དཔེ་ཆ་འདི་ནི་ཀློག་པ་པོ་ག་འདྲ་ཞིག་གི་ངོར་བྲིས་པ་ཡིན་ཞེས་མི་མང་པོས་འདྲི་བཞིན་འདུག་ལ། སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འབྲང་བ་ཞིག་ལ་མཚོན་ནས་བཤད་ན། ཁོང་གི་གསུང་དང་ཁོང་གིས་བསྐྱུར་བའི་ཤེས་རབ་གཞན་ལ་འབུལ་ཐུབ་པ་བྱུང་ཚེ། དེ་ནི་བདག་གི་རེ་སྨོན་ཆེ་ཤོས་དེ་ཡིན་ཞིང་། བདག་གི་བླ་མ་རྣམས་ཀྱིས་ཀྱང་། སངས་རྒྱས་ཀྱི་གསུང་སྐལ་ལྡན་དག་གི་བགོ་སྐལ་དུ་འགྲེམ་པ་ནི་གཞན་དོན་ཆེ་ཤོས་ཡིན་ཞེས་གསུངས་མྱོང་བས་ན། ནང་ཆོས་ཀྱི་གསུང་རབ་དང་བསྟན་བཅོས་མང་པོ་ཡོད་བཞིན་དུ་བདག་གིས་ཡང་བསྐྱར་དཔེ་ཆ་ཞིག་འབྲི་བ་ནི་བསམ་ཚུལ་ངན་པ་ཞིག་མིན་པར་མཆི་ལ། བདག་དང་ལས་འབྲེལ་ཟབ་པའི་མི་འགའ་ཤས་ལ་ཕན་ཐོགས་པ་ཡང་སྲིད་དོ།། དེའི་ཕྱིར་བདག་གི་སེམས་སུ་གཏན་འཁེལ་གྱི་ཀློག་པ་པོ་ཞིག་མེད་ལ། ཡང་མི་མི་འདྲ་བ་ལ་ལས་དབང་མི་འདྲ་བ་རེ་ཡོད་པས། དཔེ་ཆ་འདི་ནི་མི་གང་ཡིན་ཀུན་ལ་མི་འཕྲོད་པར་ངེས། 

ཏག་ཏག་ཡར་སྔོན་འདི་ལ། ང་དང་པེ་ཅིན་གྱི་གྲོགས་པོ་ཁྲིན་ཀོང་ཀྲུང་གཉིས་ཀྱི་རང་བཞིན་གྱི་ཁ་བརྡའི་ཁྲོད་དུ། ད་ལྟའི་ཀྲུང་གོའི་ནང་ཆོས་ཀྱི་གནས་བབ་གླེང་བ་ཡིན་ཞིང་། ཁོང་གི་གསུང་སྟངས་ཀྱིས་ང་རང་ཧ་ལས་ཤིང་ཧང་སངས་པར་བྱས། བདག་གི་སེམས་སུ་ཀྲུང་གོ་ནི་ནང་ཆོས་ཀྱི་རྩ་བ་མཐུག་ས་ཡིན་པས། ཆེད་དུ་དེའི་སྐོར་གླེང་སློང་བྱས་པ་ཡིན་མོད། ཁོང་གིས་དོན་དངོས་སྟེང་གནམ་བདག་ཆོས་ལུགས་ནི་ཀྲུང་གོ་ན་འཕེལ་རྒྱས་མགྱོགས་པའི་ཆོས་ལུགས་ཡིན་པར་བཤད་ཅིང་། མི་མང་པོ་ཞིག་གི་སྣང་ངོར་གནམ་བདག་ཆོས་ལུགས་ནི་དེང་རབས་དང་དམངས་གཙོ་མཚོན་དོན་དུ་གྱུར་ཡོད་ལ། ནང་ཆོས་དང་། གོང་མའི་ལམ་ལུགས། བཀས་བཀོད་རྒྱུད་འཛིན་བཅས་ནི་ཐ་ན་རྨོངས་དད་དང་གཞི་གཅིག་ཏུ་སྦྲེལ་ཡོད་ཚུལ་ང་ལ་སྨྲས་བྱུང་། མི་མང་པོས་གནམ་བདག་ཆོས་ལུགས་འདེམ་པ་ལ་ང་རང་ཧང་སངས་དོན་མེད་ལ། ཡིན་ཡང་དེ་འདེམ་པའི་རྒྱུ་མཚན་དངོས་གནས་ཧ་མི་གོ དེའི་ཕྱིར་ང་ལ་སྨྱུ་གུ་འགུལ་ནས་ནང་ཆོས་གླེང་དགོས་པའི་བསམ་ཚུལ་འདི་སྔར་ལས་བརྟན་པར་བྱས་ཤིང་། བདག་ལ་བྱིན་པའི་ཚོར་བ་ནི། ཀྲུང་གོ་ལ་སྔར་མ་བྱུང་བའི་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཡོད་མོད། ཡིན་ཡང་མི་ཕལ་བ་རྣམས་ཀྱིས་ནང་ཆོས་ཀྱི་རྨང་གཞིའི་ཤེས་བྱ་ལ་འབྲེལ་འདྲིས་བྱས་པ་ཧ་ཅང་ཚད་བཀག་ཡོད་ཅིང་། འབྲེལ་འདྲིས་ཉུང་ཙམ་བྱས་ཡོད་པ་ཡང་ཕལ་ཆེ་བ་ཉ་ཉོག་བསྲེས་མ་ལས་གཙང་མ་ཞིག་ལ་བཅར་ཐུབ་མི་འདུག་སྟེ། ནང་ཆོས་ནི་རྙིང་པ་དང་། དུས་ལ་མི་རན་པ། དམངས་གཙོ་མ་ཡིན་པར་འདོད་པ་ནི། ནང་ཆོས་ལ་གོ་བ་ལོག་པར་བླངས་པའི་སྒྲུབ་བྱེད་གསལ་བོ་ཡིན། སྤྱིར་བཏང་ཆོས་ལུགས་སོ་སོར་རང་རང་གི་ཁྱད་ཆོས་ཡོད་ཅིང་། འོན་ཀྱང་ང་རང་སྒེར་གྱི་ངོས་ནས་ཞུས་ན། ནང་ཆོས་ནི་གནམ་བདག་ཆོས་ལུགས་ལས་འདྲ་མཉམ་དང་དེང་རབས་ཡིན་ལ། “བདག་ནི་བདག་གི་མགོན་ཡིན་གྱི”ཞེས་པའི་ཐུབ་པའི་གསུང་ཚིག་འདི་ལས་ལྷག་པའི་འདྲ་མཉམ་ཞིག་གང་དུ་འཚོལ་ལམ། ཐུབ་པའི་གསུང་ཚིག་འདི་ཉིད་ཀྱིས་མི་རེའི་མ་མཐའི་དབང་ཆ་དེ་གཏན་འཁེལ་བྱས་པ་མ་ཡིན་ནམ། ལྷག་ཏུ་ཐེག་ཆེན་པས་མི་རེ་རེའི་རྒྱུད་ལ་སངས་རྒྱས་ཀྱི་ས་བོན་ཡོད་པར་སྨྲ་ལ། འདི་ཡང་འདྲ་མཉམ་གྱི་ལྟ་བ་ཞིག་མ་ཡིན་ནམ། དོན་དངོས་སྟེང་ནང་ཆོས་ནི་ལྷ་རིག་པ་སྨྲ་བ་མ་ཡིན་ཏེ། ཐམས་ཅད་ཀུན་ནུས་ཀྱི་ལྷ་ཞིག་གིས་ཡོད་ཚད་ལ་ཚོད་འཛིན་བྱེད་པ་ནང་པས་མི་འདོད་ཅིང་། ནང་པས་སངས་རྒྱས་དང་ཆོས་དང་། དགེ་འདུན་བཅས་སྐྱབས་གནས་སུ་འདོད་པ་ཡིན།

གཅིག་བྱས་ན་བདག་གི་བསམ་བློ་ནི་བྱིས་པའི་བསམ་བློ་ཡིན་ཏེ། ནང་ཆོས་ཨེ་ཤ་ཡ་ནས་བྱུང་ཞིང་། ཤར་ཕྱོགས་ཀྱི་མཁས་པ་དང་དད་ལྡན་མང་པོས་དར་སྤེལ་བྱས་ནས་འོངས་སྟབས། ཀྲུང་གོ་བ་ཤེས་རབ་ཆེན་པོ་འདི་དག་དང་ལེན་བྱས་མྱོང་བ་ལ་སྤོབས་པ་སྐྱེ་ངེས་ཡིན་ཏེ། གནམ་བདག་དང་ཨི་ས་ལེམ་ཆོས་ལུགས་དཀྱིལ་ཤར་ནས་བྱུང་ཞིང་། ནུབ་ཕྱོགས་ཀྱི་འཇིག་རྟེན་དག་གིས་དར་སྤེལ་བྱས་པ་ནང་བཞིན་ཡིན་ངེས། 

1982ལོར་བདག་ཐོག་དང་པོར་ཀྲུང་གོར་སླེབས་པ་ཡིན་ལ། རྗེས་སུ་ཐེངས་མང་པོར་ཡོང་བའི་གོ་སྐབས་བྱུང་བ་ཡིན། ཡོང་ཐེངས་རེར་བདག་གི་དོན་དག་གཉིས་ལ་དོ་སྣང་བྱས་ཡོད་དེ། གཅིག་ནི་དཔལ་འབྱོར་གྱི་འཕེལ་ཁ་དང་། གཞན་གཅིག་ནི་སྔར་ལས་མང་བའི་མི་མང་པོ་ཞིག་གིས་ནང་སེམས་དང་དད་མོས་ཀྱི་ཕྱོགས་ལ་རེ་སྨོན་བཅངས་ཡོད་ཚུལ་ཡིན། ཕྱོགས་ཡར་མར་བསྲེས་པའི་ལུས་སྦྱོང་དང་དམངས་ཁྲོད་དད་མོས་ལས་ཐོན་པའི་ཆོས་ལུགས་གསར་བའི་འཕེལ་ཁ་ཡིས། ངའི་སོ་ལྟ་ལ་འབྲས་བུ་ཞིག་ཐོན་སོང་ལ། ཉེ་དུས་ཀྱི་ཀྲུང་གོའི་འགྲུལ་བཞུད་ཅིག་ལས། བོད་པ་མང་པོ་ཞིག་གིས་ནང་ལོགས་སུ་ཆོས་སྤེལ་བ་མཐོང་དུས། བདག་ལ་ཛ་དྲག་གི་ཉེན་བརྡ་ཞིག་བཏང་བྱུང་། བོད་ན་ཕུལ་དུ་ཕྱིན་པའི་བླ་མ་མང་པོ་བཞུགས་པ་བདེན་ལ། ཞོར་ན་འཁྲབ་མཁན་སྐོར་ཞིག་ཡོད་པ་ཡང་བདེན་པ་ཡིན། གལ་ཏེ་ཁྱོད་རང་ནང་ཆོས་ཀྱི་ལྟ་བ་ལ་རྒྱུས་ཟབ་ཅིང་སྙིང་རྗེ་ཡིས་ཁྱབ་པའི་བླ་མ་ཞིག་ལ་འཕྲད་པ་ཡིན་ན། དེ་དག་གིས་ཁྱོད་ཀྱི་ཉམས་རྟོགས་ག་ཙམ་འཕེལ་མིན་མ་གཏོགས། འཁོར་མང་པོ་བསྡུ་བ་དང་འཁོར་བསྡུས་ནས་དངུལ་བསྡུ་བའི་ཕྱོགས་ལ་མི་རེམ་ལ། འཁྲབ་མཁན་ཞིག་ལ་ཐུག་ན་ཁྱོད་རང་ལམ་ནོར་བ་ཞིག་ལ་འཁྲིད་རྒྱུ་ལས་སླ་མོ་ཡིན།

ང་རང་བོད་པ་ཞིག་ཡིན་པའི་མྱོང་བའི་ཆ་ནས། བོད་པ་ཁག་ཅིག་གིས་བོད་པའི་ཆོས་ཏེ། བོད་པའི་རིག་གནས་དང་། བོད་པའི་གོམས་སྲོལ་ངོ་སྤྲོད་པ་ནང་ཆོས་ངོ་སྤྲོད་པ་ལས་གལ་ཆེན་དུ་འཛིན་བཞིན་འདུག་ལ། ངས་བསམ་ན་སངས་རྒྱས་ཀྱི་གསུང་ཚིག་རྣལ་མ་སྟེ། འདུས་གྲུབ་ཀྱི་ཆོས་རྣམས་མི་རྟག་པ་དང་། སྣང་ཚུལ་ཐམས་ཅད་བྱེད་པོས་བཟོས་པ་མ་ཡིན་པར་རང་རྒྱུ་ལས་བྱུང་བ། བྱ་སྤྱོད་ཀྱི་བཟང་ངན་ནི་ཕྱིའི་རྣམ་པ་ཙམ་མ་ཡིན་པར་ནང་གི་ཀུན་སློང་ལས་བྱུང་བ་སོགས་འཇིག་རྟེན་པར་ངོ་སྤྲོད་པ་གལ་ཆེ་བར་སེམས་སོ།། ཕྱིའི་རྣམ་པ་བོད་བརྒྱུད་ནང་བསྟན་པའི་བཟོ་ལྟ་ཙམ་ཐོན་པ་ནི་དེ་འདྲའི་གལ་ཆེན་ཞིག་ག་ལ་ཡིན།

གཞན་སེམས་ཁྲལ་ཅུང་ཞིག་ཡོད་པ་ནི། ཕྱིའི་དངོས་པོ་གཙོར་འཛིན་པའི་འཇིག་རྟེན་གྱི་སྒང་འདིར། ནང་གི་བསམ་པའི་དཔལ་ཡོན་ཡང་རིམ་གྱིས་དངོས་པོར་བསྒྱུར་བཞིན་འདུག་ལ། དེ་སྔར་ནང་པའི་སྐྱེས་ཆེན་མང་པོས་མི་རབས་ནས་མི་རབས་བར་དུ་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་དང་མཛད་པ་ལྷུར་བླངས་ཏེ། དགེ་སྦྱོང་དང་རྒྱལ་པོའི་བར་གྱི་སྤྲུལ་བ་སྣ་ཚོགས་ཀྱིས་ནང་ཆོས་འདི་འཕེལ་བར་བྱས་པ་རེད་ཅིང་། ཡིན་ཡང་ད་ལྟའི་ཆར་འདིར། དགེ་སྦྱོང་གོ་ཏ་མ་ཞབས་ཐང་གིས་ལྷུང་བཟེད་ཐོགས་ནས་འགྲོ་བའི་རྣམ་པ་ཕལ་བ་དེར་བརྩི་བཀུར་དེ་འདྲ་མི་ཐོབ་པར། ལྷ་ཁང་གསེར་ཁང་བརྩིགས་པ་ལ་བོད་པའི་བླ་མ་དང་དེའི་དད་ལྡན་རྣམས་ཀྱིས་དགའ་མོས་འཆང་བཞིན་ཡོད། ང་རང་ཞེད་སྣང་ལངས་ས་ནི། འདི་ནས་ལོ་ལྔ་བཅུ་འགོར་བའི་ཚེ་ན། ཀྲུང་གོའི་ནང་པ་རྣམས་ཀྱིས་དགོན་པ་ཆེན་པོ་དང་། ལྷ་སྐུ་ཆེན་པོ། གྲངས་མང་པའི་དགེ་འདུན་པ་བཅས་ནི་ནང་ཆོས་ཀྱི་ཡོད་ཚད་རེད་སྙམ་སྲིད་པ་དེ་ཡིན།

བདག་གི་ནང་ལོགས་དང་བོད་པའི་གྲོགས་པོ་སྐོར་ཞིག་གི་ཁ་ནས། འཁྲབ་མཁན་སྣ་ཚོགས་ཕྱོགས་བཞི་ནས་ནང་ལོགས་སུ་འགྲོ་བཞིན་པ་ཐོས་སོན་བྱུང་ལ། རྒྱུ་མཚན་ནང་ལོགས་ཀྱི་མི་མང་པོ་ཞིག་གིས་ནང་སེམས་དང་དད་མོས་ལ་རེ་ལྟོས་འཆའ་བཞིན་ཡོད་པ་རེད། རེ་སྨོན་འདི་དག་གི་ཕྱིར་དུ། ཁོ་བོར་དོན་དག་གི་ཁ་ཕྱོགས་འགྲིག་པའི་ཕྱོགས་སུ་འགྲོ་དགོས་པའི་བསམ་བློ་དྲག་པོ་ཞིག་བསླངས་སོང་། 

ཀྲུང་གོ་ནི་འཕེལ་རྒྱས་མགྱོགས་པའི་རྒྱལ་ཁབ་ཅིག་ཡིན་ལ། དངོས་པོའི་འཕེལ་རྒྱས་ཀྱི་བརྡབ་གསིག་ཁྲོད་དུ། བདག་ཅག་གིས་བརྗེད་མི་རུང་བ་དང་མགོ་འཐོམ་མི་རུང་བ་ནི་ནང་སེམས་ཀྱི་ཕྱོགས་འདི་ཡིན་ལ། གཅིག་བྱས་ན་དངོས་ཕན་རིང་ལུགས་ཀྱིས་བྱིན་གྱིས་བརླབས་པའི་ཀྲུང་གོ་བར་མཚོན་ན། ནང་སེམས་ཀྱི་ཕྱོགས་སུ་འབད་པ་བྱོས་ཤིག་དང་ཁེ་ཕན་ཆེན་པོ་ཡོད་ཅེས་སྨྲ་བར་ཤིན་ཏུ་དཀའ་ལ། དཔལ་འབྱོར་གྱི་འཕེལ་ཁ་འདི་ལྟར་མགྱོགས་པའི་དུས་ཚོད་འདིར། མི་རྣམས་ཀྱིས་ནང་སེམས་ཀྱི་ཕྱོགས་ལ་ཆུ་ཚོད་འཕྲོ་བརླག་གཏོང་མི་འདོད་པ་ནི་བསམ་ཤེས་བྱེད་ཐུབ་པ་ཞིག་རེད། འོན་ཀྱང་། དངོས་སུ་ཕན་པ་ཡོད་པའི་ཟུར་ནས་བལྟས་པའི་ཚེ་ཡང་། ནང་སེམས་དམིགས་འབེན་དུ་འཛིན་པའི་དངོས་པོའི་རིང་ལུགས་པ་ནི། ཐད་ཀར་དངོས་པོ་ལ་རེམ་པའི་དངོས་པོའི་རིང་ལུགས་པ་ལས། མིག་རྒྱང་དང་ཁེ་ཕན་ཡོད་པ་མངོན་གསལ་ཡིན།

ངས་འདང་མི་ཕོག་པ་ཞིག་ཡོད་པ་ནི། ང་ཚོས་འབད་པ་ཆེན་པོ་འདི་འདྲ་བྱེད་དོན་ཕལ་ཆེར་ཚེ་ཐོག་འདིའི་དངོས་པོའི་ཐོབ་པ་ཙམ་གྱི་ཕྱིར་ཡིན་ལ། གལ་ཏེ་རིན་དོད་ཞིག་ཡོད་པ་ནི་རང་དང་ཁྱིམ་ཚང་དང་གྲོགས་པོ་ལ་དངུལ་འབེལ་བོ་དང་ངོ་སོ་ཡོད་པའི་ཕྱིར་ཡིན་ན། ཁྲིམས་ཆད་ལ་མི་འཇིགས་པའི་མི་ཞིག་གིས་འཕྲོག་བཅོམ་དང་། མགོ་བསྐོར། ནག་འཚོང་སོགས་ཀྱི་ལས་ཀ་གང་ཞིག་སྒྲུབ་མི་ཐུབ་བམ། ལས་ཀ་འདི་དག་ཐེ་ཚོམ་མེད་པར་བྱེད་ཐུབ་པ་ཞིག་ལ་མཚོན་ན་མི་ཆོས་དང་། ཀུན་སྤྱོད། དགེ་བ། སྙིང་རྗེ། ཐ་ན་རྒྱལ་གཅེས་ཀྱི་བསམ་བློ་སོགས་ག་ནས་འབྱུང་ཐུབ་བམ། དེའི་ཕྱིར་མི་ཞིག་ལ་འདི་འདྲའི་བསམ་བློ་ཆིག་རྐྱང་དང་། མིག་རྒྱང་ཐུང་བ་ཞིག་ལས་མེད་པ་ཡིན་ན། དེའི་འབྲས་བུར་སྤྱི་ཚོགས་ལ་ཉོག་དྲ་བཟོ་རྒྱུ་རང་ཡིན་ལ། ང་ཚོས་ནམ་རྒྱུན་གསར་འགྱུར་ནང་མཐོང་ཐུབ་པའི་ཀྲུང་གོའི་ཅ་ལག་རྫུན་མ་ལ་གོན་པ་ཙམ་མ་ཡིན་པར། སྨན་རིགས་དང་། བྱིས་པའི་བཟའ་བཅའི་རིགས་སོགས་ཉེན་ཁ་ཅན་འབྱུང་བ་ཡང་མིག་མདུན་ཙམ་ལས་དེའི་མཇུག་འབྲས་ལ་བསམ་བློ་མ་བཏང་བས་རེད། ང་ཚོས་སྐྱེ་བ་ཕྱི་མ་ལ་བསམ་བློ་གཏོང་མི་དགོས་ཏེ། མིའི་རིགས་ཀྱིས་མི་རབས་རྗེས་མ་ལ་བསམ་བློ་བཏང་བ་ཙམ་གྱིས་ཀྱང་། འཛམ་གླིང་ཡོངས་ལ་ཁེ་ཕན་རྒྱ་ཆེན་པོ་ཞིག་འབྱུང་བ་གདོན་མི་ཟ་ལ། ཐ་ན་སྐྱེ་བ་ཕྱི་མ་མེད་ཀྱང་། ལས་འབྲས་མེད་ཀྱང་། ཁྱོད་རང་སྐྱེ་དངོས་བཞིན་བདེ་བདེ་འཇམ་འཇམ་གྱིས་གསོན་པ་ལ་ཡང་། བདག་གིས་ཐག་བཅད་ནས་བཤད་ཆོག་པ་ནི། ཐུབ་པའི་ཤེས་རབ་ཀྱིས་ཁྱོད་ལ་ཕན་པ་རྒྱ་ཆེན་པོ་བསྐྲུན་ངེས་ལ། མ་མཐའ་ཡང་ཁྱོད་ལ་གནོད་པ་མི་བྱེད་པ་ཡིན།

ཐེངས་ཤིག་ང་རང་འབར་མ་རྒྱལ་ཁབ་ཀྱི་ཚོང་ར་ཆེན་པོ་ཞིག་ལ་ཕྱིན་པ་ཡིན། དེར་དགེ་སློང་ཞིག་གིས་མི་ཚོགས་མང་པོ་ལ་ཆོས་བཤད་ཐུང་ངུ་གསུང་བཞིན་འདུག བདག་གི་ལམ་པས་དབྱིན་ཇི་དེ་འདྲ་བཤད་མི་ཤེས་ཀྱང་། ངས་ཚོར་ཐུབ་པ་ནི་དགེ་སློང་འདིས་སྲོག་མི་གཅོད་པ་དང་མ་བྱིན་པར་མི་ལེན་པའི་སྐོར་གྱི་ནང་དོན་ཡིན་པ་ཡིད་ཚོད་བྱེད་ཐུབ། ད་ལྟའི་དུས་རབས་འདིའི་ནང་དུ་མི་རྣམས་དངོས་པོའི་ཕྱོགས་ལ་རེམ་དྲགས་ནས། འདི་ལྟ་བུའི་དགེ་སློང་གི་གཟུགས་རིས་ཕལ་ཆེར་མིག་ལམ་ནས་ཡལ་བར་འགྱུར་མོད། དགེ་སློང་ལ་བསོད་སྙོམས་འདྲེན་པ་སོགས་ཀྱི་སྲོལ་རྒྱུན་མཐར་བསྲིངས་ཐུབ་པ་ཡིན་ཚེ། འཛམ་གླིང་འདི་ལ་འཆམ་མཐུན་གྱི་རྣམ་པ་ཞིག་བསྐྲུན་ཐུབ་ལ། སྲོལ་རྒྱུན་འདི་དག་གཅེས་པར་འཛིན་པ་ནི། མ་གཞི་ནས་འཆམ་མཐུན་གྱི་ལས་ཤིག་ག་ལ་མིན།

མཇུག་མཐར་ངས་བཤད་འདོད་པ་ནི། ཡུན་རིང་བོ་མ་སོན་པའི་རྒྱལ་རབས་འགའ་ཤས་ལས། དུས་རབས་འདི་འགའི་རིང་ལ་དངོས་ཕན་རིང་ལུགས་རྒྱ་ཆེར་སྤྱོད་པའི་ཀྲུང་གོ་བས་རུའུ་ལུགས་དང་ལེན་བྱས་ཤིང་། ནང་ཆོས་དང་ཏོའོ་ལུགས་རྒྱང་དུ་དོར། ལྷག་ཏུ་ཏོའོ་ལུགས་ནི་གར་སོང་ཆ་མེད་ལྟ་བུར་གྱུར་ཡོད། འདི་ནི་ཤིན་ཏུ་ཡིད་སྐྱོ་དགོས་པའི་དོན་དག་ཅིག་སྟེ། 《ཀུན་སྤྱོད་བསྟན་བཅོས》ཀྱི་ནང་གི་ཡིག་འབྲུ་འགའ་ཡང་ཤིན་ཏུ་རྩ་ཆེ་བའི་ནོར་བུ་ཉིད་དོ།། ང་ནི་རུའུ་ལུགས་དང་ཏོའོ་ལུགས་ལ་རྒྱུས་ཆེན་པོ་མེད་ལ། འོན་ཀྱང་ངས་ཚོད་དཔག་བྱས་ན། རུའུ་ལུགས་ནི་རྒྱུན་ཤེས་སྟོན་པའི་གཞུང་དང་། དེའི་ཕྱིར་ཀྲུང་གོ་བ་རུའུ་ལུགས་ལ་དགའ་ཞིང་། ཏོའོ་ལུགས་དང་ནང་ཆོས་ནི་རྒྱུན་ཤེས་ལས་འདས་པའི་ཤེས་རབ་སྟོན་པའི་གཞུང་ཡིན་ཕྱིར། དེས་ཐད་ཀར་ཕན་མི་ཐོགས་སྙམ་པ་རེད། འོན་ཀྱང་ཀྲུང་གོ་བས་ཤེས་རབ་དང་ལེན་བྱས་པ་ལས་བྱུང་བའི་རྒྱང་རིང་གི་ཁེ་ཕན་མཐོང་ན། སླར་ཡང་ནང་ཆོས་དང་ལེན་བྱེད་ངེས་ཏེ། འདི་ནི་འཕགས་པ་འཇམ་པའི་དབྱངས་དང་འཕགས་པ་སྤྱན་རས་གཟིགས་གཉིས་ལ་ལས་འབྲེལ་ཟབ་པའི་མི་རིགས་ཤིག་ཡིན་ཨང་།