ཟླ༡༢ཚེས༡ཉིན། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་རེབ་གོང་རྨུ་ཐག་ཚང་གིས་རོགས་སྒྲུབ་བྱས་པའི་རོང་བོ་གངས་དཀར་ལགས་ཀྱི་འགྱུར་དེབ《ནང་པ་ཡིན་ནམ་མིན》ཞེས་པའི་དེབ་ཀྱི་འགྲེམ་སྤེལ་མཛད་སྒོ་རེབ་གོང་རྨུ་ཐག་ཕོ་བྲང་དུ་བསྡུས། 

འགྲེམ་སྤེལ་མཛད་སྒོའི་སྟེང་རོང་བོ་དགོན་པའི་དགེ་བཤེས་འཇིགས་མེད་བློ་གྲོས་དང་། གྲྭ་སྐོར་དགེ་བཤེས་བློ་བཟང་དཔལ་ལྡན་སོགས་དགེ་འདུན་པ་དང། རེབ་གོང་བ་མཁར་རྩེ་རྒྱལ་དང་། བསོད་ནམས་དབང་རྒྱལ། ལྷ་རྒྱལ་བཀྲ་ཤིས། ལྷ་དཔལ། ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་མགོ་གཙོ་བཀྲ་ཤིས་དོན་གྲུབ་སོགས་རྨ་ལྷོ་ས་ཁུལ་གྱི་མཁས་པ་དང་རྩོམ་པ་པོ་མི་ལྔ་བཅུ་ལྷག་ཟབ་ཞུགས་བྱས།

ཚོགས་འདུའི་སྟེང་སྙན་ངག་པ་དགེ་འདུན་ལྷུན་གྲུབ་དང་། ལྷ་རྒྱལ་བཀྲ་ཤིས། འཇིགས་མེད་བློ་གྲོས། མཁར་རྩེ་རྒྱལ། བློ་བཟང་དཔལ་ལྡན། བསོད་ནམས་དབང་རྒྱལ། ངག་དབང་རྒྱ་མཚོ་སོགས་ཀྱིས་རྫོང་སར་རིན་པོ་ཆེ་དང་། ཁོང་གི་གློག་བརྙན་དང་གསུང་གི་ཁྱད་ཆོས། ལོ་ཙཱ་བ་རོང་བོ་གངས་དཀར་གྱི་ལོ་ངོ་དུ་མའི་དཀའ་སྤྱད་དང་། འགྱུར་གྱི་དགེ་སྐྱོན་དང་། ཁྱད་ཆོས་སོགས་ལས་བརྩམས་ཏེ་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་གནང་བ་དང་། ལོ་ཙཱ་བ་རོང་བོ་གངས་དཀར་ལ་རྗེས་སུ་ཡི་རང་དང་འབྲེལ་ཏེ་བསྔགས་བརྗོད་རྒྱ་ཆེན་གནང་། མཇུག་ཏུ་རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་རེ་རྐང་གླིང་གིས་གཙོ་སྒྲུབ་ལས་ཁུངས་ཀྱིས་ངོས་ནས་རོང་བོ་གངས་དཀར་ལ་གདེང་འཇོག་དང་ཚོགས་འདུ་ལ་སྤྱི་བསྡོམས་བྱས། རེབ་འདིའི་མཛད་སྒོར་ཀླུ་རྒྱལ་དོན་འགྲུབ་ཀྱིས་མདོ་འཛིན་བྱས། 

གསར་འགོད་པ། དཀོན་མཆོག པར་བ། མ་དྲིས་བཤད།

ཟུར་བཀོད། དེབ་འདིའི་ལོ་ཙཱ་བ་རོང་བོ་གངས་དཀར་གྱིས་འགྲེམ་སྤེལ་ཚོགས་འདུའི་སྟེང་གནང་བའི་གཏམ་བཤད་ཀྱི་མ་ཟིན།

ཚང་མར་བཀྲ་ཤིས་བདེ་ལེགས།

ན་ནིང་དབྱར་ཁར་བདག་གིས་དཔེ་ཆ་འདི་བསྒྱུར་དུས། སེམས་ལ། ནམ་ཞིག་གི་ཚེ་ལ། ས་གནས་རྨུ་ཐག་དང་། སྐུ་མགྲོན་འདི་དང་འདི་སོགས་འཚོགས་ནས་བདག་གི་དཔེ་ཆ་འདི་ལ་འགྲེམ་སྤེལ་ཚོགས་འདུ་གྲ་རྒྱས་པ་ཞིག་འཚོགས་དགོས་པའི་བློས་བསླངས་བྱས་མྱོང་ལ། དེའི་སྐབས་སུ་དེ་འདྲའི་བློས་བསླངས་བྱས་ན་སེམས་ལ་སྤྲོ་བ་ཞིག་མཆེད་འགྲོ་ལ། ཡིག་སྒྱུར་གྱི་འདུན་པ་ཡང་ཇེ་ཆེར་བུད་འགྲོ། དེའི་ཕྱིར། ཐོག་མར་འདིར་ཕེབས་པའི་དགེ་བའི་བཤེས་གཉེན་རྣམ་པ་དང་འདིར་ཕེབས་པའི་སྐུ་མགྲོན་རྣམ་པས་བདག་གི་བློས་བསླངས་འདི་མངོན་འགྱུར་བྱེད་དུ་བཅུག་པ་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།

བློས་བསླངས་འདི་ཡག་པོ་ཞིག་འཁྱོངས་ཆེད། ཉིན་འགའི་སྔ་རོལ་དུ་བདག་གི་དེ་རིང་གི་བཤད་བྱའི་མ་ཟིན་ཡིག་ངོས་ལ་ཕབ་པ་ཡིན། གལ་ཏེ་ཡིག་ངོས་ལ་མ་ཕབ་ན་ང་རང་ཁ་བདེ་ལྕེ་བདེ་མིན་པས་ཡག་པོ་ཞིག་འཁྱོངས་རྒྱུ་མ་རེད་བསམ་པ་ཡིན། བྲིས་བྲིས་ནས་ཚར་དུས་ཤོག་གྲངས་ལྔ་དྲུག་ཞིག་ལོངས་འདུག ཁ་སང་གྲོགས་པོ་ནང་མ་འགའ་ལ་བསྟན་པས། ཁོ་ཚོས་ཀུ་རེ་དང་གཟབ་ནན་འདྲེས་མའི་ངང་ནས“ཁྱོད་ཀྱིས་རྗེས་སུ་ནོ་སྦེར་བྱ་དགའ་བླངས་ན་འབྲི་རྒྱུ་རྙེད་ཀྱི་མ་རེད”ཟེར། དོན་དག་དེ་བདག་ཀྱང་མོས་མཐུན་བྱུང་སྟེ། ཤོག་གྲངས་ལྔ་དྲུག་ཅན་གྱི་མ་ཟིན་དེ་རེ་ཞིག་གཏེར་ལ་སྦས་པ་ཡིན། རྗེས་སུ་ནོ་སྦེར་བྱ་དགའ་བླངས་རྗེས། ད་གཟོད་གཏེར་ནས་འདོན་རྒྱུ་བྱས་ཡོད།

ཁོ་ཚོས་བཤད་པ་ངོ་མ་བདེན་པ་རེད། དེ་རིང་འདི་ནས་སྐད་ཆ་མང་པོ་ཞིག་བསྐྱུངས་ཏེ་བཤད་ཆོག་ལ། རྒྱུ་མཚན་འདི་ན་ཡོད་པ་ཚང་མ་ནི་ངོ་ཤེས་དང་རྒྱུས་ཡོད་ཤ་སྟག་ཡིན་ལ། ངའི་ཁ་གདངས་ན་ཁོག་གི་རྒྱུ་མ་རིག་པའི་ཚད་ཐིག་གི་ངོ་ཤེས་དང་གྲོགས་པོ་རྐྱང་ཡིན་པ་རེད། མང་པོ་བཤད་ན་སྤྱང་རྟུག་རེད། དེའི་ཕྱིར་ངས་སྐད་ཆ་མང་པོ་ཞིག་བཤད་རྩིས་མེད།

དེ་རིང་གི་ཚོགས་འདུ་འདི་ང་ལ་མཚོན་ན་དཔེ་ཆ་འདི་ཕུད་ནས་སམ་ལས་ཀ་འདི་མཇུག་བསྡུས་པའི་སྟོན་མོ་ཙམ་ཡིན་པ་རེད། མཇུག་བསྡུས་པའི་སྟོན་མོ་འདིའི་སྟེང་ནས་ངས་དཔེ་ཆ་འདི་འགྲུབ་པར་རོགས་རམ་གནང་མཁན་ཆུ་དང་ཆར་བའི་གྲོགས་དན་ཞུ་མཁན་གྱི་མི་འགའ་ལ་བཀའ་དྲིན་ཆེ་ཞུས་ན་འདོད་དེ། དང་པོ་དེ་རྫོང་སར་རིན་པོ་ཆེ་ཡིན་ལ། ཁོང་དང་འདྲ་བའི་བོད་གངས་ཅན་གྱི་སྐྱེས་ཆེན་དང་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་གྱིས་ཐ་ན་རང་གི་རྣ་ཁུང་བཅད་ནས་བསྡད་ཀྱང་། ཆོས་ཀྱི་གཏམ་དང་། མི་ཚེ་ལ་ཕན་པའི་གདམས་པ་ཆར་བ་བཞིན་བྱོ་ཡོང་ལ། ཆོས་ཀྱི་རྒྱལ་ཁམས་ཏེ་བོད་ནས་སྐྱེས་པའི་བསོད་ནམས་གཞན་དང་མ་འདྲ་བ་ནི་འདི་འདྲ་ལོས་ཡིན་བསམ་ནས་དད་པ་སྐྱེ་ཡོང། མ་ཟད། བླ་མ་གོང་མ་རྣམས་ཀྱིས་ཞིང་བཟང་པོ་ཞིག་ལ་སྨོན་ལམ་འདེབས་པའི་དོན་དག་ཡང་བདག་གིས་ཕྲན་ཙམ་རྟོགས་སོང་།

བཀའ་དྲིན་ཞུ་ས་གཉིས་པ་ནི། དཔེ་ཆ་འདི་བསྒྱུར་བའི་གོ་རིམ་ཁྲོད་ནས་ཐད་ཀར་བཀའ་འདྲི་ཞུ་སའི་ཆོས་གྲོགས་དང་དཔེ་ཆ་ལ་བསམ་ཚུལ་འདོན་མཁན་དང་ཞུ་དག་བྱེད་མཁན་གྱི་གྲོགས་པོ་སྐོར་ཞིག་ཡོད། ཁོ་ཚོའི་མིང་དཔེ་ཆའི་མཇུག་གི་གཏམ་དུ་ཐོན་ཡོད་ལ། ཁོ་ཚོས་སུན་མེད་སྐྱོ་མེད་ཀྱིས་བདག་གི་དྲི་བ་ལ་ལན་བཏབ་ཅིང་། ཐ་ན་ནམ་གུང་དང་གནམ་ཁབ་ཀྱི་རྒྱུ་མ་དཔྱངས་ཡོད་པའི་གནས་སྐབས་གང་ཡིན་ཀྱང། ངས་རང་གི་ཧམ་པ་ཚད་ནས་འཛེམ་དོགས་མེད་པར་ཕར་དྲི་བ་དྲིས་པ་ཡིན། ཁོང་ཅག་གིས་ཤ་ཚ་ཚའི་ངང་ནས་བདག་ལ་འདང་རྒྱག་རོགས་དང་སྐྱོན་ཆ་འདོན་རོགས་བྱས་པ་ནི་དཔེ་ཆ་འདི་གྲུབ་རྐྱེན་གྱི་རྒྱུ་ཚོགས་ཆེ་ཤོས་དེ་ཡིན། དེ་ཡིན་ན་བཀའ་དྲིན་ཞུ་ས་གཉིས་པ་ཁོ་ཚོ་ཡིན།

བཀའ་དྲིན་ཞུ་ས་གསུམ་པ་ནི་རང་ཉིད་ཡིན། ད་ལྟའི་སྤྱི་ཚོགས་ཀྱི་ཟང་ཟིང་དང་བསླུ་བྲིད་རྒོད་པའི་སྐབས་འདིར་ཡང་། རང་ཉིད་ཀྱིས་འཇོན་ན་མ་འཇོན་ན་དཔེ་ཆ་དང་འབྲེལ་བ་མཚམས་མ་ཆད་པར་ཡོང་བ་རེད། གྲུབ་འབྲས་ཡག་པོ་ཞིག་ལོན་མེད་པ་ཀུན་གྱིས་མཁྱེན་གསལ་ཡིན་ཡང་། དགའ་འོས་པ་ཞིག་ལ་རང་ཉིད་ཀྱི་དགའ་ཕྱོགས་རྒྱུན་བསྲིངས་ནས་ཡོང་བ་རེད། ལྷག་པར་དུ་དཔེ་ཆ་འདི་བསྒྱུར་བའི་གོ་རིམ་ཁྲོད་ནས། རང་ཉིད་ཀྱང་བརྩོན་འགྲུས་དང་ལྡན་པ་ཞིག་ཡིན་པ་ཤེས་སོང་། དེའི་ཕྱིར། རང་ཉིད་ལ་རྗེས་སུ་ཡི་རང་དང་བཀའ་དྲིན་ཆེ་ཞུས་པ་ཡིན།

མཇུག་མཐར་བཀའ་དྲིན་ཞུ་ས་ནི་དེ་རིང་གི་ཚོགས་ཐོག་ལ་ཕེབས་པའི་དགེ་བའི་བཤེས་གཉེན་རྣམ་པ་དང་འདིར་ཕེབས་པའི་སྐུ་མགྲོན་རྣམ་པ་ཡིན་ལ། ལམ་ཐག་རིང་བོ་ནས་ཐ་ན་ཁ་སང་གི་ཁངས་མཐུག་པོ་བབས་ཀྱང་ང་མི་ཆུང་ཆུང་ཅི་ཡང་མ་ཡིན་པ་ཞིག་གི་ཆེད་དུ་སྲོག་ལ་མ་འཛེམ་པར་ཕེབས་པ་རེད། ཁྱེད་དཔོན་གོ་ཐོབ་དང་། ཐུགས་ཡོན་ཏན་གྱིས་ཕྱུག་པའི་སྐུ་མགྲོན་རྣམ་པས་བདག་ལ་རྒྱབ་སྐྱོར་དང་སྐུལ་འདེད་ཀྱི་ཕྱིར་ཕེབས་པ་ནི་བདག་གི་བསོད་ནམས་ཡིན་ལ། དུས་ནམ་ཡིན་ཡང་ཡིད་ནས་དགའ་བ་སྒོམ་ངེས་ཡིན།

ད་དུང་དམིགས་བསལ་གྱི་བཀའ་དྲིན་ཞུ་ས་གཅིག་ནི། བསོད་ནམས་དབང་རྒྱལ་ལགས་ཡིན། སྤྱིར་དཔེ་ཆ་འདི་ཚོད་ལྟའི་ཚུལ་གྱིས་བསྒྱུར་འགོ་བརྩམས་པ་ནས་ཁོས་ང་ལ་སྐུལ་འདེད་གཏོང་རོགས་དང་། རྒྱ་ཡིག་གི་ནང་དོན་མི་གོ་བ་རྣམས་ཁ་གསལ་གྱིས་འགྲེལ་བ་བསྐྱོན་རོགས་བྱས་པ་ཡིན། གལ་ཏེ་འདི་ལ་གྲུབ་འབྲས་ཅུང་ཙམ་ཡོད་ན། གྲུབ་འབྲས་དེའི་ཕྱེད་ཀ་ཁོ་ལ་དབང་ཞིང་། ཡིན་ཡང་ཟླ་འགའི་སྔོན་ལ་ངེད་གཉིས་ལྟ་ཚུལ་ཞིག་བརྩད་ནས་གཏིང་ལ་སོང་བ་ཡིན། ང་རང་ཞེ་སྤོ་ལངས་ཏེ་ཁོའི་སྐད་འཕྲིན་ཀྱང་བསུབས་པ་ཡིན། ཁོའི་རྩིབ་ནས་ང་ནི་ཕ་བཟང་པོ་ཞིག་གི་མདུན་གྱི་བྱིས་པ་གཅུས་ལོག་ཀྱི་དཔེ་ཡིན་ངེས་ཤིང་། ཐ་ན་དཔེ་ཆའི་མཇུག་གི་གཏམ་དུ་ཁོའི་མིང་ཟུར་ཙམ་ཡང་གླེང་མེད་ལ། ཁོའི་བྱས་རྗེས་ནག་བསུབ་བཏང་བ་རེད། དེའི་ཕྱིར་དེ་རིང་འདི་ནས་ཆེད་དུ་ཁོ་ལ་དགོངས་དག་དང་བཀའ་དྲིན་ཆེ་ཞུས་པ་ཡིན།

ད་རུང་གཅིག་ཡོད་པ་ནི་དེ་རིང་གི་འགྲེམ་སྤེལ་ཚོགས་འདུ་གཙོ་སྒྲུབ་གནང་མཁན་རྨ་ལྷོ་རྩོམ་པ་པོ་མཐུན་ཚོགས་དང་།  རོགས་སྒྲུབ་བྱེད་མཁན་རེབ་གོང་རྨུ་ཐག་ཚང་། དཔེ་ཆ་འགྲེམ་སྤེལ་བྱེད་མཁན་ནས་སོན་དཔེ་ཁང་བཅས་ཡིན།  ཁྱེད་ཅག་ལའང་ཆེད་དུ་བཀའ་དྲིན་ཆེ་ཞུས་པ་ཡིན།

བདག་གི་སྐད་ཆ་འདི་ནས་མཚམས་འཇོག་པར་བྱ། ཚང་མར་བཀའ་དྲིན་ཆེ་ཞུས་པ་ཡིན། བཀྲ་ཤིས་བདེ་ལེགས།