞེས་པ་བཅས་རང་ལོ་རྒན་པོ་རེ་གཅིག་པར་སླེབས་ཀྱང་རང་གཞན་མང་པོ་ཕན་རེས་བརྩོན་པ་བསྐྱེད་དེ་ཞེས་ཁོང་ཉིད་སྡོམ་རྒྱུན་གསར་བ་བཞེས་དོན་ནི་པཎ་ཆེན་སྡོམ་རྒྱུན་བཞེས་རྒྱུ་དེ་དགོས་གལ་ལྷག་པོ་ཡོད་པར་གཟིགས་པ་དང་། བསྟན་པ་དང་འགྲོ་བའི་དོན་ལ་ཕན་རེས་དགུང་ལོ་དྲུག་ཅུར་ཕེབས་ཀྱང་ཚེགས་ལ་མ་འཛེམས་པར་སྡོམ་པ་གསར་དུ་བཞེས་པར་ཧ་ཅང་གསལ་བའི་ཕྱིར་རོ།།

སྡེ་སྲིད་ཀྱི་མཚན་གྱི་རྣམ་གྲངས།

སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་མཚན་གྱི་རྣམ་གྲངས་དུ་མ་སྣང་སྟེ། ཚངས་པ་དུང་ཐོད་ཅན་མིའི་ཁོག་པར་བརླམ་སྟེ་ཁོང་ལ་དཀོན་མཆོག་དོན་གྲུབ་ཅེས་མཚན་གསོལ་པར་ཁོང་གིས་མཛད་པའི་ཡིག་ཆ་《མཆོད་སྡོང་དཀར་ཆག》ཏུ་གསལ་ཞིང་།  སྡེ་པ་སངས་རྒྱས་རྒྱ་མཚོ་ནི་ལྔ་པ་ཆེན་མོས་ཁོང་ལ་བསྩལ་བའི་མཚན་ཡིན་ཞེས་ཡིག་ཆ་ཕྱི་མ་དག་ཏུ་འབྱུང་བ་དག་གམ་སྙམ། དེ་མིན་ཁོང་ལ་སྡེ་པ་ཨ་བར་རམ་གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་ཞེས་ཀྱང་འབྱུང་ལ། དེ་ལས་གྲོང་སྨད་ཅེས་པ་ནི་ཁོང་པ་འཁྲུངས་སའི་ལུང་པའི་མིང་ཡིན་པ་གསལ་ལ། ཨ་བར་ཞེས་ཀྱང་འབྱུང་བ་ནི། 《ལྔ་པ་ཆེན་མོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང》དུ།  ཕྱི་དྲོ་ཉི་མ་མེ་བཞིའི་འགྲུབ་སྦྱོར་ཐོག་སྡེ་པ་ཨ་བར་གྱི་སར་བཏང་བའི་ངེད་ན་སོ་མཐོ་བ་དང་བཅས་སྲིད་ཁུར་མི་ལྕོགས་པ་སོགས་གང་ཅི་ནས་སྡེ་པ་གསར་བསྐོ་མ་བྱས་ཀ་མེད་བྱུང་བ་ཁྱེད་ལུང་བསྟན་སོགས་ནས་བསྟན་པར་མ་ཟད་ཡོས་ལོ་ཁྱོད་ལ་ཁྲོལ་ཆ་ཐུབ་པ་ཡུན་བསྲིང་བརྟག་ངོར་མ་བབས་པ་ལས་གཉེར་པ་སྦྱིན་པ་གང་ཅི་ནས་ཕེར་ཙམ་ཤར་བ་ད་ཆ་ཐེབས་པར་སླེབས་སོང་ཞེས་དང་།《མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན》དུ་ཡང་།   ས་ལུག་ལོར་ཨ་བར་སངས་རྒྱས་རྒྱ་མཚོ་སྡེ་སྲིད་བྱས་ཞེས་དང་།《སླེ་ལུང་བཞད་པའི་རྡོ་རྗེའི་རྣམ་ཐར》དུ་ཡང་སྡེ་པ་ཨ་བར་ཞེས་འབྱུང་།

དེ་ལས་སྡེ་པ་ནི་རྒྱལ་པོ་དང་ལྷའི་སྐད་དོད་ཟུར་ཆག་པ་ཡིན་པ་གསལ་མོད། ཨ་བར་ཞེས་པ་ཇི་ལྟར་ཐོགས་པ་སོགས་ནི་ཡིག་ཆ་དཀོན་པ་ཉིད་ཀྱིས་ཡུན་རིང་མ་རྟོགས་པར་ལུས། བར་སྐབས་ཤིག་ལ་མཁྱེན་དཔྱོད་ཡངས་པའི་སློབ་དཔོན་འགར་དེའི་སྐོར་དྲིས་པར། ཁོང་ཉིད་སྐུ་ཆུང་ངུའི་དུས་ཕ་མས་བཏགས་པ་ཞིག་གམ། འོན་ཏེ་ལྔ་པ་ཆེན་མོས་སྐུ་རྩེད་ཀྱི་རྣམ་པས་བཏགས་པ་སོགས་ཀྱང་སྲིད་ཅེས་སོགས་གསུངས། ཁོ་བོས་ནི་གྲོང་ཚོའི་མིང་ཨེ་ཡིན་སྙམ།  《ཧོར་གླིང་གཡུལ་འགྱེད》དུ། ཁོ་ཨ་བར་རིགས་ལ་སྙིང་རེ་རྗེ་ཞེས་སོགས་འབྱུང་ཞིང་། དེའི་ཁྲོད་ཀྱི་ཨ་བར་ནི་བརྙས་ཚིག་ལྟ་བུ་ཞིག་ཏུ་གོའམ་སྙམ། དེས་ན་དེ་ནི་སྡེ་པ་ཨ་བར་གྱི་ཨ་བར་དང་འབྲེལ་བ་མེད་པར་ངེས། དེས་ན་ཨ་བར་ཞེས་པ་ཇི་ལྟར་ཐོགས་སམ་སྙམ་ན།《མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ལས་མཆོད་སྡོང་བཞེངས་དུས་ཀྱི་དབུ་ཆེན་དབུ་ཆུང་དང་བཟོ་བོ་སོགས་ཀྱི་མཚན་གྱི་ཐད་སོར་ཨ་བར་དར་རྒྱས་དང་ཨ་བར་དགོས་པ། ཨ་བར་དོན་གྲུབ། ཨ་བར་བུ་ཆུང་ཞེས་པ་སོགས་ཀྱི་མཚན་བྱུང་ཡོད་པས། ཨ་བར་བྱ་བ་ཡང་སྡེ་པ་སངས་རྒྱམ་པ་ཁོང་གཅིག་པུའི་མཚན་ཞིག་ནི་མ་ཡིན་པར་གྲོང་ཚོའི་མིང་ཡིན་ནམ་སྙམ་པ་སྐྱེས། གལ་སྲིད་ཨ་བར་དེ་ཉིད་སྡེ་སྲིད་གཅིག་པུར་བཏགས་པའི་མིང་ཞིག་ཡིན་ཚེ་ཨ་བར་དགོས་པ་དང་ཨ་བར་དོན་འགྲུབ་སོགས་ལ་ཨ་བར་ཞེས་པའི་མིང་འབྱུང་དགོས་དོན་མེད་པར་སྙམ། མཁྱེན་དཔྱོད་ཅན་དག་གིས་ཀྱང་འདིའི་ཐད་དུ་གསུངས་རེ་འབྱོན་པར་ཅི་གནང་།

སློབ་དཔོན་གང་དག་བསྟེན་པ།  

སྡེ་སྲིད་ཀྱི་ཀློག་གི་དགེ་རྒན་ནི་མཁས་དབང་དཔལ་ལྡན་ཕུན་ཚོགས་ཞུ་བ་ལགས་ཤིང་། ཁོང་ཉིད་དགུང་ལོ་བརྒྱད་བཞེས་དུས་ཉིད་ཀྱི་ཞང་པོ་སྡེ་པ་འཕྲིན་ལས་རྒྱ་མཚོས་ཁྲིད་དེ་ལྔ་པ་ཆེན་མོ་དང་ཐོག་མར་མཇལ་ལ། འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལ་སྒྲ་རྩིས་སོགས་བསླབ་ཅིང་། ཞང་པོ་འཕྲིན་ལས་རྒྱ་མཚོ་དང་ལྷག་པར་ལྔ་པ་ཆེན་མོའི་མདུན་ནས་རིག་གནས་ཕྱི་ནང་ཀུན་ལ་བསླབས།  དེ་ཙམ་དུ་མ་ཟད་སྒྱུ་རྩལ་གྱི་རིགས་ལ་ཡང་སློབ་གཉེར་མཛད་པར་མངོན་ཏེ། སྡེ་སྲིད་ཉིད་ཀྱི་གསུང་《མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》 ལས། ཕྱི་དྲོ་ཉག་ཕྲན། རིལ(རི་ལ་ཡིན་ནམ་སྙམ)གྱི་ལིང་གཏོང་བ། ཆུར་རྐྱལ་བ་ལ་སོགས་སྒྱུ་རྩལ་གྱི་རིགས་ཀྱི་ཕལ་ཆེར་གཡེངས་ཞེས་འབྱུང་།   ཡང་དེ་རུ།   འོན་ཀྱང་ཆུ་བཟང་དུ་བསྡད་རིང་ཡང་རྗེ་བླ་མའི་སྐུ་ཞབས་སུ་ཞག་གཉིས་གསུམ་ལས་མ་འགྱངས་པར་བཅར་ཞིང་གསང་སྔགས་ནང་གི་ཆོས་འཁོར་རྣམས་ཀྱང་ཆོས་སྲས་ཟུང་དང་ལྷན་དུ་སྩལ། ཤིང་སྟག་ལོ་རྗེ་བླ་མས་ཡང་བསྐྱར་ཡོན་ཏན་ལ་བརྩོན་པ་དགོས་པའི་སློབ་སྟོན་དང་ཤེས་རབ་ཀྱི་ལྷའི་རྗེས་གནང་ལེ་ཚན་ཡང་སྩལ། ཤིང་ཡོས་ལོ་ལེགས་ཆགས་རྣམས་ཀྱང་སངས་པ་བཅས་རྗེ་བླ་མའི་སྐུའི་གམ་རྒྱུན་དུ་བཅར་ཞིང་སྡེབ་སྦྱོར་སྙན་ངག་སོགས་ཀྱིས་དབུས་སླར་ཡང་ཕྱི་ནང་གི་རིག་པ་དུ་མ་སྩལ་ཞིང་། ཆུང་དུས་གང་འཁྲིད་སྒྲ་རྩིས་ལ་སོགས་པའི་རི་མོ་དཀའ་བ་རང་མ་བྱུང་ནའང་ཧ་ཅང་དང་འདོད་ཀྱང་བར་དེར་མ་བྱུང་བ་བཅས་གོ་དོན་གཏན་མ་རྙེད་པའི་རྟགས་སུ་འདི་ལོ་ནས་བསམ་པ་རྙེད་པས་གོ་ཞིང་སྔར་གང་འཁྲིད་བཅས་གོ་དོན་ངེས་པའང་རྙེད། ཅེས་གསུངས་པ་བཞིན། རྗེ་བླ་མ་གོང་ས་ལྔ་པ་ཆེན་མོས་སྤྱན་གྱི་འབྲས་བུ་བཞིན་བསྐྱངས་པར་གསལ་ལོ།།

སྡེ་སྲིད་མཆོག་གི་མཛད་རྗེས་རགས་བསྡུས།

སྡེ་པ་སངས་རྒྱས་རྒྱ་མཚོ་ནི་བོད་ཀྱི་རྒྱལ་པོར་སོང་གཤིས་དལ་བར་སྡོད་པའི་སྐལ་བ་ཡང་ཆེས་ཆེར་ཉུང་བ་ལྟ་ན་ཡང་། ཁོང་གི་མཛད་རྗེས་ལ་དཔགས་ན་ཁ་སྟབས་དྲག་པར་རློམ་པའི་མི་དུ་མ་དག་གིས་ཀྱང་བསྒྲུན་དུ་མེད་པའི་མཛད་བཟང་མང་དུ་སྣང་སྟེ། གཅིག་ནས། འཛམ་གླིང་ཡོངས་སུ་ངོམ་དུ་རི་བའི་འཕགས་པ་ལག་ན་པདྨོའི་ཞིང་བཀོད་པོ་ཏ་ལ་དང་མི་གཉིས་པའི་ཕོ་བྲང་པོ་ཏ་ལ་ཡང་ཁོང་གི་བཀའ་དྲིན་ལས་བཞེངས་པ་ཞིག་སྟེ།《མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》 ལས།   རྗེ་བླ་མ་མཆོག་གི་བཞུགས་གནས་བཅས་ཡོད་པའི་ཁྱད་མཚར་ཞིག་རང་བྱུང་ན་བསམས་པ་ལན་གཅིག་མ་ཡིན་པར་ཤར་ནའང་། རི་མགོར་སོང་བའི་ཧ་ཅང་ལས་གྲོན་ཆེ་གཤིས་མངའ་འབངས་འགྲོ་བ་རྣམས་མི་ངལ་བའི་ཁྱད་བཏང་སྙོམས་སུ་ལུས། ཞེས་དང་། དངོས་གཞི་རི་རྩེར་སོང་བར་མ་ཟད་རྙིང་པ་བཤིག་མ་ཐུབ་པ་སོགས་ནས་འདོད་པར་གང་ཡོད་ཅིག་མ་བྱུང་ནའང་། ལུང་དང་མཐུན་པར་བྱང་བརྒྱུད་ཀྱི་ལྟེ་བ་རྨ་མེད་དུ་བཞག་ཅིང་ཞེས་སོགས་འབྱུང་བའི་ཚིག་ཟིན་ལས་པོ་ཏ་ལ་བཞེངས་མཁན་ཁོང་ཉིད་ཡིན་པ་གསལ་ལ།《མཆོད་སྡོང་དཀར་ཆག》ཏུ་ཕོ་བྲང་བཞེངས་པའི་ས་དང་རྡོ་སོགས་ཀྱང་ཡུལ་ཕྱོགས་གང་ནས་དྲངས་པ་གསལ་བར་གསུངས་འདུག་གོ ། 

ཡང《འཛམ་གླིང་རྒྱས་བཤད》 དུ་མི་རྗེ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་ཕོ་བྲང་ཐོག་སོ་བཅུ་གསུམ་ཅན་ཞེས་འབྱུང་བ་ལས་ལྔ་པ་ཆེན་མོས་བཞེངས་ཞེས་པའི་སྒྲོས་མི་འབྱུང་། ཡིན་ཡང་《ལྔ་པ་ཆེན་མོའི་རང་རྣམ》 དུ། ཕོ་བྲང་ནི་སྡེ་སྲིད་མཆོག་སྲིད་སྐྱོང་དུ་མ་བཞུགས་པའི་སྐབས་ཙམ་ནས་བཞེངས་པར་བཤད་ཡོད་པ་ནི། དང་པོ་ལྔ་པ་ཆེན་མོས་བཞེངས་ཡོད་པ་ལ། ཕྱིས་སུ་སྡེ་པ་སངས་རྒྱས་རྒྱ་མཚོས་རྒྱ་བསྐྱེད་དེ་བཞེངས་པར་གོང་གི་ལུང་དག་གིས་ཀྱང་འགྲུབ་བོ།། ཡང་བདེ་ལྡན་དབང་ཕྱུག་ལགས་ཀྱིས་སྡེ་སྲིད་ཀྱིས་ཕོ་བྲང་ལོ་ཞེ་གསུམ་གྱི་རིང་དུ་བཞེངས་ཞེས་པ་མི་འཐད་པ་འདྲ་སྟེ། སྡེ་སྲིད་མཆོག་ལོ་ལྔ་བཅུ་ཁ་ཡར་ལས་མ་བཞུགས་པ་དང་། ཡང《 མཆོད་སྡོང་དཀར་ཆག》 དུ། རྗེ་བླ་མ་སྡོམ་བརྩོན་རྒྱལ་པོའི་ཚུལ་འཆང་བ་ལྔ་པ་འཇིག་རྟེན་ན་ཆེ་བའི་ཟ་ཧོར་རྒྱལ་རིགས་སཱ་ལ་པ་ཆེན་པོ་འཕྱིང་བར་སྟག་རྩེར་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་སུ་བལྟམས་ནས་དོན་དགུ། གང་གི་ཆོས་སྲིད་གདུགས་དཀར་གྱིས་ས་གསུམ་ཁྱབ་སྟེ་འགྲོ་རྣམས་རྫོགས་ལྡན་གྱི་དཔལ་ལ་སྤྱད་ནས་ང་ལྔ། དམར་པོ་རིར་རྒྱལ་ཁབ་ཆེན་པོའི་ཕོ་བྲང་བཏབ་པ་དང་ལོ་ཀེ་ཤྭ་ར་རང་གནས་སུ་ཕེབས་ནས་ང་གཉིས། མཆོད་སྡོང་བཞེང་བ་དང་རྩོམ་པ་པོ་རང་ཉིད་ཀྱི་བཙས་ལོ་ཞེ་ལྔ་པ་ཞེས་སོགས་འབྱུང་བས་ཚིག་ལ་དཔགས་ཀྱང་ལོ་ཞེ་གསུམ་གྱི་རིང་ལ་བཞེངས་ཞེས་པ་ནི་མི་འཐད་པ་ཤེས་ནུས་ཏེ།《མཆོད་སྡོང་དཀར་ཆག》མཛད་པའི་དུས་ནི་པོ་ཏ་ལ་དང་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གཉིས་ཀ་ལེགས་པར་གྲུབ་ཟིན་པའི་རྗེས་ཡིན་ནོ།།

ཁོང་གིས་བཞེངས་བསྐྲུན་བྱས་པའི་དགོན་སྡེ་སོགས་ཀྱང་ཧ་ཅང་མང་སྟེ། ལྕགས་རི་བཻ་ཌཱུར་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་སོགས་བསྟན་གཉིས་ཟུང་དུ་འཇུག་པའི་དགེ་འདུན་གྱི་སྡེ་སྔན་ཆད་བཅུ་ཕྲག་གཉིས་དང་ཉག་གཅིག་བཅས་བཙུགས་ཤིང་མཐུན་རྐྱེན་སྦྱར་ཞེས་སྡེ་སྲིད་ཁོང་ཉིད་ཀྱི་གསུངས་ལས་འབྱུང་ངོ་།། གཞན་ལྔ་པ་ཆེན་མོའི་སྐུ་གདུང་རིལ་པོ་ནང་བཞུགས་ཀྱི་གསེར་གདུང་འཛམ་གླིང་རྒྱན་གཅིག་གསེར་ལྗང་བརྡུངས་ཐོག་ཚད་ལྔ་པ་འཛམ་གླིང་ན་འགྲན་པའི་ཟླ་དང་བྲལ་བ་དེ་ཡང་སྡེ་སྲིད་མཆོག་གིས་སྦྱིན་བདག་བྱས་ཏེ་བཞེངས་པ་ཞིག་སྟེ། གསེར་ཇི་ཙམ་སོང་བ་དང་བཟོ་བ་དག་ལ་ཕོགས་ཇི་ཙམ་སྤྲད་པ་སོགས་ཀྱང་ཁོང་གིས་མཛད་པའི་ཡིག་ཆ་རུ་གསལ་བས་དེར་གཟིགས་པར་བྱའོ།།

ལྔ་པ་ཆེན་མོ་སྐུ་གཤེགས་རྗེས། ཁོང་ཉིད་སྐུ་གཤེགས་ཁའི་ཞལ་ཆེམས་དང་། ཆབ་སྲིད་ཀྱི་དགོས་པ་ཆེན་པོར་དམིགས་ཏེ་གསང་རྒྱ་ཡུན་རིང་མཛད་ཅིང་། དེའི་སྐབས་སུ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་སྡེ་པ་བཀྲས་རབ་པ་ཞུ་བ་ཞལ་ཁྱིམ་ལྔ་པ་ཆེན་མོ་དང་འདྲ་བ་ཞིག་སྐུ་བརྫུས་ལྟ་བུར་བཞུགས་སུ་བཅུག་ཡོད་པ་དེ་ཐུགས་གཤིས་གྱོང་དྲགས་པས། ངས་ནི་བཙོན་ནས་འདུག་དགོས་པའི་ལས་གང་ཡང་བྱས་མེད། ང་ཕྱི་ལ་འགྲོ་རྒྱུ་ཡིན་ཞེས་བཤད་དེ་ཐམས་ཅད་ཀྱིས་འཛིན་དགོས་པ་དང་ཞུ་བ་བྱེད་དགོས་པ་སོགས་སྐུ་ངལ་ཆེན་པོ་བཞེས་ཡོད་པར་ཡིག་ཆ་ཁུངས་མ་རུ་འབྱུང་།

རིག་གནས་ཀྱི་ཐད་དུ་ཡང་བྱས་རྗེས་ཏོག་ཏུ་ཐོན་པ་བཞག་ཡོད་དེ། རྩིས་ཀྱི་བསྟན་བཅོས《 བཻ་ཌཱུར་དཀར་པོ》 དང་། བླ་མཁྱེན་ངག་དབང་གི་དྲིས་ལན《 གཡའ་སེལ》 དང་། 《 བཟོ་རིག་པ་གཏན་ལ་འབེབས་པའི་སྐུ་གསུང་ཐུགས་རྟེན་ཕྱག་མཚན་སོགས་ཀྱི་ཆ་ཚད་དང་བྲིས་དཔེ་དཔྱོད་ལྡན་ཡིད་གསོས》《 སྨིན་གླིང་ལོ་ཆེན་གྱི་དྲིས་ལན》《 བཻ་དཀར་བཀའ་སྲུང་གི་གསལ་མཆོད》《 བཻ་ཌཱུར་སྔོན་པོ》《 ལག་ཏུ་ལེན་པ་མན་ངག་ཡོན་ཏན་གྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤུར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི》《 ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེའི་རྡོ་རིང་རྒྱན་མཆོག་གི་ལན》《 ཚེ་རིག་འཛིན་པ་ངག་དཔལ་ལ་དོགས་གནས་ཀྱི་ལན་དང་བཅས་པའི་ཆབ་ཤོག》《 བོད་མཁས་མི་ཕམ་དགེ་ལེགས་ཀྱི་སྨན་རྩིས་འཁྲུལ་པའི་ལོག་རྟོགས་དགག་པ། 》《 རང་རྣམ་དཱུ་ཀུ་ལའི་གོས་བཟང་གི་འཕྲོ་གླེགས་བམ་གསུམ》《 དགའ་ལྡན་ཆོས་འབྱུང་བཻ་ཌཱུར་སེར་པོ》《 མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》 སོགས་གསུང་རྩོམ་གྱི་མཚན་བྱང་ཙམ་ལ་ཡང་ཤོག་ངོས་གཅིག་དང་ཕྱེད་ཀར་ལོངས་པ་ཡོད་པ《 མཆོད་སྡོང་དཀར་ཆག》 ཏུ་གསལ་བས་འདིར་རེ་རེ་བཞིན་བགྲང་བས་འོས་མ་མཆིས།

དེ་རུ་མི་གསལ་བ《 སྙན་འགྲེལ་དབྱངས་ཅན་དགྱེས་གླུའི་འགྲེལ་བ》ཞིག་ཀྱང་སྡེ་སྲིད་མཆོག་གིས་མཛད་ཡོད་ལ། གཞན་ཡང་སྡེ་སྲིད་མཆོག་སྒྲ་སྙན་དང་། པི་ཝང་སོགས་ཀྱི་ཐེབས་འཁྲོལ་ལ་ཤིན་ཏུ་མཁས་ཤིང་། གླུ་གཞས་ཀྱི་འགྱུར་ཁུག་སོགས《གླུ་གར་གྱི་རྩ་ཚིག་དེབ་ཐེར་མིག་ཡིད་རྣ་བའི་དགའ་སྟོན》ཞེས་པ་ཞིག་ཀྱང་ལོ་རྒྱུས་ཁུངས་མ་རྣམས་སུ་འདུག མདོར་ན། སྡེ་སྲིད་མཆོག་ལ་སྲིད་ཀྱི་ཁུར་དེ་ཙམ་ལྕི་ཡང་རིག་གནས་ཀྱི་ཐད་ནས་འདི་ལྟ་བུའི་གསུང་རྩོམ་རིན་ཐང་གཞལ་དུ་མེད་པ་ཧ་ཅང་མང་པོ་མངའ་བ་ནི་བློ་ལྡན་སུས་ཀྱང་བསྒྲུན་དཀའ་བའི་གནས་སུ་མཆིས་ཏེ། ཚུལ་འདིར་བསམ་ནས་ཀུན་མཁྱེན་འཇིགས་མེད་དབང་པོས་ཀྱང་སྡེ་སྲིད་མཆོག་ལ། སྲིད་སྐྱོང་གི་གཡེང་བ་ཆེན་མོའི་ཁུར་གྱིས་ནོན་བཞིན་དུ་བསྟན་བཅོས་དེ་ཙམ་མང་པོ་ཚེགས་ལ་མ་འཛེམས་པར་སྤེལ་བ་ནི་རྗེས་སུ་ཡི་རང་བའི་གནས་སོ་ཞེས་གསུངས་ས། 


ཁོང་ཉིད་སྡེ་སྲིད་ལ་ཇི་ལྟར་བསྐོས་པ

བར་སྐབས་ཤིག་ལ་ལྔ་པ་ཆེན་མོ་དགུང་ལོ་མཐོ་བ་སོགས་ཀྱིས་ཆོས་སྲིད་ཀྱི་འགན་སྡེ་སྲིད་ལ་ཕུལ་བར《 ལྔ་པ་ཆེན་མོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང》 དུ། ཕྱི་དྲོ་ཉི་མ་མེ་བཞིའི་འགྲུབ་སྦྱོར་ཐོག་སྡེ་པ་ཨ་བར་གྱི་སར་བཏང་བའི་ངེད་ན་སོན་མཐོ་བ་དང་བཅས་སྲིད་ཁུར་མི་ལྕོགས་པ་སོགས་གང་ཅི་ནས་སྡེ་པ་གསར་བསྐོ་མ་བྱས་ཀ་མེད་བྱུང་བ་ཁྱེད་ལུང་བསྟན་སོགས་ནས་བསྟན་པར་མ་ཟད་ཡོས་ལོ་ཁྱོད་ལ་ཁྲོལ་ཆ་ཐུབ་པ་ཡུན་བསྲིང་བརྟག་ངོར་མ་བབས་པ་ལས་གཉེར་པ་སྦྱིན་པ་གང་ཅི་ནས་ཕེར་ཙམ་ཤར་བ་ད་ཆ་ཐེབས་པར་སླེབས་སོང་ཞེས་བྱུང་བ་ལྟར་ལགས་ལ། དེ་ཡང་བཀའ་ལན་གཅིག་བསྩལ་པས་འགན་བཞེས་པ་ཡང་མིན་པར། ཡང་ཡང་བཀའ་བསྩལ་པར་སུམ་སྐས་འགོའི་བཅའ་ཡིག་སོགས་སུ་གསལ་ཞིང་། དང་པོ་བསྐུལ་བ་བཞིན་དང་དུ་མ་བླངས་པས། གཉེར་བ་བློ་བཟང་སྦྱིན་པ་སྡེ་སྲིད་ལ་བསྐོས་ཤིང་། དུས་ཕྱིས་སུ་ཡང་བསྐྱར་བསྐུལ་བས་ཁ་ཡིས་བླངས་ཏེ་སྡེ་སྲིད་ཀྱི་ཁྲིར་བཞུགས། 

ཁོང་ནི་སྡེ་སྲིད་སྔ་མ་དག་དང་མི་འདྲ་བར་ཆོས་སྲིད་གཉིས་ཀྱི་འགན་བཞེས་ཡོད་ཚུལ་ཁོང་གིས་མཛད་པའི《 མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》 ལས་འདི་ལྟར་འབྱུང་སྟེ། གཏེར་སྟོན་དྲི་མེད་ཀུན་དགའི་ལུང་བསྟན་དུའང་། སངས་རྒྱས་བློ་གྲོས་རིན་ཆེན་མཚན་མངའ་བཿ  འབྲུག་སྦྲུལ་ལོ་པ་རྟའམ་ལུག་གི་ལོཿ   བསྟན་བཅོས་རྩོམ་ཞིང་རང་སྐད་ཐོན་པ་འབྱུང་ཿ   བར་ཆད་བདུད་ཀྱི་མཚན་མ་བཟློག་གྱུར་ནཿ   སྐུ་ཚེ་མཐར་ཕྱིན་འགྲོ་བ་དཔག་མེད་འདྲེནཿ  ཞེས་སོགས་ལུང་དུ་མ་ནས་བསྟན་པ་དེ་དག་ཏུ་ཁོ་བོར་ངོས་འཛིན་སྩལ་ཞིང་སྲིད་སྐྱོང་གི་ཕྱག་མཛོད་སྔ་མ་རྣམས་དང་མི་འདྲ་བར་ཆོས་སྲིད་ཡོངས་ཀྱི་རྗེ་བོར་དབང་སྐུར་ཞེས་དང་།  《 ལྔ་པ་ཆེན་མོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང》 དུ་ཡང་།  ཁྱེད་དེ་ཚོ་དང་མི་འདྲ་བར་མཆོག་དམན་ཐམས་ཅད་ཀྱིས་ངེད་རང་དང་ཁྱད་མེད་ཕྱག་བཀུར་བྱེད་པའི་བཅའ་བསྒྲིགས་ཀྱི་ཡི་གེའང་ཡོང་བས་ངེད་ཞེ་ཐག་པ་ནས་བློས་གཏོང་ན་མ་གཏོགས་ཁུར་འཁུར་གྱི་རྩིས་ལེན་བྱེད་དགོས་པའི་ཚ་ནན་གྱིས་མོལ་བར་ལུགས་ཟུང་ནས་ལན་གྱི་གླེང་མོལ་རྒྱས་པར་བྱུང་ཞིང་ཞེས་དང་།《 སུམ་སྐས་མགོའི་བཅའ་ཡིག》ཏུ། འདི་ག་ངོས་ནས་མི་ཆོས་ཀྱི་འཁུར་ལེན་མ་ལྕོགས་པའི་ངོ་ཚབ་ཡིན་གཤིས། འདི་པས་གང་བྱས་ངེད་རང་ནས་བྱས་པ་དང་ཁྱད་མེད་པས་འཐེན་འཁྱེར་གླེང་བརྗོད་མེད་པར་ཀུན་གྱིས་བཀོད་པ་གཡོ་མེད་དང་། ངེད་དང་སྡེ་པའི་བར་སེལ་འཇུག་སོགས་བྱས་ཚེ་གཞུང་དོན་ལར་རྒྱར་འཆུག་འཚབ་ཆེ་བས་བདེན་མེད་རྫུན་བསྒྲིགས་ཀྱི་གཡོ་འཕྲུལ་བྱས་ཆོག་རྒྱུ་མིན། ཞེས་སོགས་འབྱུང་བ་ལས། ལྔ་པ་ཆེན་མོས་སྡེ་སྲིད་ལ་ཆེ་མཐོང་གནང་བའི་ཚད་ནི་དེ་དག་ལས་ཤེས།  དེ་ཡང་ཁོང་ཉིད་དགུང་ལོ༢༧ཙམ་གྱི་སྟེང་སྡེ་སྲིད་ཀྱི་ཁྲི་ལ་བཞུགས་པར་མངོན་ཏེ། ཁོང་གི་གསུང་དུ། མཆོད་སྡོང་བཞེང་བ་དང་རྩོམ་པ་པོ་རང་ཉིད་ཀྱི་བཙས་ལོ་ཞེ་ལྔ་པ། རྗེ་བླ་མ་ཀུན་མཁྱེན་ཆེན་པོས་ཆོས་སྲིད་ཡོངས་སུ་སྩལ་ནས་བཅུ་དགུར་སླེབས་པའི་ལོ་ཞེས་འབྱུང་བ་ལས་ཤེས་སོ། །


སྡེ་སྲིད་སངས་རྒྱམ་པར་སྲས་ཡོད་མེད། 

སྡེ་སྲིད་སངས་རྒྱམ་པ་རབ་བྱུང་བའི་རྟེན་ཅན་སོགས་མིན་པ་ནི《སུམ་སྐས་མགོའི་བཅའ་ཡིག་ཆེན་མོར》གྲགས་པ་ལྔ་པ་ཆེན་མོས་བཀས་བསྩལ་བ་རུ་གསལ་ཞིང་།   འཆི་མེད་དགའ་ཚལ་དང་དཔལ་རབ་ཁང་གསར་གྱི་བདག་མོ་གཉིས་བཞེས་ཏེ་སྡེ་པ་ངག་དབང་རིན་ཆེན་དང་སྡེ་པ་དམག་ཟོར་ཚེ་རིང་། སྡེ་པ་ངག་དབང་བརྩོན་འགྲུས་དང་དང་སྲས་མོ་གཅིག་བཅས་སྲས་སྲོས་བཞི་ཙམ་ཡོད་པར་བདེ་ལྡན་དབང་ཕྱུག་རྒྱལ་པོས་བྱས་པའི་ལོ་རྒྱུས་སུ་གསལ་ལ།   《ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་རབ་བྱེད་གསེར་གྱི་སྙེ་མ》རུ་ཡང་།   ངེད་རང་གི་བུ་ངག་དབང་བསམ་གཏན་ཞེས་དང་། ཡང་《 མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན》 དུ།   ལོ་དེར་སངས་རྒྱམ་པ་ཟུར་བ་མཛད་དེ་ཁོང་རང་གི་སྲས་ཆེ་བ་སྡེ་སྲིད་དུ་བཞག་ཅེས་དང་།  མེ་ཁྱི་ལ་ཚངས་དབྱངས་རྒྱ་མཚོ་བླ་མ་རིན་པོ་ཆེའི་སྤྲུལ་སྐུ་མིན་པར་ཐག་བཅད་དེ། དེ་དང་སངས་རྒྱམ་གྱི་སྲས་དག་རྒྱ་རྒྱལ་གྱི་བཀས་སྨད་དུ་གདན་དྲངས་ཚེ་ཞེས་སོགས་འབྱུང་བས་ཚིག་ཟིན་ལས་ཀྱང་སྡེ་པ་ཁོང་ལ་སྲས་དུ་མ་ཡོད་པ་ཤེས། 

《འོལ་དགའ་བཞད་པའི་རྡོ་རྗེའི་རང་རྣམ》དུ། འདི་དུས་རྒྱལ་ཡུམ་སྐུ་ཞབས་དང་། སྡེ་སྲིད་ཀྱི་བདག་མོ་རྣམས་ལ་བླ་རིགས་ཕལ་ཆེར་ཕྱག་འཚལ་དགོས་པས་ངེད་རང་ནས་ཀྱང་ཕྱག་ཕུལ་པས་ན་སོ་གཞོན་པས་ཕྱག་གྲངས་མེད་བཙལ་བར་དཔོན་གཡོག་ཚང་མ་བཞད་མོ་མཛད། ཅེས་འབྱུང་བ་ལས། བདག་མོ་གཉིས་ཞེས་མ་བྱུང་བར་བདག་མོ་རྣམས་ཞེས་བྱུང་ཞིང་། རྣམས་ནི་མང་པོ་སྟོན་པའི་ཚིག་ཡིན་ཕྱིར། བདག་མོ་གཉིས་ཙམ་ལ་རྣམས་ཀྱི་སྒྲ་ཡང་སྦྱོར་མི་སྲིད་སྙམ་པས། ཁོང་ལ་བདག་མོ་དུ་མ་ཡོད་དམ་སྙམ་ལ།  《 ཆེ་མཆོག་འདུས་པ་རྩལ་གྱི་རྣམ་ཐར་ལས་འཕྲོས་པ་གདུང་བའི་མུན་སེལ》ཞེས་པ་རུ་ཡང་། དེ་དུས་ལྷ་ས་དང་ཕྱོགས་ནས་ཡོང་བའི་སྐྱེས་དམན་ཁ་སྟབས་དྲག་ཚད་སྡེ་སྲིད་རང་ནས་མ་བཞེས་པ་མེད་ཅེས་སོགས་ཀྱང་འབྱུང་།

དེས་ན་སྡེ་སྲིད་རྟེན་ཁྱིམ་པར་གནས་པ་ཞིག་ལ་གཙུག་ལག་ཁང་དུ་བཞུགས་པའི་པར་སོགས་སུ་རབ་བྱུང་བའི་གོས་དང་ལྡན་པ་བྲིས་ཡོད་པ་དེ་ཡང་ཏིག་ཅི་ཞིག་ཡིན་པའི་སྐོར་ཤེས་དཀའ། ཡིག་ཆ་དག་ཏུ་ཡང་སྡེ་སྲིད་ཀྱིས་ཆས་ག་འདྲ་བཞེས་ཡོད་མིན་ནི་མི་གསལ།  རྗེས་སུ་དཔོགས་པའི་ཐབས་གཞན་ཞིག་ནི། 《ལྔ་པ་ཆེན་མོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང》དུ། སྡེ་སྲིད་མཆོག་གི་ལོ་གཉིས་ཀྱི་རིང་བསྙེན་རྫོགས་ལ་གནས་པར་བྱས་པའི་སྒྲོས་ཀྱང་བྱུང་། དེས་ན་སྐབས་དེ་ཙམ་ལ་སྡེ་སྲིད་མཆོག་གིས་གྲྭ་ཆས་ལྟ་བུ་བཞེས་ཡོད་དམ་སྙམ།  དམངས་ཀྱི་ངག་སྒྲོས་སུ་ཡང་ཁོང་རང་འབངས་སོགས་ཀྱི་ཆས་བགོས་ཏེ་མྱུལ་ཞིབ་ཏུ་འགྲོ་ཞེས་འབྱུང་བར་དཔགས་ན་ལན་རེར་གྲྭ་ཆས་ཀྱང་བཞེས་པ་ཡོད་དམ་སྙམ། གཞན་དུ་ན། སྡེ་སྲིད་ལྟ་བུའི་མི་ཆེན་དག་གིས་བསྟན་པའི་མིག་ལྟོས་ལ་མི་རན་པ་དེ་ལྟ་བུ་མཛད་མི་སྲིད་ཅིང་། ལྔ་པ་ཆེན་མོས་མཛད་དུ་ཡང་མི་གནང་བར་སྙམ་མོ།  
  

སྡེ་སྲིད་བགྲོང་མཁན་སུ་ཡིན་པ།

སྡེ་སྲིད་བགྲོང་མཁན་སུ་ཡིན་པའི་ཐད་ཡིག་ཆ་སྔ་ཤོས་དག་ཏུ་ཡང་བཤད་ཚུལ་དུ་མ་བྱུང་ཡོད་དེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་བྱས་པའི《 རྣམ་ཐར་བཙན་པོ་མ》རུ། སྡེ་སྲིད་ཀྱིས་རང་སྲོག་རང་གིས་བཅད་པར་བཤད་འདུག་ལ། 《 མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན》དུ། སངས་རྒྱམ་པ་གོ་གྲུའི་སྟེང་ནས་གོང་དཀར་རྫོང་ལ་བྲོས་པ་རྒྱལ་མོའི་དམག་གིས་བཟུང་ནས་སྐྱོར་ལུང་གི་འདབས་སུ་སྡེ་སྲིད་རིན་པོ་ཆེ་ནི་སྔར་འོངས་སའི་རིན་པོ་ཆེའི་གླིང་དུ(བར་ཆོ་ཁ་དར་རྒྱབ་ཧོའུ་ཤོ་ཆིས་བགྲོང)གདན་དྲངས། ཞེས་ཡིག་ཆུང་དུ་བགྲོང་མཁན་གྱི་མིང་ཡང་གོང་དང་མ་འདྲ་བར་བྱུང་།  གང་ལྟར་ལྷ་བཟང་ཁང་གི་དམག་གིས་བགྲོང་བ་ནི་ཡོངས་གྲགས་ཀྱི་བཤད་ཚུལ་ལོ། 

བཀྲོང་མ་ཁད་ཙམ་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཡང་སྡེ་སྲིད་བཀྲོང་སར་ཕེབས་ཏེ་ངའི་སྡེ་སྲིད་གང་ན་ཡོད་སོགས་བཤད་པར་རྣམ་ཐར་ཁག་ལས་འབྱུང་ཡང་། ཁོང་ཉིད་ཕེབས་ཚད་ཀྱང་ཧ་ཅང་འཕྱི་འདུག་པའི་ཚོད་དུ་གནས་ཏེ། བོད་ཁ་བ་རི་བ་ཀུན་ལ་བཀའ་དྲིན་རབ་ཏུ་ཆེ་བའི་སྡེ་སྲིད་དེ་ལྟ་བུ་ཞིག་གཞན་སྡེས་དམག་གིས་བཅོམ་པའི་འགྱོད་པ་ནི་རྟའི་བང་གིས་ཟན་ཟིན་ཡེ་མེད་པ་ཞིག་གོ  ཁ་ཅིག་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དབུ་བླ་བྲང་དུ་བཞུགས་ཞེས་བཤད་ཀྱང་། བདེ་ལྡན་དབང་ཕྱུག་ལགས་ཀྱིས་མཛད་པའི་ལོ་རྒྱུས་སུ། ང་རང་ལོ་ཆུང་སྐབས་ཨ་མ་ལགས་བཀའ་དྲིན་ཅན་དེ་དང་མཉམ་དུ་སྣང་རྩེར་རྐྱང་མོ་གཞིས་སུ་འགྲོ་སྐབས། སྣང་རྩེ་གཞིས་ཀྱི་བྱང་ངོས་ལམ་ཆེན་གྱི་ཐག་ཉེར་ཐང་ཆུང་ཞིག་གི་དཀྱིལ་དུ་ས་འབུམ་ཆེན་པོ་ཞིག་འདུག་པ་ས་དེར་སྡེ་སྲིད་རིན་པོ་ཆེ་སོག་དམག་གིས་མགུལ་བཅད་དེ་དབུ་སྟོད་ལུང་གཙང་ཆུར་བསྐྱུར་བས་ཁྲི་ཟམ་ཟམ་པའི་འོག་ཏུ་ཉིན་ཤས་བསྡད་པ་ཤུན་སྒང་བའི་འགྲུལ་པས་མཐོང་བའི་ལོ་རྒྱུས་བཤད་སྲོལ་ཡོད་པ་རེད་ཅེས་གསུངས་པ་དྲན་ཞེས་འབྱུང་བས། སྡེ་སྲིད་ཀྱི་དབུ་བླ་བྲང་དུ་བཞུགས་པར་སྨྲ་བ་ནི་བདེན་པའི་གཏམ་དུ་མི་སྣང་བར་ངེས་སོ་སྙམ།

ཞེས་པ་འདི་ནི་སྔོན་གྱི་སྐྱེས་བུ་དམ་པ་དག་གི་ལོ་རྒྱུས་ཤེས་པ་གལ་ཆེ་ཞིང་། སྒོས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྟ་བུའི་ཆོས་སྲིད་གཉིས་ཀྱི་ཐད་ནས་མཛད་རྗེས་རབ་ཏུ་ཆེ་བའི་མི་ཆེན་དག་གི་ལོ་རྒྱུས་ངེས་པ་དགོས་གལ་ཆེ་བར་བསམ་སྟེ། གཙོ་བོ་རང་གིས་ངེས་པ་དང་། ཞོར་དུ་རང་དང་སྐལ་བ་མཉམ་པའི་གཞོན་སྐྱེས་དག་ལ་ཡང་ཅུང་ཟད་ཕན་རེས་ཡིག་ཆ་ཁུངས་མ་དག་ལ་གཞི་བཅོལ་ཏེ་ ཕྱི་ལོ༢༠༡༩ལོའི་ཟླ༡༡པའི་ཚེས༡༠ཉིན་རྩེ་ཆུ་གདུགས་དཀར་སྐྱབས་ཀྱིས་མཇུག་རྫོགས་པར་བྲིས་པ་ལགས་སོ། འདི་ལ་མ་རྟོགས་པ་དང་ལོག་རྟོགས་ཅི་མཆིས་ཐད། ཀློག་མཁན་དག་གིས་དགོངས་འཆར་ལྷུག་སྩོལ་ཞུ་བར་འཚལ།།