(ཉིན་བདུན་རིང་གི་ཟབ་སྦྱོང་ལག་དེབ།)

ལེའུ་དང་པོ།  བཟའ་བཏུང་ཞབས་ཞུའི་ལས་རིགས་ཀྱི་དགོས་མཁོ།

གཅིག  བཟའ་བཏུང་གི་གལ་ཆེའི་རང་བཞིན། 

བཟའ་བཏུང་ནི་འགྲོ་བ་མིའི་དཔལ་ཡོན་ལས་བྱུང་བའི་འཚོ་ཐབས་ཤེས་རིག་ཅིག་ཡིན་ཞིང་།  དེ་ནི་གནའ་བོའི་མེས་པོ་སྤྲ་མ་མི་ནས་བཟུང་རང་བྱུང་ཁམས་ཀྱི་ཐོན་ཁུངས་བེད་སྤྱད་དེ།  མིའི་འགྲོ་བའི་འཚོ་གནས་ཀྱི་དགོས་མཁོའི་ཡོ་བྱད་རྣམས་བསྐྲུན་པ་ཡིན།  འཚོ་མཁོའི་ཡོ་བྱད་ཀྱི་མཐུན་རྐྱེན་ཇེ་བཟང་དུ་སོང་རིམ་བཞིན་མིའི་ཚེ་ཐག་ཀྱང་ཇེ་རིང་དུ་ཕྱིན་ཡོད།  འཇིག་རྟེན་འདིར་འཚོ་ཡུན་རིང་ཐུང་ནི་གཙོ་བོ་བཟའ་བཏུང་བཟང་ངན་ལ་རག་ལས་ཡོད།  གལ་སྲིད་བཟའ་བཏུང་མེད་པ་དང་།  དཀོན་པ།  ངན་པ།  བཟའ་བཏུང་སྡེབ་སྦྱོར་ལོག་པ་སོགས་བྱུང་བ་ཡིན་ན་ཚེ་སྲོག་གི་བར་ཆད་དུ་འགྱུར་བས་ན།  བཟའ་བཏུང་ལས་རིགས་གཉེར་བའི་ཆེད་ལས་པ་གོང་འོག་ཚང་མས་གལ་ཆེའི་གནད་དོན་འདི་གསལ་པོ་ཤེས་དགོས།

གཉིས།   བཟའ་བཏུང་ཞབས་ཞུ་ལས་རིགས་ཀྱི་རྨང་གཞིའི་ཤེས་བྱ།

ཐོག་མར་བཟའ་བཏུང་ཞབས་ཞུ་པ་མི་སྒེར་གྱི་གཟུགས་གཞི་བདེ་ཐང་ཡིན་མིན་ཚད་ལྡན་སྨན་ཁང་གི་བརྟག་དཔྱད་ལས་བྱུང་བའི་བདེ་ཐང་ལག་ཁྱེར་ཡོད་དགོས་པ་དང་།  ཞབས་ཞུ་ལས་རིགས་འདིའི་ནང་ཞུགས་ཏེ་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་སྐུ་མགྲོན་གྱི་འདོད་བློ་སྐོང་ཐུབ་པ་དང་ཆབས་ཅིག  རང་ཉིད་ཀྱི་ཤེས་འཇོན་ནུས་པ་གོང་འཕེལ་དུ་གཏོང་ནས་མིའི་ཚེའི་རིན་ཐང་མངོན་གྱུར་ཡོང་བར་འབད་བརྩོན་བྱེད་པའི་སྤོབས་སེམས་ཡོད་པ།  སྐུ་མགྲོན་མཐོ་དམན་དྲག་ཞན་དང་། རྣམ་འགྱུར་བཟང་ངན་ཇི་ལྟར་ཡོད་རུང་རང་ངོས་ནས་ཞབས་ཞུའི་ལས་རིགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དེ།  བཟོད་སྲན་དང་།  གུ་ཡངས།  ངང་རྒྱུད་རིང་ཞིང་སེམས་རྩ་འཁོལ་པོས་སྐུ་མགྲོན་ལ་དྲོ་སྐྱིད་ལྡན་པའི་འཁོར་ཡུག་བཟང་པོ་ཞིག་སྐྲུན་པའི་ལྷག་བསམ་རྣམ་པར་དག་པ་ཞིག་ངེས་པར་དུ་ཡོད་དགོས།  དེ་ལྟར་མེད་ན་ཞབས་ཞུའི་ལས་རིགས་འདིར་ཞུགས་མི་རུང་བས་ཐོག་མར་མཚམས་འདི་ནས་རིག་པ་དྭངས་གསལ་གྱིས་ཐག་གཅོད་བྱེད་དེ་རང་ངོ་རང་གིས་ཤེས་པ་དགོས།

གསུམ།  ཆེད་ལས་ཞབས་ཞུ་བའི་དམིགས་འབེན།

གལ་སྲིད་ཞབས་ཞུའི་ལས་རིགས་འདིར་ཞུགས་པའི་དམིགས་ཡུལ་གང་ཡིན་གསལ་གསལ་ཐིང་ཐིང་གི་སྒོ་ནས་ངོས་ཟིན་ཡོད་པའི་ཐོག  ད་ལྟ་རང་ཉིད་ཀྱི་ཤེས་འཇོན་ནུས་གསུམ་གྱི་གནས་ཚད་གང་འདྲ་ཞིག་ཡིན།  མ་འོངས་པར་མི་ཚེའི་རེ་བ་དང་དམིགས་འབེན་གང་འདྲ་ཞིག་ཡོད་རང་ཉིད་ལ་དཔྱད་དཔོག་བྱེད་དགོས། 

ང་ཚོའི་རྒྱུན་པར་སྤྱི་ཚོགས་ཐོག་མཐོང་དུ་ཡོད་པའི་གྲུབ་འབྲས་ཆེན་པོ་ཐོབ་པ་རྣམས་ཀྱིས་ཀྱང་།  ཐོག་མར་དམིགས་ཡུལ་མངོན་གསལ་དོད་པོ་ཞིག་གཏན་ཁེལ་བྱས་ཏེ།  བྱ་བཞག་གང་གཉེར་ཐམས་ཅད་དམིགས་ཡུལ་དེའི་མཛུག་སྟོན་དང་སྣེ་ཁྲིད་འོག  བར་མ་ཆད་པར་དཀའ་སྤྱད་འབད་བརྩོན་བགྱིས་ནས་རང་ཉིད་ཀྱི་ཤེས་འཇོན་ནུས་གསུམ་ཡར་རྒྱས་བཏང་སྟེ་མངོན་གྱུར་བྱུང་བ་ཞིག་རེད། 

དེས་ན་འཚོ་གནས་ཀྱི་དགོས་མཁོ་འབྱོར་འབྲིང་གི་འཚོ་བ་ལ་ལོངས་སྤྱོད་ཡོང་བའི་ཆེད་དམ།   ཡང་ན་སློབ་སྤྱོང་དང་ལས་ཀ་ཟུང་དུ་འབྲེལ་བའི་སྒོ་ནས་ཉམས་མྱོང་གསོག་སའི་ཁོར་ཡུག་ཅིག་དང་།  ཡང་ན་མི་ཚེའི་རིན་ཐང་མངོན་གྱུར་གྱིས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་སོགས།  མིག་རྒྱང་རིང་ཐུང་གང་ཡིན་རུང་དམིགས་ཡུལ་ཞིག་ངེས་པར་དུ་ཡོད་དགོས་པ་ལས་ཅི་མི་སྙམ་པར་རང་གར་ཞུགས་མི་ཉན།  གལ་སྲིད་ཅི་བསམ་འདི་དྲན་མེད་པར་ཞུགས་པ་ཡིན་ན་དུས་ཚོད་འཕྲོ་བརླག་ཏུ་འགྲོ་བས་ངེས་པར་བསམ་གཞིག་ནན་པོ་བྱེད་དགོས།

ཡར་ཐོན་ཅན་གྱི་སྤྱི་ཚོགས་ལ་དམིགས་ཡུལ་དོ་དམ་ཞེས་པའི་རིག་གཞུང་རྒྱ་ཆེན་པོ་ཡོད་ཀྱང་ང་ཚོའི་གོམ་པ་དང་པོ་དེ་ཙམ་གྱིས་འཐུས་པར་བྱ།     

བཞི།  ཆེད་ལས་ཞབས་ཞུ་པའི་ལས་གནས་ཀྱི་འགན་འཁྲི།  

ད་ལམ་ཞབས་ཞུའི་ལས་རིགས་ཀྱི་འགན་འཁྲིའི་སྐོར་ལ་བསམ་གཞིག་བྱེད་པའི་སྐབས་ཡིན།  ང་ཚོའི་ཆེད་ལས་ནི་སྐུ་མགྲོན་རྣམས་ཀྱི་དགོས་མཁོ་དང་མཐུན་པའི་ཞབས་ཞུ་ཞིག་བསྒྲུབ་རྒྱུ་དེ་རེད།  དེ་ཡང་བཟའ་བཏུང་ཆེད་ལས་ཞབས་ཞུ་ཁང་གིས་སྐུ་མགྲོན་གྱི་འདོད་བློ་ཁེངས་པར་བྱེད་པ་ལ།  འཚོ་བཅུད་བཟང་ཞིང་བྲོ་བ་ལེགས་པའི་བཟའ་བཏུང་དང་།  ཡིད་འོང་བག་ཕེབས་ཀྱི་ཞལ་ལག་མཆོད་སའི་ཁོར་ཡུག་བཟང་པོ།  ལྷག་བསམ་ལྷད་མེད་ཀྱི་གུས་བརྩེ་ལྡན་པའི་ཞབས་ཞུ་གསུམ་ཡིན་ཞིང་།   དེ་ཡང་སྤྱི་ཚོགས་ཡར་ཐོན་ཅན་གྱི་ནུབ་ཕྱོགས་ལུང་པར་སྐུ་མགྲོན་གྱི་རྣམ་འགྱུར་བཟང་ངན་གང་ཡིན་རུང་།  ཞབས་ཞུ་ལས་རིགས་པའི་ངོས་ནས་དཀོན་མཆོག་དང་འདྲ་བར་འདུ་ཤེས་འཛིན་དགོས་ཚུལ་གྱི་ལྟ་བ་ཞིག་ཡོད་པ་དེ་ནི།  སྤྱི་ཚོགས་འཕེལ་རྒྱས་ཀྱི་ཉམས་མྱོང་ལས་བྱུང་བའི་བསླབ་བྱ་ཞིག་རེད།  དེས་ན་ང་ཚོས་ཀྱང་བར་མ་ཆད་པར་སློབ་སྦྱོང་དང་ཉམས་མྱོང་བསགས་ཏེ།  ངེས་པར་དུ་སྐུ་མགྲོན་རྣམས་ཀྱི་འདོད་བློ་ཡོངས་སུ་སྐོང་ཐུབ་པའི་སྔོན་ཐོན་གྱི་ཞབས་ཞུ་པ་ཞིག་ཆགས་ཐུབ་པའི་སྤོབས་སེམས་འཆང་དགོས།  གནའ་བོའི་ང་ཚོའི་མེས་པོ་རྣམས་ཀྱིས་ཀྱང་ས་ཐག་རིང་པའི་མགྲོན་པོ་དང་།  ཉམ་ཐག་གི་ནད་པ།  དབུལ་ཞིང་ཕོངས་པ་རྣམས་ལ་ལན་དང་རྣམ་སྨིན་ལ་རེ་བ་གང་ཡང་མེད་པར་རོགས་རམ་བྱེད་པའི་གོམས་སྲོལ་བཟང་པོ་ཡོད་པ་དང་།   ལྷག་པར་དུ་ཕར་ཚུར་རྒྱུ་བའི་འགྲུལ་པ་རྣམས་ལ་རིན་མེད་ཀྱི་བཟའ་བཏུང་དང་།  རྟགས་དང་རྟེན་འབྲེལ་དགེ་བའི་གུས་སྲོལ་གྱིས་ཞབས་ཞུ་བྱེད་པའི་ལུགས་སྲོལ་བཟང་པོ་ཡོད་པ་དེ་དག་ཤེས་པར་བྱས་ནས།  ང་ཚོས་ཀྱང་སྐུ་མགྲོན་མཐོ་དམན་དྲག་ཞན་མེད་པར་ཁོང་ཚོའི་འདོད་བློ་ཡོངས་སུ་ཁེངས་པའི་ཞབས་ཞུ་བཅོས་མ་མ་ཡིན་པ་ཞིག་ངེས་པར་དུ་སྒྲུབ་ཐུབ་པ་བྱེད་དགོས།

ལྔ།  ཆེད་ལས་ཞབས་ཞུ་པའི་དམིགས་དཔེ་ལྟ་ས། 

རང་ཉིད་ཀྱིས་ཡར་རྒྱས་གཏོང་བའི་བརྒྱུད་རིམ་ནང་མིག་དཔེ་ལྟ་ས་ཞིག་འཚོལ་དགོས།  བོད་ཀྱི་དམངས་ཁྲོད་ཁ་དཔེ་ལ།   གཡག་ཆེ་བའི་འཁྲིས་ནས་ཆུང་བས་རྩ་ཟ་དགོས།  ཆེ་བ་རྒས་སུ་འགྲོ་དུས།  ཆུང་བ་ཆེ་རུ་འགྲོ་ཡོང་།  ཞེས་པའི་དཔེ་ལྟར་རང་ཉིད་ཀྱི་དགའ་ཕྱོགས་དང་མཐུན་ཞིང་ཆེད་ལས་དང་འབྲེལ་བ་ཡོད་པའི་ལེགས་གྲུབ་ལྡན་པའི་མི་སྣ་ཞིག་མཐོང་ཐོས་ཀྱི་ཡུལ་གང་རུང་ནས་འཚོལ་དགོས།  དེ་ཡང་དཀའ་སྡུག་མང་པོར་གདོང་ལེན་བགྱིས་ཏེ་ལེགས་གྲུབ་བྱུང་བ་ཞིག་ཡིན་པ་ལས་སྐྱིད་ཉལ་བྱས་ཏེ་བསྡད་པ་ལས་བྱུང་བ་ཞིག་མི་སྲིད་པས།  ཐོབ་ཟིན་པའི་གྲུབ་འབྲས་ཁོ་ནར་མི་སེམས་པར་འབྲས་བུ་ཐོབ་པའི་བརྒྱུད་རིམ་ལ་གཏིང་ཟབ་ཀྱིས་རྒྱུས་ལོན་ཡོད་པ་བྱེད་དེ།  ཁོ་ཚོའི་ལེགས་གྲུབ་འབྱུང་བའི་རྒྱུ་དང་རྐྱེན།  ཐབས་དང་ཤེས་རབ།  ཡོན་ཏན་དང་འབད་བརྩོན་སོགས་ཉམས་མྱོང་རྣམས་རང་ཉིད་ཀྱིས་ཐབས་ལ་མཁས་པོའི་སྒོ་ནས་ལེན་ཏེ་བེད་སྤྱོད་ཤེས་པ་བྱེད་དགོས།   དེ་ཡང་ས་པཎ་གྱིས།  ཆེན་པོ་རྣམས་ལ་རྟེན་བཅས་ན། །དམན་པ་རྣམས་ཀྱང་ཆེན་པོ་ཐོབ། །ལྗོན་ཤིང་ཆེ་ལ་བརྟེན་པ་ཡིས། །འཁྲིལ་ཤིང་རྩེ་མོར་ཕྱིན་ལ་ལྟོས། །ཞེས་པ་དང་།  དེང་སང་སྤྱི་ཚོགས་ཐོག  ཁྱེད་རང་ཁྲི་བརྒྱ་ཙམ་ཡོད་པའི་འབྱོར་ལྡན་དུ་འདོད་ན་ཁྲི་བརྒྱ་ཡོད་པའི་མི་དང་ལྷན་དུ་འགྲོག་དགོས།  དེ་བཞིན་ཁྲི་སྟོང་ཡོད་པའི་འབྱོར་ལྡན་དུ་འདོད་ན་ཁྲི་སྟོང་ཡོད་པའི་མི་དང་འགྲོག་པ་དང་།  སྒོར་དུང་ཕྱུར་ཡོད་པའི་འབྱོར་ལྡན་དུ་འདོད་ན་སྒོར་དུང་ཕྱུར་ཡོད་ཡོད་པའི་མི་དང་འགྲོག་དགོས་ཞེས་པའི་སྐད་ཆ་འདི་ཡང་བསམ་གཞིག་བྱ་ཡུལ་ཞིག་ཏུ་སྣང་།

བཞི་པ་དུས་ཚོད།  ང་ཚོས་རྒྱུན་པར་ཐོས་སུ་ཡོད་པ་ནི་དུས་ཚོད་གསེར་ལས་དཀོན་ཞེས་པ་ལྟར།  དོན་དངོས་ཐོག་དུས་ཚོད་གསེར་དངུལ་ལས་གལ་ཆེ་བ་སྟེ།  རྒྱུ་མཚན་གསེར་དངུལ་གྱིས་དུས་ཚོད་ཉོ་མི་ཐུབ།  དེས་ན་འོས་འཚམས་ཀྱིས་དུས་ཚོད་ཅི་འདྲའི་ཕན་ནུས་ལྡན་པ་ཞིག་བཀོལ་སྤྱོད་བྱ་རྒྱུ་དེ་ཡིན་པས། དུས་ཚོད་བེད་སྤྱོད་གཏོང་ཚུལ་ལ་གལ་གནད་ཆེ་ཞིང་སྤུས་དག་པའི་ཐབས་ལམ་གང་མང་འཚོལ་དགོས།   འདིར་དུས་ཚོད་དམ་འཛིན་བྱ་ཚུལ་གྱི་ཤེས་བྱ་ཟུར་དུ་ཡོད་པ་ལས་ཤེས་ནུས།

ལེའུ་གཉིས་པ།   ཆེད་ལས་བཟའ་བཏུང་ཞབས་ཞུ་ལས་རིགས་པའི་སྤྱོད་ལམ།

གཅིག  ཆེད་ལས་ཞབས་ཞུ་བའི་གཙང་སྦྲ།

སྤྱིར་གཙང་སྦྲ་ནི་སྤྱི་ཚོགས་དང་མི་སྒེར་སུ་ཡིན་རུང་ཧ་ཅང་གལ་ཆེའི་རང་བཞིན་ཡིན་པ་ཤེས་དགོས།  གཙང་སྦྲ་མེད་ན་མི་ཀུན་གྱི་ཡིད་དུ་མི་འོང་བ་དང་།  གཙང་སྦྲ་ཞན་པའི་རྐྱེན་གྱིས་ནད་སྣ་ཚོགས་བསྐྱེད་པ་སོགས་ཚེ་སྲོག་ལ་གནོད་པའི་རྐྱེན་དུ་མ་འབྱུང་གི་ཡོད།  དེས་ན་ཞབས་ཞུ་པས་མགོའི་སྐྲ་རིང་པོ་དང་སིལ་ལུ་མ་སོགས་མ་ཡིན་པར་རིང་ཐུང་འོས་ཤིང་འཚམས་པ།  ལག་པའི་སེན་མོ་བྲེག་སྟེ་སེན་མོའི་ངོས་སུ་སྐག་མདོག་གི་རྩི་མེད་པ།  རྒྱུན་ལྡན་གཟུགས་པོ་ཡངས་སེར་འཁྲུད་དེ་དྲི་ངན་མེད་པ།   ལྷག་པར་དུ་ལག་པ་གཙང་མར་འཁྲུད་དེ་དྭངས་གཙང་ཡིད་དུ་འོང་བ་ཞིག་བཟོ་དགོས།  ལག་པ་ངེས་པར་དུ་ཀ་ལའི་ཆུ་ཡིས་ཡངས་སེར་འཁྲུད་དགོས་པར་མ་ཟད་གནོད་མེད་ཀྱི་འདག་རྫས་བྱུག་རྗེས།  ལག་པ་གཉིས་འཕུར་བའི་དུས་ཚོད་ཉུང་མཐར་ཡང་སྐར་ཆ་སུམ་ཅུ་ལས་མི་ཉུང་བ་བྱེད་དགོས་པར་མ་ཟད།  མཐའ་མཇུག་ཀ་ལའི་ཆུ་ཡིས་གཙང་མར་ཆུ་བཤལ་གཏོང་དགོས།  ལས་ཀའི་བརྒྱུད་རིམ་ནང་མགོ་ལུས་དང་ཁ་སྣ་སོགས་ལ་ལག་པས་རེག་ཤོར་ན་སླར་ཡང་གཙང་མར་འཁྲུད་དེ།  རང་ཡིད་རང་ལ་ཆེས་པའི་གཙང་སྦྲ་བཟོས་ནས་རྒྱ་ཆེའི་འཛད་སྤྱོད་པའི་སྐུ་མགྲོན་རྣམས་ལ་ཡང་བབ་ཆགས་བཟང་པོ་འཇོག་ཐུབ་པ་ཞིག་བྱེད་དགོས།  སྐུ་མགྲོན་ཚོ་ཟ་ཁང་དུ་ཕེབས་སྐབས་ཐོག་མའི་བག་ཆགས་ཐེབས་ས་ནི་ཁོར་ཡུག་གི་གཙང་སྦྲ་དང་།  ཞབས་ཞུ་བའི་མགོ་ལུས་ཡོངས་ཀྱི་གཙང་སྦྲའི་རྣམ་པ་དེ་ཡིན།  དེས་ན་ཆེད་ལས་བཟའ་བཏུང་ཞབས་ཞུའི་ལས་རིགས་པ་ཞིག་གི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་མགོ་ལུས་དང་ཁོར་ཡུག་ལ་གཙང་སྦྲ་ཡག་པོ་བཟོ་རྒྱུ་ཤིན་ཏུ་ནས་གལ་ཆེའི་རང་བཞིན་གྱི་འདུ་ཤེས་ཤིག་ངེས་པར་དུ་ཡོད་དགོས། 

གཉིས།  ཆེད་ལས་ཞབས་ཞུ་པའི་མཛེས་བཟོའི་རྣམ་པ། 

རྣམ་པ་ནི་གཙོ་བོ་མིའི་མགོ་ནས་མངོན་ཞིང་དེ་མཚུངས་བཞིན་རས་དང་སྐྲ་དབྱིབས་སོགས་ཚུད་པའི་ལུས་ཀྱི་གོང་འོག་བར་གསུམ་ཆ་མཚུངས་ཤིང་བབ་ཆགས་ཡིད་འོང་གི་རྣམ་པ་ཞིག་བཟོ་རྒྱུ་དེ་གལ་ཆེན་ཡིན།  དེ་ཡང་ཞབས་ཞུ་མ་ལྟ་བུ་ལ་མཚོན་ན་དབུ་སྐྲ་གཙང་ཞིང་ཟང་ཟིང་མེད་པ།  སྐྲ་དབྱིབས་ཀྱང་དུས་རབས་ཀྱི་འགྲོས་དང་འཚམས་པའམ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མཛེས་བཟོ་དང་།  ཞལ་རས་ཀྱི་བྱུག་རྩི་དང་།  སྨིན་མ་མཛེས་པར་བཅོས་པ།  མཆུ་ལ་སྐག་དམར་བྱུག་པ་སོགས་དེང་སང་སྤྱི་ཚོགས་ཀྱི་གོམས་སྲོལ་ལྟར་རང་ཉིད་ཀྱི་ངོ་མདོག་དང་འཚམས་ཤིང་ཤིན་ཏུ་ཧར་ཆེ་བ་རང་གི་ཤ་མདོག་དང་མི་མཚུངས་པ་དང་།  ཡང་ནག་ནོག་ཅན་དང་དྲི་མ་ཅན་སོགས་སྐྱོན་ཅན་མ་ཡིན་པར་ཡིད་འོང་སྤམ་པོ་ཞིག་ཡོང་བ་བཟོ་དགོས།

གསུམ།  ཆེད་ལས་ཞབས་ཞུ་པའི་གྱོན་གོས།

བཟོ་ལྟ་ནི་མིའི་ཕྱི་ཚུལ་གྱི་རྣམ་པ་ཞིག་ཡིན་ཞིང་དེ་ནི་གཙོ་བོ་གྱོན་ཆས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཡིན་དུས་ན་གྱོན་གོས་གཙང་ཞིང་གྲལ་འགྲིག་པོ་ཞིག་ཡོང་བ་ནི་ཤིན་ཏུ་གལ་ཆེན་ཡིན།  ཆེད་ལས་ཀྱི་གྱོན་གོས་གྲལ་འགྲིག་མཛེས་ཤིང་ཡིད་དུ་འོང་བ་ཞིག་བྱུང་ན་སྐུ་མགྲོན་ལ་བག་ཆགས་ཟབ་མོ་འཇོག་ཐུབ།  བཟའ་བཏུང་ཁང་གི་ཞབས་ཞུ་པ་ལས་གནས་སུ་སྐྱོད་སྐབས་ངེས་པར་དུ་ཟ་ཁང་གི་གཏན་འབེབས་ལྟར་ཆེད་ལས་ཀྱི་གྱོན་གོས་གོན་དགོས།  དེ་ཡང་ཟ་ཁང་སོ་སོའི་འདོད་མོས་ལྟར་གཏན་ཁེལ་བྱུང་བའི་ཆེད་ལས་ཀྱི་གྱོན་གོས།  བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཆས་གོས་མི་འདྲ་བ་སྣ་ཚོགས་ཡོད་པ་དང་།  ཡང་ན་དེང་སང་དུས་རབས་ཀྱི་ཞབས་ཞུ་པའི་ཆེད་གོས་ནུབ་ལུགས་གྱོན་པ་ལྟ་བུ་ལ་མཚོན་ན་འོག་འཇུའི་སྣེ་མོ་སྨད་གོས་ནང་དུ་འཇོག་དགོས་པར་མ་ཟད་མཐེབ་སྒྲོག་ཡག་པོ་རྒྱག་དགོས་ལ།  ཚོན་མདོག་རྣམ་པར་བཀྲ་བའི་གོང་འདྲེན་དང་གོང་མདུད་རྣམས་མཛེས་སྤྱོད་ཀྱི་དགོས་མཁོ་ལྟར་འོས་ཤིང་འཚམས་པ།  བཅོས་མ་དང་སྒྲིག་ལམ་གྱིས་གཙེར་བའི་རྣམ་པ་མ་ཡིན་པར་རང་བཞིན་ལྷན་སྐྱེས་ཀྱི་གསོན་ཉམས་ལྡན་པ་ཞིག་དགོས།  དེ་ལྟར་བྱུང་ཡོད་མེད་སོ་སོས་མེ་ལོང་ནང་དུ་ལྟ་བའམ་ཡང་ན་ཞབས་ཞུ་པ་ཕན་ཚུན་ལས་ཞིབ་བཤེར་བྱེད་དེ་ལས་གནས་སུ་ཐོན་དགོས།  གྱོན་གོས་གཟབ་འཕྱོར་དང་རྒྱན་ཆ་འདྲ་མིན་འདོགས་མི་ཉན།  རས་ལྷམ་ནམ་རྐོ་ལྷམ་རྐང་པ་ཐུང་ངུ་གྱོན་ནས་བབ་ཆགས་ཞིང་སྤམ་པོ་ཞིག་བྱེད་དགོས་ལ།  ཟས་སྙིགས་དང་ཆུ་སྙིགས་ཀྱིས་འགོས་ཟོས་མི་ཡོང་བ་བྱེད་དགོས།  ཞབས་ཞུ་པ་སྐྱེས་པ་རྣམས་ཀྱིས་ཨ་ར་བཞར་དགོས་པ་དང་།  གཙོ་འགན་ཁུར་མཁན་གྱིས་ནུབ་ལུགས་གྱོན་ཆས་གོན་ནས་ཆེད་ལས་ཀྱི་གསོན་ཉམས་ལྡན་པ་ཞིག་བྱེད་དགོས།

བཞི།  ཆེད་ལས་ཞབས་ཞུ་བའི་རྒྱན་ཆ།   

ཞབས་ཞུ་པས་རྒྱུན་པར་སྐྲ་རྒྱན་དང་།  རྣ་རྒྱན།  མགུལ་རྒྱན།  ལག་གདུབ།  སོར་གདུབ་སོགས་རྒྱན་ཆའི་རིགས་རྣམས་ཆེན་པོ་དང་མང་པོ་མི་འདོགས་པར་སྟབས་བདེ་ཞིང་བབ་ཆགས་པ་ཆུང་ངུ་ཞིག་འདོགས་ཏེ།   ཞབས་ཞུའི་ལས་ཀའི་བརྒྱུད་རིམ་ནང་གཙང་སྦྲ་དང་ལུས་ཀྱི་འགུལ་སྤྱོད་ལ་གནོད་པ་མེད་ཅིང་།  གྱོན་གོས་ལུས་དང་འཚམས་པ།  རྒྱན་ཆ་གོས་དང་འཚམས་པར་མགོ་ལུས་བར་གསུམ་གྱི་རྣམ་པ་ཡིད་དུ་འོང་བ་ཞིག་བྱེད་དགོས།

ལྔ།  ཆེད་ཞབས་པའི་མཛེས་ཉམས་དང་བཟང་སྤྱོད་ཀྱིས་སྐུ་མགྲོན་ལ་བབ་ཆགས་བཟང་པོ་འཇོག་པ།

ཞབས་ཞུ་པའི་གཙང་སྦྲ་རྒྱན་གོས་དང་བཅས་པ་ཕྱིའི་རྣམ་པ་མཛེས་ཤིང་བབ་ཆགས་པ།  ཡིད་དུ་འོང་ཞིང་ཡ་རབས་ཚུལ་ལྡན་གྱི་རྣམ་འགྱུར་མངོན་ཞིང་།  གུས་སྲོལ་ཤེས་རིག་ལ་བྱང་ཆུབ་ཅིང་ཞབས་ཞུའི་ལས་ཀ་ལ་སྤྲོ་སེམས་ཆེ་བ།  ལྷག་བསམ་ལྷད་མེད་ཀྱིས་ཞབས་ཞུ་སྒྲུབ་པའི་བརྒྱུད་རིམ་ནང་།  སྐུ་མགྲོན་རྣམས་ལ་མཛའ་བརྩེ་དང་བློས་འགེལ་ཆོག་པའི་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་པ་བྱེད་དགོས།

ལེའུ་གསུམ་པ།  ཞབས་ཞུ་ལས་རིགས་པས་ཆེད་ལས་ལ་འཛིན་པའི་འདུ་ཤེས།

གཅིག  ཆེད་ལས་ཞབས་ཞུའི་ལས་རིགས་ལ་སྤྲོ་སེམས་ལྡན་པ། 

ལས་ཀ་གང་ལ་ཡང་སྤྲོ་བ་མེད་ན་ལེགས་གྲུབ་མི་ཡོང་བ་མ་ཟད།  རང་གི་སེམས་ལ་ཡང་དཀའ་སྣང་གི་ཚོར་བ་ཤུགས་ཆེན་འབྱུང་སྲིད། དེས་ན་ཐོག་མར་ཟ་ཁང་ཞབས་ཞུའི་ལས་གཉེར་པ་ཞིག་གི་ངོས་ནས་རང་ཉིད་ཀྱི་ཆེད་ལས་ལ་སྤྲོ་སྣང་ཆགས་ཐུབ་པ་ཞིག་ཤིན་ཏུ་གལ་ཆེ།  དེ་ཡང་གནའ་བོ་བོད་ཀྱི་སྤྱི་ཚོགས་ནང་དུ་མགྲོན་པོ་སྣེ་ལེན་བྱེད་པ་ལ་ཧ་ཅང་གལ་ཆེན་བརྩི་སྲོལ་ཡོད།  ཁ་རྒྱུན་དུ་ཡང་མགྲོན་ཟས་རང་ཟས་ལ་མ་བསྒྱུར་ཞེས་ཟ་མ་ཡག་ཤོས་དེ་རང་གིས་ཀྱང་མི་ཟ་བར་མགྲོན་པོ་ལ་སྟེར་བའི་ལུགས་སྲོལ་ཡོད་པ་དེ་ཉེ་ཆར་ཡང་ལུང་པ་ཁུག་ཀྱོག་དག་ཏུ་ད་དུང་བསྡད་ཡོད་རེད།  ད་དུང་གནའ་མི་བགྲེས་སོང་རྣམས་ཀྱི་བསམ་བློའི་ནང་།  ཐག་རིང་གི་མགྲོན་པོ།  ཡུན་རིང་གི་ནད་པ།  ཉམ་ཐག་གི་དབུལ་ཕོངས་རྣམས་ལ་བཟའ་བཏུང་གི་ཕན་འདོགས་ཐུབ་ན་མི་ཚེའི་ནང་ལ་ཆེས་རིན་ཐང་ལྡན་པའི་བྱ་བ་ཞིག་གྲུབ་པར་རྩི་བཞིན་ཡོད།  མགྲོན་པོ་ཕར་འགྲོ་ཚུར་ཡོང་གི་དུས་སུ་ངོས་ཤེས་མིན་གང་ལྟར་ཉི་མའི་གུང་དུ་སླེབས་པ་ན།  བོད་ཡུལ་གྱི་ས་ཆ་ཕལ་ཆེ་བ་ནས་རིན་མེད་ཀྱི་གུང་ཟས་བཀྲ་ཤིས་གུས་སྲོལ་དང་བཅས་པར་རོལ་ཐུབ་ཀྱི་ཡོད།  ཟ་མའི་རྒྱུ་ཆ་ཡང་ཁྱིམ་ཚང་དེའི་ནང་གི་བཟང་ཤོས་དེ་ཐོབ་ཀྱི་ཡོད།  གནའ་སྲོལ་ལ་ཟས་ཕུད་དཀོན་མཆོག་ལ་ཕུལ་རྗེས་ཀྱི་ཟས་དང་པོ་དེ་མགྲོན་པོ་ལ་འབུལ་པའི་གོམས་སྲོལ་ཞིག་ཆགས་ཡོད་པ་དེ་ནི་སྤྱི་ཚོགས་དང་མི་ཚེའི་རིན་ཐང་གི་ལྟ་ཚུལ་ཞིག་ཡིན་པ་ལས་ཁོང་ཚོ་ལྐུགས་དྲགས་པ་ཞིག་གཏན་ནས་མ་རེད།  དེ་ལྟ་བུ་སྒེར་སེམས་ཆུང་ཞིང་སྤྱི་སེམས་ཆེ་བ།  ལྷག་བསམ་རྣམ་དག་གི་སྒོ་ནས་རང་ལས་གཞན་སྐྱེས་ཀྱི་འདུ་ཤེས་ལྡན་པའི་སྤྱི་ཚོགས་ནང་དུ་ཆུ་ཕོར་པ་གང་ལ་ཡང་འཚོ་བཅུད་དང་ལྡན་པ་ཞིག་ཆགས་ཀྱི་ཡོད་རེད།  ང་ཚོ་ཡང་མེས་པོ་དེ་ཚོའི་རྒྱུད་པ་འཁྲུལ་མེད་ཡིན་རུང་།  ད་ལྟར་སྤྱི་ཚོགས་ཀྱི་འགྱུར་བ་དང་རིན་ཐང་ལྟ་བའི་ཤེས་རབ་ཉམས་པའི་རྐྱེན་གྱིས་ལྷག་བསམ་དང་།  སྤོབས་སེམས།  ལེགས་ཉེས་དཔྱོད་པའི་རྣམ་དཔྱོད་སོགས་འགྲིབ་སྟེ་སྒེར་སེམས་ཁོ་ན་ལས་རྒྱང་རིང་གི་དམིགས་འབེན་དང་།  སྤྱི་ཚོགས་ལ་འགན་ཁུར་གྱི་འདུ་ཤེས་གང་ཡང་མེད་པ་ཞིག་ཆགས་རྒྱུའི་ཉེན་ཁ་ལྷག་བསྡད་ཡོད་པ་ཞིག་རེད།  རྒྱུ་མཚན་དེས་ན་ང་ཚོའི་སྤྱི་ཚོགས་འདི་སྤྲོ་སྐྱིད་ལྡན་པ་ཞིག་ཡོང་བར་འབད་བརྩོན་བྱེད་པའི་སྔོན་ཐོན་གྱི་ཞབས་ཞུ་པ་ཞིག་བྱེད་དགོས་ལ།  དེ་ཡང་བར་མ་ཆད་པར་སློབ་སྦྱོང་དང་ཉམས་མྱོང་གསག་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེན་ཡིན།  ལྷག་པར་དུ་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཏེ་བསླབ་བྱ་ལེན་པ་དང་།  མ་འོངས་པར་ཁ་ཕྱོགས་ཏེ་སྤྱི་ཚོགས་དང་།  དཔལ་འབྱོར།  རིག་གནས་སོགས་དུས་རབས་ཀྱི་འགྱུར་བ་དང་བསྟུན་པའི་ཤེས་བྱ་ལ་རྒྱུས་ལོན་བྱེད་དེ་གནའ་སྲོལ་གོམས་གཤིས་བཟང་པོའི་ལེགས་ཆ་དང་། དེང་རབས་འཕེལ་རྒྱས་ཀྱི་ཉམས་མྱོང་ཟུང་དུ་འབྲེལ་ཏེ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་དང་།  རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་དུ་འགྱུར་བར་ཕན་ཐོགས་ཡོད་པའི་ཤེས་རིགས་ཁྱབ་རྒྱ་ཆེ་བ་གང་མང་འཚོལ་བསྡུའི་ཐོག  ཞབས་ཞུ་པའི་ཆེད་ལས་རང་བཞིན་གྱི་ཤེས་བྱ་མང་པོ་ཁོང་དུ་ཆུད་པར་བྱེད་དེ་ཉིན་རེ་བཞིན་ཡར་རྒྱས་ཡོང་བའི་བརྩོན་སེམས་ཡོད་དགོས།  ཆེད་ལས་ལ་ཡིད་ཆེས་དང་སྤོབས་སེམས་ཀྱིས་ཁེངས་ཤིང་ལུས་ལ་གསོན་ཤུགས་ལྡན་པའི་སྔོན་ཐོན་ཞབས་ཞུ་པ་ཞིག་བྱེད་དགོས།

གཉིས།  གུས་སྲོལ་རིག་གནས་ལ་གལ་ཆེའི་འདུ་ཤེས།

དེ་ཡང་འགྲོ་བ་མི་ལ་མཚོན་ན་སྤྱིར་བཏང་གུས་སྲོལ་གྱི་འདུ་ཤེས་ཙམ་ནི་གནའ་བོ་རྡོ་ཆས་གསར་མའི་དུས་ཙམ་ནས་བྱུང་ཡོད་པ་དང་།   བོད་ལ་མཚོན་ན་ཡང་དེ་མཚུངས་སུ་བྱུང་བ་ཆབ་མདོ་ཁ་རོའི་གནའ་རྫས་དག་ལས་ཤེས་ཐུབ།  དེ་ནས་རིམ་གྱིས་མདོ་དབུས་མཐོ་སྒང་གི་ས་ཆ་འདིར་བོད་ཀྱི་མངའ་མཛད་དང་།  ཞང་ཞུང་རྒྱལ་རབས།  རྒྱལ་ཕྲན་སིལ་མ་སོགས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་མཐུན་པར་གོང་འཕེལ་དུ་བཏང་ཡོད་ལ།  ལྷག་པར་དུ་བོད་བཙན་པོའི་རྒྱལ་རབས་རྣམས་ཀྱིས་ཆབ་སྲིད་དཔལ་འབྱོར་དམག་དོན་སོགས་སྤྱི་ཚོགས་འཕེལ་རྒྱས་དང་རྒྱ་བསྐྱེད་གནང་བའི་བརྒྱུད་རིམ་ནང་གུས་སྲོལ་ཤེས་རིག་ལ་གདེང་འཇོག་རྒྱ་ཆེན་གནང་ཡོད།  དེ་ནས་བཟུང་ཉམས་གུད་དུ་ཕྱིན་པས་ད་ལྟའི་ཆར་རྒྱུན་ཙམ་ཞིག་ཡོད་ཀྱང་སྤྱི་ཚོགས་ཐོག་དངོས་སུ་བེད་སྤྱོད་ཇེ་ཉུང་དུ་འགྲོ་བཞིན་ཡོད།  ད་ལྟ་དུས་རབས་ཉེར་གཅིག་པ་འཛམ་གླིང་ཡོངས་ཀྱིས་ཆབ་དཔལ་རིག་གསུམ་སྤེལ་རེས་ཤུགས་ཆེན་བྱེད་པའི་དུས་རབས་འདིར།  རང་ཅག་བོད་ཀྱི་གུས་སྲོལ་རིག་གནས་ཀྱང་དུས་རབས་དང་འཚམས་པར་བཀོལ་སྤྱོད་བྱ་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེའི་རང་བཞིན་དུ་གྱུར་ཡོད།  དེས་ན་མིག་ལམ་དུ་མཐོང་བ་དང་རྣ་ལམ་དུ་ཐོས་རྒྱུ་ཡོད་པ་ནི་ལུས་ངག་གཉིས་ཀྱི་གུས་ལུགས་ནས་མངོན་ཆེ་ན་ཡང་།  དོན་དུ་ཡིད་སེམས་གཏིང་ནས་དཀར་བའི་གུས་ལུགས་ནི་མེད་ཐབས་མེད་པར་གྱུར་ཡོད།  དེ་བས་ན་སེམས་ཀྱི་གཏིང་ནས་བརྩེ་བའི་འདུན་པ་སྔོན་དུ་འགྲོ་བའི་རྨངས་གཞིའི་ཐོག  ལུས་ངག་གཉིས་ཀྱི་གུས་ལུགས་ཀྱི་སྤྱོད་པ་མངོན་ཐུབ་པ་ཞིག་བྱུང་བ་ཡིན་ན།  བཅོས་མ་མ་ཡིན་པར་རང་བཞིན་གཤིས་ཀྱིས་གུས་པའི་འཛུམ་མདངས་ཤིག་མངོན་ཐུབ།  དེ་ཕྱིར་ང་ཚོས་ངེས་པར་དུ་ཕྱི་ཚུལ་བཅོས་མའི་གུས་སྲོལ་ཙམ་མ་ཡིན་པར་སེམས་པ་གཏིང་ནས་དཀར་བའི་འཛུམ་མདངས་ཞིག་གིས་སྐུ་མགྲོན་རྣམས་སྣེ་ལེན་བཟོ་ཐུབ་པར་འབད་བརྩོན་བྱེད་དགོས།

གསུམ།  བར་མ་ཆད་པར་མདུན་སྐྱོད་ཀྱི་བརྩོན་སེམས་ལྡན་པ།

ཞབས་ཞུའི་ལས་རིགས་རྣམས་ལ་ངེས་པར་ཡོད་དགོས་པ་ནི་སེམས་ཁམས་ཀྱི་གྲ་སྒྲིག་ཡིན།  ཞབས་ཞུའི་ཡུལ་དུ་གྱུར་པའི་མགྲོན་པོ་རྣམས་ཀྱི་རིག་གནས་ཀྱི་ཆུ་ཚད་དང་།  མི་གཞིའི་སྤུས་ཚད།  ཡུལ་སྲོལ་གོམས་གཤིས་སོགས་མི་འདྲ་བའི་དབང་གིས་སྐུ་མགྲོན་གྱི་རྣམ་འགྱུར་སྣ་ཚོགས་ཡོང་བ་དང་།  ཞལ་ལག་ཐད་ཀྱི་རེ་བ་མི་འདྲ་བ་སྣ་ཚོགས་འདོན་པ་དང་།  ཞབས་ཞུའི་སྒྲུབ་ཕྱོགས་ལ་ཆ་རྐྱེན་སྣ་ཚོགས་འདོན་སྲིད་པའི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས་ཞབས་ཞུའི་ལས་རིགས་ཀྱི་རྩ་དོན་དང་།  གུས་སྲོལ་རིག་གནས་དང་མི་འགལ་བར་སྐབས་དོན་ལ་ཁ་གཏད་གཅོག་པའི་སེམས་ཁམས་ཀྱི་གྲ་སྒྲིག་བརྟན་པོ་ཡོད་དགོས།  གལ་སྲིད་སྔ་ས་ནས་སེམས་ཁམས་ཀྱི་གྲ་སྒྲིག་མེད་པ་དང་།  སྐུ་མགྲོན་སྣ་ཚོགས་ཡོད་སྲིད་པའི་ཆོས་ཉིད་ཁོང་དུ་མ་ཆུད་པར་གློ་བུར་དུ་གནས་ཚུལ་འདྲ་མིན་རེའི་རྒྱུ་རྐྱེན་གྱིས་སྐུ་མགྲོན་ལ་མ་གུས་པའི་རྣམ་འགྱུར་སྟོན་པ་སོགས་འབྱུང་དུ་མི་འཇུག་པའི་གྲ་སྒྲིག་སྔ་ས་ནས་ཡོད་དགོས།  དེས་ན་ནུབ་ཕྱོགས་ཡར་ཐོན་སྤྱི་ཚོགས་ནང་གི་ཞབས་ཞུ་པས་སྐུ་མགྲོན་ལ་དཀོན་མཆོག་དང་མཚུངས་པར་འཛིན་པའི་འདུ་ཤེས་ཡོད་པ་ལྟར་ང་ཚོས་ཀྱང་སྐུ་མགྲོན་གྱི་རྣམ་འགྱུར་བཟང་ངན་ལ་མི་ལྟོས་པར།  ལྷག་བསམ་རྣམ་དག་གི་སྒོ་ནས་ཞབས་ཞུ་སྒྲུབ་ཐུབ་པའི་སེམས་ཁམས་ཀྱི་གྲ་སྒྲིག་བརྟན་པོ་ཡོད་དགོས།  དེ་མཚུངས་སུ་ལས་ཀ་དང་སློབ་སྦྱོང་ཉམས་མྱོང་གསུམ་གཅིག་ཏུ་སྦྲེལ་ཏེ་རང་ཉིད་བར་མ་ཆད་པར་མདུན་སྐྱོད་ཀྱི་བསམ་བློ་ཡོད་པའི་ཐོག  ཉིན་རེ་བཞིན་ཉམས་མྱོང་ཕྱོགས་བསྡོམས་བཟོས་ནས་རང་ཉིད་ལ་ལྟ་སྐུལ་ནན་པོ་བྱེད་དགོས།

ལེའུ་བཞི་པ།  ཆེད་ལས་ཞབས་ཞུ་པའི་ལུས་ཀྱི་རྣམ་འགྱུར།

གཅིག  ཆེད་ལས་ཞབས་ཞུ་པའི་ལངས་སྟངས།

ཞབས་ཞུ་པ་ལངས་པའི་དུས་སུ་རྐང་པ་གཉིས་གཤིབ་སྟེ་རྟིང་པ་ཅུང་རུབ་ཅིང་རྩེ་མོ་ཅུང་ཟད་ཕྱེ་བའི་ཐོག  ལུས་ཀྱི་ལྗིད་ཚད་རྐང་པ་གཉིས་ཀྱི་དབུས་སུ་ཁེལ་བར་བྱས་ཏེ་ལུས་དྲང་པོ་དང་།  ལག་གཉིས་རང་བཞིན་གྱིས་ཟུར་དུ་འཇོག་པའམ་མདུན་ངོས་སུ་གཅིག་ཐོག་གཅིག་འཇོག་པ་གང་བདེར་བྱེད་དེ་ལངས་དགོས།  བཞིན་རས་འཛུམ་གྱིས་ཁེངས་པའི་ངང་སྐུ་མགྲོན་ལ་ཞབས་ཞུའི་རྣམ་འགྱུར་བཟང་པོ་མངོན་ཐུབ་པ་བྱེད་དགོས། 

གཉིས།  ཆེད་ལས་ཞབས་ཞུ་པའི་འགྲོ་སྟངས། 

ཞབས་ཞུ་པ་འགྲོ་བའི་ཚེ་ལུས་ཀྱི་ལྗིད་ཚད་གཙོ་བོ་དེ་མདུན་ངོས་སུ་འཇོག་པ།  གྲོད་པ་ཅུང་ཟད་ནང་དུ་སྐུམ་ནས་མིག་རྒྱང་རིང་ཙམ་ལྟ་བ།  གོམ་སྟབས་ཡངས་ཤིང་རྐྱེན་པ།  ལུས་སྟོད་གཟེངས་བསྟོད་ཅིང་མགོ་བོ་མ་དུད་པ།  མིག་ཟུར་གཉིས་ཀྱིས་གཡས་གཡོན་གྱི་གནས་ཚུལ་མཐོང་ཐུབ་པ་དང་ཞལ་རས་མཛུམ་མདངས་ལྡན་པར་འགྲོ་དགོས།  འགྲོ་ལམ་དུ་སྐུ་མགྲོན་གཙོ་བོར་གྱུར་པའི་འགྲུལ་པར་འཕྲད་པའི་ཚེ་གུས་ཞབས་དང་བཅས་ཏེ་ལམ་གཟུར་བ་སོགས་དྲན་ཤེས་དང་བག་ཡོད་ཀྱིས་ཟིན་ཅིང་། ལྷག་བསམ་རྣམ་དག་གིས་ཞབས་ཞུ་སྒྲུབ་འདོད་པའི་སྤོབས་སེམས་ལྡན་པར་འགྲོ་སྤྱོད་བྱེད་དགོས། 

གསུམ།  ཆེད་ལས་ཞབས་ཞུ་པའི་འདུག་སྟངས།

ཞབས་ཞུ་པ་འདུག་པའི་ཚེ་དེང་སང་འཛམ་གླིང་སྤྱི་འགྲོས་ལྟར་རྐུབ་སྟེགས་སུམ་ཆ་གཉིས་ཙམ་ཟིན་པའི་ཐོག་ཀྲོང་ངེར་སྡོད་ཅིང་།  སྤུས་མོ་གཉིས་གཤིབ་སྟེ་རྐང་མཐིལ་གཉིས་སར་བཙུགས་ཏེ་བར་སྟོང་ཅུང་ཟད་ཡོད་པ།  ལུས་སྟོད་དྲང་ཞིང་ལག་གཉིས་བརླ་སྟེང་འཇོག་སྟེ་མིག་སྐུ་མགྲོན་གྱི་ཕྱོགས་སུ་དྲང་པོར་ལྟ་དགོས།

བཞི།  ཆེད་ལས་ཞབས་ཞུ་པའི་རྣམ་འགྱུར་དང་བཟོ་ལྟ།

དེང་སང་འཛམ་གླིང་ཤར་ནུབ་ཀྱི་རིག་གནས་སྣ་མང་ཅན་དུ་འགྱུར་བཞིན་པའི་བརྒྱུད་རིམ་ནང་།  ཞབས་ཞུ་པའི་གུས་སྲོལ་གྱི་རྣམ་འགྱུར་དང་མཛེས་སྤྱོད་ཀྱི་ལྟ་བ།  ཆེད་ལས་ཀྱི་སྒྲིག་སྲོལ་སོགས་ཧ་ཅང་མང་བ་དང་།  ལྷག་པར་དུ་མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་གུས་སྲོལ་གྱི་རིག་གནས་མི་འདྲ་བ་མང་པོ་ཞིག་ཡོད་ན་ཡང་།  ང་ཚོ་བོད་མི་རིགས་ཀྱི་གུས་སྲོལ་ཞབས་ཞུའི་རིག་གནས་ལ་མཚོན་ན།  བཅོས་མ་མ་ཡིན་པར་ལྷག་བསམ་རྣམ་དག་གིས་སྐུ་མགྲོན་མཐོ་དམན་དྲག་ཞན་མེད་པར་ཞབས་ཞུ་སྒྲུབ་པའི་འདུན་པ་ཡོད་པ།   ཆས་གོས་དང་།  རྒྱན་ཆ།  གུས་ལུགས་གྱི་རྣམ་འགྱུར་སོགས་མཐོ་སྒང་བོད་ཀྱི་ཁྱད་ཆོས་གཙོ་བོར་བྱས་པ་མི་རིགས་གཞན་པའི་གུས་སྲོལ་གྱི་ལེགས་ཆ་ལེན་ཅི་ཐུབ་དང་།  ལྷག་པར་དུ་མི་རིགས་རིག་གནས་མི་གཅིག་པ་རྣམས་ཀྱི་འཛེམ་བྱར་གྱུར་པའི་བྱ་སྤྱོད་རྣམས་སྤངས་ཏེ།  སྐུ་མགྲོན་རྣམ་པར་ཞལ་དྲོ། བཀྲ་ཤིས་པའི་སྒོ་ནས་འདོད་བློ་ཡོངས་སུ་ཚིམ་པའི་ལྷད་མེད་ཀྱི་ཞབས་ཞུ་བཟང་པོ་ཞིག་བཟོ་སྙམ་པའི་ཀུན་སློང་རྣམ་དག་དང་།  བཅོས་མིན་བཞིན་རས་ཀྱི་འཛུམ་མདངས་དང་།  ལུས་ངག་གི་རྣམ་འགྱུར་སོགས་མ་གུས་པ་དང་།  མ་ཤེས་པ།  མི་འདོད་པ་སོགས་སྐུ་མགྲོན་གྱི་མཐོང་ཐོས་ཀྱི་ཡུལ་དུ་བག་ཆགས་ངན་པ་མི་ཡོང་བར།  མཐོང་བའི་ཁོར་ཡུག་དང་ཞབས་ཞུའི་རྣམ་འགྱུར་ཡིད་དུ་འོང་ཞིང་།  ཐོས་པའི་སྐད་ངག་འཇམ་ཞིང་སྙན་པ་བཀྲ་ཤིས་རྟེན་འབྲེལ་དགེ་བའི་རྣམ་འགྱུར་མངོན་ཐུབ་པར་བྱེད་དེ་སྐུ་མགྲོན་རྣམས་ཀྱིས་ཞབས་ཞུ་པ་མཐོང་མ་ཐག་སྔར་འདྲིས་བློས་ཐུབ་ཀྱི་གྲོགས་པོ་དང་འཕྲད་པ་ལྟར།  སེམས་པ་དགའ་ཡལ་ལེ།  སྣང་བ་དྭངས་སེང་ངེ་བ།  ཁོར་ཡུག་དེ་དང་ཞབས་ཞུ་པ་སོགས་ཁ་འབྲལ་ནས་འགྲོ་འདོད་མེད་པའི་སྤྲོ་སྐྱིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཡོང་ཐུབ་པའི་ཀུན་སྤྱོད་རྣམ་དག་ཅིག་ལ་འབད་བརྩོན་བྱེད་དགོས། 

ལྔ།  ཆེད་ལས་ཞབས་ཞུ་པའི་བཞིན་རས་ཀྱི་འཛུམ་མདངས།

སེམས་པ་གཏིང་ནས་དཀར་བའི་ཞབས་ཞུ་པའི་འཛུམ་མདངས་ནི།  རང་ངོ་ནས་འགྲོ་གྲོན་མེད་ཅིང་ཕ་རོལ་པོ་ལ་དགའ་སྤྲོའི་སྣང་བ་ཆེན་པོ་སྟེར་ཐུབ་པའི་གུས་སྲོལ་གྱི་རྣམ་འགྱུར་རིན་ཐང་བླ་ན་མེད་པ་ཞིག་ཡིན།  དེ་ཡང་སེམས་པ་བཟང་ན་ས་དང་ལམ་ཡང་བཟང་། །ཞེས་པ་ལྟར་རང་གཞན་གཉིས་ཀར་བདེ་སྐྱིད་ཅིག་འདོད་ན་ལྷད་མེད་ཀྱི་བསམ་པ་བཟང་པོ་ཞིག་གིས་ཀུན་ནས་བསླངས་པའི་འཛུམ་མདངས་ནི་ཤིན་ཏུ་རིན་ཐང་བྲལ་བ་ཞིག་ཡིན་ན་ཡང་།  ད་ལྟ་སྤྱི་ཚོགས་ཐོག་རིན་ཐང་དང་བེད་སྤྱོད་ཆེ་བའི་བསམ་དཀར་གྱི་ཀུན་སློང་ལ་སློབ་སྦྱོང་བྱེད་པར་གལ་ཆེན་རང་བཞིན་དུ་མི་རྩི་བར་ཕྱི་བཅོས་མའི་འཛུམ་མདངས་སྟོན་ཚུལ།  ཁ་ལ་ཟ་ཐུར་བཅུག་པ་སོགས་སྦྱོང་བརྡར་མང་པོ་བྱས་རུང་།  རང་བྱུང་ལྷན་སྐྱེས་ཀྱི་འཛུམ་མདངས་ནི་ནམ་མཁའི་པད་མོར་འགྱུར་ཏེ་སྐུ་མགྲོན་གྱི་འདོད་བློ་སྐོང་མི་ཐུབ།  དེས་ན་ང་ཚོས་ངེས་པར་དུ་ཡབ་མེས་གོང་མ་དག་གིས་སྐུ་མགྲོན་ལ་བཅངས་པའི་བརྩེ་སེམས་དང་གུས་སྲོལ་རྣམས་སླར་ཡང་དུས་རབས་ཉེར་གཅིག་པར་བསྐྱར་གསོ་བྱེད་དེ།  སྐད་ཡིག་དང་།  གོམས་སྲོལ་སོགས་ཐ་དད་པའི་འཛམ་གླིང་ཤར་ནུབ་ཀྱི་སྐུ་མགྲོན་ཡོངས་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་སྒྲུབ་པའི་སྤོབས་སེམས་ཀྱིས་ཀུན་ནས་སློང་སྟེ་བཅོས་མིན་བསམ་དཀར་གྱི་རང་མདངས་དེ་བཞིན་རས་ཀྱི་ངོས་སུ་མངོན་ཐུབ་པ་ཞིག་ལ་ངེས་པར་དུ་འབད་བརྩོན་བྱེད་དེ།  བཞིན་གྱིས་འཛུམ་མདངས་སྟོན་པ།  གུས་པའི་མིག་གིས་བསུ་བ།  ཞལ་ནས་བཀྲ་ཤིས་པའི་སྨོན་ཚིག་བརྗོད་པ་སྟེ་མདོར་ན་སྒོ་གསུམ་གུས་པས་ཞབས་ཞུ་བྱེད་དགོས། 

དྲུག  ཆེད་ལས་ཞབས་ཞུ་པའི་ལག་བརྡ་སྟོན་སྟངས།

ཞབས་ཞུ་པའི་ལག་བརྡ་སྟོན་སྟངས་ལ་རིག་གནས་དང་གོམས་སྲོལ་མི་གཅིག་པའི་དབང་གིས་མི་འདྲ་བ་སྣ་ཚོགས་ཡོད་རུང་།  ང་ཚོ་མཐོ་སྒང་བོད་ཀྱི་ཡུལ་སྲོལ་ལ་མཛུབ་མོ་ཀེར་ཏེ་སྟོན་པ་མ་ཡིན་པར་ལག་པ་གཉིས་ཆར་བཀན་ཏེ་འཛུབ་རྩེ་རྣམས་གཡས་སུ་ཕྱོགས་པའི་ཐོག་ནས་བརྡ་སྟོན་པའམ་ཡང་ན་མཐེབ་ཆེན་བཀན་ནས་བརྡ་སྟོན་པ་སོགས་སྟབས་གང་བདེའི་སྒོ་ནས་སྐུ་མགྲོན་གྱི་ཐུགས་ལ་མ་གུས་པའི་ཚོར་སྣང་མེད་པར་འབད་བརྩོན་བྱེད་དགོས། 

ལེའུ་ལྔ་པ།  ཆེད་ལས་བཟའ་བཏུང་ཞབས་ཞུ་པའི་སྐད་ཀྱི་གུས་སྲོལ།

གཅིག  ཆེད་ལས་ཞབས་ཞུ་པའི་གུས་སྲོལ་གྱི་ཐ་སྙད།

ཞབས་ཞུ་པས་ངེས་པར་དུ་གུས་སྲོལ་གྱི་ཐ་སྙད་བེད་སྤྱོད་ཡག་པོ་ཤེས་དགོས་ལ།  དེ་ཡང་བོད་ཡུལ་དབུས་ཀྱི་སྐད་གཙོ་བོར་བྱས་པའི་ཞེ་སའི་ཐ་སྙད་རྣམས་བཀོལ་སྤྱོད་ཤེས་པར་བྱེད་དགོས།  ལྷག་པར་དུ་སྐད་དང་གོམས་སྲོལ་མི་གཅིག་པའི་སྐུ་མགྲོན་མང་པོ་ཞིག་ལ་ཞབས་ཞུ་སྒྲུབ་པའི་སྐབས་སུ།  ད་ལྟར་རྒྱུག་ཆེ་བའི་རྒྱ་སྐད་དང་དབྱིན་སྐད་ཀྱི་རྒྱུན་སྤྱོད་གུས་སྲོལ་ཐ་སྙད་ལ་བྱང་ཆུབ་པའི་ཐོག  ནམ་རྒྱུན་ཞབས་ཞུ་བྱ་བའི་བརྒྱུད་རིམ་ནང་རྒྱུགས་ཆེ་བའི་གུས་ལུགས་ཀྱི་སྐད་ཆ་བྱང་ཆུབ་པ་ལབ་སྟེ།  སྐུ་མགྲོན་ཚོ་ལ་ཡ་རབས་ཚུལ་ལྡན་གྱི་སྒོ་ནས་མཛའ་ཞིང་བརྩེ་བའི་ཚོར་བ་ཟབ་མོ་ཞིག་སྦྱིན་དགོས།  སྐད་ཆ་ཤོད་སྟངས་ཐད་ཚད་གཞི་ངེས་ཅན་ཞིག་གི་ཐོག་སྐུ་མགྲོན་ཚོའི་སེམས་ཁམས་ལ་ཤུགས་རྐྱེན་བཟོ་གི་ཡོད།  སྐུ་མགྲོན་རྣམས་ཟ་ཁང་ནང་དུ་ཕེབས་སྐབས་ཞབས་ཞུ་པའི་ལྷག་བསམ་དང་སེམས་རྩ་འཁོལ་པོས་བཞིན་ལ་འཛུམ་གྱིས་ཁེངས་པའི་སྒོ་ནས་འཚམས་འདྲི་ཞུ་ནས། སྒོར་འཛུལ་མ་ཐག་རང་ཁྱིམ་ལ་སླེབས་པ་ལྟ་བུའི་སྤྲོ་སྐྱིད་ལྡན་པའི་བག་ཆགས་ཟབ་མོ་འཇོག་ཐུབ་པ་བྱེད་དགོས།  དེང་སང་དུས་རབས་ཉེར་གཅིག་པ་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བའི་བརྒྱུད་རིམ་ནང་མི་རྣམས་ཕལ་ཆེ་བ་ལས་བྲེལ་སོགས་དཀའ་དུབ་ཀྱི་ངང་ནས་བཟའ་བཏུང་ཁང་དུ་སླེབས་པ་མང་བས་ང་ཚོས་ངེས་པར་དུ་ཤེས་རབ་བེད་སྤྱད་དེ།  སྐུ་མགྲོན་ཚོའི་དགོས་མཁོ་དང་མཐུན་པར་ལྷག་བསམ་ལྷད་མེད་ཀྱིས་ཞབས་ཞུ་བྱས་ནས་ཁོང་ཚོའི་ལུས་སེམས་སྟེང་གི་ངལ་དུབ་རྣམས་ཁུར་པོ་ཕོག་པ་ནང་བཞིན་མེད་པར་གཏོང་བ་དང་།  སླར་ཡང་ལུས་སེམས་གཉིས་ལ་སྤོབས་པ་དང་གཟི་བརྗིད།  ཡ་རབས་དང་དྲང་བདེན།  བྱམས་པ་དང་བརྩེ་བའི་དཔལ་ཡོན་གསར་པ་ཞིག་ཁ་སྣོན་ཐུབ་པ་ལ་འབད་དགོས།  

གཉིས།  ཆེད་ལས་ཞབས་ཞུ་པའི་སྐད་ཀྱི་སྒྲ་གདངས།  

ཞབས་ཞུ་པའི་སྐད་ཀྱི་སྒྲ་གདངས་ཡང་ཆུང་ཆེ་བས་མི་གོ་བ་དང་།  སྒྲ་གདངས་ཧ་ཅང་ཤུགས་ཆེ་བས་རྣ་ལམ་དུ་མི་འཇེབས་པ།  ཚིག་ལྡབ་ལྡིབ་སྨྲ་བས་མི་གསལ་བ་དང་།  སྒྲ་གདངས་རྩུབ་པ་སོགས་མི་སྙན་པའི་སྐྱོན་རྣམས་རྣམས་སྤོང་སྟེ་གཏམ་བཤད་སྐད་ཀྱི་སྒྲ་གདངས་འཇམ་ཞིང་གསལ་བ།  ཚིག་སྒྲོས་གཙང་ཞིང་སྙན་འཇེབས་ཀྱི་དབྱངས་དང་ལྡན་པ་ཞིག་ཏུ་ཡོང་བར་འབད་དགོས།

གསུམ།  ཆེད་ལས་ཞབས་ཞུ་པའི་ཚིག་སྦྱོར་གྱི་ནུས་པ།

ཐོག་མར་སྐུ་མགྲོན་ཟ་ཁང་ནང་དུ་ཕེབས་སྐབས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་།  སྐུ་མགྲོན་གྱིས་ཞབས་ཞུའི་ལས་ཀ་མངགས་བཅོལ་བྱས་པར་ཐུགས་རྗེ་ཆེ་ཞུ་བ།  བྱ་བ་ཕྲན་ཚེགས་ལ་ནོར་འཁྲུལ་བྱུང་ཚེ་ལམ་སང་དགོངས་པ་མ་འཚོམ་ཞེས་རྗོད་པ།  སྐུ་མགྲོན་གྱིས་ཞལ་ལག་མཆོད་སྐབས་སྟབས་བདེ་མིན་མཐོང་དུས་ཞབས་ཞུ་གང་དགོས་ཀྱི་བཀའ་འདྲི་ཞུ་བ།  སྐུ་མགྲོན་གྱིས་ཞལ་ལག་མཆོད་ཟིན་ཏེ་ཕེབས་གྲབ་གནང་དུས་སྐུ་ཆས་བཅའ་དངོས་རྣམས་མ་བརྗེད་པར་སྣོམ་ཕེབས་རོགས་ཞེས་བརྗོད་པ།  གུས་པས་ཞབས་ཞུ་གང་ལེགས་མ་བྱུང་པ་ལ་དགོངས་དག་ཐུགས་གཏད་ཅེས་ཞུ་བ།  སྐུ་མགྲོན་ཟ་ཁང་ནས་ཞལ་གྱེས་སྐབས་ཞལ་དྲོ་བཀྲ་ཤིས།  ཚེ་རིང་ནད་མེད།   ཐུགས་བཞེད་ལྷུན་གྱིས་འགྲུབ།  སྐུ་གཟུགས་ལ་ཐུགས་བཅགས་གནང་།  ག་ལེར་ཕེབས་ཞེས་པ་སོགས་སྐུ་མགྲོན་ཐུགས་སེམས་སྤྲོ་བའི་གུས་ཚིག་མང་པོས་ཞབས་ཞུ་སྒྲུབ་དགོས།

ལེའུ་དྲུག་པ།  ཆེད་ལས་ཞབས་ཞུ་པའི་བཟའ་བཏུང་ཤིང་སྒྲོམ་འཁྱེར་སྟངས།

གཅིག  ཟས་རིགས་འཁྱེར་རྒྱུའི་དབྱེ་བ།

ཤིང་སྒྲོམ་ནི་ཟ་ཁང་གི་ཞབས་ཞུ་པས་ཞལ་ལག་འགྱོག་སྐབས་ཀྱི་རྒྱུན་སྤྱོད་ལག་ཆ་ཞིག་ཡིན།  ཞལ་ལག་སྣ་ཚོགས་སྡེར་མའི་ནང་བླུགས་པ་དེ་དག་ཤིང་སྒྲོམ་སྟེང་བསྒྲིགས་ནས་ཐབ་ཚང་ནང་ནས་སྐུ་མགྲོན་བཞུགས་སར་འཁྱེར་ཏེ་ཞབས་ཞུ་བྱེད་པ་ཞིག་ཡིན།  ཤིང་སྒྲོམ་གྱི་བཟོ་དབྱིབས་ལ་གོར་གོར་དང་གྲུ་བཞིའམ་ཅུང་ནར་མོའི་དབྱིབས་བཅས་སུ་ཡོད།  ཞབས་ཞུ་པས་ཤིང་སྒྲོམ་སྟེང་གསོལ་སྡེར་འཇོག་སྟེ་འཁྱེར་ན་གཙང་སྦྲ་ལ་ཕན་ཐོགས་ཆེན་པོ་ཡོད།

དེ་ཡང་བཅའ་དངོས་མང་ཉུང་ལ་བལྟོས་ཏེ་འཁྱེར་སྟངས་རིགས་གཉིས་ཡོད།  དང་པོ་ནི་དངོས་རིགས་ཆེ་གྲས་སམ་མང་པོ་ཤིང་སྒྲོམ་སྟེང་དུ་བཞག་ནས་ཕྲག་སྟེང་དུ་དབོར་བ་དང་།  གཉིས་པ་ནི་དངོས་རིགས་ཆུང་གྲས་ཤིང་སྒྲོམ་སྟེང་དུ་བཞག་སྟེ་མདུན་ཐད་དྲང་པོར་དབོར་བ་གཉིས་ཡིན།  དངོས་ཆས་མང་ཉུང་ལ་གཞིག་སྟེ་ཤིང་སྒྲོམ་ཆེ་ཆུང་འདེམས་ནས་ཤིང་སྒྲོམ་ནང་རྩབ་གདན་འདིང་དགོས།  དེ་ནས་དངོས་རིགས་ཤིང་སྒྲོམ་ནང་འཇོག་སྐབས་གྲལ་འགྲིག་པོའི་སྒོ་ནས།  དངོས་རིགས་ཆེ་གྲས་རྣམས་དཀྱིལ་དུ་འཇོག་པ་དང་ཆུང་གྲས་རྣམས་མཐའ་སྐོར་དུ་སྙོམ་པོར་འཇོག་སྟེ་སྒྲིག་སྟངས་ཡག་པོ་མ་བྱས་ཚེ་ཕྱིར་ལྷུང་བ་དང་འཐོར་བ་སོགས་ཀྱི་ཉེན་ཁ་ཡོད་པས་ཞིབ་ཚགས་ཀྱིས་རིག་པ་སྒྲིམ་སྟེ་དབོར་དགོས་པ་ལས།  དངོས་རིགས་དེ་དག་ལ་གོ་རིམ་མེད་པར་ཟང་ཟིང་དུ་གཞག་རྒྱུ་མེད།  གོར་དབྱིབས་ཀྱི་ཤིང་སྒྲོམ་ནང་དུ་དབོར་རྒྱུའི་དངོས་རིགས་རྣམས་ཀྱང་གོར་དབྱིབས་ཡིན་དགོས་པར་མ་ཟད་སྔོན་ལ་བེད་སྤྱོད་གཏང་རྒྱུ་རྣམས་མདུན་དུ་འཇོག་པ་དང་།  རྗེས་ལ་བེད་སྤྱོད་གཏང་རྒྱུ་རྣམས་རྒྱབ་ཏུ་འཇོག་པ་སོགས་ཞིབ་ཚགས་ཀྱིས་གོ་རིམ་ཡོད་པའི་ངང་དབོར་འདྲེན་བྱེད་དགོས།

ཤིང་སྒྲོམ་ནང་དངོས་རིགས་དབོར་སྐབས་དངོས་རིགས་ཀྱི་མཐོ་ཚད་དང་ལྗིད་ཚད་མ་མཚུངས་ཚེ།  དངོས་རིགས་མཐོ་བ་དང་ལྗིད་པ་རྣམས་དཀྱིལ་དུ་འཇོག་པ་དང་ཆུང་བ་དང་ཡང་བ་རྣམས་མཐའ་རུ་འཇོག་སྟེ་དབོར་དགོས།  དངོས་རིགས་དབོར་སྐབས་ཀྱི་ལྗིད་ཚད་དེ་དཀྱིལ་དུ་འཁེལ་བར་བྱེད་པ་ལས་མཐའ་རུ་འཁེལ་བར་འཇོག་མི་ཉན།  སྒྲིག་སྐབས་དཀྱིལ་མཐོ་བ་དང་མཐའ་དམའ་བར་བྱེད་དེ་སྒྲིག་དགོས།  ལག་གཡོན་པས་ཤིང་སྒྲོམ་འཁྱེར་སྐབས་དཔུང་པ་གཡོན་པ་རང་བཞིན་དུ་འཇོག་པ་དང་།  སྦར་མོ་བགྲད་པའི་མཛུབ་མོ་ལྔ་ཧྲེང་ཧྲེང་བྱེད་དེ་མཐེ་བོང་གོང་ཐིག་གི་དཀྱིལ་དུ་སླེབས་པར་མཛུབ་མོ་བཞི་པོས་ཤིང་སྒྲོམ་འདེགས་དགོས།  ལག་པའི་མཐིལ་དང་ཤིང་སྒྲོམ་གྱི་དཀྱིལ་གཉིས་མ་རེག་པར་ལག་མཐིལ་རང་བཞིན་དུ་ཀོང་ཀོང་ཡོང་བར་བྱེད་དགོས།  ཐོག་མར་ཤིང་སྒྲོམ་འདེགས་སྐབས་ལག་གཡས་པས་ཤིང་སྒྲོམ་གྱི་སྣེ་ནས་ཚུར་འཐེན་པ་དང་།  ལག་གཡོན་པས་ཤིང་སྒྲོམ་གྱི་དཀྱིལ་ནས་ཡར་འདེགས་ཏེ་ལུས་དྲང་པོར་མདུན་དུ་འགྲོ་དགོས།  དངོས་རིགས་ཆུང་ཚག་ཤིང་སྒྲོམ་ནང་དབོར་སྐབས།  གོམ་སྐྱོད་རང་བཞིན་གྱིས་འགྲོ་བ།  མིག་གཉིས་མདུན་དུ་ལྟ་བ།  གོམ་སྟབས་ཡངས་ཤིང་མགྱོགས་པ།  ཤིང་སྒྲོམ་བྲང་དུ་མི་སྦྱོར་བ།  ལག་པས་འཆང་བདེ་བ།  གོམ་འགྲོས་དང་བསྟུན་ནས་རང་བཞིན་གྱིས་སྐྱོད་ཆོག་པར་བྱེད་དགོས།

གཉིས།  ཟས་རིགས་འཁྱེར་ཏེ་གོམ་པ་སྤོ་སྟངས།

རྒྱུན་ལྡན་ཤིང་སྒྲོམ་ནང་དངོས་རིགས་དབོར་ཏེ་སྐུ་མགྲོན་ལ་ཞབས་ཕྱི་ཞུ་སྐབས་ཀྱི་འགྲོ་སྟངས་ནི་གོམ་ཞེང་ཅུང་ཆེ་ཞིང་དལ་བུའི་སྤྱོད་པ་དང་།  ཡང་དངོས་རིགས་ཁ་ཤས་མགྱོགས་པོར་སྐྱེལ་དགོས་བྱུང་ཚེ་རྨང་གཞིའི་གོམ་པ་བརྟན་པོ་ཡོད་པའི་ཐོག་གོམ་འགྲོས་མྱུར་པོ་ཡོང་བའི་ཐབས་ལ་འབད་དགོས།  གོམ་འགྲོས་མགྱོགས་དལ་གང་ཡིན་རུང་སྡེར་མའི་ནང་གི་ཟས་རིགས་ཀྱི་དབྱིབས་ལ་འགྱུར་བ་མི་འགྲོ་བ་དང་།  ཁུ་བའི་རིགས་ཕྱིར་མི་འཕོ་བ་སོགས་བདེ་འཇགས་ཡོང་བར་བྱེད་དགོས།  ཡང་ཁུ་བའི་རིགས་མང་བ་དང་ལྗིད་ཚད་ཆེ་བའི་དངོས་རིགས་དབོར་སྐབས་གོམ་ཞེང་ཆུང་ཞིང་མགྱོགས་པའི་གོམ་འགྲོས་འདི་འཚམས་པོ་ཡོད།  གོམ་ཞེང་ཆུང་ལ་མགྱོགས་པོས་འགྲོ་སྐབས་ལུས་སྟོད་གཡོ་འགུལ་མེད་པ་དང་།  དཔུང་པ་གཡུག་རྒྱུ་ཉུང་དུ་ཕྱིན་ནས་ཤིང་སྒྲོམ་ནང་དབོར་བའི་དངོས་རིགས་མི་འཕྱུར་བ་རྒྱུན་འཁྱོང་བྱེད་ཐུབ།  ཡང་ཤིང་སྒྲོམ་སྟེང་དུ་ཨ་རག་འཁྱེར་ཏེ་སྐུ་མགྲོན་ལ་ལག་གཡས་པས་ཨ་རག་བླུག་སྐབས་ལག་གཡོན་པས་ཤིང་སྒྲོམ་དེ་ཕྱིར་ནུད་ཀྱིས་སྐྱོང་དགོས།  དེ་ལྟར་མ་བྱས་ན་ལག་གཡོན་པའི་ཤིང་སྒྲོམ་དེ་སྐུ་མགྲོན་གྱི་ཕྲག་སྟེང་དུ་ཐུག་པའི་ཉེན་ཁ་ཡོད།  ཤིང་སྒྲོམ་ནང་ཁུ་བ་ཡོད་པའི་དངོས་རིགས་འཁུར་ཡོང་སྐབས་ཤིང་སྒྲོམ་བརྟན་པོ་ཡོང་བར་བྱེད་དགོས་པ་ལས་རྟབ་རྟབ་པོར་བྱ་རྒྱུ་མེད།  ཤིང་སྒྲོམ་ནང་གི་ཁུར་བའི་རིགས་དེ་ལུས་པོའི་སྒུལ་ཕྱོགས་དང་བསྟུན་ནས་གཡོ་འགུལ་བྱེད་ཆོག  འོན་ཀྱང་གཡོ་འགུལ་ཆེ་དྲགས་རྒྱུ་མེད།  ཡང་སྐུ་མགྲོན་མདུན་ནས་དངོས་རིགས་ཆུང་ཚག་རྣམས་བསྡུ་གསོག་བྱེད་སྐབས་དུས་དང་རྣམ་པ་ཀུན་ཏུ་རིག་པ་སྒྲིམ་སྟེ་ཤིང་སྒྲོམ་ནང་ཞིབ་ཚགས་ཀྱིས་སྒྲིག་དགོས་པ་ལས།  གང་བྱུང་བྲེལ་ཚབ་བྱས་ན་ཟས་སྙིགས་རང་གི་ལུས་པོར་འགོ་བ་དང་དངོས་པོ་ཕྱི་རུ་ལྷུང་བ་སོགས་ཀྱི་ཉེན་ཁ་འབྱུང་སྲིད།  དཔེར་ན་སྡེར་མ་སོགས་དངོས་རིགས་ཆེ་གྲས་རྒྱབ་ཏུ་གཞག་རྒྱུ་དང་།  ཐུར་མ་སོགས་ཆུང་གྲས་མདུན་དུ་གཞག་ནས་གྲལ་འགྲིག་པོ་བྱས་ན་བདེ་འཇགས་ལ་ཕན་ཐོགས་ཆེན་པོ་ཡོད་པ་སོགས་དྲན་ཤེས་དང་ལྡན་པའི་ངང་བཅའ་དངོས་དབོར་འདྲེན་བྱེད་དགོས།

གསུམ།  ཟས་རིགས་འཁྱེར་ཏེ་འགྲོ་སྐབས་དོ་སྣང་བྱེད་དགོས་པ།

དངོས་རིགས་ཆེ་གྲས་ཤིང་སྒྲོམ་ནང་དབོར་སྐབས་ལག་གཉིས་ཀྱིས་ཤིང་སྒྲོམ་དེ་ཅོག་ཙེའི་ཟུར་དུ་འཐེན་པ་དང་།  ལག་གཡས་པས་ཤིང་སྒྲོམ་གྱི་ཟུར་ནས་འཇུ་བ་དང་།  ལག་གཡོན་པའི་སྦར་མཐིལ་གྱི་ཁ་གྱེན་དུ་བསྟན་པ།  མཛུབ་མོ་ལྔ་ཧྲེང་ཧྲེང་དུ་བྱེད་དེ་རྐེད་པ་སྒུར་ཙམ་བྱེད། ལག་མཐིལ་ཡོངས་ཀྱིས་ཤིང་སྒྲོམ་གྱི་དཀྱིལ་ནས་འདེགས་དགོས།  ཤིང་སྒྲོམ་གྱི་ལྟེ་བའི་ལྗིད་ཚད་དེ་ངོས་འཛིན་ཐོབ་པ་དང་དེ་རྗེས་ལག་གཡས་པས་ཤིང་སྒྲོམ་འདེགས་རོགས་བྱེད་དགོས།  དེ་ནས་ལག་གཡོན་པས་དལ་མོས་ངང་ཤིང་སྒྲོམ་དེ་ཕྲག་སྟེང་དུ་དཀྱིལ་དགོས། དངོས་རིགས་ཆེ་གྲས་ཤིང་སྒྲོམ་ནང་དབོར་ནས་འགྲོ་སྐབས་བདེ་འཇགས་འགན་ལེན་ཐུབ་ཆེད་ལག་གཡས་པས་ཤིང་སྒྲོམ་གྱི་མདུན་ཟུར་ནས་འཇུ་ནའང་ཆོག་ལ།  རང་བཞིན་དུ་འཇོག་ནའང་ཆོག  དངོས་རིགས་ཆེ་གྲས་ཤིང་སྒྲོམ་ནང་དབོར་ནས་འགྲོ་སྐབས་ཀྱི་རེ་བ་ནི་བརྟན་པོ་དང་སྙོམ་པོ་ཡོང་བ་བྱེད་དགོས།  ཤིང་སྒྲོམ་གྱི་མདུན་ངོས་ཀྱིས་ཞབས་ཞུ་པའི་གདོང་དང་མིག་གཉིས་མ་བསྒྲིབས་པ་དང་རྒྱབ་ངོས་དེ་སྐྲ་ལ་མ་ཐུག་པར་བྱེད་དེ་གཙང་མ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། ཤིང་སྒྲོམ་འཁྱེར་ནས་འགྲོ་བའི་སྐབས་རྒྱུན་ལྡན་ལྟར་རྐང་པའི་མཐིལ་གཉིས་སྲ་བརྟན་ཡོད་པ་དང་།  འགྲོ་སྟང་ཡངས་ཤིང་མགྱོགས་པ།  སེམས་རྩེ་གཅིག་ཏུ་སྒྲིམ་པ་སོགས་ལྷོད་གཡེང་མ་ཤོར་བ་བྱེད་དགོས།

བཞི།  བདེ་འཇགས་འཁྱུགས་པའི་གོམ་འགྲོས།

འདི་ནི་རྒྱུན་སྲོལ་གྱི་གོམ་འགྲོས་ལས་བརྒལ་བར་འགྱུར་ལྡོག་མང་བའི་བདེ་འཇགས་ལ་ཁ་ཕྱོགས་པའི་འགྲོ་སྟངས་ཤིག་ཡིན།  ཤིང་སྒྲོམ་འཁྱེར་ནས་འགྲོ་སྐབས་གལ་ཏེ་གློ་བུར་དུ་བསམ་ཡུལ་ལས་འདས་པའི་འགོག་རྐྱེན་འཕྲད་སྐབས།  བདེ་འཇགས་འཁྱུགས་པའི་གོམ་འགྲོས་བརྒྱབ་ནས་ཉེན་ཁ་ལས་གཡོལ་ཐབས་བྱ་བ་སྟེ།  ཤིང་སྒྲོམ་འཁྱེར་ནས་འགྲོ་བཞིན་པའི་ཚེ་གློ་བུར་དུ་སྐུ་མགྲོན་སོགས་དང་གདོང་ཐུག་བྱུང་བ་ལས་གཡོལ་བའི་འགྲོ་སྟངས་ཀྱིས་བསམ་ཡུལ་ལས་འདས་པའི་འགོག་རྐྱེན་ལས་གཡོལ་ཐབས་བྱེད་དེ་གནས་ཚུལ་མ་ལྷག་པ་བྱེད་ཐུབ་དགོས། 

ལྔ།  ཤིང་སྒྲོམ་འཁྱེར་སྐབས་ཀྱི་གཙང་སྦྲ།

ཤིང་སྒྲོམ་འཁྱེར་སྐབས་དེའི་ནང་གི་བཟའ་བཏུང་རྣམས་རང་ཉིད་ཀྱི་ཁ་སྣ་དང་ཐག་ཉེ་བོ་བྱ་རྒྱུ་མེད་ལ།  ཤིང་སྒྲོམ་ནང་གི་དངོས་རིགས་བྲང་ཁོག་འོག་ཏུ་ཡང་འཁྱེར་མི་ཉན།  ཤིང་སྒྲོམ་ནང་དུ་དངོས་རིགས་ཆེ་གྲས་དབོར་སྐབས་རང་ཉིད་ཀྱི་མགོ་དང་མཇིང་བ་དང་ཐག་ཉེ་བོ་བྱ་རྒྱུ་མེད།  གལ་སྲིད་ཤིང་སྒྲོམ་ཁྱེར་སྐབས་སྐད་ཆ་ཤོད་དགོས་ཚེ་ཤིང་སྒྲོམ་དེ་ལུས་པོའི་གཞོགས་གཡོན་ངོས་ཀྱི་ཕྱོགས་སུ་འཁྱེར་ནས་རང་ཉིད་ཀྱི་གདོང་མདུན་ངོས་སུ་ཕྱོགས་ཏེ་སྐད་ཆ་ཤོད་དགོས་པ་སོགས་མདོར་ན་ཤིང་སྒྲོམ་དབོར་སྐབས་རང་ཕྱོགས་དང་གཞན་ཕྱོགས་ཕྱི་ངོས་དང་ནང་ངོས་གཉིས་ཆར་དུ་གཙང་སྦྲ་ལ་གནོད་པའི་སྐྱོན་ལས་གཡོལ་ཐབས་བྱེད་དགོས།

དྲུག  ཤིང་སྒྲོམ་འཁྱེར་བའི་བདེ་འཇགས།

ཤིང་སྒྲོམ་འཁྱེར་སྐབས་ལག་གཡོན་མས་ཤིང་སྒྲོམ་འཁྱེར་བ་དང་ལག་གཡས་པ་རང་སར་ཀློད་དགོས།  ཤིང་སྒྲོམ་ཡར་འདེགས་སྐབས་དང་མར་འཇོག་སྐབས་སུ་ལག་གཡས་པས་རོགས་བྱེད་པ་ཕུད་རྒྱུན་དུ་ལག་གཡས་པས་རོགས་སྐྱོར་བྱ་རྒྱུ་མེད།  ཤིང་སྒྲོམ་འཁྱེར་སྐབས་མིག་གཉིས་མདུན་ཕྱོགས་སུ་ལྟ་བ་དང་།  ཤིང་སྒྲོམ་ནང་མི་ལྟ་བར་ཤིང་སྒྲོམ་ནང་གི་དངོས་རིགས་དོ་སྙོམ་ཡོང་བར་འགན་ལེན་བྱེད་དགོས།  ཤིང་སྒྲོམ་འཁྱེར་སྟངས་ནི་ཟ་ཁང་གི་ཞབས་ཞུ་པའི་རྨང་གཞིའི་རྩལ་ནུས་ཀྱི་གྲལ་ཞིག་ཡིན་པས་ལས་གནས་ཐོག་ཏུ་མ་བསྐྱོད་གོང་ནས་བྱང་ཆུབ་པར་སྦྱོང་དགོས།  ཤིང་སྒྲོམ་འཁྱེར་སྟངས་སྦྱོང་བརྡར་བྱེད་པའི་གོ་རིམ་ནང་ནས་དང་པོར་དཔུང་ཤུགས་སྦྱོང་བརྡར་བྱེད་དགོས།  ཞབས་ཞུ་པ་དང་ཞབས་ཞུ་མའི་ལུས་པོའི་བྱང་ཚད་མི་འདྲ་ཞིང་དཔུང་ཤུགས་ཀྱང་ཆེ་ཆུང་ཡོད།  དཔུང་ཤུགས་སྦྱོང་བརྡར་བྱེད་སྐབས་སྔོན་ལ་ཚབས་ཆེའི་དངོས་རྫས་བཅོལ་དགོས་པ་དང་།  སྔོན་ལ་ཡང་བ་དང་དེ་ནས་ལྕི་བ་འཁྱེར་དགོས་པ།  སྔོན་ལ་དུས་ཚོད་ཐུང་ཙམ་དང་དེ་ནས་དུས་ཚོད་རིང་དུ་གཏོང་དགོས།  དཔུང་ཤུགས་ཆེ་རུ་སོང་རྗེས་གོམ་པ་གཉིས་པའི་སྦྱོང་བརྡར་བྱེད་ཆོག  དེ་ཡང་དངོས་རིགས་ཆུང་གྲས་ཤིང་སྒྲོམ་ནང་དབོར་བ་དང་ཡང་ན་དངོས་རིགས་ཆེ་གྲས་དབོར་བ་གང་ཡིན་རུང་ཐབས་ཤེས་ལ་བསམ་གཞིག་བྱེད་པ་དང་།  སྦྱོང་བརྡར་བྱེད་ས་དེ་ཁང་པའི་ནང་ངམ་ཟ་ཁང་ནང་དུ་བྱེད་མི་ཆོག  སྔོན་ལ་ཐབས་ཤེས་ཡང་དག་པ་བྱེད་དགོས་པ་དང་དེ་རྗེས་རྒྱུན་མཐུད་བྱེད་དགོས།  ཤིང་སྒྲོམ་འཁྱེར་སྐབས་ཀྱི་གོམ་སྟབས་དང་འཁྱེར་སྟངས་སོགས་ལ་དག་འདོད་བྱེད་དགོས།  ཟ་ཁང་གི་ཞབས་ཞུ་པས་ཡང་འབད་སྐྱར་འབད་ཀྱིས་སྦྱོང་བརྡར་བྱས་ཚེ་དངོས་གཞིའི་ནུས་རྩལ་དེ་ལ་བྱང་ཆུབ་པར་འགྱུར་བས་ན།  རང་ཉིད་ཀྱི་ནུས་པ་ཆེ་རུ་འགྲོ་སྟེ་ཞབས་ཞུའི་ལས་ཀ་ཡག་པོ་ཞིག་བྱེད་ཐུབ་པའི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱེད་དགོས།  ང་ཚོ་བོད་ཡུལ་དུ་ཆེད་ལས་ཞབས་ཞུ་པའི་སྦྱོང་བརྡར་བྱ་བའི་ལུགས་སྲོལ་མེད་པ་འདི་ནི་དངོས་གནས་ཞབས་ཞུའི་ལས་རིགས་ཀྱི་ངོས་ནས་སྟོང་ཆ་ཆེན་པོ་ཞིག་རེད།  དེས་ན་ང་ཚོའི་མ་འོངས་པར་ངེས་པར་དུ་གནའ་བོ་ཡབ་མེས་དག་གི་ལྷག་བསམ་ལྷད་མེད་ཀྱིས་སྐུ་མགྲོན་ལ་འཛིན་པའི་འདུ་ཤེས་དང་།  དེང་རབས་ཡར་ཐོན་ལྡན་པའི་སྤྱི་ཚོགས་ཀྱི་ཉམས་མྱོང་ཟུང་དུ་འབྲེལ་བའི་སྒོ་ནས།  གུས་སྲོལ་རིག་གནས་ཀྱི་གསོན་ཉམས་ལྡན་ཞིང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པའི་ཞབས་ཞུའི་ལམ་ལུགས་ཀྱི་སྦྱོང་བརྡར་སྔོན་དུ་འགྲོ་བའི་སྒོ་ནས་ཞབས་ཞུའི་ལས་རིགས་གཉེར་དགོས།

ལེའུ་བདུན་པ།  ཆེད་ལས་ཞབས་ཞུ་པས་སྐུ་མགྲོན་སྣེ་ལེན་གུས་སྲོལ།

གཅིག  འཚམས་འདྲིའི་ཚིག་གི་གུས་སྲོལ།

སྤྱིར་གུས་ཚིག་གི་རྣམ་གྲངས་མང་ན་ཡང་ད་ལམ་འདིར་ཞབས་ཞུའི་ལས་རིགས་ཀྱི་ཉུང་ངུ་ཙམ་ཞིག་བེད་སྤྱོད་བྱེད་པ་ལ།  ཐོག་མར་བཀྲ་ཤིས་བདེ་ལེགས།  སྐུ་ཁམས་བཟང་།  འདི་ནས་ཕེབས་གནང་རོགས།  བཞུགས་གདན་འཇགས།  གསོལ་ཇ་ག་རེ་མཆོད་གནང་རྒྱུ་ཡིན།  ཞལ་ལག་ག་དུས་མངག་གནང་རྒྱུ་ཡིན་སོགས་དང་།  དེ་ནས་ཚོད་ཐོའི་ནང་དོན་རིམ་བཞིན་ངོ་སྤྲོད་ཞུ་ནས་མགྲོན་པོས་མངགས་གྲུབ་པ་དང་ལྷན་དུ་ཐུགས་རྗེ་ཆེ་ཞེས་བརྗོད་པ་དང་།  ཡང་བཟའ་བཏུང་རྣམས་ཕུལ་གྲུབ་པ་དང་ལྷན་དུ་ཁྱེད་རྣམ་པས་མངགས་གནང་བ་ཚང་མ་འཛོམས་ཚར་བྱུང་ཐུགས་མཉེས་པོའི་ལྷོད་ལྷོད་མཆོད་གནང་རོགས།  ཞབས་ཞུ་གང་དགོས་བཀའ་མངགས་གནང་རོགས་ཞེས་བརྗོད།  དེ་ནས་སྐུ་མགྲོན་གྱིས་ཞལ་ལག་མཆོད་ཟིན་ཏེ་ཕེབས་གྲབ་གནང་དུས་སྐུ་ཆས་བཅའ་དངོས་རྣམས་མ་བརྗེད་པར་སྣོམ་རོགས་ཞེས་དང་།   ཞབས་ཞུ་ཡག་པོ་མ་བྱུང་བ་ལ་དགོངས་དག་ཐུགས་གཏད་ཅེས་ཞུ་བ།  སྐུ་མགྲོན་ཟ་ཁང་ནས་ཞལ་གྱེས་སྐབས་ཞལ་དྲོ་བཀྲ་ཤིས།  ཚེ་རིང་ནད་མེད།  ཐུགས་བཞེད་ལྷུན་གྱིས་འགྲུབ།  སྐུ་གཟུགས་ལ་ཐུགས་བཅགས་གནོངས།  ག་ལེར་ཕེབས་ཞེས་པ་སོགས་སྐུ་མགྲོན་ཐུགས་སེམས་སྤྲོ་བའི་གུས་ཚིག་རྣམས་བཅོས་མ་མ་ཡིན་པར།  འགྲུལ་པ་སོ་སོའི་ཡུལ་སྲོལ་དང་མཐུན་པར་བརྗོད་དེ་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་པར་བྱེད་དགོས། 

གཉིས།  ཞལ་ལག་མཆོད་སའི་བཞུགས་གདན་དང་ཅོག་ཙེ་སོགས་གྲ་སྒྲིག 

ཞབས་ཞུ་པས་སྐུ་མགྲོན་མ་ཕེབས་སྔོན་ནས་བཞུགས་གདན་དང་།  ཅོག་ཙེ།  གཙང་སྡེར།  གཙང་རས།  གཙང་ཤོག  ཇ་ཕོར།  སོ་ཤིང་།  ཟ་ཐུར་སོགས་ཉེར་མཁོའི་ཡོ་ཆས་རྣམས་གཙང་ཞིང་བཀོད་ལེགས་ཡིད་དུ་འོང་བར་གྲ་སྒྲིག་བྱེད་དེ།  སྐུ་མགྲོན་གྱིས་མཐོང་མ་ཐག་ཏུ་སྤྲོ་བ་འཕེལ་ཞིང་ཡིད་ཆེས་རུང་བ་ཞིག་བྱེད་དགོས།

གསུམ།  ཇ་སོགས་སྔོན་འགྲོའི་བཏུང་བ་འབུལ་བ། 

སྐུ་མགྲོན་བཞུགས་གདན་ལ་ཐོག་མར་འཁོད་རྗེས་རིན་མེད་ཀྱི་གསོལ་ཇ་དང་ཆུ་ཁོལ་སོགས་བཏུང་བའི་རིགས་ག་རེ་གྲ་སྒྲིག་ཡོད་ན།  རྒན་གཞོན་གྱི་གོ་རིམ་མམ་གཙོ་ཕལ་གྱི་རིམ་པ་ཡོད་ན་གོ་རིམ་བཞིན་བླུག་སྟེ་ཐོག་མའི་སྣེ་ལེན་ཞུ་ནས་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་པར་བྱེད་དགོས།

བཞི།   བཟའ་བཏུང་གི་ཚོད་ཐོ་འབུལ་ཏེ་སྐུ་མགྲོན་ལ་འདེམ་དུ་འཇུག་པ།

སྐུ་མགྲོན་བཞུགས་གདན་ཐོག་འཁོད་རྗེས་ཚོད་ཐོ་འབུལ་ནས་འདམ་དུ་འཇུག་སྟེ།  བཟའ་བཏུང་ལ་ཆ་རྒྱུས་མེད་པ་རྣམས་ལ་གསལ་བཤད་བཟོ་ནས་རོགས་རམ་བྱེད་དགོས།  སྐུ་མགྲོན་ལ་ཟས་ཀྱི་སྡེར་མ་ཆེ་ཆུང་དང་ཟ་མ་ཕོན་ཆེ་ཆུང་སོགས་ཆ་རྒྱུས་མེད་པའི་རྐྱེན་གྱིས་ཅུང་མངགས་མང་ཆེ་བའི་རྣམ་པ་བྱུང་ན།  མང་ཉུང་གི་ཚད་གསལ་འདེབས་བྱེད་དེ་བཀའ་འདྲི་ཞུ་དགོས།  གལ་ཏེ་དེ་ལྟར་མ་བྱུང་ན་ཟ་མ་མངགས་མང་ཆེ་བའི་རྐྱེན་གྱིས་ཟས་ལྷག་མ་མང་པོ་འབྱུང་ནས་འཕྲོ་བརླག་འཆོར་བའི་ཉེན་ཁ་ལ་སྔོན་ནས་བསམ་གཞིག་བྱེད་དགོས། 

ལྔ།  གཙང་ཕྱིའི་ལག་རས་འགྱེད་པ། 

ཞལ་ལག་མ་མཆོད་གོང་དུ་ཕྱག་ཕྱིའི་ལག་རས་གཙང་མ་འབུལ་ཏེ།  ཕྱག་ལག་གཙང་མར་ཕྱི་རུ་བཅུག་རྗེས་མགྲོན་པོའི་མོས་མཐུན་དང་བསྟུན་ཏེ་ལག་རས་རྣམས་ཕྱིར་སྡུད་དགོས།   གཙང་ཤོག་དང་གཙང་རས་སོགས་དགོས་མཁོ་ཡོད་པའི་དངོས་པོ་རྣམས་མ་ཚང་བ་མེད་པར་གྲ་སྒྲིག་ཡོད་པར་བྱེད་དགོས།

དྲུག  ལོ་ན་ཆུང་བའི་མགྲོན་པོར་སྣེ་ལེན་གུས་ཞུ།

ཕྲུ་གུ་དམར་འབྱར་དང་།  བྱིས་པ་ཆུང་ཆུང་།  ཡང་ན་ལོ་ན་ཆུང་བའི་སྐུ་མགྲོན་རྣམས་ལ་དམིགས་བསལ་གྱིས་འདུག་གདན་གྲ་སྒྲིག་བྱེད་དགོས་པ་དང་།  འདུག་གདན་གཡས་གཡོན་གྱི་བདེ་འཇགས་ལ་དམིགས་གསལ་དོ་སྣང་ཡོད་པར་བྱེད་དགོས།  ལོ་ན་ཆུང་བ་རྣམས་འགུལ་སྐྱོད་ལ་དགའ་བ་མ་ཟད་རང་སྲུང་བདེ་འཇགས་ཀྱི་བསམ་བློ་ན་མ་སྨིན་པ་ཡིན་པས་ཞབས་ཞུ་བའི་མིག་ཟུར་གྱིས་མ་བོར་བ་བྱ་རྒྱུ་ཤིན་ཏུ་གལ་ཆེ།

བདུན།  སྐྱེས་སྐར་གཏོང་བའི་སྐུ་མགྲོན་སྣེ་ལེན་གུས་ཞུ།

འཁྲུངས་སྐར་གསོལ་སྟོན་དང་།  གཉེན་སྒྲིག་གསོལ་སྟོན་སོགས་ཀྱི་ཚེ་བཟའ་བཏུང་ཁང་གིས་ཀྱང་མཛེས་སྤྱོད་ཀྱི་རྒྱན་ཆ་སྒྲིག་གཤོམ་དང་བཀྲ་ཤིས་སྨོན་ཚིག་སྦྱར་བཤམས་སོགས་སྐུ་མགྲོན་གྱི་ཐུགས་

མོས་དང་མཐུན་པར་མཛེས་རྒྱན་སྤྲས་ཏེ་ཡིད་དུ་འོང་བར་བྱེད་པ་དང་།  ཡང་མེ་ཏོག་དང་།  ཕྱེ་མར་འཇོག་པ།  ཆང་འཇོག  བཀྲ་ཤིས་ཞོར་ཟས་འབུལ་བ་སོགས་སྐུ་མགྲོན་གྱི་སེམས་ལ་སྤྲོ་སེམས་འཁོལ་བའི་ཞབས་ཞུ་གང་ལེགས་སྤེལ་དགོས།

ལེའུ་བརྒྱད་པ།  རྒྱུན་གཏན་བཟའ་བཏུང་ཞབས་ཞུའི་གུས་སྲོལ།

གཅིག  ཞལ་ལག་སྐྱེལ་བ།

ཤིང་སྒྲོམ་ནི་ཟ་ཁང་ཞབས་ཞུ་པའི་རྒྱུན་སྤྱོད་ཀྱི་ཡོ་ཆས་ཡག་ཤོས་ངེས་པར་དུ་བེད་སྤྱོད་དགོས་པ་ཞིག་ཡིན།  ཤིང་སྒྲོམ་གྱི་ནུས་པ་ནི་གཙང་སྦྲ་དོད་ལ་སྟབས་བདེ་བ་ཞིག་ཡིན།  ཟ་ཁང་གི་ཞབས་ཞུ་པས་སྐུ་མགྲོན་ལ་བཟའ་བཏུང་འཇོག་སྐབས་གལ་ཏེ་ལག་པས་འཇུས་ཏེ་སྤྲོད་ལེན་བྱས་ཚེ།  མགྲོན་པོ་རྣམས་ཀྱི་ཐུགས་སྣང་ལ་གཙང་སྦྲ་མི་བཟང་བའི་ཚོར་བ་དེ་སེལ་ཐུབ་པར་མ་ཟད་ཐེངས་གཅིག་ལ་ཚལ་སྡེར་མང་པོ་འཁྱེར་ཐུབ་པ་སོགས་ཀྱི་ཁྱད་ཆོས་ཡོད།  ཐེངས་གཅིག་ལ་ཟས་སྡེར་མང་པོ་འཁྱེར་ཐུབ་པའི་དབང་གིས་དུས་ཚོད་ལ་ཡང་དམ་འཛིན་ཡག་པོ་བྱེད་ཐུབ།  དེས་ན་ཤིང་སྒྲོམ་བེད་སྤྱོད་གཏོང་སྟངས་བྱང་ཆུབ་པ་ཞིག་སྦྱོང་བརྡར་བྱེད་དགོས།  ཞབས་ཞུ་པས་ཤིང་སྒྲོམ་བེད་སྤྱོད་ཡག་པོ་གཏོང་ཐུབ་པ་བྱུང་ན།  བཟའ་བཏུང་ཁང་གི་ཤེས་འཇོན་གྱི་ནུས་པ་ཡང་མངོན་ཐུབ་པར་མ་ཟད་ཞབས་ཞུའི་ལས་རིགས་ཚད་ལྡན་ཅན་དུ་འགྱུར་བའི་བརྒྱུད་རིམ་གལ་ཆེན་ཞིག་ཀྱང་ཡིན།

གཉིས།  ཞལ་ལག་སྣོན་འཐེན་བརྗེ་བ། 

སྐུ་མགྲོན་གྱི་སྔར་མངགས་ཟིན་པའི་ཟ་མ་ཁ་ཤས་བརྗེ་དགོས་པ་དང་།  ཡང་ན་མང་དྲགས་ཏེ་མི་དགོས་པར་འཐེན་དགོས་པའི་ཆ་རྐྱེན་བཏོན་བྱུང་ན་ལམ་སང་ཐབ་ཚང་དུ་འབྲེལ་བ་བྱས་ཏེ་བཟོས་ཚར་མེད་ན་བརྗེ་འཐེན་བྱེད་དགོས།  གལ་སྲིད་སྣོན་དགོས་ན་ཟ་མ་དེ་བཟོ་ཡུན་གྱི་དུས་ཚོད་ཁོང་དུ་ཆུབ་པར་བྱས་ནས་སྐུ་མགྲོན་ལ་ཡང་གསལ་བཤད་བྱེད་དགོས།  ཞལ་ལག་བརྗེ་བ།  སྣོན་པ།  འཐེན་པ་སོགས་ཀྱི་སྐོར་ལ་ཞབས་ཞུ་པས་ངེས་པར་དུ་སྤྱང་གྲུང་དོད་པོའི་སྒོ་ནས་ཡིད་གཟབ་བྱེད་དགོས།  དེ་ལྟར་མ་བྱུང་ན་སྐུ་མགྲོན་གྱི་ཐུགས་ལ་བག་ཆགས་ངན་པ་ཡོང་སྲིད།

གསུམ།  ཆང་རག་བླུག་པ།

ཆང་ནི་བཟའ་བཏུང་ནང་གི་གལ་ཆེ་བའི་བཏུང་བ་ཞིག་ཡིན་པར་མ་ཟད།  ཆང་སྣོད་དང་ཆང་ཕོར་ཆང་ལྡུག་པའི་གོ་རིམ་གྱི་རིག་གནས་སོགས་མང་པོ་ཞིག་ཡོད་པ་དང་།  འཛམ་གླིང་ཤར་ནུབ་མི་རིགས་ཀྱི་གོམས་སྲོལ་མི་གཅིག་པའི་དབང་གིས་བཏུང་མང་ཉུང་དང་འཐུང་ཚུལ་སོགས་མི་འདྲ་བའི་ཚུལ་ཁོང་དུ་ཆུད་པར་བྱས་ནས་ཞབས་ཞུ་བྱེད་དགོས།     

བཞི།  ཤིང་ཏོག་སོགས་ཞོར་ཟས་འབུལ་བ། 

གནའ་སྔ་མོ་བོད་ཀྱི་ལུགས་སྲོལ་ལ་ཞལ་ལག་མཆོད་གྲུབ་རྗེས་ཞོ་ཉུང་ཙམ་བཏུང་བའམ་ཡང་ན་ཇ་མངར་མོ་དཀར་ཡོལ་གང་ཙམ་མཆོད་སྲོལ་ཡོད།  ད་ལྟ་ཤིང་ཏོག་མཆོད་པའི་ལུགས་སྲོལ་ཡོད་པ་སོགས་ཞོར་ཟས་གང་རུང་གིས་ཞབས་ཞུ་བྱེད་དགོས།

ལྔ།  ཟས་རིན་རྩིས་རྒྱག་གུས་ཞུ།

སྐུ་མགྲོན་ཕེབས་ལ་ཉེ་བའི་དུས་སུ་སྔ་ཙམ་ནས་ཟས་རིན་རྩིས་རྒྱག་གི་གྲ་སྒྲིག་བྱེད་དགོས།  རྒྱུན་ལྡན་གྱི་སྐུ་མགྲོན་དང་ཡང་ན་དུས་ཆེན་གྱི་བྱ་འགུལ་ཡོད་པའི་ཚེ་ཟས་རིན་ཆག་ཡང་ཡོད་ན་གསལ་བཤད་དང་བཅས་ཏེ་ཆག་ཡང་བྱེད་དགོས།  ཡང་ན་དུས་ཐོག་གཅིག་ལ་ཟས་རིན་ཀྱི་དངུལ་དམར་ཕོན་ཆེན་སྤྲོད་དགོས་པའི་ཚེ་ཟ་ཁང་གི་སོ་སོའི་ལམ་ལུགས་ལྟར་ཆག་ཡང་གི་ལུགས་སྲོལ་ཐོག་ནས་སྐུ་མགྲོན་ལ་ལྗགས་རྩིས་ཞུ་བ་སོགས་འོས་མཐུན་གྱི་ཞབས་ཞུའི་ལས་ཀ་སྒྲུབ་དགོས། 

དྲུག  སྐུ་མགྲོན་སྐྱེལ་མ་ཞུ་བ། 

སྐུ་མགྲོན་ཕེབས་པའི་སྐབས་སུ་ལག་ཟུང་གི་བཅའ་དངོས་རྣམས་ལྷག་ལུས་ཡོད་མེད་དོ་སྣང་བྱེད་པ་བརྒྱུད་སྐུ་མགྲོན་ལ་ཡང་གསལ་འདེབས་བྱེད་དགོས།  དེ་ནས་སྐུ་མགྲོན་སྒོ་ཁར་ཕེབས་སྐྱེལ་ཞུ་ནས་ངག་ཐོག་ནས་ཡུལ་སྲོལ་གོམས་གཤིས་དང་མཐུན་པར་ལུས་སེམས་བདེ་བའི་སྨོན་འདུན་ཞུ་དགོས།

ལེའུ་དགུ་པ།  འབྱུང་སྲིད་པའི་གནད་དོན་ཐག་གཅོད་ཞབས་ཞུའི་ལམ་སྲོལ།

གཅིག  ཆང་གིས་མྱོས་པའི་སྐུ་མགྲོན་སྣེ་ལེན་གུས་ཞུ།

མགྲོན་པོ་ཁ་ཤས་ཆང་བཏུང་མང་བའི་རྐྱེན་གྱིས་མི་བདེ་བ་བྱུང་བ་ངལ་གསོ་རྒྱག་སའི་ཁོར་ཡུག་གྲ་སྒྲིག་བྱེད་དགོས།  ཁ་ཤས་ཆང་མ་ཐུབ་སྟེ་ཆང་སྐྱོན་བྱུང་ན་ཞི་ཐབས་ཀྱི་བསམ་གཞིག་བྱེད་དགོས་ལ།  གལ་སྲིད་ཉེན་ཁ་ཡོང་བའི་རྣམ་པ་འདུག་ན་བདེ་འཇགས་མི་སྣ་ལ་འབྲེལ་བ་བྱས་པ་བརྒྱུད་གནས་ཚུལ་ཚབས་ཆེན་མི་འབྱུང་བར་འབད་བརྩོན་བྱེད་དགོས།

གཉིས།  མགྲོན་པོས་འཐུང་ཆས་ལ་གཏོར་སྐྱོན་ཤོར་བའི་གུད་གསབ།

སྐུ་མགྲོན་གྱིས་གཟབ་ནན་མ་བྱས་པར་ཕོར་པ་དང་སྡེར་མ་སོགས་ཆག་སྐྱོན་ཤོར་བ་ཡིན་ན།  ཟ་ཁང་གི་གཏན་འབེས་ལྟར་མ་རིན་འཇལ་བའི་ལམ་ལུགས་བརྒྱུད་དགོས་ཚུལ།  ཐབས་མཁས་ཀྱི་ལམ་ནས་སྐུ་མགྲོན་རྣམས་ལ་གསལ་བཤད་ཞུ་ནས་མགྲོན་པོའི་སེམས་ཁམས་ལ་ཚོར་བ་མི་བདེ་བ་མེད་པར་འབད་བརྩོན་བྱེད་དགོས།

གསུམ།  མགྲོན་པོའི་གྱོན་གོས་བཙོག་སྐྱོན་ཤོར་བའི་ཐག་གཅོད།

ཞབས་ཞུ་པས་སྐུ་མགྲོན་སྣེ་ལེན་བྱེད་པའི་བརྒྱུད་རིམ་ནང་སྟབས་མ་ལེགས་པར་མགྲོན་པོའི་གྱོན་གོས་ལ་བཙོག་སྐྱོན་ཤོར་ན།   ཚབས་ཆེ་ཆུང་ལ་གཞིག་སྟེ་ཆེ་ན་ཆེད་ལས་སྐམ་འཁྲུད་ཁང་ལ་བསྐྱལ་ནས་གཙང་མ་བཟོ་བ་དང་།  ཆུང་ན་ཞབས་ཞུ་པས་གཙང་ཕྱི་བྱེད་པ་སོགས་མགྲོན་པོར་ཐུགས་སུན་མི་ཡོང་བར་འབད་བརྩོན་བྱེད་དགོས།

བཞི།   མགྲོན་པོའི་བཅའ་དངོས་ལྷག་ལུས་བྱུང་བའི་གནད་དོན་ཐག་གཅོད།

གལ་སྲིད་སྐུ་མགྲོན་གྱི་བཅའ་དངོས་ལྷག་ལུས་བྱུང་བ་ཤེས་རྟོགས་བྱུང་ན་དེ་མ་ཐག་འབྲེལ་བ་བཟོ་ཐུབ་ན་བཟོས་ནས་རྩིས་འབུལ་ཞུ་དགོས།  གལ་སྲིད་མ་ཐུབ་ན་ཟ་ཁང་སྤྱི་ཁྱབ་འགན་འཛིན་སོགས་འབྲེལ་ཡོད་དོ་དམ་པར་མགྲོན་པོ་གང་དང་དུས་ཚོད་ནམ་ལྷག་ལུས་ཤོར་བའི་གསལ་བཤད་དང་བཅས་རྩིས་འབུལ་ཞུ་ནས་ཐོ་འགོད་ཡོད་པའི་སྒོ་ནས་ཉར་ཚགས་བྱེད་དགོས། 

ལེའུ་བཅུ་པ།  ཉིན་གཅིག་གི་ཞབས་ཞུ་ལས་ཀའི་ཕྱིར་རྟོག

གཅིག  བཟའ་བཏུང་ཁང་ཁྱོན་ཡོངས་ཀྱི་ཞབས་ཞུའི་ཕྱིར་རྟོག

ཞབས་ཞུའི་ལས་ཀའི་བརྒྱུད་རིམ་ནང་དུ་ནོར་འཁྲུལ་རྩ་ནས་མི་འབྱུང་བ་མི་སྲིད་ན་ཡང་།  ནོར་འཁྲུལ་ཡང་ནས་ཡང་དུ་མི་འཆོར་བར་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་བྱེད་དགོས།  དེ་ཡང་དང་པོར་རང་ཉིད་ཀྱིས་ཐབས་ཤེས་གང་ཡོད་ཀྱིས་དོན་དག་ཐག་གཅོད་བྱེད་པ་དང་།  གཉིས་པར་འབྲེལ་ཡོད་འགན་འཛིན་ལ་ཞིབ་ཕྲའི་གྲོས་བསྡུར་བྱས་པ་བརྒྱུད་རང་འཁྲིའི་ལས་འགན་ལ་བརྩི་མཐོང་བྱེད་དེ་ནོར་འཁྲུལ་ཉུང་ཐབས་དང་མདུན་སྐྱོད་བྱེད་པའི་ཐབས་ལམ་མི་འདྲ་བ་འཚོལ་ཞིབ་བྱེད་དགོས།  དཔེར་ན་ཞབས་ཞུ་པར་གསབ་སྦྱོང་བཟོ་བ་དང་།  ཉམས་མྱོང་བརྗེ་རེས་བྱེད་པ།   ནོར་འཁྲུལ་འབྱུང་རྐྱེན་འཚོལ་ཞིབ་བྱས་ནས་དུས་ཐོག་བཅོས་བསྒྱུར་བྱེད་པ་སོགས་ཐབས་ཤེས་གང་ཡོད་བེད་སྤྱོད་གཏོང་དགོས།

གཉིས།   ཞབས་ཞུ་པ་སོ་སོའི་ལས་ཀའི་ཕྱིར་རྟོག

དེ་ཡང་ལས་ཀའི་བརྒྱུད་རིམ་ནང་ང་ཚོར་དཀའ་ཚེགས་ཤིན་ཏུ་ཆེ་བའི་འགལ་རྐྱེན་མང་པོ་ཞིག་འཕྲད་ཡོང་གི་རེད།  དེའི་དུས་སུ་རང་གིས་རང་ལ་བློ་སྟོབས་སྐྱེད་དེ་ཐང་ལྷོད་མེད་པར་འགལ་རྐྱེན་སེལ་ཐབས་བྱེད་དགོས།  མ་གཞི་ནས་མིའི་མི་ཚེ་ཡང་རྫོགས་མཐའ་མེད་པའི་བྱ་བ་ཆུའི་གཉེར་མ་ལྟ་བུ་ཞིག་ཡིན་པ་ཤེས་པར་བྱས་ནས་དེ་རིང་གནས་ཚུལ་གཅིག་ཐག་བཅད་ཟིན་ནའང་ཡང་སང་ཉིན་གནས་ཚུལ་གཅིག་འཐོན་ཡོང་བ་ནི་ཆོས་ཉིད་རེད།  དེས་ན་ཞབས་ཞུ་པ་ཞིག་གི་ངོས་ནས་གནས་ཚུལ་ཚབ་ཆེ་ཆུང་གང་དང་གང་ལྷགས་བྱུང་བ་ཡིན་ནའང་།  རང་གིས་རང་ལ་སློབ་གསོ་བཏང་སྟེ་གདོང་ལེན་ཐུབ་པའི་སྤོབས་པ་སྐྱེད་དགོས།  སྤྱིར་བཏང་མིའི་མི་ཚེ་ཡང་སྐྱིད་སྡུག་འདྲེས་པའི་ངང་གནས་དགོས་པ་ཞིག་ཡིན་པས་ན་གནས་ཚུལ་བཟང་ངན་ཀུན་ཤོངས་ཀྱི་བློ་རྒྱ་བསྐྱེད་དེ།  མདུན་ཕྱོགས་ཀྱི་བྱ་བཞག་ལ་ཞིབ་འཇུག་གང་མང་བྱེད་ནས་འགལ་རྐྱེན་སྔོན་འགོག་གི་ཐབས་ཤེས་དང་།  ལེ་ལོ་དང་སྒྱིད་ལུག་ཕྱི་བཤོལ་སོགས་ཀྱི་བསམ་བློ་མི་འབྱུང་བའི་ཕྱིར་བློ་སྟོབས་བསྐྱེད་དགོས།  ཡང་ཁོམ་སྐབས་བྱུང་ན་དཔེ་ཆ་མང་ཙམ་ལྟ་ཀློག་བྱེད་དགོས།  དཔེ་ཆ་ཀློག་ན་གལ་གནད་ཆེ་བའི་ཤེས་བྱ་གསར་པ་མང་པོ་ཞིག་ཤེས་ཐུབ་པར་མ་ཟད་བློ་སྒོ་ཕྱེས་ནས་སྤོབས་པ་སྐྱེད་ཡོང་།  དེ་དང་མཉམ་དུ་ང་ཚོའི་ཁྱིམ་ཚང་ལ་ཡང་བརྩི་འཇོག་བྱེད་དགོས།  ལེགས་གྲུབ་ལྡན་པའི་སྐྱེས་བུ་ཞིག་ཡིན་ན་དེའི་རྒྱབ་ཕྱོགས་སུ་ལེགས་གྲུབ་ལྡན་པའི་ཁྱིམ་ཚང་ཞིག་ཡོད་ངེས།  ལས་ཀ་ལེགས་གྲུབ་གལ་ཆེ་ལ་དེ་དང་མཉམ་དུ་ད་དུང་ཆ་ཚང་བའི་མི་ཚེ་ཕུན་སུམ་ཚོགས་པ་ཞིག་དོན་དུ་གཉེར་བའང་ཤིན་ཏུ་གལ་ཆེ།  དེས་ན་རང་ཉིད་ཀྱི་ལས་ཀ་ལེགས་གྲུབ་དང་བརྟན་པོ་ཡོང་བར་བྱེད་པ་ལ་རྒྱབ་ཕྱོགས་ཁྱིམ་ཚང་སོགས་ཀྱིས་རྒྱབ་སྐྱོར་ཡག་པོ་ཞིག་ཡོང་དགོས།   ང་ཚོས་ཉེ་འཁོར་དུ་གནས་པའི་མི་རྣམས་ལ་དགའ་སྤྲོ་དང་སྤོབས་སེམས་ཀྱིས་ཚོར་སྣང་གསར་པ་ཞིག་སྤྲོད་ཐུབ་པར་འབད་བརྩོན་བྱེད་དགོས།  དེ་ལྟར་བྱས་ན་ཁོ་ཚོས་ཀྱང་དེ་དང་མཚུངས་པར་ཚུར་ཡང་རྒྱབ་སྐྱོར་དང་རོགས་རམ་གང་ཐུབ་བྱེད་ཡོང་བའི་ཆོས་ཉིད་ཀྱང་ཤེས་པར་བྱེད་དགོས།

གསུམ།  མ་འོངས་པར་རང་ཉིད་ཡར་རྒྱས་གཏོང་ཕྱོགས་ཀྱི་འཆར་འགོད།

སྔོན་ཐོན་ཞབས་ཞུ་པ་ཞིག་ལ་རང་ཉིད་ཀྱི་བསམ་ཚུལ་དང་།  ལྟ་ཚུལ།  འདུ་ཤེས་བཅས་ཡོད་འོས།  དེས་ན་ལས་ཀའི་བརྒྱུད་རིམ་ནང་དུ་ལས་རོགས་རྣམས་དང་མཉམ་དུ་ལས་ཀ་བྱེད་པའི་ཚེ།  ཁྱེད་རང་གིས་ཧུར་བརྩོན་ཆེན་པོའི་སྒོ་ནས་སྣེ་ཁྲིད་བྱེད་འོས་པ་ཞིག་རེད།  ཁྱེད་རང་དེ་འདྲའི་ཧུར་བརྩོན་གྱིས་ལས་ཀ་བྱེད་བཞིན་པའི་ནང་གལ་ཏེ་ལས་རོགས་བར་དང་།  ཡང་ན་ཞབས་ཞུ་པ་རྣམས་ཀྱི་བར་བྱ་སྤྱོད་ངན་པའི་གནས་ཚུལ་ལྷགས་པ་མཐོང་དུས་མགྱོགས་མྱུར་གྱིས་གསལ་བཤད་བྱེད་རྒྱུ་དང་།  ཁོ་ཚོར་མདུན་སྐྱོད་ཀྱི་ཁྲིད་སྟོན་བར་མ་ཆད་པར་སྦྱོང་བརྡར་བཟོས་ནས་རང་ཉིད་ཡར་རྒྱས་ཡོད་པར་མ་ཟད་གཞན་ལ་ཤུགས་རྐྱེན་ཐེབས་ནུས་པའི་སྔོན་ཐོན་ཞབས་ཞུ་པ་ཞིག་བྱེད་དགོས།

བཞི།  ཆེད་ལས་ཞབས་ཞུ་པའི་སྦྱོང་བརྡར། 

དེ་ཡང་སྔོན་ཐོན་ཞབས་ཞུ་པ་ཞིག་གི་ངོས་ནས་ཞིབ་ཕྲའི་བསམ་གཞིག་ཀྱིས་འབྱུང་འགྱུར་རང་ཉིད་ཤེས་འཇོན་ནུས་གསུམ་ལྡན་པ་དང་འཕེལ་རྒྱས་ཆེན་པོ་ཡོད་པ་ཞིག་བྱ་བསམ་ན་ད་ལྟ་ནས་ངེས་པར་དུ་སྦྱོང་བརྡར་ཡག་པོ་བྱེད་དགོས།  དཔེར་ན་ཁྱེད་རང་ཐོག་མར་ལས་མི་བཅུ་ཙམ་ཞིག་ལས་གྲུབ་པའི་ལས་ཀ་ལ་དོ་དམ་བྱ་རྒྱུ་བྱུང་ཚེ།  འགན་འཁྲི་ཆེན་པོ་ཞིག་ཁྱེད་རང་གི་ཕྲག་ཐོག་ཏུ་སླེབས་པ་རེད།  དེ་སྐབས་ཤེས་རིག་གིས་ལམ་སྟོན་དང་།  སྙིང་སྟོབས་ཀྱིས་སྣེ་ཁྲིད།  བརྩོན་འགྲུས་ཀྱིས་དཔུང་བསྐྱེད་དེ་དོ་དམ་ཡག་པོ་ཞིག་ཐུབ་སོང་ན།  དེ་ནས་རིམ་བཞིན་ལས་མི་ཉི་ཤུ་ཙམ་ལས་གྲུབ་པའི་ལས་གཞི་ཞིག་གི་འགན་འཁུར་པ་ཡོང་རྒྱུར་གཏན་ཁེལ་རེད།  དེ་ནས་རིམ་བཞིན་ཁྱེད་རང་གི་ཉམས་མྱོང་དང་ཤེས་རིག་བསྡུ་ལེན་སོགས་གང་ཅིའི་ཐོག་འཕེལ་རྒྱས་འགྲོ་གི་རེད།  ད་ལྟ་ང་ཚོ་བོད་པའི་སྤྱི་ཚོགས་ནང་ཆེད་ལས་ཞབས་ཞུའི་གསབ་སྦྱོང་བཟོ་བའི་ལུགས་སྲོལ་མེད་ཅིང་།  གྲོང་གསེབ་ནས་ཡོང་བའི་ཞབས་ཞུ་པ་རྣམས་སྦྱོང་བརྡར་གྱི་གོམས་སྲོལ་མེད་པའི་རྐྱེན་གྱིས་ཟ་ཁང་ནང་དུ་ལོ་མང་རིང་ལས་ཀ་བྱས་རུང་ཡར་རྒྱས་ཆེན་པོ་ཐོན་མི་ཐུབ།  དཀའ་ལས་ཆེ་བ་དང་གླ་ཆ་ཆུང་བར་ལོ་མང་པོའི་རིང་ལས་ཀ་བསྒྲུབས་རྗེས།  ལས་གནས་དེ་ནས་ཁ་བྲལ་སྐབས་གང་ཡང་མེད་པའི་ལག་སྟོང་དུ་འགྲོ་དགོས་འཁེལ་གྱི་རེད།  ཡར་ཐོན་ཅན་གྱི་སྤྱི་ཚོགས་ནང་དུ་ཞབས་ཞུ་པ་ལ་དང་པོར་གསབ་སྦྱོང་སྤྲད་དེ་རྨང་གཞིའི་ཤེས་བྱ་ཡོད་པའི་ཐོག  ལས་གནས་སུ་སླེབས་པ་ནས་བཟུང་སྣེ་ཁྲིད་པས་བར་མ་ཆད་ལམ་སྟོན་བྱས་པ་བརྒྱུད།  ལོ་གཅིག་གཉིས་ཙམ་ཀྱི་རྗེས་སུ་རང་སྐྱ་ཕེར་བའི་དོ་དམ་པར་འགྱུར་ཐུབ་པ་འདི་དག་གཙོ་བོ་རང་ཉིད་ཡར་རྒྱས་གཏོང་འདོད་ཡོད་པ་དང་།   ལས་སློབ་ཟུང་དུ་འབྲེལ་བའི་སྦྱོང་བརྡར་གྱི་ཁོར་ཡུག་བཟང་པོ་ཡོད་པའི་བདག་རྐྱེན་གྱི་ནུས་པ་ལས་བྱུང་བ་ཞིག་རེད།  དེས་ན་དམིགས་ཡུལ་ཡོད་པའི་ཞབས་ཞུ་པ་རྣམས་ཀྱིས་ངེས་པར་དུ་གནས་སྐབས་ཀྱི་ཁེ་ཕན་ཙམ་ཁོ་ན་མ་ཡིན་པར།  མིག་རྒྱང་རིང་པོར་བསམ་བློ་བཏང་ནས་ཁོར་ཡུག་བཟང་པོ་ཞིག་འདེམས་ཏེ་རང་ཉིད་ཤེས་འཇོན་ལྡན་པའི་ཞབས་ཞུ་པ་ཞིག་ཆགས་ཐུབ་པ་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་བས་རིག་པ་དྭངས་གསལ་ཡོང་བ་བྱེད་དགོས།  དེ་མཚུངས་སུ་འཕྲོད་བསྟེན་གྱི་ཤེས་བྱ་ལ་ཡང་མི་རྨོངས་པར་བྱ་རྒྱུ་གལ་གནད་ཆེ།  བཟའ་བཏུང་གི་ཕྱོགས་དང་།  གཟུགས་པོ་སྦྱོང་བརྡར་གྱི་ཕྱོགས།  ཉེས་པ་འགོག་སྲུང་གི་ཕྱོགས་བཅས་གཟུགས་ཁམས་བདེ་ཐང་ཡོང་བའི་ཤེས་བྱ་ཡང་མང་པོ་ཞིག་སྦྱོང་བརྡར་བྱེད་དགོས།

ལྔ།  མིང་དོན་མཚུངས་པའི་ཆེད་ལས་པ་ཞིག་ཡིན་མིན་དཔྱད་དཔོག་བཟོ་བ།

མཐོང་རྒྱ་ལྡན་ཞིང་མིག་རྒྱང་རིང་བའི་ཞབས་ཞུ་པ་ཞིག་ཡིན་ན་ངེས་པར་དུ་རང་ཉིད་ལ་ཚད་མཐོ་ཞིང་རྒྱང་རིང་བའི་དམིགས་འབེན་ཞིག་ཡོད་དགོས།  དེ་ཡང་ལས་ཀ་ལ་ནན་ཏན་བྱེད་པ།  མཇུག་འབྲས་ལ་འགན་འཁུར་བ།  དཀའ་ཚེགས་ལ་མི་ཞུམ་པའི་སེམས་ཤུགས་ཡོད་པ།  ལས་གྲོགས་ཕན་ཚུན་བར་ལ་སེམས་ཐག་ཉེ་ཞིང་གུ་ཡངས་པ།  རྒྱུན་ལྡན་རང་ནུས་མཐོ་རུ་གཏོང་བ།  ནམ་དུས་སུ་གཞན་གྱི་ལེགས་ཆ་ལེན་མཁས་པ།  དཀའ་ཚེགས་ལ་གདོང་ལེན་བྱེད་པ་སྟེ་བལྟས་ཚོད་ལ་གྱོང་རག་པ་ལྟ་བུ་ཞིག་སྣང་ན་ཡང་དོན་དུ་ཉམས་མྱོང་གསོག་པའི་གོ་སྐབས་ཡིན་པར་ངོས་ཟིན་པ།  འགྲན་སློང་གསར་པ་ལ་ཞུགས་ཕོད་པ། ཕམ་ཉེས་ལ་མི་སྐྲག་པ།  རང་སྐྱོན་ལ་རྟོག་པའི་བསམ་གཞིག་བར་མ་ཆད་པར་ཡོད་པ།  རང་གིས་རང་ལ་རྟོག་ཞིབ་དང་གོ་བསྡུར་བྱེད་དེ་ཆེད་ལས་པའི་མི་སྣ་ཞིག་གི་མཚན་ཉིད་ཚང་མིན་ལྟ་བ། རང་རྟོག་གི་ཤེས་རབ་བེད་སྤྱད་དེ་དམིགས་ཡུལ་མངོན་གྱུར་ཡོང་བར་འབད་བརྩོན་བྱེད་པ་སོགས་བར་མ་ཆད་པར་འཕེལ་རྒྱས་གཏོང་བའི་བསམ་བློ་ཡོད་དགོས། 

དྲུག རང་གིས་རང་ལ་དཔྱད་ཞིབ་བྱས་ནས་ཡར་རྒྱས་གཏོང་བ། 

རང་ཉིད་སྐྱེས་ནས་ད་ལྟའི་བར་གྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཏེ་རང་ཉིད་ད་ལྟའི་སྤྱི་ཚོགས་ཐོག་ཤེས་ཡོན་དང་དཔལ་འབྱོར་གྱི་གནས་བབ་ཚད་གཞི་གང་འདྲ་ཞིག་གི་ཐོག་ཏུ་ཡོད།  རང་ལོ་དུ་ཡིན།   མི་ཚེའི་ནང་གི་དུས་ཚོད་གང་དུ་སླེབས་ཡོད།  ད་ལྟ་ཤེས་ནུས་སྦྱོང་བརྡར་བྱེད་པ་ལ་གོ་སྐབས་གང་འདྲ་ཡོད་སོགས་བསམ་གཞིག་མང་ཙམ་བྱས་ནས་རང་གི་མདུན་ལམ་རང་གིས་འཚོལ་བ་དང་།  རང་དྲིན་རང་ལ་ཆེ་བར་མདུན་སྐྱོད་བྱ་དགོས།   

ཞེས༢༠༠༩ལོར་པེ་ཅིང་སྐར་བཞིའི་མགྲོན་ཁང་ནང་ལོ་ཕྱེད་རིང་ཞབས་ཞུ་དོ་དམ་སྐོར་གྱི་དངོས་སྦྱོང་གི་མྱོང་བ་དང་།  སི་ཁྲོན་ཡུ་སྐོར་སློབ་གྲ་ཆེན་མོར་ལོ་ཕྱེད་རིང་བཟའ་བཏུང་ཞབས་ཞུའི་རིག་གནས་སློབ་སྦྱོང་སྐབས་ཀྱི་ཟིན་ཐོ་རྣམས་སྒྲོམ་གཞི་དང་།  བོད་རང་གི་གུས་སྲོལ་རིག་གནས་ཀྱིས་ཟུར་བརྒྱན་ཏེ་༢༠༡༡ལོར་ལས་རིག་ལག་རྩལ་སློབ་གྲའི་ཟབ་སྦྱོང་གི་ཁྱེད་དུ་བསྒྲིགས་པ་དེ།  ཉེ་ཆར་བཟའ་བཏུང་ཆེད་ལས་པ་འགའི་དགོས་མཁོའི་བསྐུལ་མ་ལྟར་༢༠༡༩ལོའི་ཟླ༡༡པའི་ཚེས་༢༣དགོང་མོར་ཅུང་ཟད་བསྡུས་ཏེ་ཀརྨ་བདེ་ལེགས་ཀྱིས་ཕུལ་བའོ། །