རྩོམ་འདི་ནི་རྩོམ་པ་པོའི་ཆུང་མ་མེ་རོན་ཝེ་བཟེལ་གྱིས་མཚན་མོ་ཞེས་པའི་དཔེ་ཆ་གྲགས་ཆེན་དེ་ཧྥ་རིན་སིའི་སྐད་ནས་དབྱིན་སྐད་དུ་བསྒྱུར་སྐབས་རྩོམ་པ་པོས་གླེང་བརྗོད་དུ་བྲིས་པ་ཞིག་རེད།

   བདག་གིས་ཚེ་གང་བོར་དཔེ་དེབ་གཅིག་ཁོ་ན་འབྲི་བའི་དབང་དུ་བཏང་ན། དེབ་གཅིག་པོ་དེ་འདི་ཡིན་སྲིད། འདས་པ་ནི་ད་ལྟར་འབྲེལ་བ་ཡོད་པ་ནང་བཞིན། ཡེ་ཤུའི་གསུང་རབ་དང་། དེའི་འགྲེལ་བ། ཧེ་སི་ཌིག་གི་བརྗོད་གཞི་བཅས་ལ་བཟུང་བའི་བདག་གི་ལྟ་ཚུལ་དང་མཚན་མོའི་རྗེས་ཀྱི་བརྩམས་ཆོས་ཡོད་དོ་ཅོག་ལ་བརྩམས་ཆོས་འདིའི་ཤན་ཤུགས་ཧ་ཅང་ཟབ་པས། ཉིད་ཀྱིས་བདག་གི་བརྩམས་ཆོས་དང་པོ་འདི་མ་བཀླགས་ཚེ་གཞན་དག་ལ་གོ་བ་ངེས་ཅན་ཞིག་ལེན་དཀའ།
     བདག་གིས་དེབ་འདི་འདྲ་ཞིག་བརྩམས་པའི་དགོས་པ་ཅི་ཡིན་ནམ། བདག་གིས་དེབ་འདི་རང་ཉིད་སྨྱོན་པར་མི་འགྱུར་བའི་སླད་དུའམ། ཡང་ན་དེ་ལས་ལྡོག་སྟེ། མིའི་རིགས་ཀྱི་རྣམ་ཤེས་ཀྱི་གཏིང་དང་ལོ་རྒྱུས་ཀྱི་ཁྲོད་ན་མངོན་པའི་སྐྱི་གཡའ་བའི་སྨྱོ་ཧམ་དེའམ་དེའི་རང་བཞིན་རྟོགས་པར་རང་ཉིད་སྨྱོན་པར་འགྱུར་ཆེད་བརྩམས་པ་ཡིན།
      འདི་ནི་ལོ་རྒྱུས་ཀྱི་དོན་རྐྱེན་དེ་བསྐྱར་དུ་མི་འབྱུང་བའི་ཕྱིར་དུ་དྲན་པ་དང་སྐད་ཆའི་ཤུལ་བཞག་ཅིག་བསྐྱུར་བ་ཡིན་ནམ། ཡང་ན། རང་ལ་ཉེས་པ་དང་འཆི་བའི་སྐོར་གྱི་དཔེ་ཀློག་གི་གོ་ཐོས་ཞན་པའི་དུས་ཏེ། རང་གིས་གཞོན་དུས་སུ་མྱངས་པའི་དཀའ་སྡུག་གི་ཟིན་ཐོ་ཞིག་ཉར་ཚགས་བྱེད་པ་ཙམ་ཡིན།
     བདག་ལ་ཁྱེད་རང་དཔེ་ཆ་འདི་བརྩམ་ཕྱིར་གསོན་པ་རེད་ཟེར་མཁན་གྱི་མི་ཁག་ཅིག་ཡོད་མོད། བདག་གིས་དེ་ལྟར་མི་འདོད། ངས་རང་ཉིད་ཇི་ལྟར་གསོན་ཐར་བྱུང་བ་མི་ཤེས། ང་མི་ཉམ་ཆུང་ཞིག་ཡིན་པ་མ་ཟད་དེ་ལས་ཀྱང་ངོ་ཚ་སྨིན་པོ་ཞིག་ཡིན། ངས་རང་ཉིད་སྲུང་སྐྱོབ་བྱེད་པར་ཅི་ཡང་མ་བསྒྲུབས། དེས་ན་རྫུ་འཕྲུལ་ཞིག་ཡིན་ནམ། དེ་མིན་ཁོ་ཐག་ཡིན། དཀོན་མཆོག་གིས་ང་སྐྱོབ་པར་རྫུ་འཕྲུལ་སྟོན་ནུས་ན་ང་ལས་ཀྱང་སྐྱོབ་འོས་པ་དེ་ཚོ་ཅིའི་ཕྱིར་རྫུ་འཕྲུལ་གྱིས་མ་བསྐྱབས་པ་ཡིན། དེ་ནི་སྟབས་འགྲིག་པ་ཙམ་ལས་ཅི་ཡང་མིན། གང་ལྟར་བདག་གིས་གསོན་ཐར་བྱུང་མི་ཚེ་འདི་དོན་མེད་ལ་ཆུད་ཟས་སུ་གཏོང་མི་འདོད། བདག་གིས་གོ་རྒྱུ་ཅི་ཡང་མེད་པའི་མྱོང་བ་ཞིག་ཤོག་ངོར་ཕབ་ན་དེ་ལ་དོན་སྙིང་ཞིག་ཡོད་དམ། ཕྱིར་འདང་ཞིག་བརྒྱབ་ན་བདག་གིས་སྐད་ཆ་འདི་དག་གིས་གྲུབ་འབྲས་ཅི་ཞིག་ལེན་འདོད་ཡོད་མེད་ཀྱང་མི་ཤེས་པའི་ཚུལ་དུ་ཡོད་པ་ཁས་ལེན། བདག་གིས་ཤེས་པ་ནི་དཔང་རྟགས་འདི་ལྟ་བུ་ཞིག་མེད་ན་རང་ཉིད་རྩོམ་པ་པོ་ཞིག་ཡིན་པའི་ངོས་ནས་རང་གི་སྐབས་ཐོག་གི་དུས་བབ་མཚོན་མི་ཐུབ་པ་དེའོ།། རང་ལ་འོས་འགན་ཡོད་པར་ཁས་འཆེ་བའི་དཔང་མི་ཞིག་ལ་མཚོན་ན་དགྲ་བོས་ཁོ་ཚོའི་ནག་ཉེས་འགྲོ་བ་མིའི་ལོ་རྒྱུས་ཀྱི་དྲན་པ་ལས་བསུབས་རྗེས་ཀྱི་རྒྱལ་ཁར་ལོངས་སུ་སྤྱོད་པར་སྔོན་འགོག་བྱེད་དགོས།
      བདག་གིས་དེ་རིང་གི་ཆེད་དུ་ཉེ་དུས་རྙེད་པའི་ཡིག་ཚགས་དེ་དག་ལ་བཀའ་དྲིན་ཆེ་ཞུ་བར་འདོད། བདེན་དཔང་འདིས་ན་ཙི་བའི་སྔ་མོའི་དབང་ཤུགས་མཚོན་ཐུབ། འཇར་མན་ན་ཙི་བས་འཇིའུ་མི་རིགས་ལ་འགྲོ་ས་འདུག་ས་མེད་པའི་སྤྱི་ཚོགས་ཤིག་སྐྲུན་པའི་སྦྱོར་བ་ལག་ཏུ་བསྟར། ཁོ་ཚོས་དབང་སྒྱུར་བྱེད་མུས་སུ་དམིགས་ཡུལ་ལ་འགྱུར་བ་ཐེབས་ཏེ་འཇིའུ་མི་རིགས་ཟེར་བ་ཞིག་ནམ་ཡང་གནས་མ་མྱོང་ཞིང་ཆག་གྲུམ་ཤོར་བའི་འཇིག་རྟེན་ཞིག་བསྐྲུན་པར་ཐག་བཅད། དེ་བས། ཨུ་རུ་སུ་དང་། ཡིའུ་ཁི་རན། ལིས་ཐེའེ་ནི་ཡ། ཨན་ས་ཚི་གྷི་ར་ཕིན་སོགས་ག་ས་གང་དུ་ཡོད་པའི་འཇིའུ་བ་ས་ཡ་ལས་བརྒལ་བའི་སྟེང་བོའུ་མཆུ་གཏད་དེ་མཇུག་མཐའི་ཐབས་ཇུས་ཟེར་བ་ཞིག་ལག་བསྟར་བྱས། དུར་ས་དག་ཕོ་མོ་དང་གཞོན་ཁྱད་མེད་པའི་རོ་ཡིས་བཀང་བར་མ་ཟད། དུར་དོང་ཡང་སྔ་ས་ནས་གནོད་ཁུར་བ་རང་རང་ལ་བརྐོ་རུ་བཅུགས། དམིགས་བསལ་རུ་ཁག་ཟེར་བ་དེ་ཚོས་ས་འོག་ནས་རོ་བསྔོགས་ཏེ་མེ་ལ་སྲེག དེ་བཞིན་ལོ་རྒྱུས་ཁྲོད་ཐོག་དང་པོར་འཇིའུ་བ་རྣམས་སྡེབ་གསོད་ཐེངས་གཉིས་བྱས་པའི་མི་ཚད་ཁོ་ཚོར་དུར་མཆོད་ཀྱང་སྒྲུབ་ཏུ་མ་བཅུག ཧེ་ཋི་ལར་དང་ཁོའི་ལག་རོགས་དག་གིས་བསླངས་པའི་དམག་འཁྲུག་དེ་འཇིའུའི་མི་རྣམས་གཅིག་པོར་གཟས་པའི་མི་ཚད་པར། འཇིའུའི་ཆོས་ལུགས་དང་རིག་གནས་སྲོལ་རྒྱུན་བཅས་ལ་ཁ་གཏད་ཡོད་པས་དེ་ནི་འཇིའུ་མི་རིགས་ཀྱི་དྲན་ཤེས་རྨེག་མེད་དུ་གཏོང་བར་བརྩམས་པའི་དམག་འཁྲུག་ཅིག་ཡིན་པ་ཧ་ཅང་གསལ།
     ནམ་ཞིག་ལོ་རྒྱུས་ཀྱི་དུས་སྐབས་འདི་ལ་ཤན་འབྱེད་ཅིག་བྱེད་སྲིད་པར་ངེས་ལ། བདག་གིས་ངེས་པར་དུ་དེ་ལ་དཔང་པོ་བྱེད་དགོས་པར་འཁུམས། འོན་ཏེ། བདག་གི་རྫོགས་མཐའ་མེད་པའི་མྱོང་བ་འདི་དག་གཅིག་མ་ཆད་གཉིས་མ་ལུས་པར་སྐད་ཆས་མཚོན་ཐབས་བྲལ། སྐད་ཡིག་ནི་བཀག་རྒྱ་ཞིག་ཏུ་གྱུར་བའི་སྐབས་སུ་རང་གི་ཚད་བཅས་ཀྱི་ཁ་སྟབས་སྐྱོ་བོ་དེ་ངོས་ཟིན་པའི་ན་ཟུག་དང་བཅས་ཅི་བྱ་གཏོལ་མེད་དུ་ལུས། སྐད་ཡིག་ཅིག་གསར་གཏོད་བྱེད་དགོས་པའི་ཚུལ་དུ་སླེབས་ཡོད་པ་མངོན་གསལ་རེད། བདག་གིས་དགྲ་བོས་གཡོ་ཐབས་སུ་ལོག་འགྲེལ་བྱས་པའི་ཐ་སྙད་དེ་དག་ཇི་ལྟར་བསྒྱུར་ནས་སྔར་གྱི་ནང་དོན་དང་མཐུན་པར་བྱེད་དགོས་སམ། ལྟོགས་པ། སྐོམ་པ། འཇིགས་སྐྲག དབོར་འདྲེན། དབྱེ་འདེམ། མེ། དུད་ཁུང་། གོང་གི་ཐ་སྙད་འདི་དག་ལ་རྩ་བའི་ནང་དོན་རེ་ཡོད་ཀྱང་སྐབས་དེ་དུས་གོ་བ་གཞན་ཞིག་ལེན་དགོས། དེ་དུས་བདག་གི་ཕ་སྐད་ཀྱི་རྩོམ་འབྲི་སྟོང་ལ་ཉེ་སྟབས། བདག་གིས་ཚིག་གྲུབ་རེ་རེའི་མཚམས་ནས་ཐེ་ཚོམ་རེ་བཟུང་སྟེ་ཡང་དང་བསྐྱར་དུ་འགོ་འཛུགས་དགོས་བྱུང་སྟེ། བདག་གི་སེམས་སུ་ཐ་སྙད་གཞན་ཞིག་དང་སྣང་བརྙན་གཞན་ཞིག ཁུ་སིམ་པའི་ངུ་སྐད་གཞན་ཞིག་བཅས་འཆར་སྲིད། དེ་བས། བརྗོད་པ་དེ་ཡང་སྔར་བཞིན་ཡང་དག་པ་ཞིག་མིན། དེས་ན་འགྲིག་ཤ་སྟག་དེ་གང་ཡིན་ནམ། དེ་ནི་བཙན་བསྒྱུར་དང་ལྷད་སྐྱོན་ལ་ཞེད་ནས་གྲིབ་ནག་གི་ཕག་ལ་ཡིབ་བསྡད་ཡོད། ཚིག་མཛོད་ཀྱིས་མཁོ་སྤྲོད་བྱེད་དགོས་པའི་ཐ་སྙད་ཡོད་ཚད་གསོན་ཤུགས་བྲལ་བའི་ཉམ་ཆུང་ནུས་མེད་དག་དག་ཡིན་པར་སྣང་། གར་འགྲོ་འདིར་འདུག་མི་ཤེས་ཤིང་ཕྱི་ལ་འབུད་མི་ཆོག་པའི་སྣུམ་འཁོར་ནང་གི་སྐྱེལ་འདྲེན་དེ་ཇི་ལྟར་བརྗོད་དགོས་སམ། ཡང་ན། གདུག་རྩུབ་མི་སྤྱོད་དུ་རློམ་ཤིང་ཡ་ང་སྙིང་རྗེ་བྲལ་བའི་གངས་འཁྱག་གི་འཇིག་རྟེན་ཆ་མེད་དེ་དང་། སྒྲིག་ཆས་གྱོན་པའི་ཤེས་ཡོན་པ་མི་གསོད་ཁྲག་སྦྱོར་ལ་རྔམ་པའི་གནས་དེ། ལྷད་མེད་པའི་བྱིས་པ་ཚོ་དང་ཉམ་ཐག་གི་རྒན་པ་རྣམས་འཆི་ལམ་དུ་རྫོང་ས་དེ། ད་དུང་བགྲང་གིས་མི་ལང་བའི་གྱེས་བྲལ་ཏེ། ཚ་ཚ་འུར་འུར་གྱི་མཚན་མོ་ཞིག་གི་གྲོང་སྡེ་ཡོད་ཚད་དང་ཁྱིམ་ཚང་ཐམས་ཅད་ཁ་འཐོར་ཡ་བྲལ་དུ་བཏང་བའི་རྣམ་པ། བསམ་ཡུལ་ལས་འདས་པའི་མཛེས་སྡུག་གི་མེད་བརླག་ཅིག་སྟེ། གདོང་ལ་སྐྱོ་འཛུམ་བསྡུས་ཤིང་སྐྲ་ལོ་གསེར་མདོག་ཏུ་ཤམ་པའི་འཇིའུ་བའི་སྤྱོད་བཟང་གི་བུ་མོ་ཆུང་ཆུང་ཞིག་ཁོ་མོའི་ཨ་མ་དང་མཉམ་དུ་འབྱོར་མ་ཐག་པའི་མཚན་མོ་དེ་རང་ལ་དམར་གསོད་བྱས་པ། གཏན་དུ་གྱེས་སོང་བ་དག་གིས་སྙིང་དམར་བོ་གས་གྲབས་བྱེད་པས་མ་སྔངས་མ་འདར་བར་ཁོ་ཚོ་ཇི་ལྟར་གླེང་ངམ།
   ནམ་ཡང་དཔང་མི་གང་དེའི་སེམས་ན་གནས་ཚུལ་ཅི་བྱུང་ཝ་ལེར་གསལ་མོད། དོན་ངོ་མས་ཁོའི་བདེན་དཔང་གི་ཚིག་ཐོ་དག་རྗེས་རབས་པར་སྤྱན་བསྟར་ཐུབ་རེ་བྱས་མེད། གང་ལྟར། དེ་ནི་ཆེས་མུན་ནག་གི་ས་ཁུལ་ཞིག་གི་བྱུང་བ་དང་འབྲེལ་འདུག ཨོ་ཤི་ཝི་ཚི་ལ་རྒྱུས་མངའ་ཡོད་པའི་མི་རྣམས་ཀྱིས་དེའི་གནས་ཚུལ་དངོས་རྟོགས་པ་ལས་གཞན་དག་གིས་ནམ་ཡང་ཤེས་ཐབས་བྲལ།
    དེས་ན་ཁོ་ཚོས་གནས་ཚུལ་ཕྲན་བུ་རེ་ཧ་གོའམ། ཉམ་ཆུང་ལ་རོགས་བྱེད་པ་དང་། ནད་པར་སྨན་བཅོས་བྱེད་པ། བྱིས་པ་ཆུང་ངུ་དག་ལ་གཉོར་སྐྱོང་བྱེད་པ། རྒན་པ་ཉམས་མྱོང་ཅན་ལ་གུས་བརྩི་བྱེད་པའི་དོན་དག་འདི་རིགས་རྒྱུན་ལྡན་དུ་མཐོང་བའི་སྐྱེས་པ་དང་སྐྱེས་མ་རྣམས་ཀྱིས་ཨོ་ཤི་ཝི་ཚི་ལ་བྱུང་བའི་གནས་ཚུལ་དེར་རྒྱུས་ལོན་ཐུབ་བམ། ཁོ་ཚོས་ཞེན་པ་ལོག་པའི་ཡུལ་ཁམས་དེར་འགོ་བ་དག་གིས་ཉམ་ཆུང་ལ་མནར་གཅོད་བཏང་ཚུལ་དང། བྱིས་པ་དང་། ནད་པ། ལོ་ལོན་རྣམས་སྡེབ་གསོད་བྱས་ཚུལ་ཧ་གོའམ།
   དེ་བས། ངོ་མས་བརྗོད་ཐབས་བྲལ་བ་ཞིག་མིན་ན། དཀའ་ཁག་ཅི་འདྲ་ཆེ་ཡང་བདག་ནི་མྱོང་བ་འདི་དང་བཅས་ཁུ་སིམ་མེར་འདུག་བཟོད་གཏན་ནས་མེད།
     བདག་གིས་དེ་ལྟར་ཨུ་ཚུགས་མཐར་སྐྱེལ་བྱས་པའི་རྒྱུ་མཚན་ནི་རང་སེམས་སུ་སྦས་པའི་དྲན་པ་དེ། བརྗོད་ཡུལ་ལས་འདས་ཤིང་མངོན་ཆུང་གི་ཡིག་འབྲུ་འདི་དག་ཡིན། བྷར་ཁེ་ནོའི་ཐལ་རྡུལ་ཁྲོད་ནས་འོང་བའི་མི་ཞིག་ལ་མཚོན་ན། དེའི་སྐོར་གྱི་བདེན་དཔང་གི་ཚིག་ཐོ་ཐམས་ཅད་ལས་ལྷག་པའི་མྱོང་བ་ལྗིད་ཏིག་གེ་རེ་ཡོད་པ་སྨྲས་མ་དགོས་པས། བདག་གིས་རང་ནུས་ཡོད་རྒུ་བཏོན་ནས་བརྗོད་དཀའ་བའི་གནས་ཚུལ་དེ་གསལ་བཤད་བྱེད་རྒྱུར་བརྩོན་ན་ཡང་ཇི་མ་ཇི་བཞིན་ཤོད་མི་སྲིད།
   རྒྱུ་མཚན་དེའི་དབང་གིས་བདག་གི་དེབ་ཀྱི་མ་ཟིན་དེ་༼འཇིའུའི་སྐད་དུ་བརྩམས་པའི་”དེ་ནས་འཇིག་རྟེན་ཁུ་སིམ་མེར་གནས་སོང”ཞེས་པ་དེ་ཐོག་མར་ཧྥ་རིན་སིའི་སྐད་དུ་བསྒྱུར་ཅིང་དེ་ནས་དབྱིན་སྐད་དུ་བསྒྱུར༽ཧྥ་རིན་སི་དང་ཨ་མེ་རི་ཁའི་པར་སྐྲུན་མཁན་ཆེ་གྲས་ཚང་མས་ངོས་ལེན་མ་བྱས་པ་ཡིན་ནམ། གནམ་བདག་ཆོས་ལུགས་ལ་དད་པའི་ཧྥ་རིན་སིའི་རྩོམ་པ་པོ་གྲགས་ཆེན་ཞིག་དང་ནོ་བྷེལ་རྟགས་མ་ལེན་མཁན་ཧྥི་རིན་ཁོ་སི་མོ་རེ་ཡ་ཁི་གཉིས་ཀྱིས་ཀྱང་པར་སྐྲུན་ཐད་ལ་གྲོགས་དན་མཛད་ཀྱང་ཕན་འབྲས་མ་བྱུང་། ཟླ་སྣེར་ཟླ་མཐུད་ནས་མི་དངོས་སུ་ངོ་བཅར་ཞུ་བ་དང་། འཕྲིན་ཡིག་བསྐུར་བ། ཁ་པར་གཏོང་བ་སོགས་འབྲེལ་གཏུག་བསྟུད་མར་བྱས་མཐར་པར་དུ་བསྐྲུན་པའི་བསྐལ་བཟང་མངོན་དུ་གྱུར།
    བདག་རང་ངོས་ནས་འདོར་ལེན་མང་པོ་བྱས་ཡོད་ཀྱང་འཇིའུའི་སྐད་ཀྱི་མ་རྩོམ་ད་དུང་རིང་། རྒྱ་ཁྱོན་ཆུང་ཡང་མིང་གྲགས་ཆེ་བའི་ཏི་མེ་ནེའེ་ཐི་རྩོམ་སྒྲིག་ཁང་གི་འགོ་བ་གྲགས་ཅན་ཇེ་རོ་མེ༷•ལོན་ཏོན་ལགས་ཀྱིས་རྩོམ་སྒྲིག་བྱས་ཤིང་ཧྥ་རིན་སིའི་འགྱུར་ལ་ཡང་ཉུང་འཕྲི་བྱས། བདག་གིས་རྩོམ་སྒྲིག་པ་ཁོང་གིས་ཐག་གཅོད་གང་བྱས་ཁས་ལེན་བྱས་པ་ཡིན། རྒྱུ་མཚན། བདག་ལ་སྐད་ཆ་རེ་འགའ་ལྷག་མ་མིན་ནམ་སྙམ་པའི་སེམས་ཁྲལ་ཡོད། དོན་དངོས་འབའ་ཞིག་བརྗོད་རྒྱུ་གནད་དུ་ཆེ་བས། བདག་ལ་སྨྲ་བ་ཉུང་དྲགས་པ་ལས་མང་ཐལ་བའི་འཚེར་སྣང་ལྕི།
དཔེར་ན། འཇིའུའི་སྐད་ཀྱི་མ་རྩོམ་དུ་དགོད་བྲོ་བའི་བསམ་སྟངས་འདི་འདྲ་ཞིག་གིས་འགོ་བཙུགས་ཡོད།
    ཐོག་མའི་ཆ་ལ་དད་པ་ནི་བྱིས་བློ་དང་། ཡིད་ཆེས་ནི་རང་མཐོང་ཙམ། སྟོང་བསམ་ནི་ཉེན་ཁ་ཞིག་ཡིན། ང་ཚོས་དཀོན་མཆོག་ལ་དད་པ་དང་མིའི་རིགས་ལ་ཡིད་ཆེས་བྱེད་ཀྱི་ཡོད་ལ། སྟོང་བསམ་གྱིས་འཚོ་བ་རོལ་གྱིན་ཡོད། དེ་བས་ཤེ་ཁི་ན་ལས་མཆེད་པའི་བྱིན་རླབས་ཆེ་བའི་འོད་རྡོག་ཅིག་ང་ཚོ་ཚང་མའི་སྟེང་ལ་ཞུགས་ཡོད། དེ་ནི་ང་ཚོའི་ལུས་ཀྱི་སྡུག་སྦྱོང་གི་རྒྱུ་མིན་ན་འབྱུང་ཁུངས་ཡིན།
   ཡང་འཇིའུའི་སྐད་ཀྱི་མ་རྩོམ་གྱི་ཚན་པ་གཞན་ཞིག་ཏུ་ཁོ་བོའི་ཨ་ཕའི་གནས་ཚུལ་དང་བཅིངས་གྲོལ་གྱི་སྐོར་མང་པོ་ཞིག་བྲིས་ཡོད། རྒྱུ་མཚན་ཅིའི་ཕྱིར་འགྱུར་གསར་བ་འདིའི་ནང་དེ་དག་མ་བཀོད་པ་ཡིན། གཅིག་ཐང་ན་མི་སྒེར་ལ་གཏོགས་པའི་དོན་དག་བྱེ་བྲག་པའམ་གསང་རྒྱ་ཅན་ཡིན་སྲིད་མོད། དེ་དག་ཐིག་ཕྲེང་གོང་འགབ་ཀྱི་བར་དུ་འཇུག་དགོས་པ་ཞིག་ཀྱང་རེད། དེ་ནས་ད་དུང་་་་་
   བདག་གིས་རང་གི་མི་ཚེའི་ནང་གི་ཆེས་སྐྱུག་བྲོ་བའི་མཚན་མོ་ཞིག་དྲན་གྱིན་འདུག “་་་་་་་་ཨི་ལེ་བཟེར། ངའི་བུ། ཁྱོད་འདི་ལ་ཤོག་དང་་་་་་་་ངས་ཁྱོད་ལ་སྐད་ཆ་ཞིག་བཤད་འདོད་་་་་་ཁྱོད་གཅིག་པོར་་་་་་ཤོག་དང་་་་་་ང་གཅིག་པུར་མི་འཇོག་རོགས་་་་་་ཨེ་ལེ་བཟེར་་་་་”། བདག་གིས་ཁོང་གི་སྐད་སྒྲ་གོ་སོང་བ་མ་ཟད།ཚིག་འབྲུ་དག་གི་ནང་དོན་དང་སྐབས་དེའི་ཡིད་སྐྱོ་བའི་གནས་བབ་ཀྱང་ཧ་གོ། ཡིན་ན་ཡང་ང་འགུལ་སྐྱོད་ཙམ་ཡང་མ་བརྒྱབ། དེ་ནི་ཁོས་ན་ཟུག་ཁྲོད་ང་ཁོང་གི་འཁྲིས་སུ་ཡོད་ན་བསམ་པའི་རེ་བ་མཐའ་མ་ཡིན། ཁོང་གི་རྣམ་ཤེས་རྨས་སྐྱོན་ཕོག་པའི་ལུས་པོ་དང་འབྲལ་ཁ་མར་ངས་ཁོང་གི་རེ་བ་སྟོང་ཟད་དུ་བཏང་། ང་ཞེད་ཀྱིན་འདུག ཉེས་རྡུང་ལ་ཞེད་ཀྱིན་འདུག དེ་བས་ངས་ཁོང་གི་ངུ་འབོད་ལ་འོན་རྫུ་བྱས་ནས་བསྡད། ངས་རང་གི་དཀའ་སྡུག་གི་ཚེ་སྲོག་བློས་བཏང་སྟེ་ཁོང་གི་འཁྲིས་སུ་རྒྱུགས། ལག་པར་འཇུས། སེམས་གསོ་བྱས། ཁོང་སྣང་མེད་དུ་བཞག་མེད་པ་ར་སྤྲད། ང་ཁོང་གི་གམ་དུ་ཡོད་པ་དང་སྡུག་བསྔལ་སེམས་ཐོག་ཏུ་ལེན་ཀྱི་ཡོད་པ་སོགས་བྱེད་རྒྱུའི་ཚབ་ཏུ། གན་རྐྱལ་དུ་ལོག་ནས་དཀོན་མཆོག་ལ་ཨ་ཕར་ངའི་མིང་འབོད་དུ་མ་འཇུག ཁོང་གི་ངུ་མཚམས་འཇོག་ཏུ་ཞིག་ཅེས་གསོལ་བ་བཏབ། ང་ཨེ་སི་ཨེ་སི་ཡི་གཏུམ་སྤྱོད་དང་ལེན་བྱེད་རྒྱུར་ཧ་ཅང་སྐྲག དོན་ངོ་མས་ངའི་ཨ་ཕ་དེ་ནས་ཅང་ལ་མ་གསོན་ཐལ། ད་དུང་ཁོང་གི་ཟུག་ངུ་དྲག་པོའི་སྐད་སྒྲ་དེས་ཁུ་སིམ་བརྟོལ་ནས་ང་འབོད་ཀྱིན་འདུག ང་ལས་སུ་གཅིག་ཀྱང་འབོད་ཀྱིན་མེད། ཧིན། ཨེ་སི་ཨེ་སི་དེ་ཁོང་ཁྲོ་དྲག་པོ་ལངས་ཏེ་ངའི་ཨ་ཕའི་མགོ་ལ་རྡུང་གིན “ཁ་རོག་ལ་སྡོད་་་རྒད་པོ་་་་་་ཁ་རོག་ལ་སྡོད།”ངའི་ཨ་ཕས་མི་དེའི་རྡུང་རྡེག་ཚོར་ཐུབ་ཀྱི་མེད་པ་འདྲ  ངས་ཤེས་ན་ཡང་ལན་ཆ་མ་བྱིན། ངས་ཨེ་སི་ཨེ་སི་དེ་ལ་ཨ་ཕ་རྡུང་དུ་བཅུག་ཏེ་ཁོང་འཆི་བདག་གི་སྡེར་འོག་ནས་བསྐྱུར་བ་ཡིན། དེ་ལས་ཀྱང་ངོ་གནོང་བ་ཞིག་ལ། ང་ཨེ་སི་ཨེ་སི་དེ་ཁྲོ་རུ་འཇུག་པར་ཞེད་ནས་ཨ་ཕའི་འཛེར་སྐད་དང་ངུ་འབོད་ལ་ཁོང་ཁྲོ་ཟས། ཨེ་ལེ་བཟེར། ཨེ་ལེ་བཟེར། ཤོག་དང་། ང་གཅིག་པུར་མ་འཇོག་་་་་” ངས་ཁོང་གི་སྐད་སྒྲ་མཚམས་རེར་གསལ་བོར་གོ་ཐུབ་ལ་ལན་རེར་མག་མོག་ཏུ་ཐོས། འོན་ཀྱང་། ང་མ་འགུལ་བར་བསྡད།
     ངས་ནམ་ཡང་རང་ཉིད་གུ་ཡངས་ལ་གཏོང་མི་སྲིད། ངའི་སེམས་གཏིང་གི་གདོད་མའི་བག་ཆགས་སད་དུ་འཇུག་མཁན་གྱི་དང། ང་མི་ཆ་མེད་ཅིག་ཏུ་བསྒྱུར་མཁན་གྱི། མདོར་ན་ང་ཨར་ལ་གཏད་མཁན་གྱི་འཇིག་རྟེན་དེ་ངས་ནམ་ཡང་གུ་ཡངས་ལ་གཏོང་མི་སྲིད། ཁོང་གི་མཐའ་མཇུག་གི་ཚིག་དེ་ངའི་མིང་ཡིན། འབོད་བརྡ་ཞིག་ཡིན། འོན་ཀྱང་ངས་ལན་མ་བསློགས།
འཇིའུའི་སྐད་ཀྱི་མ་རྩོམ་དུ་གཏམ་རྒྱུད་འཆད་མཁན་གྱིས་མེ་ལོང་ནང་གི་གཟུགས་བརྙན་དང་བཅས་མཇུག་མི་སྡུད་པར་ད་ལྟའི་མག་མོག་གི་ཉམས་སྣང་ཞིག་གིས་རྫོགས་པར་བྱས་འདུག
བྷོའུ་ཁན་བོལ་ཏིའི་དཀའ་སྡུག་གི་ལོ་ངོ་བཅུའི་རྗེས་ཀྱི་དེ་རིང་། ངས་འཛམ་གླིང་གིས་ཅི་ཞིག་ལམ་སེང་བརྗེད་ཀྱིན་པ་རྟོགས། ད་ལྟ་འཇར་མན་ནི་རང་བདག་རྒྱལ་ཁབ་ཅིག་ཡིན་ལ། འཇར་མན་དམག་དཔུང་ལ་གསོན་ཤུགས་རྒྱས་ཡོད། བྷོའུ་ཁན་བོལ་ཏིའི་མིང་དུ་གྲགས་པའི་འཁྲིག་སྤྱོད་པ་གདུག་རྩུབ་ཅན་ཨེད་སེ་ཁོ་ཁི་ལ་བྱིས་པ་ཡོད་ཆོག་པའི་དབང་ཆ་བྱིན་ཏེ་བདེ་ཞིང་སྐྱིད་པའི་འཚོ་བ་སྐྱེལ་མུས་སུ་་་་་་་་དམག་སའི་ཉེས་ཅན་དག་ཧེམ་བྷར་གྷི་དང་མུའུ་ནིས་ཁི་ཡི་སྲང་ལམ་དུ་སྤྲོ་འཆམ་ལ་འགྲོ་བཞིན་འདུག
  འདས་པའི་ལོ་རྒྱུས་ནག་བསུབ་ཏུ་བཏང་སྟེ་བརྗེད་ངེས་ཀྱིས་འཁྱེར་བཞིན་པའི་སྣང་བ་སྟེར།
ད་སྐབས་འཇར་མན་ནེའུ་དང་། ཧྥ་རིན་སི་། ཐ་ན་ཨ་རིའི་ནང་དུའང་འཇིའུ་ས་ཡ་དྲུག་ལྷག་དམར་གསོད་བྱས་འདུག་ཅེས་པའི་བཤད་ཡམས་དེ་བསླུ་བྲིད་ཙམ་ལས་ཅི་ཡང་མིན་ཞེས་དོན་དངོས་ལ་བསྙོན་ཞིང་འཇིའུའི་རིགས་ལ་རིས་སུ་ལྟ་བའི་མིས་གང་སར་ཁྱབ་འདུག མི་མང་པོ་ཞིག་གིས་དེ་ལས་ལྷག་པའི་གནས་ཚུལ་གང་ཡང་མ་ཤེས་པར་ཁོ་ཚོར་ཡིད་ཆེས་གཙང་མ་བྱེད་སྲིད། ད་ལྟ་མ་ཤེས་ན་རྗེས་ཕྱོགས་ག་ནས་ཤེས། ནམ་ཡང་ཤེས་མི་སྲིད། བདག་གིས་བསམ་པ་རྩེ་གཅིག་གིས་དཔེ་དེབ་སྲབ་བུ་འདིས་ལོ་རྒྱུས་ཀྱི་གནས་རིམ་དེར་འགྱུར་བ་གཏོང་ཐུབ་པ་དང་། ཡང་ན་འཛམ་གླིང་ལ་གཡོ་འགུལ་བྱེད་དུ་འཇུག་ཐུབ་པར་སྙམ་གྱི་མེད། ད་སྐབས་དཔེ་ཆར་སྔོན་དང་འདྲ་བའི་སྟོབས་ཤུགས་ཤིག་ཡོད་མི་སྲིད། ཁ་སང་གྲག་འགུལ་མེད་པར་འདུག་མཁན་རྣམས་སང་ཉིན་ཡང་དེ་ལྟར་འཇམ་ཅག་གེར་འདུག་ངེས།
      ཀློག་པ་པོ་ཚོས་མི་ལོ་ཞེ་ལྔའི་ཡར་སྔོན་གྱི་འགྱུར་དེབ་དེ་ཡོད་བཞིན་དུ་འགྱུར་གསར་བ་འདིའི་དགོས་པ་ཅི་ཡིན་ནམ་ཞེས་འདྲི་སྲིད། སྔོན་མ་དེ་ཡིད་རྟོན་རུང་བའི་འགྱུར་ལེགས་པོ་ཞིག་མིན་ན། བདག་གིས་ཅིའི་ཕྱིར་དུས་ཡུན་འདི་འདྲའི་རིང་པོ་ཞིག་ལ་མ་རྩོམ་གྱི་བྲོ་བ་ལྡན་པའི་འགྱུར་ལེགས་པོ་ཞིག་འབྱུང་རྒྱུར་སྒུག་པ་ཡིན། བདག་གིས་ཁོ་ཚོར་ལན་དུ་བརྗོད་འདོད་པ་ནི། སྐབས་དེར་བདག་སྙན་གྲགས་མེད་པའི་རྩོམ་པ་པོ་གསར་བ་ཞིག་ཡིན་ལ། བདག་གི་དབྱིན་ཡིག་གི་ཆུ་ཚད་ཀྱང་ཧ་ཅང་སྐྱོ་བོ་ཡིན། དབྱིན་ཡུལ་གྱི་པར་སྐྲུན་མཁན་ཞིག་གིས་ལོ་ཙཱ་བ་ཞིག་བཙལ་ཟིན་ཞེས་བཤད་དུས་ང་རང་ཧ་ཅང་དགའ་སོང་། བདག་གིས་རྗེས་སུ་འགྱུར་དེ་བཀླགས་དུས་ལེགས་པོ་འདུག་བསམ་པའི་སྣང་བ་བྱུང་ལ། བསྐྱར་དུ་དེབ་དེ་བཀླག་མ་མྱོང་། དེའི་རྗེས་ནས་བཟུང་བདག་གི་བརྩམས་ཆོས་གང་མང་ཞིག་ང་དང་ངའི་སྐད་ཆར་རྒྱུས་མངའ་ཟབ་པའི་ཆུང་མ་མེ་རོན་གྱིས་བསྒྱུར་ཞིང་། ཁོ་མོར་ངའི་བརྩམས་ཆོས་སྒྱུར་བའི་ཐབས་རྩལ་གཞན་ལས་ལྷག་པ་ཞིག་ཡོད། བདག་གི་རླུང་རྟ་རྒྱུགས་ནས་ཧྥེ་རེར་སི་ཐི་རོ་སི་དང་གྷིའུ་རོ་ཁི་སི་གཉིས་ཀྱིས་ཁོ་མོར་འགྱུར་གསར་བ་ཞིག་ལ་སྟ་གོན་བྱ་འོས་ཞེས་རེ་སྐུལ་ཞུ་དུས་ཁོ་མོས་དང་ལེན་བྱས་འདུག ཀློག་མཁན་རྣམ་པ་མོའི་འགྱུར་ལ་དགའ་ཞེན་ཡོང་བ་ང་ལ་ཡིད་ཆེས་ཡོད། ངོ་མ་བཤད་ན། ཁོ་མོས་གཟབ་ནན་སྒོས་རྩོམ་སྒྲིག་གང་ལེགས་བྱས་པ་ལ་བརྟེན་ནས་བདག་གིས་པར་གཞིའི་གལ་གནད་ཆེ་བ་དག་ལ་ཞུ་དག་དང་ལེགས་བཅོས་བྱེད་ཐུབ་པ་བྱུང་།
བདག་གིས་ལོ་མང་པོའི་ཡར་སྔོན་གྱི་པར་གཞི་འདི་བསྐྱར་ཀློག་བྱེད་སྐབས། ད་ཕན་དེ་ལ་ངང་སྒུག་བྱེད་མ་དགོས་པར་བསམ་ནས་སྤྲོ་བ་བརྟས། འོན་ཏེ། ང་ལ་ད་དུང་རང་གིས་བཀོལ་སྤྱོད་བྱས་པའི་ཚིག་དག་གནད་ལ་འཁེལ་ཨེ་ཡོད་བསམ་པའི་ཐེ་ཚོམ་འདུག བདག་གིས་གཟེ་མ་ར་མགོས་བསྐོར་བའི་གནས་དེའི་མཚན་མོའི་དོན་དངོས་ཀྱི་བྱུང་བ་རྣམས་ཟེར་གྱི་ཡོད། འདུག་གྲོགས་རྙིང་བ་དེས་ཨ་ཕ་དང་ངེད་གཉིས་ལ་ལོ་ཚོད་དྲང་མོར་བཤད་མི་ཉན་པའི་གསལ་འདེབས་ཉེན་སྐུལ་བྱས་པ་ལ་བརྟེན་ནས། ཨ་ཕས་ཁོང་གི་ལོ་ཇེ་ཆུང་ལ་བཏང་ཞིང་ངའི་ལོ་ཇེ་ཆེ་ལ་བཏང་། དབྱེ་འདེམ། དུད་ཁུང་ཕྱོགས་སུ་བསྒྲིགས་པའི་ཕྲེང་བསྟར་དེ་སྣང་དོགས་མེད་པའི་ནམ་མཁའི་འོག་ཏུ་རྒྱང་རིང་ན་རབ་རིབ་ཏུ་མངོན། བྱིས་པ་ཆུང་ངུ་ཚང་མ་འོབས་དོང་དུ་གཡུག་གིན་འདུག ང་ལ་བྱིས་པ་དེ་ཚོ་གསོན་པོ་རེད་སྙམ་པའི་དོགས་པ་ཡོད་ན་ཡང་བསམ་བཞིན་དུ་ཁ་བསྒྱུར་ནས་ཁོ་ཚོ་ཤི་འདུག་ཅེས་རང་ཉིད་ལ་བཤད། དེ་མིན། ཏག་ཏག་ང་སེམས་ཁ་འཆོལ་བའི་མི་ཞིག་ཏུ་གྱུར་ཡོད་ངེས། ད་དུང་འདུག་རོགས་གཞན་དག་གིས་གནས་ཚུལ་དེ་མཐོང་ཡོད་ལ། བྱིས་པ་དེ་ཚོ་མེ་ནང་ལ་གཡུག་དུས་གསོན་པོ་ཡིན། ལོ་རྒྱུས་སྨྲ་བའི་ཁྲོད་ནས་ཐོལ་ཧྥོར་ཏི་ཐེ་ལར་གྱིས་དོན་དངོས་དེ་ར་སྤྲོད་བྱས་འདུག གང་ལྟར། ང་སྨྱོན་པ་ཆགས་མེད།
ངོ་སྤྲོད་འདི་མཇུག་མ་བསྡུས་སྔོན་ལ་གལ་བོ་ཆེ་ལ་ནན་ཏན་གྱིས་བརྗོད་འདོད་པ་ཞིག་ནི། བདག་ལ་ནི་བརྩམས་ཆོས་དག་ལའང་མི་དང་གཅིག་མཚུངས་ཀྱི་ལས་སྐལ་རེ་འདུག་ཨང་སྙམ་པའི་ཚོར་བ་དྲག་པོ་བྱུང་། དཔེ་ཆ་འགའ་ཤས་ཀྱིས་མི་སེམས་ལ་སྡུག་བསྔལ་སྐྱེད་ཅིང་། ལ་ཤས་ཀྱིས་སྤྲོ་སྣང་སྟེར། ཡང་རེ་འགས་སྐྱིད་སྡུག་འདྲེས་མའི་ཚོར་བ་སྦྱིན་པས་སོ།།
    དེ་ནི་ལོ་ངོ་བཞི་བཅུ་ཞེ་བདུན་གྱི་གོང་རེད། ཧྥ་རིན་སིའི་སྐད་དུ་པར་སྐྲུན་མ་བྱས་པའི་སྔོན་ལ་མཚན་མོ་ཞེས་པའི་བརྩམས་ཆོས་འདིར་འཕྲད་པའི་དཀའ་ཁག་རྣམས་ཞིབ་པར་བརྗོད་ན། དཔེ་ཆ་དེ་ལ་བསྐྱར་ཞིབ་མང་པོ་བྱས་ཡོད་ཀྱང་བཙོང་ཚད་ཧ་ཅང་ཉུང་། བརྗོད་གཞི་འདི་ཀུན་གྱིས་རྒྱུན་ལྡན་མ་ཡིན་པ་ཞིག་ཏུ་བརྩིས་ཏེ་དོ་སྣང་ཡེ་ནས་མ་བྱས། གལ་ཏེ་ཆོས་དཔོན་ཞིག་གིས་ཁོའི་གསུང་ཆོས་སྐབས་སུ་དཔེ་ཆ་འདི་གླེང་ཚེ། དེ་མ་ཐག་མི་རྣམས་ཀྱིས་འདི་ལྟར་སྐྱོན་བརྗོད་བྱེད་ངེས། དཔེ་ཆ་དེ་བྱིས་པ་ཚོར་བག་ཆགས་ངན་པ་བསྒོ་བྱེད་ཀྱི་འཇིའུའི་གོད་ཆག་གི་བྱུང་རབས་ཤིག་ཡིན་པས། དགོས་པ་ཅི་ཡང་མེད་དོ་ཟེར་ངེས།
   དེའི་རྗེས་སུ་འགྱུར་ལྡོག་མང་པོ་བྱུང་སྟེ། མཚན་མོ་ལ་བསམ་ཡུལ་ལས་འདས་པའི་སྙན་གྲགས་རྒྱས་སོང་། ད་ལྟ་ཨ་རི་དང་རྒྱལ་ཁབ་གཞན་དག་གི་ནང་དུ་མཐོ་སློབ་དང་སློབ་ཆེན་སློབ་མ་རྣམས་ཀྱིས་ཁོ་ཚོའི་སྦྱོང་ཚན་ཞིག་གི་ཚུལ་དུ་མཚན་མོར་ལྟ་ཀློག་བྱེད་མུས་སུ་མཆིས། སྣང་ཚུལ་འདིར་འགྲེལ་བཤད་ཇི་ལྟར་རྒྱག་འོས་སམ། གཙོ་བོ་མི་མང་གི་ལྟ་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས་ཡིན། ལོ་རབས་ལྔ་བཅུ་དང་དྲུག་ཅུ་བའི་ནང་དུ། འཛམ་གླིང་དམག་ཆེན་གཉིས་པའི་ཡས་མས་སུ་སྐྱེས་པའི་གཞོན་རབས་པ་ཚོས་འཇིའུ་རིགས་སྡེབ་གསོད་ཆེན་མོ་ཟེར་བ་དེ་མར་ཞད་དུ་བཅད་ནས་སྣང་ཆུང་གི་རྣམ་འགྱུར་སྟོན། ལྟ་ཚུལ་དེ་དོན་དངོས་དང་མཐུན་པ་ཞིག་མིན་མོད། སྐབས་དེ་དུས་པར་སྐྲུན་མཁན་ཡང་རེ་ཟུང་ལ་མ་གཏོགས་བརྗོད་གཞི་འདིའི་སྐོར་གྱི་དཔེ་ཆ་པར་སྐྲུན་བྱེད་པའི་སྤོབས་པ་མེད། ད་སྐབས་བརྗོད་གཞི་འདིའི་ཕྱོགས་ཀྱི་བརྩམས་ཆོས་དག་དཔེ་ཐོ་མང་ཆེ་བའི་ནང་བཀོད་འདུག སློབ་གསོའི་སྡེ་ཚན་ཁག་ཏུའང་གོང་གི་གནས་ཚུལ་དེ་དང་གཅིག་མཚུངས་ཡིན་ཏེ། སྐབས་དེ་དུས་སློབ་གྲྭ་རེ་གཉིས་ཤིག་མ་གཏོགས་སློབ་ཚན་དུ་བཀོད་སྒྲིག་བྱེད་མི་ཐུབ་མོད། ད་སྐབས་སློབ་གྲྭ་མང་པོས་སློབ་ཚན་དུ་བཀོད་སྒྲིག་བྱས་པ་མ་ཟད། ཀུན་གྱི་དང་བ་འདྲེན་པའི་སློབ་ཚན་ཁྱད་པར་བ་ཞིག་ཉན་འདུག ཨོ་ཤི་ཝི་ཚི་ཞེས་པའི་བརྗོད་བྱ་འདི་རིག་གཞུང་སྤྱིའི་གཙོ་རྒྱུག་གི་ཆ་ཤས་ཤིག་ཏུ་གྱུར་ཏེ། དེའི་སྐོར་གློག་བརྙན་དུ་བསྒྱུར་བ་དང་། འཁྲབ་སྟོན་བྱེད་པ། བརྩམས་སྒྲུང་འབྲི་བ། རྒྱལ་སྤྱིའི་ཚོགས་འདུ་འཚོག་པ། འགྲེམ་སྟོན་བྱེད་པ། སྲིད་གཞུང་གི་དཔོན་རིགས་དག་མཉམ་ཞུགས་སྒོས་ལོ་འཁོར་མཛད་སྒོ་བསྡུ་བ་སོགས་བྱེད་སྒོ་སྣ་ཚོགས་སྤེལ་མུས་སུ་མཆིས། དེ་དག་ལས་ཀྱང་ཆེས་གལ་འགངས་ཆེ་བའི་དཔེ་མཚོན་གཅིག་ནི། རྒྱལ་ས་ཝ་ཧྲིན་ཏོན་དུ“ཨ་རིའི་སྡེབ་གསོད་ཆེན་མོའི་རྗེས་དྲན་འགྲེམ་སྟོན་ཁང”ཞེས་པ་བཙུགས་ཤིང་། འགྲེམ་སྟོན་ཁང་དེར་༡༩༩༣ལོའི་སྒོ་འབྱེད་མཛད་སྒོའི་རྗེས་ནས་ད་བར་དུ་ཡུལ་སྐོར་བ་ས་ཡ་ཉི་ཤུ་རྩ་གཉིས་ལས་བརྒལ་བ་བྱུང་ཡོད།
    ཡུལ་སྐོར་བ་དེ་འདྲ་མང་བའི་རྒྱུ་མཚན་ནི་མི་མང་གིས་ཤེས་གསལ་ལྟར་སྐབས་དེའི་སྲོག་ཐར་བ་དག་ཉིན་མ་རེ་རེ་བཞིན་ཉུང་ནས་ཉུང་དུ་འགྲོ་བཞིན་པ་དང་། མི་སེམས་གཡོ་བར་བྱེད་པའི་དྲན་གསོའི་རྟེན་རྣམས་བརླག་ངེས་ཡིན་པས་དང་། སླད་མར་དོན་རྐྱེན་དེའི་འབྱུང་ཁུངས་དང་། ཁྱབ་རྒྱ། མཇུག་འབྲས་ཚང་མ་དྲན་ཡུལ་ཙམ་དུ་འགྱུར་ངེས་པས་ཡིན།
    བདེན་དཔང་བྱེད་བསམ་པའི་སྲོག་ཐར་བ་ཞིག་ལ་མཚོན་ན། ཁོའི་འགན་འཁྲི་ནི་ཤི་གསོན་གཉིས་ལ་དམིགས་ཏེ་དཔང་རྟགས་སྟོན་རྒྱུ་ཡིན་པ་ཧ་ཅང་གསལ། ཁོ་ལ་ང་ཚོའི་མྱོང་བརྒྱུད་ཀྱི་འདས་དོན་ཞིག་མི་རབས་ཕྱི་མ་རྣམས་ལ་གོ་རུ་མི་འཇུག་པའི་ཐོབ་ཐང་ག་ལ་ཡོད། བརྗེད་ངེས་ལ་འཁྱེར་དུ་འཇུག་པ་ནི་འཇིགས་སུ་རུང་བ་ཞིག་ཡིན་པ་མ་ཟད་ཁྲལ་མེད་ཀྱི་བྱ་སྤྱོད་ཅིག་ཀྱང་རེད། ཡང་ན། འདས་པོ་རྣམས་བརྗེད་པ་ནི་ཁོ་ཚོ་ཐེངས་གཉིས་པར་གསོད་པ་དང་མཚུངས།
    ང་ལ་ནམ་རྒྱུན་ཁྱོད་ཀྱིས་ཨི་ཤི་ཝི་ཚི་ལ་ལན་ཅི་ཞིག་འདེབས་དགོས་པ་ཤེས་སམ་ཞེས་འདྲི། ངས་དེ་ལ་ལན་འདེབས་མི་ཤེས་པ་མ་ཟད། ཐ་ན་གོད་ཆག་ཆེན་མོ་འདི་ལ་ལན་ཞིག་ཡོད་མེད་ཀྱང་མི་ཤེས། ངས་གང་ཤེས་པ་འགན་འཁྲི་ཡིན་ལ། འགན་འཁུར་བ་ནི་ལན་སྤྲོད་སྟངས་ཤིག་ཡིན་པས། ང་ཚོས་ཐག་ཉེ་བ་འདྲ་ལ་རིང་བའང་འདྲ་བའི་གདུག་རྩུབ་ཅན་གྱི་མུན་ནག་གི་དུས་རབས་དེ་གླེང་སྐབས། འགན་འཁྲི་ཞེས་པ་འདི་གལ་ཆེན་ནང་གི་འགངས་ཆེན་གྱི་ཚིག་ཅིག་ཡིན། དཔང་མི་གང་དེས་མ་སྐུལ་དང་བླངས་ཀྱིས་འདས་དོན་ཁུངས་སྐྱེལ་ལ་འབད་དོན་ནི། དེ་རིང་གི་གཞོན་སྐྱེས་རྣམས་དང་སང་ཉིན་གྱི་བྱིས་པ་ཚོའི་སླད་དུ་ཡིན་ལ། ཁོས་རང་མྱོང་གི་འདས་དོན་དེ་ལྟ་བུ་ཞིག་རྗེས་རབས་པ་ཚོས་གཏན་དུ་མྱང་མ་འདོད་པས་ཡིན་ནོ།།
   

མཆན།

ཋལ་མུད(Talmud )སྟེ་ཇིའུ་པའི་ཆོས་ལུགས་ཀྱི་སྟོན་པའི་གསུང་རབ་ཀྱི་འགྲེལ་བཤད་ཡིན་ལ། དེར་བམ་པོ་སོ་བརྒྱད་ཡོད་པ་དང་། ཇིའུ་ཆོས་ལུགས་ཀྱི་རྗེས་འཇུག་པ་རྣམས་ཀྱི་འདུལ་བའི་བསྟན་བཅོས་ཡིན།
   ཧ་སི་ཌིག་ནི་ Hasidic སྟེ་དུས་རབས་བཅོ་བརྒྱད་པར་ཕོ་ལནད་དུ་བྱུང་བའི་ཇིའུ་པའི་ཆོས་ལུགས་ཀྱི་ལས་འགུལ་ཞིག་སྟེ། འདིའི་སྔོན་ལ་ཇིའུ་པའི་ཆོས་ལུགས་ལས་ཁོ་ཚོའི་སྟོན་་པའི་གསང་བའི་བཀའ་ལུང་དག་གྲྭ་པ་ཚོས་མ་གཏོགས་སྦྱོང་ཆོག་གི་མེད་ལ། འདིའི་རྗེས་ནས་མི་སྐྱ་ཚོས་ཀྱང་སྦྱོང་ཆོག་པར་གྱུར།
  ཨོ་ཤི་ཝི་ཚི་ (Auschwitz) ནི་ཕོ་ལནད་ཀྱི་གྲོང་ཁེར་ཁུ་རོ་ཀ་དང་ཉེ་ས་ན་ཡོད་པའི་ས་ཆ་ཞིག་གི་མིང་སྟེ། ན་ཚི་པས་དེར་ཆེས་ཆེ་ཞིང་ཆེས་གདུག་རྩུབ་ཆེ་བའི་བཙོན་སྒར་ཞིག་བཙུགས།

  བར་ཁེ་ནོ་ (Birkenau) ནི་ཨོ་ཤི་ཝི་ཚི་ཡི་ཉེ་འཁྲིས་ན་ཡོད་པའི་བཙོན་སྒར་ཆེན་པོ་གཞན་པ་ཞིག་གི་མིང་ཡིན་ཞིང་། འདིར་སྐབས་དེའི་བཙོན་མ་ས་ཡ་གཅིག་དང་ཕྱེད་ཀ་དུག་རླངས་ཀྱི་ཁང་པར་བཅུག་སྟེ་དུག་རླངས་བཏང་སྟེ་བསད།
   ཤེ་ཁི་ན་(Shekhinah)ནི་འཇིའུའི་ཆོས་ལུགས་ཁྲོད་ཀྱི་ལྷ་མོ་ཞིག་ཡིན།
བྷོའུ་ཁིན་བོལ་ཏི(Buchenwald)ནི་འཇར་མན་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཝེ་མར་ལ་ཉེ་བའི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་ན་ཙིའི་བཙོན་སྒར་ཞིག་ཡིན།
     ཨེ་སི་ཨེ་སི(SS) ནི་ཇར་མན་སྐད་ཀྱི་Schutzstaffel གི་བསྡུས་མིང་སྟེ། ཐོག་མའི་དུས་སུ་ཧིད་ལེར་གྱི་སྲུང་དམག་དང་། ན་ཚི་པའི་ཚོགས་པའི་ཉེན་རོག་པ་ཡིན་པ་དང་། ཕྱིས་སུ་ཇར་མན་གྱི་ཁྲག་རྒྱུན་གཙང་མ་དང་། དམིགས་བསལ་སྦྱོང་བརྡར་ལས་ཐོན་པའི་ཧིད་ལེར་གྱི་ལས་འགུལ་གྱི་དམག་རིགས་གལ་ཆེན་ཞིག་ཡིན་པ་མ་ཟད། གདུག་རྩུབ་དང་། ཇར་མན་ཅན་དུ་བསྒྱུར་བ། གཏོར་བཅོམ་གྱི་ལས་འགུལ་ལག་ལེན་དུ་བསྟར་བའི་དམག་རིགས་གཙོ་བོ་ཡིན།