ངའི་ཨ་མ་ད་ལོ་ལོ68ཡིན། ཕ་ཡུལ་ངོ་མ་གཅན་ཚ་སྣང་རའི་ཡར་སྣ་གདོང་ཞེས་པ་དེ་ཡིན།  མོ་ལ་སྤུན་དགུ་ཡོད་ཅིང་།  དེའི་ནང་མོ་རང་ཆེས་ཆུང་བ་ཡིན་ཟེར།  ཁོ་མོ་ལོ24སྟེང་ཕ་ལགས་དང་གཉེན་སྒྲིག་བྱས་ཤིང་།  ད་ལྟ་ང་ཚོར་ཡོད་པའི་ཁྱིམ་ཐབ་འདི་བཟུང་ནས་འོངས་པ་ཡིན།  ང་རང་དུས་རྒྱུན་མ་ལགས་དང་མཉམ་དུ་བསྡད་མེད་པས།  མོའི་འདས་ཟིན་པའི་དོན་དག་མང་པོ་ཞིག་ད་སྐབས་ང་ལ་མཚོན་ན་ཡུན་གྱིས་བརྗེད་ངེས་སུ་འགྲོ་བཞིན་འདུག   དེ་བས་མ་ལགས་ཀྱི་འཚོ་བར་ཕྱིར་དྲན་ཐེངས་ཤིག་བྱས་པ་ཡིན། ཕྱིར་འདང་ཞིག་བརྒྱབ་ན་མ་ལགས་ཆུང་དུས་ནས་རང་གི་ལག་ལས་ཀ་དང་ཁྱིམ་ཚང་གི་དོན་དུ་དཀའ་ལས་མང་པོ་བརྒྱག་ཐུབ་མཁན་ཞིག་ཡིན།  

སྔོན་ཆད་ང་ཚོའི་སྡེ་བའི་སྲིབ་འཁྱགས་སུ་རི་ལྡེབས་ཤིག་ཡོད། དེར་ཤིང་མཚེར་གྱི་བྲ་མ་མང་པོ་སྐྱེས་ཡོད་པས་མ་ལགས་རྒྱུན་དུ་རི་མགོ་དེར་འབུད་ཤིང་བརྐོ་རུ་འགྲོ་བ་ཡིན། སྐབས་ཐོག་དེར་ང་ཚོའི་སྡེ་བའི་ནང་མོ་མ་གཏོགས་རི་མགོ་དེར་སོང་ནས་འབུད་ཤིང་བརྐོ་མཁན་གྱི་བུད་མེད་ཧ་ཅང་ཉུང་།   དེ་གཅིག་ནས་ཚེགས་ཆེ་བ་དང་གཉིས་ན་ལས་འདོད་པའི་ལས་ཀ་ཞིག་མིན།  མ་ལགས་རྒྱུན་དུ་ཞོགས་པའི་སྐྱ་མདའ་བཀྱགས་མཚམས་ནས་མལ་ལས་ལངས་པ་དང་།  ཁྱིམ་ཀྱི་ལས་ཀ་ཙག་ཙིག་ལས་ཚར་རྗེས་ད་གཟོད་བྲ་མ་བརྐོ་བྱེད་ཀྱི་འཇོར་དང་ཁུར་ཐག་བཟུང་ནས་ས་དེར་འབུད་ཤིང་བརྐོ་རུ་འགྲོ་བ་ཡིན།  

ཨ་མ་འགྲོ་སའི་རི་ལྡེབས་དེ་ཅུང་གཟར་མོ་ཞིག་ཡིན། ཉིན་ཞིག་ལ་ངས་ངེད་ཚང་གི་ར་མ་རྣམས་དེད་ནས་ཨ་མ་དང་མཉམ་དུ་རི་མགོ་དེར་ཐེངས་གཅིག་འགོས་པ་ཡིན། དེ་དུས་ང་རང་ལོ་ན་ཆུང་བས་རི་མགོ་དེར་ཡར་འགོ་དུས་ཅི་ཡིན་མ་ཤེས་མོད། ཨ་མའི་འབུད་ཤིང་བརྐོ་སར་ཐོན་ནས་ཕྱིར་རི་ཞོལ་དུ་ལྟ་དུས་སེམས་སུ་དངངས་སྐྲག་སྐྱེས་ནས་འགྲེང་ཡང་མ་ཕོད་པར་བཙོག་ནས་འདུག་དགོས་བྱུང་།

ཡིན་ནའང་། མ་ལགས་ལ་སྣང་དོགས་ཅི་ཡང་མི་འདུག མོའི་ལག་པ་གཉིས་འཇོར་ལྕགས་ལ་འཐམས་ནས་ཤེད་ཤུགས་དང་རྣམ་ཤེས་ཡོད་ཚད་བྲ་མ་བརྐོ་བའི་ཕྱོགས་སུ་བསྒྲིམས་འདུག མཚམས་རེར་བརྐོས་ཟིན་པའི་བྲ་མ་རྣམས་ཚུར་ལེན་དུས། གལ་ཏེ་མཉམ་མ་བཞག་ན་ཚེར་མ་ལག་པར་ཟུག་པའི་ཉེན་ཁ་ཡང་ཧ་ཅང་ཆེ།  དེ་དུས་མ་ལགས་ཀྱིས་པགས་པས་བཟོས་པའི་ལག་ཤུབས་ཡ་གཅིག་གྱོན་ཡོད། དེ་ནི་མོའི་ལག་པར་རྒྱུན་དུ་བྲ་ཚེར་གྱིས་ཡང་ཡང་བསྣུན་ནས་ན་ཟུག་གིས་མ་བཟོད་པས་ཨ་ཕས་ཆེད་དུ་བཟོས་པ་ཞིག་ཡིན།

སྐབས་དེར་ངས་ཀྱང་པགས་ཤུབས་དེ་ཚོད་ལྟའི་ཚུལ་དུ་རང་གི་ལག་མགོར་གྱོན་ཞིང་ཨ་མས་བརྐོས་ཟིན་པའི་བྲ་ཚེར་རྣམས་འཐུ་བསམ་པ་ཡིན་མོད།  པགས་ཤུབ་དེ་ཨ་མས་བཀོལ་ཡུན་རིང་དྲགས་པས་བྲ་ཚེར་གྱིས་པགས་པའི་ཕྱི་ཤུན་བརྟོལ་ནས་ངའི་ལག་པར་གཙེས་པས།  ངས་ན་ཟུག་གིས་མ་བཟོད་པར་མྱུར་དུ་པགས་ཤུབས་ལག་མགོ་ནས་ཕུད་པ་ཡིན། མཐེབ་ཁུང་གཏོང་ས་གཅིག་མ་གཏོགས་མཛུབ་ཁུང་གཞན་བཏོད་མེད་པའི་པག་ཤུབས་དེ་ད་ལྟ་ད་རུང་ཡང་ངའི་སེམས་སུ་ཝ་ལེར་དྲན་ཡོང་།   ཕྱིས་སུ་ཨ་མའི་པག་ཤུབས་དེ་གང་ཞིག་ནས་ཟད་སོང་བ་ཡིན་ནམ་རིམ་གྱིས་ངའི་མཐོང་ལམ་ནས་མི་སྣང་བར་གྱུར། གང་ལྟར་པག་ཤུབས་དེ་ངའི་ཡིད་ལ་དྲན་ཐེངས་རེར་ངས་རྒྱུན་དུ་ཨ་མ་ལགས་དྲན་གྱིན་ཡོད།

ཉིན་དེར་མ་ལགས་ཀྱིས་བྲ་མ་བརྐོས་ཚར་ནས་ཁུར་ཚད་ཅིག་ལོངས་རྗེས་ད་གཟོད་ཐག་པ་ཉིས་རྐྱ་བྱས་ནས་ཐང་དུ་བཀྲམ་པ་དང་། བརྐོས་ཟིན་པའི་བྲ་མའི་རྩད་པ་རྣམས་ཁུར་ཐག་གི་དཀྱུས་སུ་བསྣོལ་ནས་ཕྱོགས་གཅིག་ཏུ་བསྡམས་རྗེས་བྲ་མའི་ཁུར་བོ་ཆེན་པོ་ཞིག་གྲུབ་སོང་།  དེ་དུས་ང་རང་ལོ་ན་ཆུང་བས་ཤེད་ཤུགས་ཅི་ཙམ་བཏོན་ཡང་བྲ་མའི་ཁུར་བོ་དེ་ངས་གཏན་ནས་བསྒུལ་མ་ཚུགས། མ་ལགས་ཀྱིས་ཀྱང་གདོང་གི་རྔུལ་ཆུ་འབྱིད་བཞིན་ཤེད་ཤུགས་འདོན་བཞིན་པར་བལྟས་ན་ལས་སླ་མོ་ཞིག་མིན་པ་ཐག་གིས་ཆོད།    བྲ་མའི་ཁུར་བོ་དེ་གཅིག་ནས་ཕོན་ཆེན་པོ་ཡོད་པ་དང་།  གཉིས་ནས་རི་གཟར་ནས་མར་རི་འདབས་སུ་ཁུར་བར་སྟབས་མི་བདེ་བས། ཐབས་བཀོད་ཉག་གཅིག་ཡོད་པ་ནི་རི་ངོས་ནས་རྦབ་རྡོ་བཞིན་མར་བསྒྲིལ་རྒྱུ་དེ་ཡིན།

དེའི་ཕྱོགས་ནས་མ་ལགས་ལ་བྱང་ཆ་དང་གདེང་ཚོད་ཆེན་པོ་འདུག  མོས་ཐོག་མར་བྲ་མའི་ཁུར་བོ་དེ་རྦབ་སྒྲིལ་བྱས་ཆོག་པའི་གནས་ཡག་པ་ཞིག་གཏན་འཁེལ་བྱེད་པ་དང་། དེ་ནས་རི་འདབས་སུ་མི་སོགས་ཡོད་མེད་ལ་ཞིབ་ཏུ་བརྟག་ནས་ཉེན་ཁ་མེད་པའི་གནས་ཚུལ་འོག་ད་གཟོད་བྲ་མའི་ཁུར་བོ་དེ་རི་གཟར་ནས་མར་རི་འདབས་སུ་བསྒྲིལ་བ་ཡིན། དེ་དུས་ང་ད་དུང་བསམ་མེད་ཀྱི་བྱིས་པ་ཡིན་པས། བྲ་མའི་ཁུར་བོ་དེ་རི་གཟར་ནས་རྦབ་རྡོ་བཞིན་མར་འགྲིལ་དུས་སེམས་སུ་དགའ་སྤྲོ་སྐྱེས་ནས་སྐད་བརྒྱབ་པ་ཡིན། འོན་ཀྱང་བྲ་མའི་ཁུར་བོ་བདེ་ལེགས་ངང་རི་གཟར་ནས་མར་འགྲིལ་ཏེ་རི་འདབས་སུ་ཐོན་སྲིད་ཀྱང་ལས་མ་ཡག་ཚེ་ཆུ་ལོག་རྒྱུག་སའི་རྐ་ཤུར་རམ་ཡང་ན་འོབ་དོང་སོགས་སུ་འཕྲོད་ནས་དཀའ་ལས་ཆེན་པོ་གཏོད་པ་ཡིན། 

ཏག་ཏག་ཉིན་དེར།  ཨ་མ་དང་ངེད་གཉིས་ཀྱི་བྲ་མའི་ཁུར་བོ་ཡང་སྟབས་མ་ལེགས་པར་རྡུལ་འཚུབ་ཅིག་དང་འགྲོགས་ནས་བལྟས་བལྟས་རིག་རིག་ལ་རི་འདབས་སུ་ཡོད་པའི་གྲོག་ཤུར་ཞིག་ཏུ་བརྫངས་སོང་།  ངའི་སེམས་སུ་ཨ་ཧ་བོ། ད་མ་འགྲིག་སྙམ་ནས་སེམས་སུ་ཕམ་ཁ་བྱུང་།    ཡིན་ཡང་ཉིན་དེར་དོན་དག་དང་དཀའ་ཁག་ཅི་བྱུང་ཡང་ཡོད་ཚད་ཨ་མས་འགན་ཁུར་བ་མ་གཏོགས་ང་ལྟ་བུའི་བྱིས་པ་ཞིག་ལ་འདང་རྒྱག་ཅི་ཡོད།   འོན་ཀྱང་ངའི་སེམས་སུ་ད་ཅི་ཨ་མས་བྲ་མ་མར་སྒྲིལ་སྐབས་འུར་བརྒྱབ་པ་སོགས་དྲན་ནས་སེམས་སུ་འགྱོད་པ་སྐྱེས། བྱིས་པ་ནི་ནམ་ཡང་བྱིས་པ་ཡིན་ཏེ། ད་སྐབས་ང་ལོ་འདི་འདྲ་ཞིག་ལ་སླེབས་ཡོད་ཀྱང་ཨ་མའི་སེམས་སུ་ང་ད་རུང་བྱིས་པ་ཞིག་ཡིན།   དེ་འཇིག་རྟེན་གྱི་ཨ་མ་ཚང་མར་ཡོད་པའི་རང་གཤིས་ཤིག་མིན་ནམ་སྙམ།  གང་ལྟར་དོན་དག་བྱུང་ཚར་བས་ང་ཨ་མའི་རྗེས་སུ་འབྲངས་ཞོར་དལ་བ་དལ་བུར་ངེད་གཉིས་རི་སྟེང་ནས་མར་འབབ་དགོས་བྱུང་། 

ཨ་མ་དང་ངེད་གཉིས་བྲ་མའི་ཁུར་བོ་བརྫངས་སའི་འོབ་དོང་གི་ཁར་སོང་ནས་བལྟ་དུས། བྲ་མའི་ཁུར་བོ་དེ་སུ་ཞིག་གིས་ཆེད་དུ་བཟོས་པ་ལྟ་བུའི་འོབ་དོང་ཞིག་གི་ཁར་འཕྲོད་ནས་དམ་པོར་བྱིངས་ཡོད་པས།   མ་ལགས་ཀྱིས་ཁུར་ཐག་གིས་བཟུང་ནས་ཡང་ཡང་འཐེན་མོད།  ད་ཐེངས་བྲ་མའི་ཁུར་བོ་དེས་ཨ་མའི་ཁ་ལ་ཉན་མ་འདོད་པ་ལྟར་གཏན་ནས་བསྒུལ་མ་ཚུགས། སྐབས་དེར་ང་ལའང་ཁོག་དཔུང་ཞིག་ལངས་ནས་ཨ་མའི་ཐག་སྣེ་ནས་བཟུང་སྟེ་ཤེད་ཤུགས་ཡོད་རྒུ་བཏོན་ཡང་ཚང་མ་ངལ་བ་འབྲས་མེད་དུ་གྱུར།   

སྐབས་དེར་ཉི་མའི་ཚ་གདུང་གིས་ཀྱང་ཨ་མ་དང་ངེད་གཉིས་ལ་བསམ་གཟས་ནས་བར་ཆད་གཏོང་བ་བཞིན་ཇེ་བཙན་ནས་ཇེ་བཙན་ཡིན་པ་འདྲ།  འོན་ཀྱང་མ་ལགས་ཀྱི་སེམས་ཤུགས་ལ་ད་དུང་ཉམས་པ་མེད་པར་མོ་བྲ་མའི་ཁུར་ཐག་ལ་འཇུས་ནས་གཡས་འཐེན་དང་གཡོན་འཐེན་མང་པོ་བྱེད་བཞིན་འདུག  མཚམས་ཤིག་ལ་ངེད་གཉིས་ཐེངས་དེའི་དཀའ་ཁག་ལས་རྣམ་པར་རྒྱལ་སོང་། 

ང་ཡང་བསྐྱར་དགའ་སྤྲོ་སྐྱེས་ནས་མ་ལགས་ལ་འཐམས་ཤིང་འདང་བརྩེ་སྔར་ལས་ཇེ་ཆེར་གྱུར།  ད་ལྟ་ངས་འདི་ལྟར་ཞིབ་འདང་ཞིག་བརྒྱབ་ན། དང་ཐོག་རང་ཉིད་ཀྱིས་མ་ཚོར་བ་མ་གཏོགས་སྐབས་དེའི་མ་ལགས་ཀྱི་སེམས་ཤུགས་དང་སྤོབས་པ་དེས་ང་ལ་སྔ་མོ་ནས་སློབ་གསོ་བརྒྱབ་ཚར་འདུག    ཨ་མས་ང་ལ་བཞག་པའི་བག་ཆགས་ཆེས་ཟབ་མོ་དེ་ཡང་ངས་བསམ་ན་ཕལ་ཆེར་འདི་རེད་བསམ་བྱུང་།

བྲ་མའི་ཁུར་བོ་དེ་ངའི་ཨ་མའི་བོངས་ཚད་ལས་ལྡབ་འགས་ཆེ་བ་ཡིན་མོད།  ཐོག་མར་མོས་ཁུར་བོ་གྱེན་རྩོང་བྱེད་པ་དང་དེ་ནས་ཐང་དུ་བཙོག་ཙམ་བྱས་ནས་ཁུར་ཐག་ཕྲག་ཞེང་མཚམས་སུ་དཔྱངས་རྗེས་ད་གཟོད་ཡུན་གྱིས་ཡར་ལངས་ནས་མདུན་དུ་བསྐྱོད་པ་ཡིན།    དེ་ལྟར་རི་ཞོལ་ནས་ངེད་ཚང་གི་དབར་ལ་ཕལ་ཆེར་སྤྱི་ལེ་གཅིག་ལྷག་ཡོད་མོད། ངས་ལམ་བར་དུ་མ་ལགས་ཐང་ཆད་ནས་ངལ་གསོ་བྱས་མྱོང་བ་ཞིག་མི་དྲན།   མོས་དེ་ལྟར་བྲ་མའི་ཁུར་བོ་འཁུར་ནས་དབུགས་ཐེངས་གཅིག་གིས་ངེད་ཚང་གི་སྒོ་རྩར་གཏུག་ངེས་ཡིན།  དེའི་ངོས་ཐད་ནས་བཤད་ན་མ་ལགས་ཀྱི་རང་གཤིས་ནི་དོན་དག་ཅི་ཡིན་ཡང་མོས་དུས་ཡུན་ཐུང་ངུའི་ནང་སྒྲུབ་པ་ལས་ནར་འགྱངས་གཏན་ནས་མི་བྱེད།    གལ་ཏེ་མོས་ང་ཚོར་ལས་ཀ་ཞིག་བཅོལ་གདམས་བྱས་ནའང་ང་ཚོས་སྐབས་ཐོག་ཏུ་མ་འགྲུབ་པ་ཡིན་ན། མོས་ང་ཚོར་བཀའ་བཀྱོན་གནང་ནས་མཐའ་མཇུག་མོ་རང་གིས་སྒྲུབ་འཇོག་པ་ཡིན།  ཕ་ལགས་དང་མོ་གཉིས་ཀྱི་མི་འདྲ་ས་ཆེས་གཙོ་བོའང་ཕལ་ཆེར་དེ་ན་ཡོད་པ་འདྲ།  དེ་བས་མ་ལགས་ཀྱིས་ལས་ཀ་གང་ཞིག་བསྒྲུབས་ཀྱང་དལ་འགོར་གཏན་ནས་མི་བྱེད་པ་འདི་ངས་ད་སྐབས་ཡུན་གྱིས་ཤེས་རྟོགས་ཐུབ་གྱིན་པའི་མ་ལགས་ཀྱི་བཟང་ཆའམ་ཡོན་ཏན་གྱི་སྣེ་གཞན་ཞིག་རེད་བསམ།

དེ་ལྟར་མ་ལགས་ཆུང་དུས་ནས་ལག་ལས་ཀ་ལ་དགའ་ཞིང་བརྩོན་པ་ཆེ་བ་དེས་སྡེ་བའི་ནང་གི་མི་རྣམས་ཀྱིས་ཀྱང་མོར་རྒྱུན་དུ་གདེང་འཇོག་དང་ཁས་ལེན་སྟེར་གྱིན་པ་ངས་དངོས་སུ་མཐོང་མྱོང་།  ད་སྐབས་ཡིན་ནའང་དེ་འདྲ་རེད། ངེད་ཚང་ལ་མཚོན་ན་སྡེ་བའི་ནང་གཙོ་བོ་ཞིང་ཕྱུགས་གཉིས་ཀ་གཉེར་བཞིན་ཡོད།  ངས་ཤེས་དུས་སུ་ངེད་ཚང་གི་ལུག་རྣམས་ཁ་སྟོད་དུ་ཡོད་པའི་ཉེ་དུ་ཞིག་ལ་བཅོལ་ཡོད་པས།   ཞིང་ལས་ནང་དུ་ར་མ་དང་བ་ལང་འཚོས་ནས་འཚོ་བ་སྐྱེལ་བཞིན་ཡོད།  དེ་དུས་ང་ཚོའི་སྡེ་བའི་ནང་ཁྱིམ་ཚང་མང་པོ་ཞིག་གིས་རང་རང་གི་ས་ཞིང་ལ་བདག་བྱེད་པ་དང་འབྲུ་རིགས་འདེབས་བཞིན་ཡོད་མོད། ངའི་སྣང་བ་ཞིག་ལ་དེ་ནས་ཅུང་མ་འགོར་བར་ཞིང་འདེབས་མཁན་གྱི་ཁྱིམ་ཚང་ཡང་རིམ་གྱིས་ཇེ་ཉུང་དུ་ཕྱིན་ལ་ཁོ་ཚོའི་ས་ཞིང་མང་པོ་ཞིག་ས་རྒོད་དུ་བསྐྱུར་འདུག དོན་དག་འདི་རྗེས་ནས་བྱུང་བ་ཡིན་པས་སྐབས་སུ་མི་གླེང་བར་བྱ།

རེད་ཡ།  སྔོན་མ་ཡིན་ན་ངེད་ཚང་མ་ཟད་སྡེ་བའི་ནང་གི་ཁྱིམ་ཚང་མང་ཆེ་བས་ཞིང་འདེབས་བཞིན་ཡོད། སྐབས་དེར་ས་ཞིང་རྒྱ་ཆེ་ལ་ཆར་ཆུའི་འབབ་ཞོད་ཀྱང་ཆེ་བས་སྟོན་ཀར་འབྲས་བཟང་ལེན་རྒྱུ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད།   ངེད་ཚང་གི་ཞིང་སའང་གཙོ་བོ་རྡོ་རིལ་སྐེ་ན་ཡོད།   (ས་དེར་གནའ་སྔ་མོ་ནས་རྡོ་རིལ་དཀར་པོ་ཞིག་ཡོད་པས་མིང་ཡང་དེ་ལྟར་ཐོགས་སྙམ)

དེ་མིན་ངེད་ཚང་གི་གཞི་མའི་མཐའ་འཁོར་དུ་ཡང་ཞིང་འདེབས་བཞིན་ཡོད། ངས་དྲན་གསོས་ཐུབ་པ་ནི་མ་ལགས་རྒྱུན་པར་རྡོ་རིལ་སྐེར་སོང་ནས་ཡུར་མ་ཡུར་བཞིན་ཡོད།   དེ་དུས་ང་ཕལ་ཆེར་དམའ་འབྲིང་དུ་ཞུགས་པའི་ལོ་དེ་ཡིན་ཚོད་འདུག   ད་ལྟའི་བར་ཕལ་ཆེར་ལོ་བཅོ་ལྔ་ལྷག་འགོར་འདུག   མ་ལགས་དང་པོ་ནས་ལག་ལས་ཀ་ལ་བརྩོན་པ་ཆེ་བ་དེས་ངེད་ཚང་གི་ལས་ཀ་གང་ཞིག་ཡིན་ཡང་མོ་མ་ཐོན་ས་ཞིག་མེད།  དེ་གཙོ་བོ་མོར་རོགས་བྱེད་མཁན་གྱི་ཁྱིམ་མི་མེད་སོང་བའང་མ་ཡིན་པརཞ ལས་ཀ་ཞིག་གང་ཞིག་ཡིན་ཡང་མོ་རང་ཉིད་དངོས་སུ་སོང་ནས་མ་ལས་ན་སེམས་མི་བདེ་བ་རེད།   དེ་བས་མོར་མཚོན་ན་རྒྱུན་དུ་ངེད་ཚང་གི་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་ངེས་པར་དུ་ཐོན་སྲིད་པ་དང་ཐོན་དགོས་པ་ཞིག་ཏུའང་ཆགས་ཡོད།  

ངའི་ཨ་མ་ཆུང་ནས་ཞིང་གྲོང་ནས་ལག་ཆགས་པ་ཡིན་པས། ཞིང་ལས་ཀྱི་ངོས་ཐད་ནས་སྡེ་བའི་ནང་དུ་མོ་རང་ཆེས་བཟང་ཤོས་མིན་ན་སྡུག་ཤོས་མིན།  ད་ངས་གོང་དུ་བཤད་པ་བཞིན་ང་རང་དམའ་འབྲིང་ཡིན་སྐབས་མོ་རྒྱུན་དུ་རྡོ་རིལ་སྐེ་ཡི་ཞིང་ཚིགས་སུ་སོང་ནས་རྩ་ལྡུམ་འབལ་བ་དང་ཡུར་མ་ཡུར་བཞིན་ཡོད། ངེད་ཚང་ལ་སྤུན་དྲུག་ཡོད་པའི་ནང་ཆེས་ཆུང་བ་ངའི་ནུ་བོ་ཡིན་ཞིང་། ཁོ་ཆུང་དུས་ནས་རང་གི་དགའ་ཕྱོགས་ལྟར་དགོན་པར་བསྐྱལ་ཟིན་པས། ཤུལ་དུ་ངའི་ཕུ་བོ་འབྲིང་བ་དང་ཨ་ཅེ། ནུ་མོ་མ་གཏོགས་མེད། དེ་དུས་ངའི་ནུ་མོའང་ལོ་ན་ཆུང་བས་ངས་རྒྱུན་པར་མོ་ངའི་རྗེས་སུ་ཁྲིད་ནས་ཨ་མས་ཡུར་མ་ཡུར་སའི་རྡོ་རིལ་སྐེ་དེར་སོང་བ་ཡིན། 

ཨ་མས་ཞིང་ལས་ཐད་དཀའ་ངལ་ག་འདྲ་ཞིག་བརྒྱབ་པ་དེ་ད་ལྟ་ངའི་ཡིད་ལ་གསལ་བོ་ཞིག་མི་དྲན་ཡང་། གང་ལྟར་སྐབས་དེར་ངེད་ཚང་གི་ཞིང་ས་ཅུང་ཆེན་པོ་ཡོད་པ་དང་། ཉིན་གུང་ཉི་མའི་ཚ་གདུང་གི་འོག་ཏུ་ཡང་ཨ་མ་མོ་གཅིག་པུས་རྒྱུན་དུ་ཡུར་མ་ཡུར་བ་ཡིན།  ཚ་བ་ཤིན་ཏུ་ཆེ་བའི་ནང་དུའང་མོ་རང་ལས་ཀའི་ནང་མགོ་འཁོར་ནས་སྐྱིད་སེན་མོ་ཙམ་ཡང་རེག་མ་མྱོང་།  འོན་ཀྱང་མོར་མཚོན་ན་དེ་ནི་མོའི་བདེ་སྐྱིད་ལྟ་བུ་ཞིག་ཏུ་བསམ་ཡོད་ནའང་ཐང་།  ཁ་སྐོམ་དུས་མོས་ལས་མཚམས་བཞག་ནས་ཞིང་ཚིགས་སུ་འོངས་ཏེ་སྐོམ་བསད་རྗེས་ངལ་གསོ་ཅུང་ཙམ་ལས་མི་བྱེད་པར་ཡང་བསྐྱར་ཡུར་མ་ཡུར་བའི་ལས་ཀའི་ནང་ཞུགས་པ་དང་ཁྱིམ་དུ་ལོག་དུས་ཕལ་ཆེར་ས་རུབ་པའི་ཚོད་ཡིན།  

དེ་ལྟར་མ་ལགས་རྒྱུན་དུ་དབྱར་ཚ་བའི་ནང་ཞིང་ལས་ལ་གཞོལ་ཅིང་སྟོན་བརྒྱད་པའི་ནང་ལོ་ཏོག་བརྔོ་བའི་དུས་ལ་བབས་སོང་།   སྐབས་དེར་ང་ཚོའི་སྡེ་བའི་ནང་ཞིང་འབྲེག་འཕྲུལ་ཆས་ཟེར་བ་ཞིག་ཁྱོན་ནས་མི་འདུག ཡིན་ཡང་ཁུར་གྱིས་དུད་པའི་འབྲས་བཟང་གིས་ཨ་མས་ད་རག་བར་སྡུག་ལས་མང་པོ་བརྒྱབ་པར་དྲིན་བཟོ་བའི་ཚུལ་གྱིས་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བ་ནི་ཅི་འདྲའི་ཡིད་དུ་འོང་བ་ལ།  སྐབས་དེར་མ་ལགས་ཀྱིས་ཀྱང་གོ་སྐབས་དམ་འཛིན་སྒོས་ཟོར་བ་ལག་ཏུ་ཐོགས་ནས་ཞིང་འབྲེག་པ་ཡིན།   ང་ཚོའི་སྡེ་བའི་ནང་དུ་ཡང་ཞིང་ཡོད་པའི་ཁྱིམ་ཚང་གིས་ཕན་ཚུན་ལ་ལས་སྡེབ་ཞེས་དེ་རིང་ངས་ཁྱེད་ཚང་ལ་རོགས་བྱས་ན་སང་ཉིན་ཁྱོས་ངེད་ཚང་ལ་རོགས་བྱེད་པའི་གོམས་སྲོལ་ཞིག་ཡོད་མོད། མ་ལགས་ནི་ཕལ་ཆེར་རང་ཉིད་ནས་མགོ་བརྩམས་ཏེ་ལས་ཀར་འཇུག་མཁན་ཞིག་ཡིན།

དེ་དུས་མོས་ཨ་ཅེ་དང་ཕུ་བོ་སོགས་ལའང་ཟོར་བ་འཛིན་ཚུལ་དང་ཤོག་ཐིག་བཟོ་ཚུལ། ཤོག་གཉིས་ཕན་ཚུན་ཅི་ལྟར་བསྣོལ་ཕྱོགས་སོགས་ཕྱོགས་གང་ཐད་ནས་ཞིབ་ཏུ་འཁྲིད་པ་ཡིན། ཞིང་ས་གྲུ་བཞི་གཅིག་ཨ་ཅེ་དང་མོ་གཉིས་གཡས་གཡོན་བྱས་ནས་མཉམ་དུ་འབྲེག་སྐབས་མ་ལགས་རྒྱུན་དུ་སྔོན་ལ་ཤོར་འགྲོ་བ་དང་ཨ་ཅེ་རྗེས་སུ་བསྐྱུར་བཞིན་ཡོད། སྐབས་དེའི་རྣམ་པ་ནི་ངས་ཨ་མའི་སྣང་བརྙན་ཁོ་ན་བཤད་འདོད་པ་མིན་པར་སྟོན་གྱི་དུས་ཚིགས་དེ་ད་ལྟ་དང་གཏན་ནས་མི་འདྲ་བར་མ་གཞི་ནས་མཛེས་ཤིང་སྡུག་པ་ཞིག་རེད། 

ད་སྐབས་ངས་དེ་དག་རེ་རེ་བཞིན་ཞིབ་ཏུ་འདང་བརྒྱག་མི་ཕོད། དེའི་རྒྱུ་མཚན་མཛེས་ཤིང་སྡུག་པའི་སྣང་བརྙན་དེ་དག་ངའི་མིག་ལམ་ནས་ཤེས་མེད་ཚོར་མེད་དུ་ཡལ་སོང་བ་དེས་དེང་སྐབས་མ་ལགས་ཀྱི་ཟོར་བ་དང་ཨ་ཕའི་ལྕགས་ཁེམ་སོགས་ཀྱང་རིམ་གྱིས་བཙའ་ཆགས་ནས་བཀོལ་ས་མེད་པར་གྱུར་བ་རེད། དེ་ནི་ངའི་ཨ་མའི་སེམས་ཀྱི་ན་ཟུག་དང་སྐྱོ་གདུང་ཡིན་པ་མ་ཟད།  སྔོན་ཆད་ངའི་སེམས་སུ་ལས་ཀ་ལས་རྒྱུ་ཅི་ཡང་མེད་པར་འདུག་ཐུབ་ན། དེ་ནི་ངའི་ཨ་མའི་བདེ་སྐྱིད་ཡིན་པའི་ནོར་འཁྲུལ་གྱི་བསམ་བློ་དེ་ཡང་ད་ལྟ་རང་ཤུགས་ཀྱིས་འགྱུར་བ་ཐེབས་བཞིན་ཡོད།

ཕྱིས་སུ་ངས་ཨ་མས་ལས་ཀ་ཅི་ཞིག་བསྒྲུབས་ཀྱང་བཀག་འགོག་གཏན་ནས་བྱེད་མི་ཐུབ། རྒྱུ་མཚན་མོས་ལས་འདོད་པའི་ལས་ཀ་དེ་བཀཀ་འགོག་བྱས་པ་ཡིན་ན་དེ་ནི་མོར་རྒྱབ་འགལ་བྱས་པ་དང་མཚུངས་པར། མ་ལགས་དེ་མ་ཐག་ཁོང་ཁྲོ་ལངས་སྲིད་པ་དང་སེམས་ཁམས་སྟེང་གནོད་པ་ཆེན་པོ་ཐེབས་བཞིན་འདུག   དེ་མིན་སྐབས་ཐོག་དེར་ངས་འདང་དཔོག་མ་ཐུབ་ཀྱང་རྗེས་སུ་ཡུན་གྱིས་ཤེས་རྟོགས་བྱུང་བ་ནི་མ་ལགས་སྤྱི་ལོ1949ལོར་སྐྱེས་པ་དང་། ད་སྐབས་ཀྱི་ང་ཚོས་བཤད་ན་སྤྱི་ཚོགས་རྙིང་བའི་སྐབས་རེད། མོའང་སྐབས་དེའི་ཁོར་ཡུག་དང་ཁྱིམ་ཚང་གི་སློབ་གསོ་ངེས་ཅན་ཞིག་གི་འོག་འཚར་ལོངས་བྱུང་བ་མ་ཟད། རིག་གནས་གསར་བརྗེ་ཆེན་མོའི་རླུང་འཚུབ་ཀྱི་འཚོ་བའི་ནང་ནར་སོན་པ་དང་། སྐབས་དེར་མི་ཚང་མ་སྡུག་ཐུག་པའི་འཚོ་བ་དེས་མོ་ལའང་ཤུགས་རྐྱེན་དང་སྦྱོང་བརྡར་ངེས་ཅན་ཞིག་ཐེབས་ཡོད་པ་སྨོས་མ་དགོས།

དེ་དག་དང་བསྡུར་ནས་བཤད་ན། ད་སྐབས་ངེད་ཚང་གི་ཁྱིམ་ལས་ཙག་ཙིག་ནི་མོར་མཚོན་ན་ཅི་ཡང་མ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས་དཀའ་ལས་ཤིག་ཏུ་འདོད་ཀྱིན་པའི་ལས་ཀ་དེ་མོར་མཚོན་ན་བདེ་སྐྱིད་ཅིག་མིན་པའི་ངེས་པའང་ག་ལ་ཡོད། དཔེ་བཞག་ན་ངའི་ཨ་མ་ལྟ་བུའི་སྔོན་ཆད་ཀྱི་རྒན་རབས་པ་མང་པོ་ཞིག་གྲོང་ཁྱེར་དུ་འོང་ཚེ་ཉིན་གཅིག་ལའང་སྡོད་མི་ནུས་པར་ཕྱིར་རང་གི་ཕ་ཡུལ་དུ་སོང་ན་ད་གཟོད་སེམས་ཁམས་དྭངས་པ་རེད། དེ་མ་གཏོགས་གྲོང་ཁྱེར་དུ་ལས་རྒྱུ་ཅི་ཡང་མེད་པར་ཉིན་གང་བོར་ཉལ་ནས་བསྡད་ཆོག་པ་ཡིན་མོད། ཁོ་ཚོ་ཆུང་དུས་ནས་རང་ཉིད་ལ་འཚམ་པའི་ཁོར་ཡུག་དང་སྤྱི་ཚོགས་དེ་ལས་ནར་སོན་པ་ཡིན་པས་ང་ཚོའི་སེམས་སུ་སྙིང་མ་རྗེ་ཞེས་པའི་སྐད་ཆ་དེ་ཡང་ད་སྐབས་ངས་བལྟས་ན་ཡུན་གྱིས་བསྒྱུར་རན་འདུག  འོ་རེད། གོང་གི་སྐད་ཆ་དེ་ཅུང་ཙམ་འཕྲོས་སོང་། ད་ཡང་མུ་མཐུད་དུ་ངའི་ཨ་མའི་སྐོར་གྱི་གཏམ་རྒྱུད་དེའི་མཇུག་སྐྱོང་བར་བྱ།  

སྟོན་ལས་ཚུགས་པའི་ཉིན་དེ་ནས་བཟུང་ངའི་ཨ་མའི་འཚོ་བའང་བྲེལ་བྲེལ་འཚུབ་འཚུབ་ཀྱིས་བསྐྱལ་དགོས་པ་ཡིན། དེ་དུས་ངེད་ཚང་ལ་གཡུལ་གཅོག་སའི་ར་སྐོར་ཞིག་ཡོད། གྲོ་ཤོག་དང་ཀེ་ཤོག་མ་བླངས་པའི་ཡར་སྔོན་དུ་མ་ལགས་གཙོ་བྱས་ང་ཚོ་ཚང་མས་གཡུལ་ཁའི་ནང་གཙང་སྦྲ་བྱེད་པ་དང་། དེ་ནས་སྟོན་གྱི་འབྲས་སུ་རྣམས་ཚུར་གཡུལ་ཁའི་ནང་ལེན་པ་ཡིན། སྟོན་འབྲས་རྣམས་ཞིང་ཁ་ནས་སྐྱེལ་དུས་ངས་ཁྱེད་ཚོར་དམིགས་བསལ་གྱིས་སེམས་ཅན་ཞིག་ངོ་སྤྲོད་བྱེད་དགོས་འདུག དེ་ནི་ངེད་ཚང་གི་འཚོ་བའི་དཀའ་ཁག་སེལ་མཁན་ནམ་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་པའི་དྲིན་ཆེན་གྱི་བོང་བུ་ཞིག་ཡོད། ངས་བོང་བུ་འདི་གླེང་དགོས་དོན་ཡང་ཨ་མ་དང་དེ་གཉིས་ཀྱི་སྐྱིད་སྡུག་ཕལ་ཆེར་གཅིག་གི་སྟེང་བབས་ཡོད་པས་དེ་ལྟར་བཤད་པ་ཡིན། 

སྐབས་ཐོག་དེར་ང་ཚོའི་སྡེ་བའི་ནང་ལག་སྐྱོར་འཁོར་ལོ་ཡོད་མཁན་ཧ་ཅང་ཉུང་། དེ་དུས་གཅིག་ནས་ཆ་རྐྱེན་ཞན་པ་དང་གཉིས་ནས་སྲོལ་རྒྱུན་རྣམ་པའི་ཞིང་ལས་གཙོ་བོར་གཉེར་བཞིན་ཡོད། གལ་ཏེ་ལག་སྐྱོར་འཁོར་ལོ་ཡོད་སྲིད་པའི་དབང་དུ་བཏང་ཡང་ཞིང་ཚིགས་ཀྱི་ལམ་བར་དུ་འབའ་འབུར་མང་བ་དང་སྲང་ལམ་ཀྱག་ཀྱོག་ཡིན་པས་སྟབས་བདེ་བ་ཞིག་ཀྱང་མིན། དེ་བས་སྐབས་དེར་ངེད་ཚང་གི་སྟོན་སྡུད་ཀྱི་ལས་ཀ་ལ་མེད་དུ་མི་རུང་བ་ནི་ངེད་ཚང་གི་བོང་བུ་ནག་ལྡང་དེ་ཡིན། ངས་ཤེས་དུས་སྔོན་ཆད་བོང་བུ་ནག་ལྡང་གིས་ཤིང་རྟ་ཞིག་འདྲུད་ཀྱིན་ཡོད། ཤིང་རྟ་དེའི་ལྗིད་ཚད་བཤད་ན་ངས་དེའི་ཡུ་བ་གཉིས་ནས་བཟུང་ནའང་ཡར་འགྱོགས་མི་ཐུབ་པའི་ཚོད་རེད། ཤིང་རྟ་དེ་འདྲའི་ཆེན་པོ་ཞིག སྤྱིར་ཡིན་ན་རྟ་དང་དྲེལ་གྱིས་འདྲུད་ཐུབ་པ་མ་གཏོགས་ངེད་ཚང་གི་བོང་རྒན་ལ་གཏན་ནས་མི་འཚམས། ཞིང་ཁར་སོང་ནས་ཤིང་རྟའི་ནང་གྲོ་ཤོག་མཐོན་པོ་མཐོན་པོ་ཞིག་བརྩིགས་ནའང་། བོང་རྒན་ནག་ལྡང་གིས་རང་ནུས་རྩལ་དུ་སྤྲུགས་ནས་གཡུལ་ཁའི་ནང་ཐོན་ཐུབ་པ་ཡིན།  སྤྱིར་བོང་རྒན་ནག་ལྡང་ནི་སྨྲ་མི་ཤེས་པའི་སེམས་ཅན་དུད་འགྲོ་ཞིག་ཡིན་ཡང་།  ངའི་སེམས་ནང་ནས་ངེད་ཚང་ལ་ཆེས་བློ་དཀར་བའི་གཡོག་པོ་ཞིག་དང་འདྲ་བར་གཏན་ནས་བརྗེད་ཐབས་མེད་པ་ཞིག་རེད།

བོང་རྒན་ནག་ལྡང་ངེད་ཚང་གི་འཚོ་བའི་ལག་རྟེན་དུ་གྱུར་པ་ནས་བཟུང་། སྟོན་སྡུད་ཀྱི་ལས་ཀ་ཁོ་ན་མ་ཡིན་པར་སྐབས་རེར་ཁ་སྟོད་དུ་ཁྲིད་ནས་ཨོང་རིལ་བཀལ་རྗེས་ཕྱིར་ཞིང་ལས་ནང་ལོག་པ་དང་། དེ་མིན་ང་ཚོའི་སྡེ་ཞོལ་དུ་སེ་ཐང་ཞེས་པའི་རྒྱ་སྡེ་ཞིག་ཡོད་པར། མ་ལགས་ཀྱིས་བོང་རྒན་ནག་ལྡང་ལ་ཤིང་རྟ་བརྒྱབ་ནས་རང་འཐག་འཐགས་པ་དང་གཡུས་བཙག་ཏུ་འགྲོ་བཞིན་ཡོད།   དེ་དག་དྲན་འོངས་ཚེ་ངའི་ཨ་མ་དང་བོང་རྒན་ནག་ལྡང་ནི་ཁྱིམ་ཚང་འདིའི་འཁེན་ས་དང་བརྟེན་ས་གཙོ་བོ་ཡིན་པ་ཤེས་ཐུབ།

གང་ལྟར་བོང་རྒན་ནག་ལྡང་ཡོད་དུས་མ་ལགས་ཀྱང་དེའི་གམ་དུ་ཡོད་པར་མ་ཟད། བོང་རྒན་ནག་ལྡང་གིས་དཀའ་ལས་ཅི་ཙམ་བརྒྱབ་ཡོད་ན་ངའི་ཨ་མས་ཀྱང་དེའི་ཚོད་ཀྱི་དཀའ་ལས་མྱོང་བཞིན་ཡོད། མདོར་ན་ཁོ་གཉིས་ཀྱིས་རྒྱུན་དུ་མཉམ་འགྲོ་མཉམ་གཤིབ་ངང་དཀའ་ལས་རྒྱག་བཞིན་ཡོད་པས། བོང་རྒན་ནག་ལྡང་འཇིག་རྟེན་མི་ཡུལ་དང་བྲལ་ཉིན་ནས་མ་ལགས་ཀྱི་འགན་ཁུར་ཡང་དེ་ལས་ཀྱང་ཇེ་ལྕི་རུ་སོང་ཡོད་པ་སྨོས་མ་དགོས། བོང་རྒན་ནག་ལྡང་གིས་དྲུད་མྱོང་བའི་ཤིང་རྟ་དེ་ད་རུང་ཡང་ངེད་ཚང་དུ་བསྐྱུར་ཡོད་པས། སྐབས་དེར་ངའི་ཡིད་ལ་བོང་རྒན་ནག་ལྡང་ཤར་ནས་ལན་རེར་རྨི་ལམ་དུའང་འཁོར་ཐུབ།

གོང་ནས་ངས་མ་ལགས་དང་འབྲེལ་ནས་བོང་རྒན་ནག་ལྡང་གི་སྐོར་ཉུང་ཙམ་མི་གླེང་ཐབས་མེད་བྱུང་། དེའི་རྒྱུ་མཚན་བོང་རྒན་ནག་ལྡང་ཡང་ངའི་ཨ་མ་དང་འདྲ་བར་ངེད་ཚང་ལ་ཤིན་ཏུ་དྲིན་ཆེན་ཡིན་པ་རེད། གསལ་བོར་བཤད་ན་བོང་རྒན་ནག་ལྡང་གིས་དཀའ་ལས་མྱངས་པའི་ཕག་རྒྱབ་ཏུ་ངའི་ཨ་མས་ཀྱང་དེ་དང་མཚུངས་པའི་རྔུལ་ཆུ་དྲོན་མོ་གཏོར་ཡོད་པས། ངས་བཤད་འདོད་པའི་སྐད་ཆའི་སྙིང་བོ་ཡང་དེ་ཡིན།  

ད་རུང་ངའི་ཨ་མ་ལགས་ཆུང་དུས་ནས་སླེ་བོ་བསླེས་མཁན་དང་ལྷམ་འདེབས་ཤེས་པའི་ལག་ཤེས་བཟོ་ལས་པ་ཞིག་ཀྱང་ཡིན།  ལག་ཤེས་བཟོ་ལས་ཕྱོགས་ནས་བཤད་ན་ངའི་ཨ་ཕ་ཡང་ཤིན་ཏུ་མཁས་པ་ཡིན།  ངའི་ཨ་མའི་ལག་ཤེས་ནི་ཕ་ལགས་དང་གཉེན་སྒྲིག་མ་བྱས་གོང་ཁོ་མོས་སྔ་ས་ནས་སྦྱངས་ཚར་ཡོད་པ་འདྲ། དེའི་རྒྱུ་མཚན་མོ་རང་ཆུང་དུས་ནས་ཞིང་གྲོང་དུ་ནར་སོན་པ་དང་། མོའི་ཨ་མའམ་ངའི་ཨ་ཕྱི་བརྒྱུད་ནས་བསླབ་པ་ཡིན་ཚོད་འདུག  ལྷམ་འདེབས་ཤེས་པ་དེ་ཡང་ང་ལ་གསལ་བོ་ཞིག་བཤད་རྒྱུ་མེད་ཀྱང་། མོས་ཐོག་མར་རྐང་བའི་ཆེ་ཆུང་གི་ཚད་ལ་བལྟས་ནས་ལྷམ་མཐིལ་རན་པ་ཞིག་བྲེ་རྗེས་ལྷམ་འདེབས་པ་ཡིན།    ལྷམ་འདེབས་པ་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ནི་ཤིང་འབུག་དང་གཙོ་མ་གཉིས་ཡིན། ཤིང་འབུག་ནི་ཁབ་ཀྱི་ཚབ་དང་གཙོ་མ་ནི་སྐུད་པའི་ཚབ་ཡིན། ཤིང་འབུག་ཡིན་དགོས་པའི་རྒྱུ་མཚན་བཤད་ན་ལྷམ་མཐིལ་སྲ་ཞིང་མཁྲེགས་པས་ཁབ་ཀྱིས་མི་ནུས་པ་ཡིན། གཙོ་མ་ནི་ཤིང་རིགས་ཀྱི་ཕྱི་ཤུན་རྒྱུ་བ་ཅན་ཞིག་ཡིན་པས་ཆེས་སྤྱིར་བཏང་གི་ལྭ་བ་འཚེམ་བྱེད་ཀྱི་སྐུད་པ་དང་བསྡུར་ཐབས་མེད། ཨ་མས་དེ་དག་གང་ཞིག་ནས་ཁྱེར་ཡོང་བ་མི་ཤེས་ཀྱང་།  མོས་ང་ཚོར་ཆུང་དུས་ནས་རང་གི་ལག་ཤེས་ལ་བརྟེན་ནས་ལྷམ་དེ་འདྲ་མང་པོ་བཏབ་མྱོང་། ང་ཚོས་ཀྱང་ཡག་ན་མི་ཡག་ན་མོས་བཏབ་པའི་ལྷམ་གོན་པ་མ་ཟད།  དེ་གཅིག་ནས་ལྷམ་མཐིལ་སྲ་མོ་ཡིན་པ་དང་སྐུད་པ་གཙོ་མ་ཡིན་པས་ཡུན་རིང་བོར་གྱོན་ཡང་ཐེད་མི་ཐུབ་པ་རེད།   

དེའི་འཕྲོ་ནས་མ་ལགས་ཀྱིས་སླེ་བོ་བསླེས་པ་ཡིན། རྩི་ཏོག་ནི་སླེ་བོ་འགྲུབ་བྱེད་ཀྱི་རྒྱུ་གཙོ་བོ་ཡིན་པས། མ་ལགས་ངེད་ཚང་གི་རྩྭ་རའི་ནང་སོང་ནས་རྩི་ཏོག་མང་པོ་འབྲེག་པ་དང་།  དེ་ནས་མོ་རང་གི་འཆར་འགོད་བཞིན་སླེ་བོ་བསླེས་པ་ཡིན། སླེ་བོ་བཟོ་རྒྱུ་ནི་ལས་སླ་མོ་ཞིག་མིན་ཏེ་དེར་དུས་ཡུན་ཅུང་རིང་པོ་ཞིག་དགོས་པ་ཡིན། ངའི་དྲན་ཚུལ་ལ་མ་ལགས་ཀྱིས་ཐོག་མར་སླེ་བོའི་གཞུང་རྐང་འགུག་པ་དང་དེ་ནས་ཉིན་འགར་བཞག་སྟེ་ཚུགས་ཀ་འཁྱོངས་རྗེས་ད་གཟོད་རྩི་ཏོག་གིས་བསྐྱིས་ནས་ཞིབ་ལས་བྱེད་པ་ཡིན། སྐབས་དེར་ང་ཚོའི་སྡེ་བའི་ནང་སླེ་བོ་བསླེས་ཤེས་མཁན་ཡང་ཧ་ཅང་དཀོན། ལན་རེར་ཁྱིམ་ཚང་གཞན་གྱིས་རེ་བ་བཏོན་པ་ལྟར་མོས་ཁོ་ཚོར་སླེ་བོ་བསླེས་དགོས་དུས་ཀྱང་ཡོད། གང་ལྟར་ཨ་མར་མཚོན་ན་ཆུང་དུས་ནས་ལག་ཤེས་འདིའི་རིགས་ལ་རྨང་གཞི་ངེས་ཅན་ཡོད་པ་དེས་ངེད་ཚང་གི་གོན་པའམ་འཚོ་བའི་ཡོ་བྱད་ཀྱི་ཕྱོགས་ནས་ཀྱང་ཕན་ཁེ་མི་དམན་པ་བསྐྲུན་ཡོད།  

མ་ལགས་ཀྱིས་ཆུང་དུས་སློབ་གྲྭར་འགྲིམ་མ་མྱོང་བས་ཀ་ངོ་ཡིག་ངོ་མི་ཆོད་ནའང་།  མོས་ང་ཚོ་མིང་སྲིང་དྲུག་པོ་རེ་རེ་བཞིན་སློབ་གྲྭར་བསྐྱལ་ཡང་ཕྱིས་སུ་ང་དང་ཕུ་བོ་གཉིས་མ་གཏོགས་གཞན་རྣམས་མུ་མཐུད་དུ་སློབ་གྲྭར་འགྲོ་མ་ཐུབ།  ངས་ང་རང་སློབ་ཆུང་ནས་སློབ་འབྲིང་དང་། སློབ་ཆེན་མཐར་ཕྱིན་རག་བར་ཨ་མས་ང་ལ་སློབ་ཡོན་མང་པོ་ཞིག་ཁབ་གསོག་འབུག་གསོག་བྱས་པ་དེ་དྲན་ན་ཧ་ཅང་སྙིང་རྗེ་བ་ཞིག་རེད།  སློབ་གྲྭར་འགྲོ་ཐེངས་རེར་མ་ལགས་སྔ་མོ་ནམ་མ་གསལ་གོང་ནས་མལ་ལས་ལངས་ཏེ་མེ་ཁ་གསོ་བ་དང་། ནངས་ཇ་བསྐོལ་རྗེས་བྲོ་ཁ་དང་སྒོར་མོ་འདང་ཚད་ཅིག་ངའི་དཔེ་ཁུག་ནང་བསྡུ་བསོག་ནན་མོ་བརྒྱབ་ནས་ལམ་ལ་འཇུག་པ་ཡིན།  སྐབས་དེའི་སེམས་ནང་གི་འགྱུར་བ་ངས་མ་བཤད་ནའང་ཚང་མས་གསལ་བོར་ཤེས་ངེས།  དེའི་རྒྱུ་མཚན་ཞིང་གྲོང་ནས་ནར་སོན་པ་དང་སློབ་གྲྭར་སོང་མྱོང་མཁན་ཞིག་ཡིན་ན་ཕལ་ཆེར་ཤེས་རྒྱུ་རེད། 

མ་ལགས་ཀྱིས་བཞག་པའི་བག་ཆགས་གཞན་ཞིག་ནི་མོས་ང་ཚོར་འགྲིག་ལམ་དང་རེ་བ་ནན་མོ་འཛིན་བཞིན་ཡོད།  ང་རང་ཆུང་དུས་སུ་སྡེ་བའི་ནང་གི་བྱིས་པ་ཚོ་དང་མཉམ་དུ་རྩེད་མོ་རྩེ་སྐབས་ཁ་མ་མཐུན་པར་རྡུང་རེས་བྱེད་ཀྱིན་ཡོད།  དེ་དུས་ང་ལ་བྱིས་པ་གཞན་གྱིས་ཐུབ་ཚོད་བཏང་ནའང་མ་ལགས་ངའི་ཕྱོགས་ནས་གཏན་ནས་ལངས་མ་མྱོང་།   མོས་ད་དུང་ང་ལ་སྐྱོན་བརྗོད་བྱས་པ་དེས་ང་ལ་སེམས་མི་སྐྱིད་པའི་ཚོར་བ་དང་ཤ་མི་ཚ་བའི་བསམ་ཚུལ་སྐྱེས་སུ་བཅུག་མོད། ཡིན་ཡང་ད་ལྟ་ཞིབ་འདང་ཞིག་བརྒྱབ་ཚེ་དེ་དུས་མ་ལགས་ལ་བསམ་ཚུལ་གཞན་ཞིག་ཡོད་པ་ལས་ང་ལ་མ་གཅེས་པ་གང་ནས་ཡིན།  

དོན་དངོས་སུ་མོ་རང་སྐབས་དེར་ངའི་ཕྱོགས་ནས་ལངས་པ་ཡིན་ན་ཁྱིམ་ཚང་གཉིས་ཀས་རང་རང་གི་བྱིས་པའི་ཁ་ངོ་བསྲུང་ནས་འགལ་བ་འབྱུང་སྲིད་པ་མ་ཟད། ཁྱིམ་ཚང་ཕན་ཚུན་གྱི་ཡུན་རིང་གི་འགྲིག་མཐུན་ཕྱོགས་སུའང་གནོད་པ་མི་སྐྱེལ་བའི་ངེས་པ་ག་ལ་ཡོད།     དེ་དག་ལ་འདང་བརྒྱབ་ན་མ་ལགས་ཀྱིས་ང་རང་བྱིས་པ་ཡིན་ནའང་ཆུང་དུས་ནས་རང་བརྒྱུད་དགོས་པའི་ལམ་ཞིག་ཡིན་ཕྱིན། ངེས་པར་དུ་ལམ་དེར་ཞུགས་དགོས་པ་དང་བྱིས་དུས་སུ་མྱང་དགོས་པའི་འཚར་ལོངས་ཀྱི་གོ་རིམ་ལའང་རང་ཉིད་དངོས་སུ་གདོང་གཏུག་པ་དང་བཟོད་བསྲན་བྱེད་པ།   ཐག་གཅོད་པའི་ཕྱོགས་སུ་ཁྲིད་ཟིན་པ་རེད།  

སྤྱིར་ངས་ད་དུང་མང་པོ་ཞིག་འབྲི་རྩིས་ཡོད་ཀྱང་བཤད་ཚུལ་ཞིག་ལ་ཁ་སྔ་བ་ལས་ལག་སྔ་ན་བཟང་ཞེས་ཟེར་བས་རེ་ཞིག་འདི་ནས་མཚམས་བཞག་པ་ཡིན། ཡིན་ཡང་མཇུག་མཐར་ངས་རང་གི་མ་ལགས་ལ་སྤྱི་བསྡོམས་ཐུང་ཐུང་ཞིག་བྱེད་འདོད། དེ་ནི་ངས་རང་གི་མ་ལགས་ལ་བཟུང་བའི་རྣམ་འགྱུར་དང་ལྟ་སྟངས་ཀྱང་ཡིན། མོས་ཁྱིམ་གཞི་འདི་བསྐྱངས་ནས་ད་ལྟའི་བར་ཕལ་ཆེར་མི་ལོ45ལྷག་ཕྱིན་འདུག  དཀའ་སྡུག་གི་མི་ཚེ་དང་འགྲུལ་བཞུད་ཀྱི་ལམ་ཁ་དེ་འདྲའི་བདེ་ཞིང་སྙོམས་པ་ཞིག་མིན་ཡང་།  མོ་འཇིག་རྟེན་འཁོར་བ་སྐྱོང་མཁན་གྱི་བདག་མོ་ཞིག་ཡིན་པའི་ཆ་ནས། མོས་རང་སྟེང་ན་ཡོད་པའི་ངར་ཤུགས་དང་འཇོན་ནུས་ཡོད་ཚད་ཕུལ་ཚར་བ་མ་ཟད།  ཚེ་ཐོག་འདིར་འགྱོད་སེམས་ཅི་ཡང་མེད་པའི་སློབ་གསོ་བ་ལྟ་བུ་ཞིག་ཏུ་དྲན་གྱིན་ཡོད།  མཐར་ངས་རང་གི་མ་ལགས་ཀྱི་མི་ཚེའི་གོ་རིམ་ལ་ཕྱིར་ལྟ་བྱས་པའི་མྱོང་སྣང་བརྒྱུད་ནས་མ་ལགས་དང་སྐྱིད་སྡུག་གཅིག་ལ་ཁེལ་བའི་ཞིང་གྲོང་གི་ཨ་མ་ཚང་མའི་སྐུ་ཚེ་བརྟན་ཞིང་སེམས་འདུན་ཡོངས་སུ་འགྲུབ་པར་སྨོན།