སྔོན་འགྲོའི་བསམ་གཞིག

༡  དང་པོ་རང་ངོ་རང་གིས་ཤེས་པར་བྱ་བ།  

གཞན་བརྟེན་གྱི་འཚོལ་བ་ཁོ་ན་སྐྱེལ་མི་ཞིག་མ་ཡིན་པར་རང་གི་མདུན་ལམ་རང་ཉིད་ཀྱིས་འཚོལ་བའི་འདུ་ཤེས་ཡོད་པའི་མི་མཚན་ཉིད་པ་ཞིག་ཡིན་ན། ཐོག་མར་བསམ་གཞིག་ཡང་དག་པའི་སྒོ་ནས་ད་ལྟ་དངོས་ཡོད་ཀྱི་རང་གི་གནས་བབ་ཤེས་པ་དང་། མ་འོངས་པའི་མདུན་ལམ་ལ་ཚོད་དཔག་ཐུབ་པ་ཞིག་བྱ་དགོས།

ད་ལྟ་ང་ཚོའི་སྤྱི་ཚོགས་སུ་འགའ་ཤས་ནི་ཅི་བསམ་འདི་དྲན་མེད་པར་ཉི་མ་གང་འཁྱོལ་གྱིས་དུས་ཚོད་སྟོང་ཟད་དུ་ཤོར་བ་དང་།  ཡང་ཁ་ཤས་ནི་མཐོང་རྒྱ་ཆུང་ཞིང་རང་རྩིས་ཆེས་ཆེ་བའི་དབང་གིས་ཤེས་འཇོན་སོགས་གང་ཡང་མེད་ན་ཡང་ཡོད་སྙམ་ནས་རྨོངས་ཞེན་གྱིས་རང་གིས་རང་ལ་འཐོམས་ཞྭ་གཡོགས་ཏེ་སྡོད་པ། འགའ་རེ་ནི་རྗེས་ལུས་ཀྱི་བསམ་བློ་དང་ཁོར་ཡུག་ངན་པའི་བག་ཆགས་ཀྱིས། རང་ཉིད་ནི་གང་ཡང་མི་ནུས་པ་ཞིག་ཡིན་སྙམ་ནས་རང་གིས་རང་ལ་ཡིད་ཆེས་མེད་པར་གཞན་བརྟེན་གྱི་རེ་བ་ཁོ་ན་བྱེད་བཞིན་ཡོད་ཀྱང་། དོན་དངོས་སུ་མི་ལ་ཤེས་འཇོན་གྱི་ནུས་པ་ཆེ་ཆུང་ཡོད་རུང་གང་ཡང་མི་ནུས་པ་དང་ཅི་ཡང་མེད་པ་ཞིག་མི་སྲིད་ལ། ལྷག་པར་དུ་ཤེས་འཇོན་གྱི་ནུས་པ་ནི་རང་སྐུལ་གྱི་འབད་བརྩོན་དང་། བར་མ་ཆད་པར་སློབ་སྦྱོང་བྱས་ནས་ཡར་རྒྱས་གཏོང་དགོས་པ་ཞིག་ཡིན་པས། དང་པོ་རང་ཉིད་ལ་དཔྱད་ཞིབ་གནད་ཁེལ་བ་ཞིག་བྱས་ནས་རང་ངོ་རང་གིས་ཤེས་པར་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན། ས་པཎ་གྱིས། དང་པོ་རང་གི་སེམས་བརྟགས་ཏེ། །བརྟན་པས་རིག་པ་ལྡན་པར་བྱ། །ཞེས་པ་ལྟར། རང་ཉིད་ཀྱི་མི་ཚེའི་རེ་འདུན་དང་དམིགས་ཡུལ་ཐད་བསམ་གཞིག་དང་དཔྱད་ཞིབ་མཐར་ཕྱིན་པ་ཞིག་བྱ་དགོས།

༢  བདེ་སྐྱིད་ཀྱི་འཚོ་བའི་འབྱུང་ཁུངས་ངོས་བཟུང་བ།

ད་ལྟ་དུས་རབས་ཉེར་གཅིག་པར་འཛམ་གླིང་སྤྱི་འགྲོས་ལྟར་རང་ཉིད་ཀྱང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ལ་ལོངས་སྤྱོད་འདོད་ཡོད་ན། དེའི་འབྱུང་ཁུངས་སམ་དངོས་རྒྱུ་ངོ་མ་དེ་གསལ་པོ་ངོས་ཟིན་ཡོད་པ་བྱ་དགོས། ཡང་ས་པཎ་གྱིས། རྩོལ་བ་དོར་ནས་འདུག་པ་ལ། །འདི་ཕྱི་གཉིས་ཀ་འགྲུབ་མི་འགྱུར། །འབད་པ་མེད་ན་ཞིང་བཟང་ཡང་། །ལོ་ཏོག་ཐོན་པར་མི་འགྱུར་རོ། །ཞེས་པ་ལྟར་ཡོད་ན་དེས་ཆོག་ལ། མེད་ན་མི་འབྱུང་གི་དངོས་རྒྱུ་ནི་རང་ཉིད་ཀྱི་འབད་བརྩོན་དང་ངལ་རྩོལ་ཡིན་པར་བཤད།   དེང་སང་ཡར་ཐོན་ལྡན་པའི་སྤྱི་ཚོགས་ཀྱི་མི་རྣམས་བྲེལ་ཚུབ་ཆེན་པོས་རང་ཉིད་བདེ་སྐྱིད་ལྡན་པའི་ཆེད་དུ་ལས་སློབ་ཟུང་འབྲེལ་གྱིས་འབད་བརྩོན་བྱེད་བཞིན་པ་ནི། བདེ་སྐྱིད་ཀྱི་དངོས་རྒྱུ་ངོ་མ་དེ་ངོས་ཟིན་ནས་འབད་བརྩོན་བྱེད་ཀྱིན་ཡོད་པ་མཐོང་ཆོས་མངོན་གྱུར་རེད། དེས་ན་ང་ཚོས་ཀྱང་རིག་པ་དྭངས་གསལ་གྱི་སྒོ་ནས་ཐོག་མར་བསམ་གཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།  གལ་སྲིད་བདེ་སྐྱིད་ཀྱི་འཚོ་བར་དོན་གཉེར་གྱི་འདུན་པ་ལྡན་པའི་མི་མཚན་ཉིད་པ་ཞིག་ཡིན་ན། དེ་ལའང་གནས་སྐབས་ཙམ་དང་རྒྱང་རིང་གཉིས་སུ་ཡོད་པ་ལས། གནས་སྐབས་ཙམ་གྱི་བདེ་བ་གཉེར་པའི་གོམས་གཤིས་དཔེར་ན།   ༡  སྤྱི་ཚོགས་ཐོག་སློང་མོ་བྱས་ནས་རྒྱུ་ནོར་བསྒྲུབ་པ།   ༢  གཡོ་སྒྱུའི་འབག་འདྲ་མིན་སྣ་ཚོགས་གྱོན་ནས་དཔལ་འབྱོར་བསྒྲུབ་པ།   ༣  སྤྱི་ཚོགས་ཀྱི་ཕན་བདེ་གཉེར་མདོག་བྱས་ནས་དཔལ་འབྱོར་བསྒྲུབ་པ་སོགས། རྗེས་ལུས་ཀྱི་ལུང་པའི་ནང་འཕྲལ་བདེའི་ཆེད་གཡོ་ཐབས་ཀྱི་བྱ་བ་སྣ་ཚོགས་ཞིག་ཡོད་རུང་དེ་དག་གིས་རྒྱུན་རིང་གི་བདེ་སྐྱིད་སྒྲུབ་མི་ཐུབ།   ཡང་ཤེས་རྨོངས་ཀྱིས་བདེ་སྐྱིད་སྒྲུབ་ཐབས།   དཔེར་ན། ༡  འབྱོར་ལྡན་སོགས་དབང་གྲགས་ལྡན་པར་བརྟེན་ནས་དཔལ་འབྱོར་འཚོལ་བ།   ༢  ལྷ་འདྲེ་སོགས་མི་མ་ཡིན་ལ་བརྟེན་ནས་དཔལ་འབྱོར་འཚོལ་རེ་བྱེད་པ།   ༣  བོད་ལ་ནོར་ལྷའི་སྒྲུབ་ཐབས་མང་པོ་ཡོད་པ་དེ་དག་ལ་བརྟེན་ནས་དཔལ་འབྱོར་ཡོང་རེ་བྱེད་པ་སོགས་ནི།  གདོད་མིའི་འདུ་ཤེས་སམ་ཤེས་རིག་མ་སྨིན་པའི་དབང་གི་རེ་སྨོན་ཙམ་ལས་མངོན་གྱུར་ཡོང་མི་སྲིད།  རང་གི་བདེ་སྐྱིད་ནི་རང་གིས་སྒྲུབ་དགོས་པ་ལས་གཞན་བརྟེན་དང་ལྷ་འདྲེ་མཐུ་ཆེན་དག་གིས་དངོས་གྲུབ་གནང་འོང་བ་ཞིག་གཏན་ནས་མིན། རྒྱུ་མཚན་དེས་ན་ད་ལྟ་དུས་རབས་ཉེར་གཅིག་པའི་གཞོན་སྐྱེས་རྣམས་ཀྱིས་ངེས་པར་དུ་རིག་པ་དྭངས་གསལ་དང་།   མཐོང་རྒྱ་ཆེ་ཙམ།  མིག་རྒྱང་རིང་ཙམ་གནང་ནས་རྗེས་ལུས་ཀྱི་གོམས་གཤིས་ངན་པ་དང་།  རྨོངས་ཞེན་གྱི་འདུ་ཤེས་ངན་པ་རྣམས་སྤང་དགོས། ལྷག་པར་དུ་རྗེས་ལུས་ཀྱི་སློབ་གསོ་ངན་པ་ལ་དོགས་ཟོན་དང་། སྤྱོད་ངན་ཅན་གྱི་གྲོགས་པོ་ངན་པ་ལ་དོགས་ཟོན།  སྔོན་ཐོན་གྱི་སློབ་གསོ་དང་།  སྤྱོད་བཟང་ཅན་གྱི་གྲོགས་པོ།   སྔོན་ཐོན་གྱི་སྤྱི་ཚོགས་དང་སྔོན་ཐོན་མི་སྣར་མིག་དཔེ་བལྟ་བ་བཅས་བྱས་ནས་དུས་རབས་ཉེར་གཅིག་པའི་རྗེས་ཟིན་པ་ཞིག་བྱ་བའི་འདུ་ཤེས་ཡོད་དགོས།

དེ་ཡང་བདེ་སྐྱིད་ཀྱི་དངོས་རྒྱུ་ལ་མཚོན་ན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཡོད་ཅིང་། དངོས་པོའི་དཔལ་ཡོན་ནི་གཙོ་བོ་འབད་བརྩོན་ལས་བྱུང་བ་ཡིན་ལ། བསམ་པའི་དཔལ་ཡོན་ནི་གཙོ་བོ་ཤེས་རབ་ལས་བྱུང་བ་ཞིག་ཡིན་པ་ཤེས་དགོས། དེ་ལྟ་བུའི་བླངས་དོར་གྱི་མིག་འབྱེད་མ་ཤེས་ན་མི་ཚེ་འཕྲོ་བརླག་ཏུ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་རེད།  སྤྱོད་འཇུག་ལས། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །སྡུག་བསྔལ་འདོར་འདོད་སེམས་ཡོད་ཅིང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །ཅེས་པ་ལྟར་ལེགས་ཉེས་བླངས་དོར་གྱི་གནས་ལ་རྨོངས་ནས་མ་ཤེས་པ་རེད། རང་ཉིད་བདེ་སྐྱིད་ལྡན་པར་འདོད་ན་གཙོ་བོ་རང་ཉིད་ལ་བརྟེན་དགོས། རང་དྲིན་རང་ལ་ཆེ་བ་དང་རང་བསམ་རང་ལ་དཀར་བ་ལས་ལྷག་པ་ཞིག་འཇིག་རྟེན་འདིའི་ཐོག་ནས་རྙེད་མི་སྲིད་ལ། རང་ཉིད་ཀྱི་སྐྱབས་དང་མགོན། དཔུང་དང་གཉེན་ནི་རང་ཉིད་ཡིན། དེ་ཡང་མདོ་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པའི། །མཁས་པས་བདེ་བ་ཐོབ་པར་འགྱུར། །ཞེས་དང་། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པའི། །སྡུག་བསྔལ་ཀུན་ལས་རབ་ཏུ་ཐར། །ཞེས་སོགས་མང་པོ་གསུངས་ཡོད། དེས་ན་བདེ་སྐྱིད་ཀྱི་འཚོ་བར་ལོངས་སྤྱོད་འདོད་ན་ད་ལྟ་རང་ནས་མགོ་བརྩམ་སྟེ་འབད་བརྩོན་གྱི་ལམ་ལ་སྐྱོད་དགོས། རང་ཉིད་ལེགས་ལམ་དུ་འགྲོ་བའི་ཐབས་ཤེས་ཡག་ཤོས་ནི་ནམ་རྒྱུན་དྲན་ཤེས་བསྟེན་པོའི་སྒོ་ནས་རྗེས་ལུས་ཀྱི་བསམ་སྤྱོད་ངན་པ་ལ་སྒྱུར་བཅོས་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པ་མ་ཟད།    སྔོན་ཐོན་གྱི་སྤྱི་ཚོགས་དང་སྔོན་ཐོན་གྱི་མི་སྣ་ལ་མིག་དཔེ་ལྟ་བ་དང་།  སྔོན་ཐོན་གྱི་སློབ་གསོ་དང་། དུས་རབས་ཀྱི་འགྱུར་བ་དང་དུ་ལེན་ཐུབ་པར་བྱས་ཏེ་སྤོབས་པ་ཆེན་པོའི་སྒོ་ནས་མདུན་བསྐྱོད་བྱ་དགོས།

༣  རང་ཉིད་ཀྱི་ཕུགས་བསམ་ངོས་བཟུང་བ།

༡ རང་གི་རེ་འདུན་དང་ཤེས་ནུས་ལ་གཞིག་པའི་ཁ་གསལ་ཞིང་གཏན་ཁེལ་བའི་ཕུགས་བསམ་ཞིག་ངོས་འཛིན་བྱ་དགོས།

༢ ཕུགས་བསམ་དེ་དང་མཐུན་པར་མདུན་བསྐྱོད་ཀྱི་འཆར་གཞི་བཟོས་ནས་ལས་འགུལ་སྤེལ་དགོས།   

དཔེར་ན། རང་ཉིད་བཟའ་བཏུང་ལས་རིགས་ཀྱི་ཆེད་ལས་དོ་དམ་པ་ཞིག་བྱ་བསམ་ན། དང་པོ། བཟའ་བཏུང་ཞབས་ཞུ་ཁང་གི་གཙང་སྦྲ་འཕྲོད་བསྟེན་གྱི་ལས་ཀ་ནས་མགོ་བརྩོམ་པ་ལྟ་བུ། གཉིས་པ། ཞབས་ཞུ་བའི་ལག་རོགས་དང་གུས་སྲོལ་སློབ་སྦྱོང་བྱེད་པ། གསུམ་པ། དངོས་གཞིའི་ཞབས་ཞུའི་ལས་ཆེད་ལས་པ། བཞི་པ། ཚན་ཁག་འགན་འཛིན་པའི་ལས་རོགས། ལྔ་པ། དངོས་གཞིའི་ཚན་ཁག་འགན་འཛིན་པ། དྲུག་པ། སྤྱི་གཉེར་བ་གཞོན་པའི་ལག་རོགས། བདུན་པ། དངོས་གཞིའི་སྤྱི་གཉེར་བ་གཞོན་པ། བརྒྱད་པ། སྤྱི་ཁྱབ་སྤྱི་གཉེར་བའི་ལག་རོགས། དགུ་པ། དངོས་གཞིའི་སྤྱི་ཁྱབ་སྤྱི་གཉེར་བ་སོགས་རིམ་གྱིས་ལས་སློབ་ཟུང་འབྲེལ་གྱི་སྒོ་ནས་ཉམས་མྱོང་བསགས་ཏེ་ཕུགས་བསམ་མངོན་གྱུར་ཡོང་བར་འབད་བརྩོན་བྱ་དགོས།    

༣  ཕུགས་བསམ་གྱི་ཕྱོགས་སུ་བསྐྱོད་པའི་བརྒྱུད་རིམ་ནང་། ༡ དུས་ཚོད་ད་ལྟ་ནས་མགོ་བརྩམ་སྟེ་དུས་ནམ་ཙམ་ལ་ཕུགས་བསམ་མངོན་གྱུར་ཡོང་བའི་ཚོད་དཔག་ཡོད་པ། ༢ ཕུགས་བསམ་གྱི་ཕྱོགས་སུ་བསྐྱོད་པའི་གོམ་འགྲོས་དལ་མགྱོགས་ལ་ཤེས་རྟོགས་ཡོད་པ། ༣ ཕུགས་བསམ་གྱི་ཕྱོགས་སུ་བསྐྱོད་པའི་བརྒྱུད་རིམ་ནང་འགོག་རྐྱེན་དང་བར་ཆད་ཡོང་བར་དོགས་ཟོན་དང་གདོང་ལེན་གྱི་གྲ་སྒྲིག་ཡོད་པ། ༤ ཕུགས་བསམ་མངོན་གྱུར་ལ་ཕན་འབྲས་ཆེ་བའི་སྔོན་ཐོན་གྱི་ཐབས་ཤེས་སྣ་མང་འཚོལ་ཤེས་པ་སོགས་ཡོད་དགོས།

༤ ཕུགས་བསམ་མངོན་གྱུར་གྱི་ལམ་ལ་འབད་བརྩོན་བྱེད་པའི་བརྒྱུད་རིམ་ནང་། ཕྱི་རོལ་གྱི་འགལ་རྐྱེན་རྣམ་པ་སྣ་ཚོགས་དང་། རང་གི་ལུས་སེམས་ཀྱི་འགལ་རྐྱེན་ཅི་རིགས་ཤིག་ཡོང་སྲིད་པའི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས་གྲ་སྒྲིག་ཨང་གསར་དང་། གདོང་ལེན་ཐུབ་པའི་ཆོད་སེམས་དང་སྤོབས་པ་ཡོད་དགོས་པར་མ་ཟད། རིག་པ་དྭངས་གསལ་གྱི་སྒོ་ནས་འགལ་རྐྱེན་མཐའ་དག་ཆེ་བ་ཆུང་དུ་གཏོང་བ་དང་། ཆུང་བ་མེད་པར་གཏོང་བའི་བྱ་ཐབས་སྣ་ཚོགས་འཚོལ་ཤེས་པ་བྱ་དགོས།  

༥ ད་ལྟ་དུས་རབས་ཉེར་གཅིག་པ་འཛམ་གླིང་ཤར་ནུབ་ཕྱོགས་ཡོངས་ནས་དཔལ་འབྱོར་གོ་ལ་ཅན་དང་། རིག་གནས་སྣ་མང་ཅན།  ཚོང་ལས་ཆ་འཕྲིན་ཅན་དུ་འགྱུར་བཞིན་པའི་དུས་རབས་འདིར་སྔོན་ཐོན་གྱི་སྤྱི་ཚོགས་དང་སྔོན་ཐོན་མི་སྣར་མིག་དཔེ་ལྟ་བ་དང་། སྔོན་ཐོན་གྱི་སྒྲིག་གཞི་དང་། སྔོན་ཐོན་གྱི་ལམ་ལུགས། སྔོན་ཐོན་གྱི་ལག་ཆ་སོགས་ཕན་ཐོག་ཆེ་བའི་ཐབས་ཤེས་མང་པོ་བེད་སྤྱོད་ཐུབ་པ་བྱ་དགོས།  ལྷག་པར་དུ་སྤྱི་ཚོགས་ལ་བྱས་རྗེས་ཅན་དང་གྲུབ་འབྲས་ཆེ་བའི་མི་སྣ་དག་གི་ལོ་རྒྱུས་དང་ཉམས་མྱོང་ལ་རྒྱུས་ལོན་དང་མཉམ་སྤྱོད་བྱ་དགོས།

༦  ལས་བྲེལ་གྱིས་ལུས་སེམས་ལ་གནོན་ཤུགས་དང་དཀའ་ཚེགས་མང་པོ་ཞིག་འཕྲད་སྲིད་པས་ན། ལུས་སེམས་བདེ་ཐང་གི་ཐད་ལ་ངེས་པར་དུ་གལ་ཆེའི་འདུ་ཤེས་བཅངས་ཏེ་བདེ་ཐང་ལ་ཕན་པའི་གནའ་དེང་གི་ཤེས་བྱ་མང་པོ་བེད་སྤྱོད་ཤེས་པའི་ཐོག་ལུས་སེམས་བདེ་ཐང་ངང་སྤོབས་པ་ཆེན་པོའི་སྒོ་ནས་ཕུགས་བསམ་གྱི་ཆེད་དུ་མདུན་བསྐྱོད་བྱ་དགོས། 

༡ ༽ བཟའ་བཏུང་གི་བྱུང་བ།    

སྤྱི་ལོའི་སྔོན་གྱི་ལོ་༡༩༦༡ཙམ་ལ་སྐུ་འཁྲུངས་པ་གཤེན་རབ་མི་བོ་ཆེའི་སྐུ་དུས་ཙམ་ནས་འབྲོག་པའི་འབྲི་མར་དང་ཞིང་པའི་ནས་སྔོན་རྩམ་པ་བསྲེས་ཏེ་ཕྱེ་མར་གྱི་བཟའ་བ་དང་།  འབྲུ་སྔོན་བསྙལ་པའི་ནས་ཆང་དང་ལུག་གི་འོ་མས་བཏུང་བ་བཟོ་པའི་ལག་རྩལ་རྒྱུན་སྤྱོད་ཡིན་པར་གསལ་བ་ལྟར་ན། ད་ནས་ཡར་རྩིས་པའི་མི་ལོ་༤༠༠༠ཙམ་གྱི་སྔོན་ནས་བོད་ཟས་གཡོས་སྦྱོར་ལག་རྩལ་ཚད་མཐོའི་རང་བཞིན་ཅན་དུ་ཡོད་པ་ཤེས་ནུས།

དེ་རྗེས་སྤྱི་ལོའི་དུས་རབས་མགོ་མ་ཚུགས་པའི་གོང་ཙམ་དུ་བོད་རྒྱལ་ཐོག་མ་གཉའ་བཙན་པོ་ཁྲི་ལ་བཀོད་པའི་གྲ་སྒྲིག་ཏུ་ཕྱ་ཡི་ཕོ་ཉ་དམུ་ཡུལ་དུ་བཏང་པའི་གཏམ་རྒྱུད་ཏུན་ཧོང་ཡིག་རྙིང་ལས་ཀྱང་། དམུ་རྗེས་ཕྱ་ཡི་ཕོ་ཉར་དྲི་བའི་ནང་། ཐུད་གོང་གོང་མོ་ཙམ་དང་། མར་གི་སྲེག་ཤ་སྲེག་པ་དང་། འོ་མའི་སྤྲི་སོགས་ཀྱི་བཟའ་བཏུང་གཡོས་སྤྱོར་བྱེད་ཀྱིན་ཡོད་པར་གསལ་བ་དང་། 

ཡང་དེབ་ཐེར་དཀར་པོ་ལྕགས་སྤར་མའི་ལྡེབ་༤༤་པར་ཐང་ཡིག་ཏུ་བོད་ཀྱི་ལོ་རྒྱུས་བྲིས་པ་ལུང་དྲངས་པ་ལས། བོད་མི་རྣམས་ཚེ་རིང་ཞིང་འགའ་རེ་ལོ་བརྒྱ་ལོན་པ་ཡང་ཡོད།  བོད་མི་རྣམས་པགས་པའི་གོས་གྱོན་ཞིང་། བུད་མེད་རྣམས་ཀྱི་གདོང་ལ་ཚོན་དམར་བྱུགས། ཤིང་གི་སྣོད་མཐིལ་ཀོ་པས་གཡོགས་པ་ཞིག་ཏུ་ཟས་ཟ།  སྡེར་མའི་དོད་དུ་ཕྱིང་བ་ས་ལ་བཏིང་ནས་བྱེད། ཅེས་དང་། དཀར་ཡོལ་གྱི་དོད་དུ་བག་ཕྱེ་ལས་སྐྱོ་ར་ཞིག་བྱས་པ་སྐམ་སྟེ། ནང་དུ་འོ་མ་སོགས་བཏུང་ཞིང་། མཐར་ཀ་ཡོལ་དེ་ཡང་ཟ། ཆང་འཁྱོར་བའི་ནང་དུ་བླུགས་ནས་བཏུང་ཞེས་པ་སོགས་བོད་ཀྱི་བཟའ་བཏུང་གོམ་སྲོལ་ངོ་སྤྲོད་བྱས་ཡོད་པ་དེའི་མཆན་དུ་གོ་ར་ཞེས་པ་བག་ལེབ་ཕོར་པའི་དབྱིབས་ཅན་ཆབ་ཞུགས་སོགས་ཀྱི་མཛད་སྒོའི་རིགས་ལ་གོང་ས་མཆོག་གི་གསོལ་ཐབ་ནས་སྩོལ་མུས། ཞེས་མཆན་བཏབ་ཡོད།  དེ་ལྟར་བོད་ཀྱི་ཡུལ་སྲོལ་གོམ་གཤིས་ཐང་ཡིག་ཏུ་བཤད་པ་དེ་ནི་སྤུ་རྒྱལ་བཙན་པོ་གང་གི་སྐུ་དུས་ཡིན་ཁ་གསལ་བཤད་མ་ཐུབ་ན་ཡང་སྲོང་བཙན་སྒམ་པོའི་གོང་དུ་ཡིན་པ་ནི་བཤད་མ་དགོས་པ་རེད། ཡང་བཀའ་ཆེམས་ཀ་ཁོལ་མ་ལྕགས་སྤར་མའི་ལྡེབ་༡༧༥ལས་གསལ་བ་ལྟར་ན། དེའི་རྗེས་སུ་ཤར་ཕྱོགས་ཐང་རྒྱལ་རབས་ཀྱི་སྲས་མོ་ཝུན་ཁྲེང་ཀོང་ཇོ་བོད་དུ་བསུ་སྐབས། ཟས་ཀྱི་གཡོས་སྦྱོར་སུམ་བརྒྱ་དྲུག་ཅུ་དང་། བཏུང་བ་སྐོམ་གྱི་སྦྱར་ཐབས་མང་པོ་ཀོང་ཇོའི་སྐྱེས་སུ་བརྫངས་བར་བཤད་པ་ལྟར་ན། རྒྱ་ལུགས་བཟའ་བཏུང་གཡོས་སྦྱོར་གྱི་ལག་རྩལ་ཡང་བོད་དུ་ཅི་རིགས་ཤིག་ནང་འདྲེན་བྱས་པར་བཤད་ནའང་། བཟོ་ཐབས་ལག་རྩལ་གྱི་ངོས་ནས་དཔྱད་ན་ནང་སའི་ལག་རྩལ་ནི་བརྔོ་བ་གཙོ་བོ་ནི་ཞིང་། བོད་ཀྱི་བཟོ་རྩལ་ནི་བསྐོལ་བ་དང་བཙོ་བ་གཉིས་གཙོ་བོ་ཡིན་པ་ལྟར་ན་ནང་སའི་ལག་རྩལ་ནི་ཟུར་ལྟ་ཙམ་ཞིག་ལས། རང་སའི་ལག་རྩལ་ནི་མཐོ་སྒང་རང་གི་འཁོར་ཡུག་དང་མཐུན་པར་གཙོ་བོ་བྱས་པ་ཞིག་ཡིན་པར་མངོན།  

རྒྱལ་པོའི་བཀའ་ཐང་ལྡེབ་༨༩པར། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། །ཟས་རིགས་མི་གཅིག་སུམ་བརྒྱའི་སྤྱན་གཟིགས་རོལ། །ནོར་རིགས་མི་གཅིག་རིན་ཆེན་སྣ་ཚོགས་སྤུངས། །ཞེས་གསལ་བ་ལྟར་ན་སྤྱི་ལོ་༦༠༠ནང་ཙམ་དུ་བོད་ཟས་ཀྱི་རྣམ་གྲངས་སུམ་བརྒྱ་ཙམ་བཟོ་བའི་ལག་རྩལ་ཡོད་པར་མངོན།  

སྤྱི་ལོ་༡༢༠༨ལ་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་འཇམ་དབྱངས་མགོན་པོའི་བོད་ཟས་བཟོ་ཚུལ་གྱི་རྩོམ་ཡིག་བརྒྱ་དང་ཉི་ཤུ་བརྩམས་ཏེ། མཐོ་སྒང་བོད་ཀྱི་བཟའ་བཏུང་ལ་སྒྲིག་གཞི་དང་མ་ལག་རང་བཞིན་ལྡན་པར་འཕེལ་རྒྱས་བཏང་ཡོད་རུང་། ཉེ་སྔོན་ཙམ་ལ་ལག་རྩལ་རིག་གཞུང་དང་བཅས་པ་བོར་བརླགས་ཤོར་བ་ནི་ཇི་འདྲའི་གྱོང་རྒུད་ཅིག་རེད་ཨང་།

ད་ལྟའི་ཆར་བོད་ཟས་གཡོས་སྦྱོར་ལག་རྩལ་རྣམ་གྲངས་བརྒྱད་བརྒྱ་ལྷག་ཙམ་ཞིག་གི་ཆ་འཕྲིན་སོགས་འཚོལ་བསྡུ་ཐུབ་ཡོད་པ་རྣམས་ཀྱང་རིམ་བཞིན་མ་ལག་ཅན་དང་སྒྲིག་གཞི་ཅན་དུ་འགྲོ་ཐུབ་པར་འབད་བརྩོན་བྱ་དགོས།

༢ ༽ བཟའ་བཏུང་གི་གལ་ཆེའི་རང་བཞིན།

༡  རིན་ཐང་ཅན་གྱི་ཚེ་སྲོག་ཡུན་དུ་གནས་པ་ལ་མེད་ཐབས་མེད་པ།  

ས་སྒང་རིལ་བོའི་ཐོག་གི་སྲོག་ཆགས་སྤྱི་དང་ལྷག་པར་དུ་ང་ཚོ་འགྲོ་བ་མིའི་རིགས་ནི་བཟའ་བཏུང་དང་བྲལ་ནས་ཉིན་བདུན་འདས་ན་འཚོ་མི་ཐུབ་བ་དང་།ཚེ་སྲོག་ཡུན་དུ་གནས་མིན་ནི་བཟའ་བཏུང་གི་འཚོ་བཅུད་དང་གཙང་སྦྲ།  གཡོས་སྦྱོར་བཟང་ངན་སོགས་ལ་རག་ལས་ཡོད་པས་ན།  ང་ཚོའི་ངེས་པར་དུ་བསམ་གཞིག་ནན་པོའི་སྒོ་ནས་རང་གཞན་ཀུན་གྱི་ཚེ་སྲོག་ལ་ཇི་ལྟར་གཅེས་ན་དེ་ལྟར་བཟའ་བཏུང་ལ་གལ་ཆེའི་འདུ་ཤེས་འཛིན་དགོས་ཤིང་།ཁྱད་པར་དུ་བཟའ་བཏུང་ལས་རིགས་གཉེར་སྐྱོང་ཚན་ཁག་ཞིག་ལ་མཚོན་ན།ལས་བཟོ་བ་གོང་འོག་ཀུན་གྱིས་ངེས་པར་དུ་ཤེས་དགོས་པ་ནི།  བཟའ་བཏུང་ལེགས་པའི་ཕན་ཡོན་དང་།བཟའ་བཏུང་ངན་པའི་གནོད་སྐྱོན་ཁོང་དུ་ཆུད་པའི་སྒོ་ནས།དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་མི་ཤོར་བར་གཟབ་ནན་གྱིས།རང་གི་ལུས་ལ་དཔེ་ལོངས་ལ།།གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་པའི་རྩ་དོན་གཞི་ལ་བཟུང་ནས་བཟའ་བཏུང་ངན་པ་དང་།ལོག་པ་སོགས་ལ་དུག་ལྟར་འཛེམ་སྟེ།ཡིན་ལུགས་ཚུལ་མཐུན་གྱི་ལམ་ནས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པའི་བཟའ་བཏུང་ལས་རིགས་ཤིག་གཉེར་ཐུབ་པ་བྱ་དགོས།

གལ་སྲིད་དངུལ་རགས་ཐབས་ཙམ་ལས་མིའི་ཚེ་སྲོག་སྣང་མེད་བཏང་བ་ཡིན་ན་དེའི་མཇུག་འབྲས་དང་སྡིག་ཉེས་རང་ཉིད་ཀྱི་ཁུར་དགོས་པ་ལས་གཞན་ལ་གཡོལ་ས་མེད་པའང་ཤེས་དགོས།

༢  བཟའ་བཏུང་བཟང་ངན་ལ་ལྟོས་ཏེ་ཚེ་སྲོག་གི་གནས་ཡུན།

དེ་ཡང་། ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག།ཅེས་པ་ལྟར་མི་རྣམས་ཚང་མས་ཚེ་རིང་བ་དང་།  ནད་མེད་པ།  བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ལ་ཡིད་སྨོན་བྱེད་ཀྱིན་ཡོད།  འོན་ཀྱང་ད་ལྟ་ང་ཚོ་བོད་པའི་སྤྱི་ཚོགས་ལ་མཚོན་ན་ཚེ་རིང་ནད་མེད་ཀྱི་དངོས་རྒྱུ་ངོ་མ་དེ་ཟས་སྤྱོད་ཡིན་པ་དང་།ཟས་སྤྱོད་ངན་པའི་དབང་གིས་ན་ཚ་སྣ་ཚོགས་བསྐྱེད་དེ་བདེ་སྐྱིད་མེད་པ་མ་ཟད་ཚེ་སྲོག་འཕྲོག་པ་བཅས་ཀྱི་རྒྱུ་མཚན་ཤེས་མི་ཉུང་ཞིང་།  དེ་མཚུངས་སུ་བཟའ་བཏུང་ལས་རིགས་གཉེར་མིས་ཀྱང་སྤྱི་ཚོགས་དང་མིའི་ཚེ་སྲོག་ལ་འགན་མི་ཁུར་བར་དངུལ་རག་ཐབས་ཁོ་ན་བྱེད་མི་ཧ་ཅང་མང་པོ་འབྱུང་ཡོང་གི་ཡོད་པ་རེད།  དེས་ན་སྤྱི་ཚོགས་ལ་འགན་ཁུར་བ་དང་།མིའི་ཚེ་སྲོག་ལ་འགན་ཁུར་པ།  ཁྲིམས་མཐུན་ལུགས་མཐུན་གྱི་སྒོ་ནས་བཟའ་བཏུང་ལས་རིགས་ཤིག་གཉེར་འདོད་ཡོད་ན་ཐོག་མར་ལས་བཟོ་བ་ཚང་མས་བཟའ་བཏུང་བཟང་ངན་གྱི་ཁྱད་པར་དང་།ཕན་གནོད་སོགས་བཟའ་བཏུང་རིག་གནས་ལ་ཆ་རྒྱུས་གང་འཚམ་ཡོད་པ་དང་།  འགན་ཁུར་གྱི་འདུ་ཤེས་ཡོད་པ།  ལག་རྩལ་ལ་བྱང་ཆུབ་པ།  མི་ཚེའི་རིན་ཐང་གི་དམིགས་འབེན་ཡོད་པའི་ལས་བཟོ་བའི་དཔུང་ཁག་ཅིག་འཛུགས་དགོས་ལ།  བཟའ་བཏུང་ཤེས་རིག་གི་མ་ལག་ཆ་ཚང་ཞིང་།  གཉེར་སྐྱོང་དོ་དམ་དང་གུས་སྲོལ་རིག་གནས་ཀྱི་གསོན་ཤུགས་ལྡན་པའི་དཔུང་ཚོགས་ཤིག་ངེས་པར་དུ་འཛུགས་ཐུབ་པ་བྱ་དགོས།  

༣  མི་ན་བར་གནས་པར་བྱེད་པའི་ཐབས་ལམ།  

དེ་ཡང་བོད་ཀྱི་གསོ་རིག་རྒྱུད་བཞི་ལས།  ཡང་དག་སྦྱོར་བ་ནད་མེད་གནས་པའི་རྒྱུ།།དེ་ཕྱིར་སྤྱོད་ལམ་ཟས་སྨན་རྣམ་གསུམ་གྱི།།ཡང་དག་བསྟེན་པས་ནད་མེད་བདེར་གནས་འགྱུར།།ཞེས་མི་ན་བར་གནས་པའི་རྒྱུ་གཙོ་བོ་ཟས་སྤྱོད་གཉིས་ཡིན་ཞིང་།  ལྷག་པར་དུ་ཟས་དམན་པ་དང་།  ལྷག་པ།ལོག་པ་རྣམས་ནི་ནད་སྐྱེད་པའི་རྒྱུའི་གཙོ་བོ་ཡིན་པར་བཤད་ཅིང་།  དེང་སང་ཚན་རིག་པས་ཞིབ་འཇུག་བྱས་པ་ལྟར་ན་ཟས་སྤྱོད་གཉིས་ཀྱིས་མིའི་བདེ་ཐང་གི་བརྒྱ་ཆ་དྲུག་ཅུ་བཟུང་ཡོད་པ་མ་ཟད།ཟས་བཟང་ངན་གྱི་དབང་གིས་ཐད་ཀར་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས།  རང་གཞན་ཀུན་གྱི་བདེ་ཐང་གི་འབྱུང་རྩ་ནི་ཟས་སྤྱོད་ལ་རག་ལས་ཡོད་པ་ངེས་པར་དུ་ཤེས་དགོས་ལ།ལྷད་མེད་ཅིང་འཚོ་བཅུད་ལྡན་པའི་བཟའ་བཏུང་ཚད་ལྡན་ཞིག་ལ་ལོངས་སྤྱོད་ཐུབ་པའི་ཐབས་ཤེས་ལ་འབད་བརྩོན་བྱ་དགོས།ལྷག་པར་དུ་བཟའ་བཏུང་ལས་རིགས་གཉེར་པའི་ཁེ་ལས་པ་རྣམས་ཀྱིས་བཟའ་བཏུང་བཟང་ངན་གྱི་ཁྱད་པར་དང་།བཟའ་བཏུང་གིས་སྐྱེད་པའི་སྐྱོན་ཡོན་སོགས་ངེས་པར་དུ་ཤེས་དགོས་པར་མ་ཟད་མཇུག་འབྲས་ལ་འགན་ཁུར་གྱི་འདུ་ཤེས་ཀྱང་ཡོད་དགོས།  

༤   བཟའ་བཏུང་ཆེད་གཉེར་ལས་བཟོ་བའི་བསམ་གཞིག

བཟའ་བཏུང་ལས་རིགས་ནི་དཀའ་ཚེགས་ཆེ་བ་མ་ཟད་སྤྱི་ཚོགས་ལ་ཡང་ཕན་གནོད་ཀྱི་ནུས་པའང་ཤིན་ཏུ་ཆེ་བ་ཞིག་ཡིན། བཟའ་བཏུང་ལས་རིགས་གཉེར་མི་ཡོངས་ཀྱིས་ཐོག་མར་བསམ་གཞིག་ནན་པོ་བཏང་ནས་གཞུག་དགོས་ལ།   ལྷག་པར་དེང་སང་སྤྱི་ཚོགས་ཐོག་མིག་རྒྱང་རིང་པོར་བསམ་བློ་གཏོང་མི་ཐུབ་པར་གནས་སྐབས་དངུལ་རག་ཐབས་ཙམ་ཞིག་བྱུང་ན། གཞན་གྱི་ཚེ་སྲོག་ལ་རྩིས་མེད་གཏོང་བའི་གོམས་སྲོལ་ངན་པ་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་སྐབས་སུ།   རང་ཉིད་ཀྱི་མི་ཚེའི་རིན་ཐང་ལ་འབད་བརྩོན་དང་། སྤྱི་ཚོགས་ལ་འགན་ཁུར་ཡོད་པའི་བཟའ་བཏུང་ལས་རིགས་གཉེར་བའི་ལས་བཟོ་བ་དང་། སྤྱི་གཉེར་བ་རྣམས་ཀྱིས་ཆེས་མ་མཐའ་ཡང་གཞན་གྱི་ཚེ་སྲོག་ལ་གནོད་སྐྱོན་མི་བཟོ་བའི་ཆོད་སེམས་ཡོད་པའི་ཐོག་གཞི་ནས་བཟའ་བཏུང་གི་ལས་རིགས་གཉེར་དགོས།  

༣ ༽  ཐོག་མར་བཟའ་བཏུང་གི་རྨང་གཞིའི་ཤེས་བྱ།

 ༡ བཟའ་བཏུང་ཡག་པོ་ཞིག་ཡོང་བར་རྒྱུ་ཆ་ཕུན་སུམ་འཚོགས་པ་དང་གཡོས་སྦྱོར་གྱི་ལག་རྩལ་མ་ལག་ཅན་དང་སྒྲིག་གཞི་ཅན་ཞིག་ཡོང་བར་འབད་བརྩོན་བྱ་དགོས།  

ང་ཚོ་བོད་པའི་སྤྱི་ཚོགས་ལ་མཚོན་ན་བཟའ་བཅའི་ཐོན་ཁུངས་ཧ་ཅང་འབེལ་པོ་ཡོད་པ་དཔེར་ན་རང་བྱུང་རི་སྐྱེས་ཤ་མོང་ལྟ་བུ་གཅིག་པུ་ལ་མཚོན་ན་སྣ་ཁ་བརྒྱ་ལྷག་ཙམ་ཡོད་པ་དང་།  རི་སྐྱེས་སྔོ་ཚལ་སྣ་ཁ་ལྔ་བཅུ་ཙམ་ཡོད་པ།  ཤིང་འབྲས་སྣ་ཁ་བཅོ་བརྒྱད་ཙམ་དང་། གཞན་ཡང་ཞིང་འབྲོག་གི་ཐོན་རྫས་ཧ་ཅང་འབེལ་བོ་ཡོད་ནའང་དེ་དག་ཐོན་སྐྱེད་དང་། ཉར་ཚགས་དོ་དམ།  ཐོན་ཁུངས་སྔོག་འདོན་དང་གསར་སྤེལ། བཟའ་བཅའི་རྒྱུ་ཆ་དག་ལ་གཡོས་སྦྱོར་གྱི་དགོས་མཁོ་དང་མཐུན་པར་ཐོན་སྐྱེད་བྱེད་པའི་ཐབས་ལམ་འཚོལ་མ་ཤེས་པ་སོགས་ནི། བཟའ་བཅའི་ཐོན་ཁུངས་དང་ལག་རྩལ་སོགས་ལ་རྒྱུས་ལོན་མ་བྱས་པར། གང་ལའང་སྙིང་པོ་མེད་ཅེས་པའི་འཁྱལ་གཏམ་ཁོ་ནའི་རྗེས་སུ་འབྲངས་ནས། སྲོག་ཆགས་དུད་འགྲོའི་འཚོ་བ་རོལ་སྟངས་ཁོ་ན་བྱས་པའི་རྐྱེན་གྱིས་བཟའ་བཏུང་རྒྱུ་ཆ་དཀོན་པ་དང་། གཡོས་སྦྱོར་གྱི་ལག་རྩལ་ཚད་ལྡན་མེད་པ་སོགས་ཀྱིས་རུལ་བ། བམ་པ། རྙིང་པ། ལྷད་ཅན། དུག་ལྡན།  རྗེན་པ།  འཚོ་བཅུད་ཚད་ལས་བརྒལ་བ་སོགས་ཀྱི་རྐྱེན་པས་ཚེ་ཐུང་བ་དང་། ནད་མང་བ་སོགས་སྡུག་བསྔལ་ཁོ་ནས་གཟེར་ཏེ་སྡོད་པ་ལས་བདེ་སྐྱིད་ཀྱི་འཚོ་བ་ཉུང་ཞིང་། ལྷག་པར་དུ་ད་ལྟ་དུས་རབས་ཉེར་གཅིག་པར་སླེབས་ཟིན་ནའང་བཟའ་བཏུང་རྒྱུ་ཆའི་ཐོན་ལས་རྣམས་གཡོས་སྦྱོར་གྱི་དགོས་མཁོ་དང་མཐུན་པར་ཐོན་བསྐྱེད་མེད་པ། གནའ་བོའི་གཡོས་སྦྱོར་ལག་རྩལ་གྱི་རྒྱུན་ཉམས་པ། དེང་རབས་ཚན་རིག་དང་མཐུན་པའི་གཡོས་སྦྱོར་ལག་རྩལ་གྱི་རྗེས་མ་ཟིན་པ་མ་ཚད་རྗེས་སྙེག་འདོད་ཀྱང་མེད་པ་སོགས་ཀྱིས། བོད་ཀྱི་བཟའ་བཏུང་ལས་རིགས་ལ་ད་དུང་མ་ལག་རང་བཞིན་ཆགས་མ་ཐུབ་པར། ཤ་ཆང་དང་། སྣུམ་རིགས་སོགས་གནོད་སྐྱོན་ཆེ་བའི་བཟའ་བཏུང་གི་རྒྱུ་ཆ་དག་ལ་གཅན་ཟན་གྱི་འཚོ་བ་ལྟར་རོལ་བ་ནི་དངོས་གནས་བློ་ཕམ་དགོས་པ་ཞིག་རེད། བཟའ་བཏུང་ནི་རང་བྱུང་ཁམས་ལས་བྱུང་བའི་སྐྱེ་དངོས་དང་། སྲོག་ཆགས་ཀྱི་ཐོན་དངོས་དག་ལ་སྡེབ་སྦྱོར་བྱས་ཏེ་འགྲོ་བ་མིའི་ཚེ་སྲོག་ཡུན་རིང་གནས་ཆེད་ལོངས་སུ་སྤྱོད་ཀྱིན་ཡོད་ལ། རྒྱུ་ཆ་དེ་དག་ལ་ཐོན་ཁུངས་བཟང་ངན་གྱི་དབང་གིས་འཚོ་བཅུད་བཟང་ངན་དང་།  དུག་ཅན་སོགས་གནོད་བྱེད་ཀྱི་ཤན་ཤུགས་ཆེ་ཆུང་།  དུག་སེལ་གྱི་ཐབས་ལམ། དུས་བཞིའི་འགྱུར་བའི་དབང་གིས་བཟའ་བཏུང་གི་རྒྱུ་ཆའི་ནུས་པ་ལ་འཕོ་འགྱུར་སོགས། ཐོག་མར་གལ་ཆེ་བ་ལ་རྒྱུ་ཆ།  བར་དུ་གལ་ཆེ་བ་གཡོས་སྦྱོར་ལག་རྩལ།  ཐ་མར་གལ་ཆེ་བ་བཟའ་བཏུང་ལོངས་སུ་སྤྱོད་སྟངས་སོགས་ལ་གོ་རིམ་ལྡན་པར་རྒྱུས་ལོན་དང་ཤེས་རྟོགས་ཡོད་པར་བྱ་སྟེ།  ཕྱོགས་དང་རིས་སུ་མ་ཆད་པའི་རྒྱ་ཆེའི་སྐུ་མགྲོན་རྣམས་ལ་ལྷད་མེད་ཅིང་འཚོ་བཅུད་ལྡན་པའི་བཟའ་བཏུང་གི་ཞབས་ཞུ་སྒྲུབ་ནས་སྤྱི་ཚོགས་ལ་ལེགས་སྐྱེས་གང་མང་འབུལ་བའི་ཆོད་སེམས་ཡོད་དགོས།

༢  བཟའ་བཏུང་རོལ་བའི་དམིགས་ཡུལ།

བཟའ་བཏུང་རོལ་བའི་དམིགས་ཡུལ་ནི་ཚེ་སྲོག་ཡུན་རིང་དུ་གནས་པའི་ཆེད་ཁོ་ན་ཡིན་པ་ལས་རྩེ་མོའི་ཆེད་དུ་མ་ཡིན་པས།  བཟའ་བཏུང་གཉེར་སྐྱོང་གི་ལས་བཟོ་བ་གོང་འོག་ཚང་མས་སྐུ་མགྲོན་རྣམས་ཀྱི་ཅིའི་ཕྱིར་བཟའ་བཏུང་རོལ་བའི་སྐོར་ལ་ངེས་པར་དུ་བསམ་གཞིག་དཔྱིས་ཕྱིན་པ་ཞིག་གནང་རྗེས། རང་གི་ཚེ་སྲོག་ལ་གཅེས་པ་ནང་བཞིན་གཞན་པ་སྐུ་མགྲོན་རྣམས་ལའང་གཅེས་སྤྲས་ཀྱི་འདུ་ཤེས་དང་།  གུས་བཀུར་གྱི་འདུ་ཤེས།   ལྷག་བསམ་ལྷད་མེད་བཅས་ཀྱིས་ཞབས་ཞུ་སྒྲུབ་སྟེ་རང་ལ་དགོས་པའི་ཡོང་སྒོ་དང་། སྐུ་མགྲོན་ལ་མཁོ་བའི་འཚོ་བཅུད་ཁ་གསབ་སྟེ་སྐུ་གཟུགས་བདེ་ཐང་ཡོང་བ་སོགས་ཁོང་ཚོའི་འདོད་བློ་ཡོངས་སུ་ཁེངས་པ་ཞིག་སྟེ། ཕྱོགས་གཉིས་ཆར་ལ་ཕན་འབྲས་ཡོད་པ་མ་ཟད་ཕན་ཚུན་བར་ལ་ཡིད་ཆེས་དང་མཛའ་མཐུན་གྱི་འབྲེལ་བ་བཟང་པོ་ཞིག་ཡོང་བར་འབད་བརྩོན་བྱ་དགོས།  

༣   ཟ་ཁང་གཉེར་སྐྱོང་གི་ཁྱད་ཆོས་འབུར་དུ་ཐོན་པ།

གཙོ་བོ་བཟའ་བཏུང་འཚོ་བཅུད་བཟང་ཞིང་རིན་གོང་འོས་ཤིང་འཚམས་པ། ས་གནས་ཀྱི་བྲོ་བ་དང་ཁྱད་ཆོས་ལྡན་པའི་དམིགས་གསལ་བ་ཞིག་ཡོད་དགོས་ལ། དེ་མཚུངས་སུ་ཟ་ཁང་གི་ཁོར་ཡུག་དང་ཞབས་ཞུ་ལ་ཡང་གུས་ལུགས་ལྡན་ཞིང་ཡིད་ཆེས་རུང་བའི་བཟའ་བཏུང་ཁང་ཞིག་ཆགས་ཐུབ་པ་བྱ་དགོས།

དེས་ན་བཟའ་བཏུང་ཁང་ཞིག་ལ་མཚོན་ན་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་ནི་གཉེར་སྐྱོང་ལམ་ལུགས་ཡིན་ཞིང་།  གཉེར་སྐྱོང་ལམ་ལུགས་དེ་ཡང་ཚན་རིག་དང་ལྡན་པར་དུས་དང་དུས་སུ་འཕེལ་རྒྱས་གཏོང་བ་ཤིན་ཏུ་ནས་གལ་ཆེ།   ད་ལྟ་ང་ཚོ་ལ་མཚོན་ན་བོད་སྐད་ཀྱི་ལམ་ནས་གཉེར་སྐྱོང་བ་དང་ཞབས་ཞུ་བའི་སྦྱོང་བརྡར་སྤྲོད་སའི་ཁོར་ཡུག་དང་ལམ་ལུགས་ཤིག་ཆགས་མ་ཐུབ་པ་ནི།  འཚོ་གནས་དོན་གཉེར་བ་ཞིག་གི་ངོས་ནས་བརྗོད་ན་བློ་ཕམ་སྐྱེ་འོང་བ་ཞིག་རེད་ལ་ངོ་གནོང་དགོས་པ་ཞིག་ཀྱང་རེད། གཉེར་སྐྱོང་དོ་དམ་ལམ་ལུགས་བཟང་ངན་ལ་ལྟོས་ཏེ་བཟའ་བཏུང་ཁང་གི་ཤེས་འཇོན་ནུས་གསུམ་མཚོན་ཐུབ་པ་མ་ཟད།  བཟའ་བཏུང་ཁང་གི་འཕེལ་རྒྱས་ཀྱང་མཚོན་གྱི་ཡོད་པས་ང་ཚོ་ཚང་མས་གཉེར་སྐྱོང་དོ་དམ་ལམ་ལུགས་ལ་གལ་ཆེའི་འདུ་ཤེས་བཟུང་ནས་འབད་བརྩོན་བྱ་དགོས།

དེ་ཡང་དོ་དམ་ལམ་ལུགས་ཤིག་ཡོད་པ་ཙམ་གྱིས་མི་ཕན་པར་ལས་བཟོ་བ་མི་རེ་ངོ་རེའི་རང་འཁྲིའི་འགན་ཁུར་མཐའ་དག་ལ་བྱང་ཆུབ་པར་བྱུང་ན་གཞི་ནས་ཚོགས་པའི་དོ་དམ་གྱི་ཕན་འབྲས་མངོན་ཐུབ། དེས་ན་མི་བརྒྱ་སེམས་གཅིག་རྟ་བརྒྱ་སྲབ་གཅིག་ཅེས་པའི་དཔེ་ལྟར་གོང་འོག་ཚང་མ་ཆེད་ལས་ལ་བྱང་ཆ་ལྡན་པ་དང་ནུས་ཤུགས་མཉམ་དུ་འདོན་ཐུབ་པའི་ཆོད་སེམས་ཡོད་པ་ཞིག་བྱ་དགོས།  

༤   བཟའ་བཏུང་ལས་རིགས་གཉེར་པའི་མ་རྐང་འཇོག་མཁན་དག་གི་བསམ་གཞིག

མ་རྐང་འཇོག་མི་དང་ཟ་ཁང་གི་སྤྱི་གཉེར་བས་ཐོག་མར་རྩ་བའི་གནད་དོན་འདི་དག་ལ་ཞིབ་འཇུག་དང་གཏན་འབེབས་བྱ་དགོས།

དང་པོ། མ་རྩ་ཅི་ཙམ་ཞིག་བཏང་ནས་བཟའ་བཏུང་ལས་རིགས་གཉེར་རྒྱུ་དང་། ཟ་ཁང་གཉེར་སའི་ཁོར་ཡུག་འདམ་པ། ཁོར་ཡུག་དེར་ཁྱད་ཆོས་ཅི་ཡོད།  ས་གནས་དེར་རྒྱུན་སྡོད་ཀྱི་མི་གྲངས། ས་གནས་དེའི་མི་རྣམས་ཀྱི་འཚོ་བའི་འགྲོ་དངུལ་གྱི་ནུས་པ་དང་འཚོ་བའི་གོམས་གཤིས།  དེར་འགྲིམ་འགྲུལ་གྱི་མིའི་གྲངས་འབོར་སོགས་ལ་ཞིབ་འཇུག་མཐར་ཕྱིན་ཅིག་བྱས་རྗེས་ས་གནས་དེ་དང་འཚམས་པའི་བཟའ་བཏུང་ལས་རིགས་ཤིག་གཉེར་དགོས། དེ་ཡང་བོད་ཟས་ཁང་རྒྱས་པ།  འབྲིང་ཙམ། ཟ་ཁང་ཆུང་ཙམ།  མགྱོགས་ཟས་ཁང་།  ཡང་ན་ཇ་ཐུག་ཁང་སོགས་གང་གཉེར་བ་དང་། མ་རྩ་ཆེ་ཆུང་ཅི་ཙམ་འཇོག་པ། མཛེས་བཟོ་དང་སྒྲིག་ཆས་འོས་ཤིང་འཚམས་པ།  ཞབས་ཞུ་བ་དང་སྤྱི་གཉེར་བ་སོགས་ལས་མིའི་གྲངས་ཚད་གཏན་འབེབས་བྱེད་པ་སོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་རྒྱུས་ལོན་དང་དཔྱད་དཔོག་བྱས་པ་བརྒྱུད། ལས་གཞི་གཏན་ཁེལ་བྱ་དགོས་པ་ལས་རྒྱུས་ལོན་དང་ཉམས་མྱོང་གང་ཡང་མེད་པར་ལས་གཞི་གཉེར་མི་རུང་། གལ་སྲིད་རང་ཉིད་ལ་བཟའ་བཏུང་ལས་རིགས་ཀྱི་ཆ་རྒྱུས་མེད་ཅིང་མ་རྩ་འཇོག་འདོད་ཡོད་ན། བཟའ་བཏུང་ལས་རིགས་ལ་ཆ་རྒྱུས་ཡོད་མི་དང་མཉམ་ལས་བྱེད་པའམ་ཡང་ན་ཆེད་མངགས་བཟའ་བཏུང་ལས་རིགས་ལ་རྒྱུས་མངའ་ཡོད་པའི་སྤྱི་གཉེར་ཁང་ནས་ཆེད་ལས་མི་སྣ་གདན་ཞུ་བྱ་དགོས་པ་ལས་ཆ་རྒྱུས་མེད་བཞིན་ལས་གཞི་གཉེར་མི་རུང་། ཆེད་ལས་མི་སྣ་དང་མཉམ་དུ་ཞིབ་འཇུག་མཐར་ཕྱིན་པ་བྱས་རྗེས་ཐོག་མར་ཚད་ལྡན་གྱི་འཆར་གཞི་བཟོས་ནས་ཡང་བསྐྱར་དཔྱད་ཞིབ་བྱས་པ་བརྒྱུད་མཐའ་མཇུག་གཏན་ཁེལ་བྱ་དགོས། བཟའ་བཏུང་མ་འཇོག་ཁེ་ལས་གཉེར་བའི་སྐོར་གྱི་དཔྱད་དཔོག་མདོར་བསྡུས་ཙམ་ཡིན་ལ་ཞིབ་ཕྲ་ཟུར་དུ་ཡོད་པ་ལས་ཤེས་པར་བྱའོ། ། 

གཉིས་པ། བཟའ་བཏུང་ཁེ་ལས་གཉེར་བའི་བརྒྱུད་རིམ་ནང་ཐོག་མར་ཆེད་ལས་དོ་དམ་པ་དང་ཆེད་ལས་མ་ཆེན་ལག་རྩལ་པ་གཉིས་ནི་ཟ་ཁང་ཞིག་གཉེར་བ་ལ་མེད་ཐབས་མེད་ཅིང་།   དེ་ལྟ་བུའི་དོ་དམ་པ་དང་ལག་རྩལ་པ་གཉིས་ལ་མཉམ་ལས་བྱེད་པའམ་ཡང་ན་རྒྱུན་རིང་གི་གན་རྒྱ་འཇོག་ཐུབ་པ་ཞིག་བྱ་དགོས།  དེ་ལྟར་མ་བྱུང་བར་རྒྱུན་པར་དོ་དམ་པ་དང་ལག་རྩལ་བ་བརྗེ་པོ་བརྒྱབ་དགོས་ཁེལ་ན་ཟ་ཁང་གི་རྒྱུན་ལྡན་ཚོང་ལས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་པ་ཤེས་པའི་ཐོག་གྲ་སྒྲིག་ཨང་གསར་ཡོད་དགོས།  དེ་ནས་ཉམས་མྱོང་ལྡན་ཞིང་ཞབས་ཞུའི་ལས་རིགས་ལ་སྤྲོ་སྣང་ཡོད་པའི་ཞབས་ཞུ་བ་ལའང་དུས་ཚོད་ཉེ་རིང་གང་རུང་གི་སྒོ་ནས་གན་རྒྱ་འཇོག་ཐུབ་པ་བྱ་དགོས།    དེ་མཚུངས་སུ་ཟ་ཁང་སྤྱི་གཉེར་བ་དང་ཆེད་ལས་མ་ཆེན་ལག་རྩལ་པ་གཉིས་ཀྱིས་དོ་དམ་ལམ་ལུགས་ཚན་རིག་དང་མཐུན་པར་གཏན་འབེབས་བྱས་རྗེས། ཐབ་ཚང་དང་།   མདུན་སྟེགས། ཞབས་ཞུ་བ། གཙང་སྦྲ་བ་སོགས་ལས་གནས་སོ་སོའི་འགན་འཁྲི་ཁ་གསལ་གྱིས་ངོ་སྤྲོད་བྱས་པ་བརྒྱུད་ཐོག་མར་ཟབ་སྦྱོང་སྤྲོད་དགོས།

གསུམ་པ། མ་རྐང་འཇོག་མཁན་དང་ཟ་ཁང་སྤྱི་གཉེར་བས་དུས་དང་དུས་སུ་ཟ་ཁང་གི་ལས་བྱེད་པ་རྣམས་དང་མཉམ་དུ་ཚོགས་འདུ་འཚོགས་ནས་རང་ཉིད་ཀྱི་དམིགས་ཡུལ་དང་རེ་བ།  མ་འོངས་པར་ཟ་ཁང་འཕེལ་རྒྱས་ཀྱི་ཐབས་ཇུས་འཆར་གཞི་སོགས་ལས་བཟོ་བ་དང་མཉམ་དུ་རྒྱུས་ལོན་བྱས་པ་བརྒྱུད།  དམིགས་ཚད་ངེས་ཅན་ཡོད་པའི་སྒོ་ནས་སྔར་ལས་ཁ་གསལ་བ།  གནད་འདུས་པ།   དུས་དང་མཐུན་པར་སྒྱུར་བཅོས་བྱེད་པ་སོགས་རྒྱང་རིང་གི་དམིགས་འབེན་གཞིར་བཟུང་ནས།  ཟ་ཁང་གི་གོང་འོག་ལས་བྱེད་པ་ཚང་མའི་བློ་སེམས་གོང་བུ་གཅིག་གྱུར་གྱི་སྒོ་ནས་མདུན་བསྐྱོད་བྱེད་ཐུབ་པའི་ཐབས་ལམ་འཚོལ་དགོས་པ་ལས།  གནས་སྐབས་ཀྱི་ཁེ་ཕན་ཅུང་ཟད་ཙམ་ལ་མགོ་འཁོར་བ་དང་། འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་མེད་པར་ལས་བཟོ་པ་རྣམས་ལ་ལག་ཆའི་འདུ་ཤེས་འཆང་བ།  སྒྲིག་གཞི་མེད་པར་ཅི་འདོད་གང་འདོད་བྱེད་པ།  སྒྲིག་གཞི་ཡོད་ཀྱང་རང་ཉིད་ནས་བརྩི་སྲུང་མི་དགོས་པ་སོགས་ལས་བཟོ་བའི་སེམས་ཁམས་དང་མི་བསྟུན་པ།  དཔོན་གཡོག་གི་འདུ་ཤེས་འཆང་ནས་ལས་བཟོ་བ་ལ་བརྩི་འཇོག་མེད་པ་སོགས་ནི་ཟ་ཁང་འཕེལ་རྒྱས་ཀྱི་བར་ཆད་ཆེ་ཤོས་དེ་ཡིན་པ་ངོས་ཟིན་ཡོད་དགོས།   ཟ་ཁང་གོང་འོག་གི་ལས་མི་ཚང་མ་ལས་གནས་མི་འདྲ་བ་ཙམ་ལས། གཞི་རྩ་འདྲ་མཉམ་གྱི་རྨང་གཞིའི་ཐོག་སོ་སོའི་འབད་བརྩོན་དང་ནུས་པ་ལ་བརྟེན་ནས་འཚོ་བ་རོལ་སའི་ཁེ་ལས་ཞིག་དང་།   ཕན་ཚུན་གཉིས་ཕན་མཉམ་ལས་ཀྱི་སྒོ་ནས་ལས་སློབ་ཟུང་དུ་འབྲེལ་བའི་ཉམས་མྱོང་གསོག་སའི་འཁོར་ཡུག་བཟང་པོ་ཞིག སྤྱི་ཚོགས་ལ་ཞབས་འདེགས་ཀྱིས་འཛད་སྤྱོད་པའི་དགོས་མཁོ་སྐོང་ཞིང་། རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་གྱུར་ཡོང་བར་འབད་འབུང་བྱེད་སའི་སྤྱི་གཉེར་ཁང་ཚད་ལྡན་ཞིག་གི་ལམ་དུ་བསྐྱོད་པར་འབད་བརྩོན་བྱ་དགོས།

༤ ༽ བཟའ་བཏུང་དོ་དམ་ལམ་ལུགས་ཀྱི་རྩ་འཛུགས་དང་ཁྱད་ཆོས། 

 ༡ བཟའ་བཏུང་ཞབས་ཞུ་ཁང་གི་རྩ་འཛུགས།  

དང་པོ།  སྤྱི་ཁྱབ་འགན་འཛིན།  སྤྱི་ཁྱབ་འགན་འཛིན་གྱི་ལས་རོགས། 

གཉིས་པ།  ༡ མ་ཆེན་གཙོ་འགན་པ།  རྒྱུན་ལས་མ་ཆེན། མ་ཆེན་གྱི་ལས་རོགས་སོགས་ཐབ་ཚང་ཆེ་ཆུང་ལ་ལྟོས་ཏེ་མི་གྲངས་བཀོད་བསྒྲིག་བྱ་དགོས།    

གསུམ་པ། ཞབས་ཞུ་ཁང་གི་འགན་འཛིན། ཞབས་ཞུ་ཁང་གི་འགན་འཛིན་ལས་རོགས། ཞབས་ཞུའི་ལས་བཟོ་བ། ཟ་ཁང་ཆེ་ཆུང་ངམ་མགྲོན་པོ་མང་ཉུང་ལ་ལྟོས་ཏེ་མི་གྲངས་བཀོད་བསྒྲིག་བྱ་དགོས།    

བཞི་པ།  བཟའ་བཏུང་རྒྱུ་ཆ་ཉོ་སྒྲུབ་པ་དང་།  རྒྱུ་ཆ་ཉར་ཚགས་པ།  

ལྔ་པ།  བཏུང་བྱའི་ཆེད་ལས་འགན་འཛིན་པ།  ཇ་དང་།  ཆང་།  ཀོ་ཧྥེས།  སིལ་ཁུ་སོགས་ལྡེབ་སྦྱོར་ཆེད་ལས་ལག་རྩལ་པ། ཞབས་ཞུ་བ་སྤྱི་འགྲོས་ལྟར།   

དྲུག་པ།  མངར་ཟས་ཆེད་ལས་འགན་འཛིན་པ། མངར་ཟས་ཆེད་ལས་ལག་རྩལ་པ། ཞབས་ཞུ་བ་སྤྱི་འགྲོས་ལྟར།  

༢  རྩ་འཛུགས་ཀྱི་སྒྲིག་གཞི།  

བཟའ་བཏུང་ཁང་གི་གོང་འོག་ཚང་མས་སོ་སོའི་ལས་གནས་ངོས་ཟིན་པའི་ཐོག་ལས་ཀའི་མཇུག་འབྲས་བཟང་ངན་རང་སོ་སོ་ནས་འགན་ཁུར་དགོས་ལ། ཧ་ཅང་ལས་བྲེལ་ཆེ་བ་དང་ཡང་ན་དམིགས་བསལ་མ་ཡིན་པར། རྒྱུན་དུ་རང་སོ་སོའི་ལས་གནས་བརྟན་སྲུང་བྱེད་པ་ལས་གཞན་གྱིས་ཚབ་བྱ་མི་ཆོག ལས་བཟོ་བ་ཚང་མ་ཆེད་ལས་ཅན་ཤ་རྟགས་ཡིན་པས་ཆེད་ལས་ལ་བྱང་ཆ་མི་ལྡན་པ་ཞིག་གིས་ཚབ་བྱས་ན་ནོར་འཕྱུག་གི་གནས་ཚུལ་འབྱུང་སྲིད་པས་ཡིད་གཟབ་བྱ་དགོས།  གལ་སྲིད་ཚབ་བྱ་དགོས་ན་ཆེད་ལས་དེ་ཉིད་ལ་བྱང་བ་དང་།   འབྲེལ་ཡོད་འགན་འཛིན་པས་མོས་མཐུན་དང་ཤེས་རྟོགས་ཡོད་པའི་ཐོག་ཚབ་བྱེད་མི་སྣ་འཇོག་དགོས།   ལས་བཟོ་བ་སོ་སོའི་ཉིན་རེའི་བྱ་བཞག་ལ་སྔོན་དཔག་གི་སྒོ་ནས་གནས་ཚུལ་མི་འབྱུང་བ་དང་ཡར་རྒྱས་གཏོང་ཐབས་ལ་དུས་དང་རྣམ་པ་ཀུན་ཏུ་བསམ་གཞིག་བྱ་བ་དང་།  ལས་དོན་ཉིན་ཐོ་འགོད་པ་དང་ཕྱིར་རྟོག་བྱ་བ་སོགས་ཀྱིས་བར་མ་ཆད་པར་རང་ཉིད་ཡར་རྒྱས་གཏོང་དགོས་ལ།   ལྷག་པར་དུ་སྒྲིག་གཞིའི་ཡིག་ཆའི་རྩ་དོན་ལྟར་ལས་གནས་རྒྱུན་འཁྱོངས་དགོས་པ་ལས་ཁ་དོན་མི་མཚུངས་པའི་བཤད་ཡམས་དང་།  ངན་ཁག་གཞན་ལ་གཡོགས་པ།   ལྷག་བསམ་རྣམ་དག་གི་ཞབས་ཞུ་མིན་པ། ལས་གནས་ཀྱི་འགན་འཁྲི་ལས་གཡོལ་བ་སོགས་གོམས་གཤིས་ངན་པ་སྤངས་ནས་རང་ཉིད་མདུན་སྐྱོད་ཀྱི་ཆོད་སེམས་ཡོད་དགོས།    

༣  དོ་དམ་ལམ་ལུགས་ཀྱི་དམིགས་ཡུལ།  

དོ་དམ་གྱི་དམིགས་ཡུལ་ནི་ཐོན་ཁུངས་མཉམ་འབྲེལ་བྱེད་པའི་ཐབས་ཤེས་དང་ལས་མི་མང་པོའི་ནུས་ཤུགས་མཉམ་དུ་འདོན་ཐབས་ཀྱི་སྒྲིག་གཞི་འམ་ལམ་ལུགས་ཤིག་ཡིན།   སྒྲིག་གཞི་དེ་ཡིག་ཐོག་ལ་ཡོད་པ་ཙམ་མ་ཟད་ལས་མི་རྣམས་ལ་ཆེད་སྦྱོང་གི་སྒོ་ནས་གསལ་གསལ་ཐིང་ཐིང་སེམས་ལ་ངེས་པ་དང་། གུས་ལུགས་དང་ལྡན་པའི་ཞབས་ཞུའི་ལས་ཀ་ལ་བྱང་ཆ་ལྡན་པ་ཞིག་མ་བྱུང་བར་དུ་ཟབ་སྦྱོང་སྤྲོད་དགོས།     གུས་སྲོལ་ཞབས་ཞུའི་ལམ་ལུགས་དེ་རྒྱུན་འཁྱོངས་ཀྱི་སྒོ་ནས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་། གཞི་རྩའི་ཆ་ནས་སོ་སོའི་ལས་གནས་གསལ་པོ་ངོས་ཟིན་ཡོད་པའི་ཐོག་གཉེར་སྐྱོང་གཙོ་འཛིན་པས་བཀོད་སྒྲིག་དོ་དམ་ཞིབ་ཚགས་ཡོད་པ་དང་། དུས་དུས་སུ་བལྟ་བསྐུལ་དང་། ལམ་སྟོན། སློབ་གསོ། ཟབ་སྦྱོང་སོགས་ཡར་རྒྱས་འགྲོ་བའི་ཐབས་ལམ་མང་པོའི་སྒོ་ནས་སྣེ་ཁྲིད་བྱ་དགོས།  ལས་བཟོ་བ་སོ་སོས་ཀྱང་ལས་གནས་ཀྱི་འགན་འཁྲི་རྒྱུན་འཁྱོངས་བྱས་པའི་བརྒྱུད་རིམ་ནང་གནས་ཚུལ་བྱུང་ན། གཙོ་འཛིན་པར་སྙན་གསང་ཞུ་བའམ་ཡང་ན་ལས་རོགས་ཕན་ཚུན་མཐུན་པ་གྲོས་བསྡུར་བྱས་པ་བརྒྱུད་ཐག་གཅོད་བྱ་དགོས།   དེ་ལྟར་གཙོ་འཛིན་པ་དང་ལས་བཟོ་བ་སོ་སོའི་ལས་གནས་ཀྱི་འགན་འཁུར་ལྡན་ཞིང་མདུན་བསྐྱོད་ཀྱི་བསམ་བློ་དང་སྤོབས་པ་ལྡན་པའི་རྩ་འཛུགས་ཤིག་ཆགས་ཐུབ་པ་བྱ་དགོས།   

༥ ༽ བཟའ་བཏུང་ཞབས་ཞུའི་འཁོར་ཡུག་དང་གུས་སྲོལ།  

༡  དྭངས་གཙང་བདེ་སྐྱིད་ལྡན་པའི་འཁོར་ཡུག

བཟའ་བཏུང་ཞབས་ཞུ་ཁང་ཞིག་ལ་མཚོན་ན་སྐྱིད་སྣང་དོད་པའི་འཁོར་ཡུག་ཅིག་དང་། གུས་ལུགས་ཀྱི་བྱང་ཚད་ལྡན་པའི་ཞབས་ཞུ་བ།  གཙང་སྦྲ་ལེགས་པའི་སྒྲིག་ཆས་སོགས་ནི་གལ་ཆེན་ཡིན་པ་ངེས་པར་དུ་ཤེས་དགོས།    ཟ་ཁང་སྤྱི་གཉེར་བ་ཞིག་གི་ངོས་ནས་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ཀྱི་དགོས་མཁོ་དང་མཐུན་པར་བཟའ་བཏུང་རོལ་སའི་འཁོར་ཡུག་བཟང་པོ་ཞིག་ཡོང་བར་མཐོང་ཆེན་བྱེད་དགོས་ལ།   དེ་ཡང་འཁོར་ཡུག་གཙང་ཞིང་ཡིད་འོང་བག་ཕེབས་ཀྱི་རྣམ་པ་གསར་པ་དང་།     ཤིང་དང་མེ་ཏོག་སོགས་རང་བྱུང་ཁམས་ཀྱི་དངོས་པོའི་མཐུན་རྐྱེན་བཟང་བ།   གནའ་དེང་ཤེས་རིག་སྒྱུ་རྩལ་གྱི་མཛེས་བཀོད་དང་།  བཟའ་བཏུང་འཕྲོད་བསྟེན་ཤེས་བྱའི་ཆ་འཕྲིན་སོགས་ཤེས་རབ་དང་དཔལ་ཡོན་གྱིས་ཕྱུག་ཅིང་། མགྲོན་པོའི་ལུས་སེམས་ལྷོད་ལ་འབབ་ཅིང་དྲོ་སྐྱིད་ལྡན་པའི་འཁོར་ཡུག་ཅིག་བསྐྲུན་ཐུབ་པ་བྱ་དགོས།   

༢  ལྷད་མེད་མཛའ་བརྩེའི་གུས་ལུགས་ཞབས་ཞུ།

ཞབས་ཞུའི་ལས་རིགས་སྤྱི་དང་ལྷག་པར་དུ་ཆེད་ལས་བཟའ་བཏུང་ཞབས་ཞུ་ཁང་ཞིག་ལ་མཚོན་ན། གུས་ལུགས་ཚད་ལྡན་གྱི་ལམ་ནས་རྒྱ་ཆེའི་འཛད་སྤྱོད་པ་མང་པོའི་ཡིད་དབང་འགུགས་ཐུབ་པ་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་ཤེས་དགོས།   དེས་ན་ཟ་ཁང་སྤྱི་གཉེར་བ་ཞིག་གི་ངོས་ནས་རིག་པ་དྭངས་གསལ་གྱི་སྒོ་ནས་སྣེ་ཁྲིད་དེ་ཞབས་ཞུའི་ལས་ཀ་ཚད་ལྡན་ཅན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་དགོས།   གནའ་བོའི་བོད་ཀྱི་མེས་པོ་གོང་མ་རྣམས་ཀྱིས་ལན་དང་རྣམ་སྨིན་ལ་མི་རེ་བར་སྐུ་མགྲོན་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་བྱ་ཚུལ་དང་།  དེང་སང་ཡར་ཐོན་ཅན་གྱི་ཡུལ་ལུང་རྣམས་སུ་སྐུ་མགྲོན་ལ་དཀོན་གཆོག་ནང་བཞིན་གྱི་འདུ་ཤེས་དང་གུས་སྲོལ་གྱིས་ཞབས་ཞུ་བྱེད་སྲོལ་སོགས། གནའ་དེང་གུས་སྲོལ་ཤེས་རིག་ལ་རྒྱུས་ལོན་གནང་བ་བརྒྱུད། བཅོས་མ་མ་ཡིན་པའི་སྒོ་ནས་སྐུ་མགྲོན་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་བྱ་བྱེད་དེ། ཁོང་ཚོར་སྤྲོ་སྣང་དང་བདེ་སྐྱིད་ལྡན་པ་རང་ཁྱིམ་དུ་སླེབས་པ་ལྟ་བུའི་ཚོར་སྣང་གསར་པ་ཞིག་མྱོང་ཐུབ་པར་འབད་བརྩོན་བྱ་དགོས།

༦ ༽ བཟའ་བཏུང་ཞབས་ཞུ་བའི་ལས་གནས་ཀྱི་འགན་འཁྲི།  

ཞབས་ཞུ་བ་རང་ཉིད་ཀྱིས་སོ་སོའི་ལས་གནས་ངོས་ཟིན་དགོས་པ། ལས་རིགས་ལས་བཟོ་བ་ཞིག་གི་ངོས་ནས་ཐོག་མར་རང་ཉིད་ཀྱི་ལས་གནས་གང་ཡིན་ངོས་ཟིན་གསལ་པོ་ཡོད་པའི་ཐོག  ཟ་ཁང་གིས་གཏན་འབེབས་བྱས་པའི་ལས་གནས་ཀྱི་འགན་འཁྲི་དང་ ། ཞབས་ཞུའི་དམིགས་ཚད།  ཞབས་ཞུའི་གོ་རིམ།   ཞབས་ཞུ་བྱེད་པའི་བརྒྱུད་རིམ་ནང་དཀའ་ཚེགས་ལ་གདོང་ལེན་བྱ་ཚུལ་སོགས་ཟབ་སྦྱོང་གིས་ཁོང་དུ་ཆུད་པར་བྱས་ཏེ། བར་མ་ཆད་པར་ཤེས་འཇོན་གྱི་ནུས་པ་གོང་མཐོར་གཏོང་པའི་སྣེ་ཁྲིད་དང་ལམ་སྟོན་བྱ་དགོས།   

ལས་རིགས་སྤྱི་གཉེར་བ་ཞིག་གི་ངོས་ནས་ལས་བཟོ་བའི་སེམས་ཁམས་དང་བསམ་བློའི་འཕེལ་ཕྱོགས་ལ་རྒྱུས་ལོན་དང་དཔྱད་དཔོག་བྱས་པ་བརྒྱུད།  མི་སེམས་དང་མཐུན་པར་དུས་དུས་སུ་གསལ་འདེབས་དང་རོགས་རམ་གང་ལེགས་བྱ་བ་དང་།   འབད་བརྩོན་དང་ཡར་ཐོན་གྱི་བྱ་བ་ལ་གདེང་འཇོག་དང་ཕུལ་བྱུང་ལས་མིའི་གོ་གནས་སྤར་བ་སོགས་བསམ་བློའི་ཐོག་ནས་སྐུལ་འདེད་དང་རྒྱབ་སྐྱོར་བྱ་དགོས་ལ།  ལས་ཀའི་ནུས་པ་ལ་གཞིག་པའི་གླ་ཆ་འཕར་བ་སོགས་ཡར་སྐུལ་གྱི་སློབ་གསོ་དང་ཟབ་སྦྱོང་སྤྲད་པ་བརྒྱུད། ཞབས་ཞུའི་རྩལ་ནུས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ལས་ཀའི་ཐབས་ཤེས་དང་། ཞབས་ཞུའི་སྤུས་ཚད། ལས་ཆོད་ཆེ་རུ་གཏོང་བ།  ལྷག་བསམ་ལྷད་མེད་ཀྱི་ཞབས་ཞུ་ལ་སྐུ་མགྲོན་གྱིས་གདེང་འཇོག་ཐོབ་པ།   གློ་བུར་དུ་བྱུང་བའི་གནད་དོན་ལ་གདོང་ལེན་བྱེད་ཚུལ། ལས་བཟོའི་བར་གྱི་མཛའ་མཐུན་གྱི་གནད་དོན་སོགས་བར་མ་ཆད་པར་སློབ་གསོ་དང་བསྐུལ་འདེད་བྱས་པ་བརྒྱུད་ཞབས་ཞུ་བའི་དཔུང་ཁག་ཚད་ལྡན་ཞིག་ཡོང་བར་འབད་བརྩོན་བྱེད་དགོས།

༧ ༽ བཟའ་བཏུང་སྤུས་ཚད་དོ་དམ་ལམ་ལུགས།

༡  ལས་བཟོ་བའི་ལག་རྩལ་དང་འདུ་ཤེས་ཆེད་ལས་རང་བཞིན།

སྤྱིར་བཟའ་བཏུང་ཁང་གི་དོ་དམ་ལམ་ལུགས་ཚན་རིག་དང་མཐུན་པ་ཞིག་ཡོད་ན། བཟའ་བཏུང་གི་སྤུས་ཚད་དང་། སྔོན་ཐོན་གྱི་ཞབས་ཞུའི་ནུས་པ་སོགས་ལེགས་ཆ་མང་པོ་མངོན་གྱུར་ཡོངས་ཐུབ། དེའི་ཕྱིར་ན་ཐབ་ཚང་འཁོར་ཡུག་གི་གཙང་སྦྲ་དང་། ལས་བཟོ་བ་རང་ཉིད་ཀྱི་གཙང་སྦྲ། སྣོད་ཆས་ཀྱི་གཙང་སྦྲ། བཟའ་བཏུང་རྒྱུ་ཆའི་གཙང་སྦྲ། བཟའ་བཏུང་གཡོས་སྦྱོར་གྱི་ལག་རྩལ་ཆེད་ལས་ཅན། བཟའ་བཏུང་མཛེས་བཀོད་ལག་རྩལ་ཆེད་ལས་ཅན་སོགས། ཆེད་ལས་ལ་བྱང་ཆུབ་པའི་ལས་བཟོ་བ་རྣམས་ལ། སྒྲིག་གཞི་དོ་དམ་ལམ་ལུགས་ཀྱི་ཤེས་བྱ་དང་། སྒྲིག་གཞི་ལ་བརྩི་སྲུང་གི་འདུ་ཤེས།  མིའི་རིགས་ཀྱི་བརྩེ་བ་དང་ཡིད་ཆེས། དྲང་བདེན་དང་། འགན་ཁུར་གྱི་བསམ་བློ་ཡོད་པ་སོགས་དཔལ་ཡོན་གྱིས་ཕྱུག་པའི་བཟའ་བཏུང་གཡོས་སྦྱོར་ཚོགས་པ་ཞིག་འཛུགས་ཐུབ་པ་བྱ་དགོས། དེ་ཡང་བར་མ་ཆད་པར་ཟབ་སྦྱོང་བྱས་པ་བརྒྱུད་ཉིན་རེ་བཞིན་ཤེས་བྱ་དང་ལག་རྩལ་ལ་ཡར་རྒྱས་ཡོད་པ་དང་། མདུན་སྐྱོད་སྔོན་ཐོན་གྱི་བསམ་བློའི་སྤོབས་པ་སྐྱེ་བའི་སློབ་གསོ་དང་སྣེ་ཁྲིད་བྱས་པ་བརྒྱུད།  བཟའ་བཏུང་སྤུས་ཚད་ལ་འགན་ལེན་ཐུབ་པ།  རྒྱ་ཆེའི་སྐུ་མགྲོན་དག་གིས་ ཡིད་ཆེས་ཐོབ་པ་ཞིག་ཏུ་འབད་བརྩོན་བྱ་དགོས།

༢ བཟའ་བཏུང་ཞབས་ཞུ་བའི་འཕྲོད་བསྟེན་དོ་དམ་ལམ་ལུགས།

སྤྱིར་བཏང་གསར་ཐོན་ལས་མིའི་གཟུགས་པོའི་བདེ་ཐང་ལ་བརྟག་དཔྱད་ནན་པོ་བྱ་བ་དང་། ལྷག་པར་དུ་གློ་གཅོང་སོགས་འགོ་ཁྱབ་ཀྱི་ནད་རིགས་ཡོད་མེད་བརྟག་དཔྱད་བྱས་ནས་བདེ་ཐང་གི་ལག་ཁྱེར་ལ་ཞིབ་བཤེར་བྱ་དགོས།  དུས་རྒྱུན་ལས་མིའི་གཟུགས་པོ་བདེ་ཐང་ལ་སེམས་ཁུར་ཡོད་པའི་ཐོག དུས་བཀག་ལྟར་བདེ་ཐང་ལ་བརྟག་དཔྱད་བྱས་ནས་འགོ་ཁྱབ་རང་བཞིན་གྱི་ནད་རིགས་ལ་སྔོན་འགོག་དང་གཟབ་ནན་བྱས་ནས། དུས་ཐོག་ཏུ་ལས་བཟོ་པའི་འཕྲོད་བསྟེན་གསོ་སྦྱོང་ཚོགས་འདུ་དང་། འཕྲོད་བསྟེན་སློབ་གསོའི་ཟབ་སྦྱོང་གཉེར་བ་སོགས་ཀྱིས། ཞབས་ཞུ་བ་མི་སྒེར་གྱི་ གཙང་སྦྲ་ནས་མགོ་བརྩམ་སྟེ། འཁོར་ཡུག་ཁྱོན་ཡོངས་སུ་འཕྲོད་བསྟེན་ལ་དོ་སྣང་གི་གོམས་གཤིས་བཟང་པོ་ཞིག་ཆགས་ཐུབ་པ་བྱ་དགོས།   

༣  ཁོར་ཡུག་འཕྲོད་བསྟེན་གྱི་དོ་དམ་ལམ་ལུགས།   

དང་པོ། ཞབས་ཞུའི་སྐབས་སུ་དགག་ཕྱོགས་ཀྱི་བྱ་བ།མིའི་གྱོན་གོས་སོགས་བཅའ་དངོས་རྣམས་བཟའ་བཏུང་གི་རྒྱུ་ཆ་དང་ལྷན་དུ་འཇོག་མི་རུང་བ།རུལ་བསླད་ཀྱི་ཟས་ལྷག་སྙིགས་རོ་དྲི་ངན་ཅན་འཇོག་མི་རུང་བ། ཁ་ལུད་སྣ་ལུད་གང་བྱུང་དུ་མི་དབྱུག་པ། ཆམ་པ་ན་བ་སོགས་ཁ་ཆུ་སྣ་ཆུ་ཟག་ཆེ་བ་དང་གློ་ལུད་པ་སོགས་གཙང་སྦྲ་མི་བདེ་བའི་སྐབས་སུ་ངལ་གསོ་དང་འབྲེལ་སྨན་བཅོས་བྱེད་པ་ལས་ཞབས་ཞུའི་ལས་ཀ་མི་བྱེད་པ།

གཉིས་པ་སྒྲུབ་ཕྱོགས་ལ།ཞབས་ཞུ་བས་རང་ཉིད་ཀྱི་གཙང་སྦྲ་འཕྲོད་བསྟེན་གྱི་འདུ་ཤེས་ཚད་ལྡན་དགོས་པ་མ་ཟད། མགྲོན་པོའི་འཕྲོད་བསྟེན་ལ་དེ་བས་ཀྱང་གཟབ་ནན་གྱིས་ཡིད་འཇོག་བྱེད་དགོས་པ། ཁ་ལུད་སྣ་ལུད་གང་བྱུང་དུ་མི་དབྱུག་པར་གཙང་ཤོག་ནང་གཏུམ་སྟེ་གད་སྙིགས་སྣོད་ནང་དུ་བླུགས་དགོས་པ། བཟའ་བཏུང་ཁང་དུ་སྦྲང་བུ་སོགས་དུག་ལྡན་གྱི་འབུ་སྲིན་གཞན་པའི་ཉེན་ཁ་ཡོད་པ་ཤེས་རྟོགས་བྱུང་ན་འབྲེལ་ཡོད་འགན་ཁུར་བས་གཙང་སེལ་དང་སྔོན་འགོག་བྱ་དགོས་པ།  མགྲོན་པོའི་བེད་སྤྱོད་ཡོ་ཆས་ལ་དུག་སེལ་དང་གཙང་སྦྲ་ཡག་པོ་བྱ་དགོས་པ།  ཟ་ཁང་གི་སྟེང་འོག་བར་གསུམ་གྱི་འཁོར་ཡུག་འཕྲོད་བསྟེན་ལ་དོ་དམ་བྱ་དགོས་པ། ས་འོག་གི་ཆུ་ལམ་དང་ཆུ་སྦུག་སྒྲིག་ཆས་ཀྱི་འཕྲོད་བསྟེན་དོ་དམ། རླུང་དང་གློག་སྒྲོན་སོགས་སྒྲིག་ཆས་ཀྱི་གཙང་སྦྲའི་དོ་དམ། ལག་པ་བཀྲུ་ས་དང་། གྱོན་པ།  སྒྲིག་ཆས་བཅས་ཀྱི་གཙང་སྦྲའི་དོ་དམ། ལས་བཟོ་བའི་གོས་བརྗེས་ས་དང་གསང་སྤྱོད་ནང་གི་གཙང་སྦྲའི་དོ་དམ། གད་སྙིགས་གཙང་བཟོའི་སྒྲིག་ཆས་ཀྱི་དོ་དམ་ལ་གཤེར་གཟུགས་དང་གཅིག  རླངས་གཟུགས་དང་གཉིས།  སྲ་གཟུགས་དང་གསུམ་ལས་གྲུབ་པའི་གད་སྙིགས་རྣམས་གཙང་སེལ་གྱི་འདུ་ཤེས་དུས་རྒྱུན་དུ་ཡོད་དགོས། ནད་འབྱུང་བའི་འབུ་སྲིན་དང་སྲོག་ཆགས་གཏན་འགོག་བྱེད་དགོས་པ་དང་། དུས་རྒྱུན་ཏུ་གཙང་སེལ་གྱི་མཁོ་ཆས་རྣམས་བེད་སྤྱོད་གཏོང་ཆོག་ཆོག་ཡོད་པ་བྱ་དགོས། ཟ་སྣོད་འཐུང་ཆས་ཀྱི་འཕྲོད་བསྟེན་དོ་དམ་ལམ་ལུགས། སྒྲིག་ཆས་ཡོད་ཚད་གཙང་མར་བཀྲུས་རྗེས་ཡང་བསྐྱར་དུག་སེལ་གྱི་སྒོ་ནས་གཙང་མ་བཟོ་དགོས།  ཟས་རིགས་ཀྱི་མ་བཅོས་རྒྱུ་ཆ་ལས་སྣོན་གྱི་སྒྲིག་ཆས་དང་ཐབ་ཆས།  ཤུན་སྐོགས་དང་།  དེ་དག་དུག་སེལ་ཐད་ཀར་འབྲེལ་གཏུག་སྔར་ལས་ཞིབ་ཕྲ་བྱེད་དགོས།

༨ ༽ བཟའ་བཏུང་རྒྱུ་ཆའི་སྤུས་ཚད་དོ་དམ་ལམ་ལུགས།

༡  བཟའ་བཏུང་གི་རྒྱུ་ཆའི་གལ་ཆེའི་རང་བཞིན་ཤེས་དགོས་པ།     

ཐབ་ཚང་ལ་མཚོན་ན་ཐབ་ཚང་གཙོ་འགན་པས་འགན་ཁུར་འོག་ལས་རོགས་རྣམས་ཀྱིས་ཉིན་རེ་བཞིན་གཙང་སྦྲ་དང་། བཟའ་བཏུང་གཡོས་སྦྱོར་གྱི་སྔོན་འགྲོའི་གྲ་སྒྲིག་བྱ་དགོས་པ་རྣམས་ཚག་ཚུད་ཡོང་བར་བྱས་རྗེས་གཙོ་འགན་པ་དང་ལྷན་དུ་ཉིན་རེ་བཞིན་ལས་དོན་ལ་ཞིབ་བཤེར་དང་ཐོ་འགོད་བྱ་དགོས། ལྷག་པར་དུ་བཟའ་བཏུང་འཚོ་བཅུད་ལྡན་ཞིང་བྲོ་བ་ལེགས་པ་ཞིག་གཡོས་སྦྱོར་བྱ་དགོས་ན་ཐོག་མར་ལྷད་མེད་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་དགོས་པ་མ་ཟད། རྒྱུ་ཆ་རྣམས་ཉོ་སྒྲུབ་དང་ཉར་ཚགས་ཀྱི་བརྒྱུད་རིམ་དག་ཚན་རིག་དང་མཐུན་པར་དོ་དམ་བྱ་དགོས།  དུས་རྒྱུན་ཉོ་སྒྲུབ་པ་དང་ཉར་ཚགས་ལ་གལ་ཆེའི་དོ་དམ་བྱ་སྟེ་རུལ་བམ་སྐྱུར་རྙིང་སོགས་འཚོ་བཅུད་ཉམས་པའི་ཉེས་སྐྱོན་མི་འབྱུང་བ་བྱ་དགོས་ལ། གཡོས་སྦྱོར་ལག་རྩལ་པ་རྣམས་ཀྱིས་ཀྱང་རྟོགས་ཞིབ་ནན་པོ་བྱས་པ་བརྒྱུད།  འཚོ་བཅུད་བཟང་ཞིང་བྲོ་བ་ཕུན་སུམ་ཚོགས་པའི་བཟའ་བཏུང་ཞིག་རྒྱ་ཆེའི་སྐུ་མགྲོན་རྣམ་པར་འབུལ་ཐུབ་པ་བྱ་དགོས། ད་ལྟ་ང་ཚོའི་སྤྱི་ཚོགས་ཀྱི་མཐོང་རྒྱ་ཆུང་ཞིང་བཟའ་བཏུང་ལས་རིགས་ཀྱི་ཤེས་ཚད་དམན་པ་མ་ཟད་འགན་ཁུར་གྱི་འདུ་ཤེས་ཞན་པའི་རྐྱེན་གྱིས། བཟའ་བཏུང་ལས་གཉེར་བ་ཕལ་ཆེ་བས་རྒྱུ་ཆ་རིན་གོང་ཆུང་བ་ཞིག་བདམས་ཏེ་དངུལ་ལ་གྲོན་ཆུང་ཁོ་ན་བྱེད་པའི་གོམས་གཤིས་ངན་པ་ཞིག་རྒྱུན་འཇགས་སུ་འགྲོ་བཞིན་པ་དང་། ཁྲོམ་རའི་ཐོག་ཏུའང་སྤུས་ཚད་ཞན་པ་དང་། ལྷད་ཅན། འབག་བཙོག་གིས་གོས་པ་སོགས་བདེ་ཐང་ལ་གནོད་པ་ཆེ་ཞིང་རིན་གོང་ཆུང་བའི་རྒྱུ་ཆ་འབེལ་པོ་ཡོད་པའི་རྐྱེན་གྱིས། བཟའ་བཏུང་ཤེས་རིག་ལ་ཆེད་ལས་རང་བཞིན་གྱི་ཤེས་བྱ་མེད་ཅིང་འགན་ཁུར་གྱི་འདུ་ཤེས་ཞན་པ་དག་གིས། ལྷད་ཅན་གྱི་རྒྱུ་ཆ་མང་པོ་ཞིག་བེད་སྤྱོད་བྱེད་པ་སོགས་རྗེས་ལུས་ཀྱི་བྱ་སྤྱོད་དག་ངེས་པར་དུ་བསྒྱུར་བཅོས་བྱ་བའི་ཆོད་སེམས་བརྟན་པོ་ཡོད་དགོས།

༢  དུས་བཞིའི་བཟའ་བཏུང་རྒྱུ་ཆ་ཉོ་སྒྲུབ།

དེ་ཡང་བཟའ་བཏུང་གི་རྒྱུ་ཆ་ཉོ་སྒྲུབ་ལ་མཚོན་ན་བོད་ནི་ས་བབ་མཐོ་ཞིང་དུས་བཞིའི་འགྱུར་བ་ཤུགས་ཆེ་བས། དྲོད་ཁུལ་གྱི་ས་ཆ་དང་མི་འདྲ་བར་རྒྱུ་ཆ་ཕལ་ཆེ་བ་ཞིག་སྔ་ཙམ་ནས་གྲ་བསྒྲིགས་བྱེད་དགོས་པ་ལས་དུས་ཐོག་ཏུ་ཉོ་སྒྲུབ་བྱ་རྒྱུ་མེད་སྟབས། དབྱར་དགུན་སྟོན་དཔྱིད་དེ་དུས་བཞིའི་ཐོན་རྫས་རྣམས་དུས་ཐོག་ཏུ་ཉོ་སྒྲུབ་བྱས་ནས་ས་མཐོའི་འཁོར་ཡུག་དང་མཐུན་པར་ཉར་ཚགས་དོ་དམ་གཟབ་ནན་བྱ་དགོས།  དེ་ཡང་རང་བྱུང་རི་སྐྱེས་སྔོ་ཚལ་རིགས་དང་།  རི་སྐྱེས་ཤ་མོང་གི་རིགས། རི་སྐྱེས་བྲོ་རྫས་ཀྱི་སྨན་སྣའི་རིགས་སོགས་དང།  མིའི་འདེབས་འཛུགས་བྱས་པའི་འབྲུ་རིགས་དང་། འབྲོག་པའི་ཐོན་སྐྱེད་ཀྱི་རྒྱུ་ཆ་མར་དང་ཆུར་བ་སོགས་དུས་ཐོག་ཏུ་ཉོ་སྒྲུབ་དང་ཉར་འཇོག་བྱ་དགོས། དེ་ཡང་མི་ལོ་ཁྲི་སྟོང་མང་པོའི་རིང་མཐོ་སྒང་བོད་མིའི་འཁོར་ཡུགས་དང་མཐུན་པར་ཉར་ཚགས་ཀྱི་ཉམས་མྱོང་དང་། དེང་རབས་ཀྱི་མཐུན་རྐྱེན་ཡོ་ཆས་རྣམས་བེད་སྤྱོད་བཏང་ནས་ཚན་རིག་དང་མཐུན་པར་རྙིང་བམ་རུལ་སོགས་སྐྱོན་གྱི་མ་གོས་པར་ཉར་ཚགས་དོ་དམ་ལམ་ལུགས་ཚད་ལྡན་ཞིག་བྱ་དགོས། དེ་ནི་མདོར་བསྡུས་ཙམ་ལས་ཞིབ་མོར་མཐོ་སྒང་བོད་ཀྱི་བཟའ་བཏུང་རྒྱུ་ཆ་ཉོ་སྒྲུབ་དོ་དམ་ལམ་ལུགས་ཀྱི་ལག་དེབ་ལས་ཤེས་པར་བྱའོ། །    

༣  ཉིན་རེའི་བཟའ་བཏུང་རྒྱུ་ཆ་ཉོ་སྒྲུབ།

ཉིན་རེའི་དགོས་མཁོའི་རྒྱུ་ཆ་རྣམས་ཀྱི་སྤུས་ཚད་དང་གོང་ཚད་རྣམས་ཐབ་ཚང་གཙོ་འགན་པ་དང་ལྷན་དུ་ཞིབ་བཤེར་བྱས་པ་བརྒྱུད་ཆད་ལྷག་མེད་པར་གྲ་སྒྲིག་བྱ་རྒྱུ། ལྷག་པར་དུ་རྒྱུ་ཆ་ཉར་ཚགས་ཀྱི་ཐད་ལ་གཟབ་ནན་གྱིས་རྟོགས་ཞིབ་བྱས་པ་བརྒྱུད་ཉར་ཚགས་ཀྱི་དུས་ཡུན་རིང་ཐུང་ཚན་རིག་དང་མཐུན་པར་བྱ་སྟེ།  རྒྱུ་ཆ་དག་ལ་བམ་རུལ་རྙིང་གསུམ་གྱི་སྐྱོན་ཆ་མི་འབྱུང་བའི་ཐོག་ནས་སྐུ་མགྲོན་རྣམས་ཀྱི་དགོས་མཁོ་དང་མཐུན་པར་མཁོ་སྒྲུབ་ཀྱི་ནུས་ཤུགས་ལ་གལ་ཆེའི་དོ་སྣང་དང་ཞིབ་བཤེར་བྱ་དགོས།  ལྷག་པར་དུ་ཉིན་རེའི་བེད་སྤྱོད་གཏོང་རྒྱུའི་རྒྱུ་ཆ་རྣམས་ཞིབ་འཇུག་བྱས་པ་བརྒྱུད་དུས་རྒྱུན་ཚོད་དཔག་ཡོད་པའི་ཐོག་ནས་ཉོ་སྒྲུབ་བྱས་པ་བརྒྱུད་འཕྲོ་བརླག་མི་ཤོར་བ་བྱ་དགོས། ཞིབ་ཕྲ་ཟ་ཁང་ཆེ་ཆུང་ལ་དཔག་པའི་སོ་སོའི་ཉིན་རེའི་ཉོ་སྒྲུབ་དོ་དམ་ལམ་ལུགས་བཟོ་དགོས། 

༩ ༽ བཟའ་བཏུང་ཁང་གོང་འོག་བར་གསུམ་གྱི་གཙང་སྦྲ་འཕྲོད་བསྟེན་དོ་དམ་ལམ་ལུགས།

༡  འཁོར་ཡུག་གཙང་སྦྲ་འཕྲོད་བསྟེན་དོ་དམ་ལམ་ལུགས།

ཟ་ཁང་གཙང་སྦྲ་འཕྲོད་བསྟེན་ཞིབ་བཤེར་ཆེད་དོན་མི་སྣ་བཀོད་སྒྲིག་བྱས་ནས་འགན་འཁུར་དགོས་ལ། དེ་ཡང་སྤྱིར་ཉིན་ཞག་ཕྲུག་གཅིག་གི་ནང་བཟའ་བཏུང་རོལ་བའི་དུས་ཚོད་ཞོགས་པ་དུས་ཚོད་བདུན་ནས་དགུ་བར་དང་།  ཉིན་གུང་དུས་ཚོད་བཅུ་གཉིས་ནས་གསུམ་པའི་བར། ཕྱི་དྲོ་དུས་ཚོད་དྲུག་པ་ནས་བཅུ་པ་ཙམ་གྱི་བར་ཡིན་ཞིང་།  སྐུ་མགྲོན་མ་སླེབས་སྔོན་དུ་གཙང་སྦྲ་འཕྲོད་བསྟེན་གྱི་གྲ་སྒྲིག་ཚད་ལྡན་བཟོ་དགོས་ལ།  དེ་ཡང་གཙང་སྦྲ་ཞིབ་བཤེར་ཆེད་དོན་པས་འགན་ཁུར་ཞིབ་བཤེར་འོག གཏན་ཁེལ་གྱི་དུས་ཚོད་ནང་དྭངས་གཙང་ཡིད་དུ་འོང་བའི་ཟ་ཁང་གི་འཁོར་ཡུག་བཟང་པོ་ཞིག་གྲ་སྒྲིག་བྱ་དགོས། གལ་སྲིད་འཁོར་ཡུག་ལ་བཙོག་སྐྱོན་སོགས་གནས་ཚུལ་ལྷག་པ་ཡིན་ན་གཙང་སྦྲ་ཞིབ་བཤེར་ཆེད་དོན་པ་དང་འབྲེལ་ཡོད་སོ་སོའི་འགན་ཁུར་དགོས། དེ་མཚུངས་སུ་སྐུ་མགྲོན་གྱི་བཟའ་བཏུང་རོལ་བཞིན་པའི་སྐབས་ཀྱི་གཙང་སྦྲ་ཡང་ལས་གནས་སོ་སོའི་ས་ནས་འགན་ཁུར་དགོས་ལ།  གསང་སྤྱོད་ཁང་གི་གཙང་སྦྲ་ལ་དོ་དམ་མི་སྣས་དུས་ཚོད་ཀྱི་ཚད་བཀག་ནང་བཞིན་ཞིབ་བཤེར་གཟབ་ནན་བྱས་པ་བརྒྱུད་གཙང་མ་ཡོང་བ་ཞིག་བྱ་དགོས།  དེ་ཡང་དྲི་ངན་མེད་པ་དང་། གྱང་ངོས་སུ་ཚིལ་དྲེག་མ་ཆག་པ།   ཆུ་བཤལ་གཏོང་བྱེད་ཀྱི་ཆུ་སྟབས་བདེ་ཡོད་པ། ལག་པ་འཁྲུ་བྱེད་ཀྱི་ཆུ་དྲོ་འཇམ་ཡོད་པ་སོགས་གསང་སྤྱོད་ཁང་གི་གཙང་སྦྲ་འཕྲོད་བསྟེན་གྱི་ཡོ་ཆས་ཆ་ཚང་ཞིང་སྤུས་དག་ཡིད་དུ་འོང་བ་ཞིག་བཀོད་སྒྲིག་བྱ་དགོས། ཟ་ཁང་ཞིག་གི་དོ་དམ་དང་ཤེས་འཇོན་གྱི་ཚད་ནི། སྤྱིར་གཙང་སྦྲ་དང་ལྷག་པར་དུ་གསང་སྤྱོད་ཀྱི་གཙང་སྦྲ་བཟང་ངན་ལས་དཔོག་ཐུབ་པ་ཞིག་ཡིན་པ་ལྟར། གསང་སྤྱོད་ཀྱི་གཙང་སྦྲ་ནི་ཧ་ཅང་གལ་ཆེན་ཞིག་ཏུ་འཛིན་དགོས།   སྐུ་མགྲོན་སླེབས་མ་ཐག་ཐོག་མའི་བག་ཆགས་ནི་འཁོར་ཡུག་གི་གཙང་སྦྲ་དང་སྣེ་ལེན་གྱི་གུས་སྲོལ་ཡིན་པ་ཤེས་པར་བྱས་ཏེ། འཁོར་ཡུག་གཙང་ལ་མཛེས་ཤིང་ཡིད་དུ་འོང་བ། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྒྲིག་ཆས་དང་མི་རིགས་རིག་གནས་ཀྱི་མཛེས་ཆོས་ལྡན་པ།  བཀྲ་ཤིས་གུས་སྲོལ་གྱི་གསོན་ཉམས་དང་། ལྷད་མེད་མཛའ་བརྩེའི་དྲོ་སྐྱིད་ལྡན་ཞིང་སྐུ་མགྲོན་རྣམས་ཀྱི་ཡིད་རྟོན་རུང་བའི་འཁོར་ཡུག་བཟང་པོ་ཞིག་འཛུགས་ཐུབ་པ་བྱ་དགོས།

༢  ལས་མིའི་གཙང་སྦྲ་འཕྲོད་བསྟེན་དོ་དམ་ལམ་ལུགས།

༡ ལས་བཟོ་བ་རྣམས་ཉིན་རེར་མལ་ལས་ལངས་རྗེས་སོ་དང་གདོང་འཁྲུ་བ་དང་། སྐྲ་ཤད་པ་སོགས་ངོ་གདོང་གི་བྱད་དབྱིབས་གཙང་མ་བཟོ་བ།  

༢  ཚ་བ་ཆེ་དུས་ཉིན་རེར་ཁྲུས་ཐེངས་གཅིག་ཙམ་དང་ཆུང་ན་ཡང་གཟའ་འཁོར་རེར་ཐེངས་གཉིས་ནས་གསུམ་བར་བཀྲུ་སྟེ་ལུས་ཀྱི་དངུལ་དྲི་མི་འབྱུང་བ་བྱ་དགོས།

༣  ལས་གནས་སུ་མ་བསྐྱོད་སྔོན་ལག་པ་གཙང་མ་བཀྲུ་བ་དང་སེན་མོའི་བར་གྱི་དྲེག་པ་རྣམས་མེད་པར་གཙང་མ་བཀྲུ་དགོས།  

༤   ལས་གོས་ཉིན་རེར་ཐེངས་རེར་བརྗེ་ནས་གཙང་མ་བཟོ་དགོས།   

༥  མགོའི་སྐྲ་དྭངས་ཤིང་གཙང་བ་བབ་ཆག་པོ་བཟོ་དགོས།   

༦  ཞབས་ཞུའི་སྐབས་སུ་འདྲུད་ལྷམ་དང་ཁྲོབ་སྒྲ་ཅན་གྱི་ལྷམ་མི་གྱོན་པ།

༧  དྲི་ཞིམ་ཧ་ཅང་ཤུགས་ཆེ་བའི་སྤོས་ཆུ་དང་ངོ་སྣུམ་མི་བྱུག་པ། 

༨  སྐྱེས་པ་ཁ་སྤུ་དང་སྐྲ་རིང་བོ་མི་འཇོག་པ།

༩ ཟ་ཁང་ཞབས་ཞུ་བ་རྣམས་ཀྱིས་ཐོག་མར་རང་གི་མགོ་ལུས་བར་གསུམ་གྱི་གཙང་སྦྲ་ལ་ཞིབ་བཤེར་དང་འབྲེལ།  ཆེད་ལས་ཀྱི་གྱོན་གོས་ཡང་གུས་ལུགས་དང་མཐུན་པའི་སྒོ་ནས་མཛེས་རྒྱན་སྤྲད་པ། རྒྱན་ཆ་འདྲ་མིན་མི་འདོགས་པ་སོགས་ཟ་ཁང་གི་སྒྲིག་གཞི་དང་མཐུན་པར་ལས་གནས་སུ་སྤྱོད་དགོས་པ་མ་ཟད། ཞབས་ཞུའི་སྔོན་འགྲོའི་གྲ་སྒྲིག་གི་ལས་རིམ་རྣམས་གོ་རིམ་དང་མཐུན་པར་བྱས་པ་བརྒྱུད་སྤྱི་ཁྱབ་གཙོ་འགན་པས་རྟོགས་ཞིབ་དང་ལམ་སྟོན་བྱ་དགོས།  

༡༠  ཞབས་ཞུའི་སྐབས་སུ་ལག་པས་མིག་ཟུང་འཕུར་བ། སྣ་ཁུང་འབྲུ་བ།  སོ་བཤེར་བ། སྐྲ་ལ་ལག་པས་རེག་པ།  རྣ་བ་འབྲུ་བ་སོགས་བྱ་མི་ཉན།  གལ་སྲིད་ལུད་པ་ལུ་བ།སྦྲིད་པ་བྱུང་བ། གཞན་ཡང་ལུས་ཀྱི་གནས་གང་རུང་ལ་ཐུག་རེག་འཆོར་བ། ལས་གནས་ནས་ཁ་བྲལ་ཏེ་གཞན་དུ་འགྲོ་དགོས་བྱུང་བ་སོགས་ཀྱི་ཚེ། སླར་ཡང་ལག་པ་བཀྲུ་ཞིང་རས་ཀྱིས་ཕྱིས་ཏེ་གཙང་མ་བཟོ་དགོས། གསང་སྤྱོད་དུ་འགྲོ་དགོས་བྱུང་ཚེ་ངེས་པར་དུ་ལག་པ་གཙང་མར་བཀྲུས་ཏེ་སྐམ་པོ་བྱེད་དགོས།

༣  བཟའ་བཏུང་ཁང་གི་སྤྱོད་ཆས་གཙང་སྦྲ་འཕྲོད་བསྟེན་དོ་དམ་ལམ་ལུགས།

 ཟ་ཁང་གི་འཕྲོད་བསྟེན་ལས་དོན་ནི་གལ་ཆེའི་ནང་གི་དོན་ཆེན་ཡིན་ལ། དེ་ཡང་ལས་གཉེར་མི་སྣའི་འགན་འཁྲི་སྔར་བས་ཆེ་རུ་བཏང་ནས། ལས་བཟོ་བའི་འཕྲོད་བསྟེན་གྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་ཟུང་དུ་འབྲེལ་ཏེ་གཙང་སྦྲ་འགན་འཛིན་པས་ཉིན་རེ་བཞིན་ཕྱིའི་ཁང་པའི་སྒོ་དང་སྐར་ཁུང་། པང་གཅལ་དང་། ནང་གི་སྒྲིག་ཆས་ཅོག་ཙེ། བཞུགས་གདན་སོགས་དང་། ཕོར་པ།  སྡེར་མ།  ཐུར་མ།  ཕྱི་རས། གཙང་ཤོག གསང་སྤྱོད་ཁང་སོགས་གཙང་སྦྲའི་ཡོ་ཆས་དང་འཁོར་ཡུག་ལ་བར་མ་ཆད་པར་ཞིབ་བཤེར་དང་དོ་སྣང་བྱ་དགོས་པ་མ་ཟད། སྤྱི་ཁྱབ་གཙོ་འགན་པས་དུས་དང་དུས་སུ་རྟོག་ཞིབ་དང་སྐུལ་མ་བྱས་པ་བརྒྱུད་སྣེ་ཁྲིད་དང་ལམ་སྟོན་བྱ་དགོས།

 ༡༠ ༽ བཟའ་བཏུང་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་དང་དོ་དམ་ལམ་ལུགས།

༡  ཆུ་དང་ཀློག་མེ་ཤིང་གྲོན་ཆུང་ལམ་ལུགས།

བཟའ་བཏུང་ཁང་གི་ཆུ་དང་། གློག སོལ་རླངས་སོགས་ལ་ནམ་རྒྱུན་དུ་གྲོན་ཆུང་གི་འདུ་ཤེས་ཡོད་པར་བྱས་ནས་སྣང་མེད་ཀྱིས་འཕྲོ་བརླག་ཏུ་མི་འགྲོ་བའི་ཐབས་ཤེས་ལ་འབད་བརྩོན་བྱ་སྟེ། ཐབ་ཚང་གི་འགྲོ་སོང་དམའ་རུ་གཏོང་ཐབས་དང་ཡོང་སྒོ་འཕར་ཐབས་ཀྱི་བྱ་བཞག་ལ་འབད་བརྩོན་བྱ་དགོས།  

༢  བཟའ་བཏུང་རྒྱུ་ཆ་གྲོན་ཆུང་ལམ་ལུགས།

བཟའ་བཏུང་རྒྱུ་ཆ་ཉར་ཚགས་དོ་དམ་ལམ་ལུགས་ཡག་པོ་མེད་པའི་རྐྱེན་གྱིས་ཆུད་ཟོས་སུ་འགྲོ་བ་དང་། ཐབ་ཚང་ནང་གི་ལས་མི་ལ་གྲོན་ཆུང་གི་འདུ་ཤེས་མེད་པར་ཆུད་ཟོས་སུ་འགྲོ་བ། ཟ་མ་བཟོ་པའི་སྐབས་སུ་ཐབ་ཚང་ལས་བཟོ་བས་ཚད་ལྡན་རང་བཞིན་གྱི་དོ་དམ་ལམ་ལུགས་བྱས་པ་བརྒྱུད་བཟའ་བཏུང་རྒྱུ་ཆ་ལ་གྲོན་ཆུང་བྱ་དགོས།

༣  ཉིན་རེའི་གཙང་སྦྲའི་ཡོ་ཆས་གྲོན་ཆུང་ལམ་ལུགས།

ཉིན་མ་རེ་རེ་བཞིན་གཙང་སྦྲའི་ཡོ་ཆས་དག་ལ་འོས་ཞིང་འཚམས་པར་བེད་སྤྱོད་བྱས་སྟེ་ཆུད་ཟོས་སུ་མི་འགྲོ་བ་བྱ་དགོས། དེ་ཡང་ཕོར་པ་སོགས་སྣོད་ཆས་འཁྲུ་བྱེད་འདག་རྫས་ཀྱི་རིགས་དང་།  ཕྱག་མ་སོགས་གད་སྙིག་གཙང་སེལ་གྱི་ཡོ་ཆས།  གཙང་ཤོག་དང་གཙང་རས་སོགས་གཙང་ཕྱིའི་ཡོ་ཆས་རྣམས་ཆུད་ཟོས་མེད་པ་དང་།  འཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལྡན་པ།  སྐུ་མགྲོན་གྱི་བདེ་ཐང་ལ་གནོད་པ་མེད་པ་སོགས་ཤེས་རབ་ལྡན་པའི་སྒོ་ནས་བེད་སྤྱོད་བྱ་དགོས།  

༤  ཁྲོམ་རར་རྒྱུས་ལོན་གྱི་མ་གནས་གྲོན་ཆུང་ལམ་ལུགས།

ཟ་ཁང་གི་རྒྱུ་ཆ་ཉོ་སྒྲུབ་ཚན་ཁག་གི་སྤྱི་གཉེར་བས་ཆོག་མཆན་བཀོད་པའི་འོག་ཉོ་སྒྲུབ་བྱ་དགོས་ལ། ཉོ་སྒྲུབ་བྱེད་མཁན་གྱིས་ནམ་རྒྱུན་ཁྲོམ་རར་རྟོགས་ཞིབ་དང་རྒྱུས་ལོན་བྱས་ནས་གོང་ཚད་འཕར་ཆགས་ཀྱི་གནད་དོན་ལ་ཚོད་དཔག་ཐུབ་པ་ཞིག་བྱ་སྟེ། སྡེབ་ཉོ་དང་སིལ་ཉོའི་ཁྱད་པར་གྱི་གོང་ཚད་དང་། ཁྲོམ་ར་མི་འདྲ་བའི་གོང་ཚད་ལ་བསྡུར་བ་བྱས་ནས་གྲོན་ཆུང་གི་འདུ་ཤེས་ཀྱིས་འགྲོ་སོང་ཆུང་ཐབས་དང་། སྤུས་ཚད་ལ་ཤུགས་རྐྱེན་མ་ཐེབས་པ་བྱས་ནས་དངོས་རྫས་གྱི་སྤུས་ཚད་དང་གྲངས་ཀ ཉར་ཚགས་བྱ་བའི་དུས་ཡུན་གྱི་ཚད་སོགས་ཁ་གསལ་གྱི་སྒོ་ནས་ཐོ་འགོད་བྱ་དགོས། ཉོས་ཟིན་རྗེས་ཞིབ་བཤེར་རྩིས་ལེན་གྱི་ཟིན་ཐོ་མ་ཡིག་དང་བུ་ཡིག་སོགས་འགན་འཛིན་པ་སོ་སོའི་ཉར་ཚགས་བྱེད་པ་བརྒྱུད་སྡོམ་རྩིས་ཀྱི་གྲངས་འབོར་ནང་དུ་རྩིས་གཉེར་རྩིས་ཐོ་འགོད་དགོས།   

ཉོ་སྒྲུབ་བྱེད་མཁན་དང་ཞིབ་བཤེར་རྩིས་ལེན་གྱི་ཤོག་བྱང་དང་། འགྲོ་གྲོན་སོགས་རྩིས་ཁྲ་བཟོས་ནས་རྩིས་གཉེར་པའི་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་ཚན་ཁག་འགན་འཛིན་པས་མིང་རྟགས་བཀོད་ནས། སླར་ཡང་རྩིས་ཞུ་ཞིབ་བཤེར་གཏན་འབེབས་དང་མོས་མཐུན་བྱས་ནས་ནོར་དོན་ཚན་ཁག་དང་སྤྱི་ཁྱབ་གཙོ་འགན་པས་ཆོག་མཆན་དང་མིང་རྟགས་འགོད་དགོས།   ཟླ་བ་རེ་རེ་བཞིན་ཞིབ་བཤེར་རྩིས་ལེན་བྱེད་མཁན་གྱི་ཞིབ་རྩིས་འཛིན་ཡིག་དང་།   ཚན་ཁག་སོ་སོའི་འཛིན་ཡིག་རྣམས་གུང་བསྒྲིགས་ནས་ཞིབ་བཤེར་བྱ་དགོས།

༡༡༽ བཟའ་བཏུང་ཁང་གི་གོང་འོག་ནུས་ཤུགས་ཆིག་སྒྲིལ་ལམ་ལུགས།

༡  སྤྱི་ཁྱབ་གཙོ་འགན་པས་སྒྲིག་གཞི་དང་མཐུན་པར་ལས་བཟོ་བའི་སྣེ་ཁྲིད་ལམ་ལུགས།

བཟའ་བཏུང་ཞབས་ཞུ་ཁང་ཞིག་ལ་མཚོན་ན་སྤྱི་ཁྱབ་གཙོ་འགན་པའི་ལས་གནས་ནི་ཧ་ཅང་གལ་འགངས་ཆེ་བའི་ལས་གནས་ཤིག་ཡིན། དེ་ཡང་སྤྱི་ཁྱབ་གཙོ་འགན་པ་ལ་བཟའ་བཏུང་རིག་གནས་ཀྱི་ཆུ་ཚད་ངེས་ཅན་ཞིག་ཡོད་དགོས་པ་མ་ཟད། ཆེད་ལས་དོ་དམ་ལམ་ལུགས་ཀྱི་ཤེས་བྱ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་དགོས་ལ། དེ་ལྟར་ཤེས་འཇོན་ནུས་གསུམ་ལྡན་པའི་འགན་འཛིན་པས་ལས་བཟོ་བ་རྣམས་སྣེ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་། བཟའ་བཏུང་ཁང་གི་གཏན་འབེབས་བྱས་པའི་སྒྲིག་གཞི་རྩ་འཛིན་ཐོག་དམིགས་བསལ་གྱི་ཁྱད་ཆོས་ཐོན་པ་བྱ་དགོས།

དེ་ཡང་ཐབ་ཚང་ཚན་ཁག སྣེ་ལེན་ཚན་ཁག ཞབས་ཞུ་ཚན་ཁག་སོགས་ཚན་ཁག་མི་འདྲ་བ་དང་། ལས་གནས་མི་མཚུངས་པ་དང་ཤེས་ཡོན་གྱི་ཆུ་ཚད་མི་འདྲ་བ་དུ་མའི་ནུས་ཤུགས་མཉམ་དུ་འདོན་ཐུབ་པའི་འཆར་གཞི་དང་བཀོད་སྒྲིག་ཡག་པོ་ཡོད་དགོས།ཞབས་ཞུ་སྒྲུབ་ཡུལ་གྱི་སྐུ་འགྲོན་རྣམས་ཀྱི་རིག་གནས་ཀྱི་ཆུ་ཚད་དང་། མི་གཞིའི་སྤུས་ཚད། ཡུལ་སྲོལ་གོམས་གཤིས་སོགས་མི་འདྲ་བའི་དབང་གིས་རྣམ་འགྱུར་སྣ་ཚོགས་ཡོང་བ་མ་ཟད། ཞལ་ལག་ཐད་ཀྱི་རེ་བ་མི་འདྲ་བ་སྣ་ཚོགས་འདོན་པ་དང་། ཞབས་ཞུའི་སྒྲུབ་ཕྱོགས་ལ་ཆ་རྐྱེན་སྣ་ཚོགས་འདོན་སྲིད་པའི་ཆོས་ཉིད་རྣམས་སྔ་ས་ནས་ཞབས་ཞུ་བ་ཚང་མར་ཟབ་སྦྱོང་དང་འབྲེལ་ཤེས་རྟོགས་ཡོད་པར་བྱ་དགོས། ཞབས་ཞུའི་ལས་རིགས་ཀྱི་རྩ་དོན་དང་། གུས་སྲོལ་རིག་གནས་དང་མི་འགལ་བར་གློ་བུར་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སེམས་ཁམས་ཀྱི་གྲ་སྒྲིག་བརྟན་པོ་ཡོད་པ་བཟོ་དགོས། དེ་མཚུངས་སུ་ཉིན་རེ་བཞིན་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་གྱིས་ལས་བཟོ་བ་རྣམས་སོ་སོའི་ཤེས་འཇོན་ནུས་པ་གོང་མཐོར་འགྲོ་བའི་སྣེ་ཁྲིད་དང་ལྟ་སྐུལ་ནན་པོ་བྱ་དགོས།

༢  ལས་བཟོ་བས་ཆེད་ལས་ལ་སྤྲོ་སྣང་དང་སྤོབས་པ་ལྡན་པར་རང་འགན་ཁུར་ཐུབ་པ།

ཆེད་ལས་ཞབས་ཞུ་བས་སྐུ་མགྲོན་ལ་སེམས་པ་གཏིང་ནས་དཀར་བའི་འཛུམས་མདངས་དང་གུས་ཤིང་བརྩེ་བའི་བཅོས་མིན་གྱི་རྣམ་འགྱུར་མངོན་ཐུབ་པ་ཞིག་དང་།  དེ་ཡང་བཅོས་མ་ཙམ་དང་གཞན་སྐུལ་གྱི་དབང་གིས་མ་ཡིན་པར། རང་འགུལ་གྱི་སྐུ་མགྲོན་ལ་བཅངས་བའི་བརྩེ་སེམས་དང་གུས་སྲོལ་རྣམས་ཡིན་ལུགས་ཚུལ་ལྡན་གྱི་སྒོ་ནས།   སྐད་དང་།  གོམས་སྲོལ་ཐ་དད་པའི་འཛམ་གླིང་ཤར་ནུབ་ཀྱི་སྐུ་མགྲོན་ཡོངས་ལ། ལྷག་བསམ་རྣམ་དག་གི་ཞབས་ཞུ་སྒྲུབ་པའི་སྤོབས་སེམས་ལྡན་པ་དང་། ཞབས་ཞུའི་བརྒྱུད་རིམ་ནང་དུ་གནས་ཚུལ་བཟང་ངན་ཅི་བྱུང་ནའང་རང་འགན་ཁུར་ཐུབ་པའི་སྤྱོད་བཟང་ལྡན་པ་ཞིག་མ་ཆགས་བར་དུ་ཟབ་སྦྱོང་དང་སྣེ་ཁྲིད་བྱ་དགོས།

༡༢༽ གློ་བུར་དུ་འབྱུང་ཉེ་བའི་དོན་རྐྱེན་སྔོན་འགོག་དོ་དམ་ལམ་ལུགས།

༡ སྐུ་མགྲོན་དང་རྩོད་རྙོག་མི་འབྱུང་བའི་སྔོན་འགོག་ལམ་ལུགས།

སྐུ་མགྲོན་གྱི་ཐུགས་ལ་མ་བབ་པའི་དོན་རྐྱེན་བྱུང་ན་ངེས་པར་དུ་འགན་ཁུར་བ་རང་ཉིད་ཀྱིས་དགོངས་དག་ཐུགས་གཏན་ཞུ་བ་དང་འབྲེལ། གནས་ཚུལ་ལ་ལྟོས་པའི་སྐུ་མགྲོན་གྱི་འདོད་བློ་ཡོངས་སུ་ཁེངས་པའི་གུད་གསབ་བྱ་དགོས།    གལ་སྲིད་གནས་ཚུལ་སྟབས་བདེའི་ངང་ཐག་གཅོད་མ་ཐུབ་ན་སྤྱི་ཁྱབ་གཙོ་འཛིན་པ་སོགས་འབྲེལ་ཡོད་དག་གིས། དགོངས་དག་དང་གུད་གསབ་ཞུ་ནས་སྐུ་མགྲོན་གྱི་སེམས་ཁམས་ལ་བག་ཆགས་ངན་པ་མེད་པར་འབད་བརྩོན་བྱ་དགོས།    སྐུ་མགྲོན་དང་དོན་རྐྱེན་བྱུང་རྐྱེན་གཙོ་བོ་ནི་བཟའ་ཆས་ལ་གཙང་སྦྲ་ཞན་པའི་དབང་གིས་མིའི་སྐྲ་དང་།  སྦྲང་ནག་སོགས་འབུ་ཕྲའི་རོ་དང་། རྡུལ་དང་ཐལ་ལ་སོགས་གཟུགས་ཕུང་ལ་གནོད་སྐྱོན་ཆེ་པའི་དངོས་པོ་ཟ་མའི་ནང་སླེབས་པའམ། མ་ཚོས་པ། ཟས་གསོས་པ་མ་ཡིན་པར་རྙིང་རུལ་བམ་པ་སོགས་དང་། གཞན་ཡང་སྡེར་མ་སོགས་བཟའ་བཏུང་ཡོ་ཆས་ལ་གཙང་སྦྲ་ཞན་པའི་གནས་ཚུལ་བྱུང་བ། ཡང་ཟ་ཁང་གི་ཁས་ལེན་དོན་འཁྱོལ་མ་བྱུང་བ། ཞབས་ཞུའི་གུས་ལུགས་དང་འགལ་བའི་རྩོད་རྙོག་སོགས་ཏེ་དཔེར་ན།  དྲིས་ལན་ལམ་སང་འབུལ་མ་ཐུབ་པ། བཟའ་བཏུང་མངགས་པ་དང་བརྗེ་བསྒྱུར་སྐབས་སུ་གོ་ནོར་ཐེབ་པ། ཞབས་ཞུའི་སྐབས་སུ་གཟབ་ནན་མ་བྱས་པའི་རྐྱེན་གྱིས་མགྲོན་པོའི་གྱོན་གོས་ལ་བཟའ་བཏུང་འཕོས་ཏེ་གཙོག་རྐྱོན་ཤོར་བ། ཟ་མ་ཡུན་རིང་སྒུག་དགོས་ཁེལ་བ་སོགས་ལས་འབྱུང་གི་ཡོད་པས། དུས་རྟག་ཏུ་ཟ་ཁང་གོང་འོག་ཚང་མས་རིག་པ་སྒྲིམ་སྟེ་སྐུ་མགྲོན་གྱི་བློར་མ་བབ་པའི་གནས་ཚུལ་མི་ཡོང་བ་སྔོན་འགོག་བྱ་དགོས་ལ། ལྷག་པར་དུ་ཟ་ཁང་གི་ཟ་སྣོད་འཐུང་ཆས་སོགས་ཡོ་བྱད་དག་ལ་གཙང་འཁྲུད་དང་། དུག་སེལ་སོགས་འཕྲོད་བསྟེན་ལས་དོན་ལ་ནན་ཏན་གྱི་སྒོ་ནས་ཞིབ་བཤེར་བྱ་དགོས། མ་མཐའ་ཡང་ཉིན་རེར་ཐེངས་གསུམ་ལ་ཞིབ་བཤེར་ཚད་ལྡན་བཟོ་དགོས་པ་མ་ཚད། ཞིབ་བཤེར་མི་སྣས་མིང་རྟགས་བཀོད་ནས་འགན་ཁུར་དགོས། ལྷག་པར་དུ་ཟས་དུག་དང་། འགོས་ནད་སོགས་ལ་འཆར་ཅན་དུ་ལྟ་སྐུལ་དོ་དམ་བྱས་ནས་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས།

 ༢  མེ་ཟོན་སྐོར་གྱི་དོན་རྐྱེན་སྔོན་འགོག་ལམ་ལུགས།

བཟའ་བཏུང་ལས་རིགས་སོགས་མི་མང་འཛོམ་ས་སྤྱི་དང་ཁྱད་པར་དུ་ཐབ་ཚང་སོགས་མེ་སྐྱོན་འབྱུང་བའི་ཉེན་ཁ་ཆེ་སར།  མེ་སྐྱོན་སྔོན་འགོག་གི་ཡོ་ཆས་ཚད་ལྡན་བསྒྲིགས་དགོས་པ་མ་ཟད།  དུས་རྒྱུན་ཐབ་ཚང་ནང་གི་སོལ་རླངས་སོགས་འབར་སླ་བའི་དངོས་པོ་དང་། གློག་གི་ཡོ་ཆས་དང་།  གློག་རྐུད་སོགས་མེ་སྐྱོན་འབྱུང་བའི་དངོས་པོ་རྣམས་ལ་དུས་རྟག་ཏུ་དོ་སྣང་བྱ་དགོས། ལྷག་པར་དུ་ཟ་ཁང་གི་ལས་བཟོ་བ་ཚང་མས་མེ་འགོག་སྲུང་གི་ཤེས་བྱ་ལ་རྒྱུས་ལོན་དང་ཟབ་སྦྱོང་བྱས་ནས་གནས་ཚུལ་སྔོན་འགོག་ཐུབ་པ་བྱ་དགོས་ལ། ས་གནས་མེ་འགོག་ཚན་པ་རྣམས་ཀྱི་བཀོད་སྒྲིག་དང་འཆར་གཞི་ལ་གལ་ཆེའི་འདུ་ཤེས་དང་འབྲེལ་དུས་དང་དུས་སུ་རྟོག་ཞིབ་ཚད་ལྡན་བྱ་དགོས།  

༣  ཟས་དུག་ཕོག་པའི་དོན་རྐྱེན་སྔོན་འགོག་ལམ་ལུགས།  

ཟ་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས་བཟའ་བཅའི་འཕྲོད་བསྟེན་བདེ་འཇགས་ཀྱི་འགན་འཁྲི་དེ་ཨང་དང་པོ་ཞིག་ཏུ་བཞག་ནས། བཟའ་བཅའི་འཕྲོད་བསྟེན་བདེ་འཇགས་སྐོར་ལ་ཆེད་ཞིབ་ལས་མི་བསྐོ་བཞག་དང་འབྲེལ་ཞིབ་བཤེར་ཚད་ལྡན་ཡོད་པ་བྱ་དགོས། ལྷག་པར་དུ་ཟས་རིགས་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་པ་དང་། ཐབ་ཚང་ནང་གི་གཙོ་འགན་པ་རྣམས་ཀྱིས་དུས་རྒྱུན་པར་ལྷོད་གཡེང་མི་ཤོར་བར་བཟའ་བཏུང་གི་རྒྱུ་ཆ་དང་། འཐུང་ཆུའི་འཕྲོད་བསྟེན་ལ་ཉེན་ཁ་ཡོད་མེད་རྟོག་ཞིབ་དང་།  གཞན་ཡང་མི་མངོན་པའི་ཉེན་ཁ་ལ་དོགས་ཟོན་དང་འབྲེལ་བདེ་འཇགས་ལ་རྟོག་ཞིབ་ནན་ཏན་བྱ་དགོས།  

༤  བཟའ་བཅའ་འཕྲོད་བསྟེན་གྱི་སྒྲིག་སྲོལ་དང་འགལ་པའི་སྔོན་འགོག 

གཅིག  བཟའ་བཅའ་འཕྲོད་བསྟེན་བདེ་འཇགས་ཞིབ་བཤེར་ཚན་ཁག་ལ་སྙན་ཞུའི་ཟིན་ཐོ་འགོད་དགོས་ལ། ཟས་རིགས་འཕྲོད་བསྟེན་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། འཕྲོད་བསྟེན་དོ་དམ་ལམ་ལུགས་ལ་བརྩི་སྲུང་ནན་པོ་དང་། བཀོལ་སྤྱོད་རྒྱུ་ཆ་ལ་འཕྲོད་བསྟེན་གྱི་ཚད་གཞི་ལྟར་དུས་བཀག་དང་། དུས་ངེས་མེད་ཀྱི་སྒོ་ནས་འཕྲོད་བསྟེན་ལ་ཞིབ་བཤེར་བྱས་ཏེ་ཟས་རིགས་བདེ་འཇགས་ལ་འགན་ལེན་བྱ་དགོས་པ་མ་ཟད། དུས་རྒྱུན་བདེ་འཇགས་ལ་མངོན་མེད་ཀྱི་རྐྱེན་ངན་འཕྲད་སྲིད་པའང་ཤེས་དགོས། གཞན་ཡང་རྒྱལ་ཁབ་ནས་བཟའ་བཅའ་འཕྲོད་བསྟེན་སྐོར་གྱི་གཏན་འབེབས་གསར་པའང་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱ་དགོས།

གཉིས།  བདེ་འཇགས་ཞིབ་བཤེར་དང་ཡོ་བསྲང་གི་ཟིན་ཐོ་ཡོད་པ་བརྒྱུད་ཐོ་འགོད་སྙན་ཞུའི་ལམ་ལུགས་གཉེར་དགོས་ལ། གལ་སྲིད་ཟས་དུག་ཕོག་པའི་གནས་ཚུལ་བྱུང་རྗེས་ཀྱི་ཟིན་ཐོ་ཡོད་དགོས་པ་མ་ཟད་ཐག་གཅོད་ལས་དོན་གྱི་ཐོ་འགོད་སྙན་སེང་ཞུ་དགོས། ཟས་དུག་གི་གནས་ཚུལ་བྱུང་ན་མགྱོགས་མྱུར་གྱིས་ཐག་གཅོད་ནུས་པ་དང་ཐབས་ལམ་འཚོལ་བའི་སྔོན་ཇུས་གྲ་སྒྲིག་ཡོད་དགོས།

 ཟས་རིགས་མ་བཅོས་རྒྱུ་ཆའི་བདེ་འཇགས་འགན་ལེན་དོ་དམ་ལ་གཤམ་གསལ་ལྟར་ཤུགས་སྣོན་རྒྱག་དགོས་པ།   

༡  གཙོ་བོ་ཟས་རིགས་ཉར་ཚགས་ཀྱི་དོ་དམ་ཡག་པོ་མེད་ན་ཆུད་ཟོས་སུ་འགྲོ་བ།

༢ འཐུང་ཆུའི་སྤུས་ཚད་དེ་ཚད་ལྡན་མ་བྱུང་ན་སྐུ་མགྲོན་གྱི་གྲོད་ཁོག་བཤལ་བ།  

 ༣ ཕོར་པ་དང་ཟས་སྡེར་གཙང་མར་བཀྲུ་མ་ཐུབ་ནས་ཞག་རྩི་དང་། གཙོག་པ་དང་།  ཆག་སྐྱོན་བྱུང་སོགས་འབྱུང་ན་མགྲོན་པོའི་ཟ་མ་ཟ་འདོད་མེད་པའི་ཤུགས་རྐྱེན་ཚབས་ཆེན་ཐེབས་པ།

༤  ཟ་ཁང་ནང་ལ་དུག་སྦྲང་དང་། ཤ་སྦྲང་སོགས་འབུ་སྦྲང་རིགས་འགོགས་སྲུང་ཡག་པོ་མེད་པ།

༥  གསར་བརྗེས་ཐོན་རྫས་དུས་ཡུན་རིང་པོར་མེད་པ།  ཐོན་རྫས་ཀྱི་སྤུས་ཚད་ལ་ཁག་ཐེག་མེད་པར་སྐབས་འགར་བཟང་བ་དང་སྐབས་འགར་ངན་པ་སྟེ་གཅིག་གྱུར་གྱི་ཚད་གཞི་མེད་པ།  ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ལམ་བུར་བསྐྱོད་པའི་འདུ་ཤེས་ཞན་པ།

༦ བཟའ་བཅའི་འཕྲོད་བསྟེན་བཅའ་ཁྲིམས་ལག་བསྟར་ནན་པོ་མེད་པ།  ལས་བྱེད་མི་སྣས་ངེས་པར་དུ་བདེ་ཐང་ལག་ཁྱེར་འཁྱེར་ནས་ལས་གནས་སུ་ཞུགས་དགོས་པ། འཕྲོད་བསྟེན་ཐད་ཀྱི་ཆག་སྒོ་འབྱུང་བ་སྔོན་འགོག་ནན་པོ་བྱེད་དགོས་པ ། 

༧  ཟས་རིགས་ཉོ་སྒྲུབ་དང་། སྐྱེལ་འདྲེན། བདག་སྤྲོད།  འཛིན་སྐྱོང་།འཕྲོད་བསྟེན་ལས་དོན་ དང་། བཟའ་བཅའ་རུལ་སུངས་དང་།   ངོ་བོ་འགྱུར་ཟིན་ཡོད་པ་ཤེས་ཚེ་ལམ་སང་ཐག་གཅོད་དགོས་པ། རྒྱུ་ཆ་ཉོ་སྒྲུབ་སྔོན་ལ་གཟབ་ནན་དགོས་པ།  ཟས་དུག་ཕོག་པའི་སྣང་ཚུལ་ཐོན་རྒྱུ་སྔོན་འགོག་བྱེད་དགོས་པ།

༨ རྒྱུ་ཆ་བཙོས་མ་མ་ཚོས་པ་དང་།  སྔོ་ཚལ་དང་ཤིང་ཏོག་གཙང་མར་མ་བཀྲུས་པ། ཟས་རིགས་གཙང་སྦྲ་དང་སྦྲང་ནག་འགོག་ཐབས་ཡག་པོ་མེད་རྐྱེན་ཕྲུ་གུ་ལ་ཟས་དུག་ཕོག་པའི་སྣང་ཚུལ་ཐོན་རྒྱུ་སྔོན་འགོག་བྱེད་དགོས་པ།

༩དངོས་ཟོག་སྤྱི་དང་ལྷག་པར་བཟའ་བཅའ་ཉོ་སྒྲུབ་ཀྱི་སྤུས་ཚད་ལ་འགན་ལེན་དང་། དུས་ཐོག་ཏུ་མཁོ་སྤྲོད་ཐུབ་པ་སོགས་རྒྱབ་ཕྱོགས་ཞབས་འདེགས་ཀྱི་ནུས་པ་ཚད་ལྡན་ཅན་དང་། བཟའ་བཏུང་རྒྱུ་ཆའི་བདེ་འཇགས་ལ་གནས་ཚུལ་མི་ལྷག་པ་འགན་ལེན་བྱ་དགོས།

༡༠ བཟའ་བཏུང་ཞབས་ཞུའི་ལས་རིགས་ནི་ཧ་ཅང་འགྲན་རྩོད་ཆེ་བས་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་གྱིས་གསལ་བཏོད་དང་བཅོས་སྒྱུར་དགོས་པ།   ལས་ཀའི་བརྒྱུད་རིམ་རྙོག་འཛིང་ཆེ་བས་བློ་རྣལ་དུ་ཕབ་ནས་ཞིབ་ཕྲ་དགོས་པ་ལས་ཧ་རེ་ཧུ་རེའི་ངང་ལས་དཀའ་སྤུས་ཚད་ལྡན་པ་ཞིག་ཡོང་མི་ཐུབ་པ།  རྒྱུན་ལྡན་གྱི་ཐོན་སྐྱེད་ཀྱི་སྤུས་ཚད་ལ་བཟང་ངན་གྱི་འཕོ་འགྱུར་མེད་པར་འགན་ལེན་ཐུབ་པ་བྱ་དགོས་ལ། ལྷག་པར་དུ་བྲེལ་འཚུབ་ཆེ་བའི་སྐབས་སུ་བཟའ་བཏུང་རྒྱུ་ཆའི་སྤུས་ཚད་འགན་ལེན་ཐུབ་པའི་ནུས་པ་སྦྱོང་བརྡར་བྱ་དགོས།

༡༤༽ ནོར་སྲིད་སྔོན་རྩིས་དང་ཞིབ་བཤེར་དོ་དམ་ལམ་ལུགས།

༡  ཟླ་བ་རེའི་ཚུར་ཡོང་དང་ཕར་སོང་གི་རྩིས་ཐོ་ཞིབ་བཤེར་ལམ་ལུགས།

༢  ཟླ་བ་རྗེས་མའི་གཏོང་ཡོང་སྔོན་རྩིས་ལམ་ལུགས།

༣  ལོ་གཅིག་རིང་གི་གཏོང་ཡོང་དང་སྔོན་རྩིས་ལམ་ལུགས།

ནོར་སྲིད་དོ་དམ་ལམ་ལུགས་ཟུར་དུ་ཡོད་པ་ལས་ཤེས་པར་བྱ་དགོས།

༡༥༽ལས་བཟོ་བས་བར་མ་ཆད་པར་ལས་སློབ་ཟུང་འབྲེལ་གྱིས་ཉམས་མྱོང་གསོགས་ཏེ་སྔོན་ཐོན་ལམ་དུ་སྐྱོད་པ།

༡  བཟའ་བཏུང་ཞབས་ཞུ་ཁང་གི་གཙང་སྦྲ་འཕྲོད་བསྟེན་གྱི་ལས་ཀ་ནས་མགོ་རྩོམ་པ།

༢  ཞབས་ཞུ་བའི་ལག་རོགས་དང་གུས་སྲོལ་སློབ་སྦྱོང་།   

༣  དངོས་གཞིའི་ཞབས་ཞུའི་ལས་ཆེད་ལས་པ། 

༤  ཚན་ཁག་འགན་འཛིན་པའི་ལས་རོགས། 

༥  དངོས་གཞིའི་ཚན་ཁག་འགན་འཛིན་པ། 

༦  སྤྱི་གཉེར་བ་གཞོན་པའི་ལག་རོགས།

༧  དངོས་གཞིའི་སྤྱི་གཉེར་བ་གཞོན་པ།

༨  སྤྱི་ཁྱབ་སྤྱི་གཉེར་བའི་ལག་རོགས། 

༩  དངོས་གཞིའི་སྤྱི་གཉེར་བ།

༡༠    ཞབས་ཞུ་བའི་སློབ་སྦྱོང་གི་གོ་རིམ་དང་ལག་དེབ་ཟུར་དུ་ཡོད་པ་ལས་ཤེས་པར་བྱ་དགོས།

༡༦༽ སྔོན་ཐོན་ལས་བཟོ་བའི་ལུས་སེམས་བདེ་ཐང་ཤེས་བྱའི་དོ་དམ་ལམ་ལུགས་སྐོར་གྱི་ཤེས་བྱ་ཟུར་དུ་ཡོད་པ་ལས་ཤེས་དགོས།

ཞེས་༢༠༡༡ལོར་ལས་རིགས་སློབ་གྲྭའི་ཟབ་སྦྱོང་གི་ཆེད་དུ་སློབ་ཚན་ཉིན་བདུན་གྱི་བདག་ཉིད་ཅན་ཞིག་བྲིས་པ་ལ། ཉེ་ཆར་བོད་ཟས་ལས་གཉེར་བ་འགས་ཉུང་བསྡུས་ཞིག་དགོས་གསུངས་པ་ལྟར་ཅུང་ཟད་བསྡུས་ཏེ་༢༠༡༩ལོའི་༡༡པའི་ཚེས་༡༥མཚན་ཐུན་ལ་ཀརྨ་བདེ་ལེགས་ཀྱིས་ཕུལ་བའོ། །