___ འཁྲབ་རྒྱུ་མེད་པའི་འཁྲབ་སྟོན་ཡག་པོ་ཞིག

མི་ཚེ་རྨི་ལམ་དང་འདྲ་སྟེ། མིག་རྡེབ་དབང་ཙམ་གྱིས་རང་ལོ་ཞེ་གཉིས་པ་བརྒལ་འདུག དུས་འདིར་བདག་གིས་གུས་ཤིང་བརྩེ་བའི་བླ་མ་དམ་པ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་གློ་བུར་དུ་ཁོང་གི་དཔེ་ཆའི་མགོ་བརྗོད་འབྲི་བར་སྐུལ་མ་བཏབ་བྱུང་། དེ་ནི་ཤིན་ཏུ་སྤྲོ་ལ་ཤིན་ཏུ་དགའ་བའི་དོན་ཞིག་ཅི་ལ་མིན། འོན་ཀྱང་ཕྱིར་འདང་རེ་བྱས་ན། ང་རང་སློབ་གྲྭ་ཡག་པོ་ཞིག་མ་འགྲིམས་ལ། རྒྱ་ཡིག་ཀྱང་ཡག་པོ་འབྲི་ཤེས་གི་མེད། དབྱིན་ཇི་ཅུང་ཙམ་རེ་འབྲི་ཤེས་པ་དེ་ཙམ་ཡིན། དེའི་ཕྱིར་མགོ་བརྗོད་འབྲི་དགོས་ཞེ་ན། ང་ལ་རྒྱུགས་བླངས་པ་དང་ཁྱད་ཅི། རེད་དེ། མི་ཚེ་ནི་འཁྲབ་སྟོན་ཐེངས་ཤིག་འདྲ་སྟེ། ང་ནི་འཁྲབ་སྟོན་པ་དང་། རིན་པོ་ཆེ་མཆོག་འཁྲབ་ཁྲིད་པ་རེད། བྱང་ཆ་མེད་པའི་འཁྲབ་སྟོན་པས་ནམ་རྒྱུན་རང་ཉིད་འཁྲབ་སྟོན་ནང་ཞུགས་ཡོད་པ་བརྗེད་ཀྱི་ཡོད་ལ། སྟབས་ལེགས་པ་ཞིག་ལ་འཁྲབ་ཁྲིད་པས་འཁྲབ་སྟོན་པར་འཁྲབ་སྟངས་དང་། དེ་ལས་ཀྱང་རང་ཉིད་ཀྱིས་ད་ལྟ་འཁྲབ་བཞིན་པའི་སྒང་ཡིན་པ་གསལ་འདེབས་བྱེད་པ་ཡིན་ཏེ། དེ་ལྟར་སྒྱུ་མ་རྨི་ལམ་ཙམ་གྱི་ངོ་བོར་གནས་ན། ཁོ་བོས་ཀྱང་བློ་སྤོབས་བསྐྱེད་དེ་སྨྱུ་གུ་སྐྱོད་པར་བྱའོ།།

རིན་པོ་ཆེ་མཆོག་དང་འདྲ་བར། ང་ཡང་གློག་བརྙན་གྱི་ལས་ཀ་བྱེད་མཁན་ཡིན་ཏེ། ལས་ཀ་བྱེད་དུས། བདག་གིས་དུས་རྟག་པར་འཁྲབ་ཁྲིད་པར་འཁྲབ་གཞུང་འདིའི་རྩོམ་པ་པོ་སུ་ཡིན་གྱི་སྐོར་དྲིས་པ་ཡིན་ལ། མཚུངས་པ་མེད་པའི་བླ་མ་འཁྲབ་ཁྲིད་པ་འདི་ཡིས་བདག་ལ་ཁྱོད་ནི་འཁྲབ་སྟོན་པ་དང་། འཁྲབ་གཞུང་རྩོམ་པ་པོ་ཡང་ཡིན་ནོ་ཞེས་རྟག་པར་དྲན་གསོ་བྱེད་པ་ཡིན། དཔེ་ཆ་འདི་ལག་ཏུ་འབྱོར་བ་ཡང་འཁྲབ་གཞུང་ཞིག་ལག་ཏུ་འབྱོར་བ་དང་མཚུངས་ལ། སློབ་མ་བླ་མར་འཕྲད་པ་ཡང་། འཁྲབ་སྟོན་པ་འཁྲབ་ཁྲིད་པར་འཕྲད་པའི་དོ་ཟླ་ཡིན། ང་ནི་སྟབས་ལེགས་ནས་འདི་འདྲ་བའི་བླ་མ་དང་འཁྲབ་ཁྲིད་པ་མང་པོར་འཕྲད་ཅིང་། བདག་ལ་མི་ཚེ་ཅི་ཞིག་ཡིན་པའི་སྐོར་ལ་རྒྱུས་ལོན་ཡག་པོ་སྤྲད་སོང་། བླ་མ་འཁྲབ་ཁྲིད་པ་འདིས་ལག་ཐབས་ནི་ཤིན་ཏུ་ཐད་ཀར་བ་ཡིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐོར་གསལ་ཐིང་ཐིང་གིས་སྟོན་པར་བྱེད། ང་ལ་འཁྲབ་སྟོན་ཇི་ལྟར་བྱེད་པའི་བྱེད་ཐབས་དང་མན་ངག་བསླབ་པར་བྱེད།

འཁྲབ་སྟོན་པས་ནམ་རྒྱུན་རང་ཉིད་ཀྱིས་འཁྲབ་ཀྱིན་ཡོད་པ་བརྗེད་པ་ནི། ང་ཚོས་རང་ཉིད་ནང་པ་ཡིན་པར་རློམ་ཚུལ་ཡིན་ལ། ཡུལ་སྲོལ་དང་ནང་ཆོས་བསྲེས་ནས་གོ་བ་ལེན་བཞིན་ཡོད། དཔེ་ཆ་འདིའི་ནང་དུ་གསལ་བར་བསྟན་ཡོད་ལ། རང་ཉིད་ནང་པར་ཁས་བླངས་རྗེས་དེ་ནི་འཁྲབ་སྟོན་མ་ཡིན་པར་འཛིན་པ་ནི། དོན་དུ་འཁྲབ་སྟོན་གཞན་ཞིག་ལ་ཞུགས་པ་ཡིན་ཏེ། མུ་མཐུད་དུ་ནང་པ་ཟེར་བའི་མི་སྣ་འདི་འཁྲབ་དགོས་པས་སོ།།

ལས་ཀ་དག་བསྐྱུར་ཏེ། ཆོས་སྒྲུབ་པའི་བཟོ་ཙམ་བྱས་ནས་འདི་ནི་འཁྲབ་སྟོན་མ་ཡིན་པར་བསམ་པ་ཡང་། དོན་དུ་མི་སྣའི་ཟུར་ཙམ་བརྗེས་པ་ཙམ་དུ་ཟད་དེ། ལུས་པོ་ནི་འཁྲབ་སྟོན་གཞན་ཞིག་གི་ནང་ཞུགས་ཡོད། སྟབས་ལེགས་ཀྱིས་རིན་པོ་ཆེ་དང་མཇལ་ཐེངས་རེར། ཁོང་གིས་འདི་ལྟར་གསལ་འདེབས་བྱེད་ངེས་ལ། ཁྱོད་ཀྱིས་རང་ཉིད་ནང་པ་ཡིན་སྙམ་པ་ཡང་། དོན་དུ་འཁྲབ་སྟོན་གཞན་ཞིག་ལ་ཚུད་པ་ཡིན། ཞེས་གསུངས། 

འཁྲབ་སྟོན་འདི་ལེགས་པར་བཅད་པ་ཡིན་ན། དེ་ནི་འཁྲབ་རྒྱུ་མེད་པའི་འཁྲབ་སྟོན་ཡག་པོ་ཞིག་ཡིན་ལ། བལྟས་ན་འཁྲབ་རྒྱུ་མེད་སྙམ་ཡང་། དོན་དུ་གང་ས་ན་འཁྲབ་སྟོན་ཡག་པོས་ཁེངས་བསྡད་ཡོད་དོ།།

གལ་ཏེ་མ་རིག་པ་ནས་མ་རྨོངས་པ་ཐོབ་འདོད་ན། སེམས་གཏིང་ནས་དཔེ་ཆ་འདི་ཁྱེད་ལ་འོས་སྦྱོར་བྱས་པ་ཡིན། 

ལིས་ལའན་ཅེ། 2005 12 31