མདོ་ཁམས་ཙོང་ཁ་བདེ་ཁམས་ཡུལ་ནས་ཨཱ་སྐད་ཐོག་མའི་དབྱངས་སུ་གྱེར། །དབུས་དང་གཙང་གི་བཤད་གྲྭ་དག་ཏུ་ཐོས་དོན་བརྡར་ཤ་ཞིབ་ཏུ་བཅད། །ལྷོ་ཡི་དབེན་པའི་གནས་མཆོག་རྣམས་སུ་ཉམས་ལེན་ལག་ལེན་མཐིལ་ཏུ་མཛད། །བསྟན་པའི་རྒྱལ་མཚན་སྐྱིད་ཤོད་གནས་ནས་ཕྱོགས་མཐར་བསྒྲེངས་མཁས་ཙོང་ཁ་པ། །ལེགས་གསུང་དབྱར་གྱི་རྔ་སྒྲ་སྙན་མོ་པོ་ཏི་བཅོ་བརྒྱད་ཉིན་བྱེད་མཛེས། །ལེགས་མཛད་སྡོམ་པ་གསུམ་གྱི་བཅས་མཚམས་མཐའ་དབུས་མེད་པར་ཕྱོགས་སུ་སྤྲོས། །ལེགས་མཁྱེན་མདོ་སྔགས་ལམ་གྱི་རིམ་པ་བློ་གསལ་དག་ལ་སྐྱེས་སུ་བརྗིད། །ལེགས་ཚོགས་སྒོ་བརྒྱ་མ་ལུས་འབྱེད་མཁས་རྒྱལ་བ་གཉིས་པ་བློ་བཟང་གྲགས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་སུ་ཡིས་ཁོང་དུ་ཆུད་པར་ནུས། །ཐོས་པ་བཙལ་བའི་རྣམ་ཐར་ཙམ་ཡང་གང་དང་སུ་ཡིས་གསལ་པོར་ཤེས། །འདི་ན་ཆུ་ཚོད་གཅིག་ལྷག་ཙམ་གྱི་མཛད་འཕྲིན་མུ་ཏིག་དཀར་པོའི་རྡོག །ཡང་དག་བརྗོད་ལ་བླ་མ་ལྷ་ཡིས་དགོངས་ཡངས་གནང་པ་རིང་དུ་མཛོད། །ལེགས་མཛད་མ་ལ་ཡ་ཡི་ཙན་དན་བསུང་། །ཕྱོགས་སུ་འགྲེམ་ལ་དད་པའི་འཇུག་ངོགས་སོགས། །རྣམ་ཐར་ལོ་རྒྱུས་དག་ལ་གཞི་བཅོལ་ཏེ། །དུས་ཐུང་མཛད་པ་འདི་སྐད་བདག་གིས་ཐོས། །

དེ་ཡང་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ༼༡༣༥༧–༡༤༡༩༽ སྐུ་མྱ་ངན་ལས་འདས་ནས། ལོ་ངོ་དྲུག་བརྒྱ་སོང་བ། སྤྱི་ལོ༢༠༡༩ ལོ། བོད་རབ་རྒྱན་ས་ཕག་ལོའི་བོད་ཟླ་བཅུ་བའི་ཚེས་ཆེན་ཉེར་ལྔ་སྟེ་ཡོངས་གྲགས་སུ་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་འདིར་ཁོང་གི་དུས་དྲན་ཇི་ལྟར་སྲུང་བརྩི་ཞུ་སྙམ་པའི་ཀུན་སློང་གཡོ་བ་སྔོན་དུ་བཏང་བ་དེའི་ཚེ་ན། རང་རྣམ་རྟོགས་བརྗོད་མདུན་ལེགས་མའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གྱི་སྡོམ་ཚིགས་སུ་བཅད་པ་གཅིག་མར་གྲགས་པ་ལས་འདི་སྐད་དུ།  དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཞེས་གསུངས་པ་ཐོག་མར་རྗེས་སུ་དྲན་པར་གྱུར་ཏོ། །

དེ་བས་རྗེ་བདག་ཉིད་ཆེན་པོའི་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གྲུབ་སོགས་བདག་ལྟའི་བསྐལ་བ་བརྒྱར་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ལྟ་ནའང་། རྣམ་པར་ཐར་བའི་ཚུལ་དེ་དང་དེ་ལ་སྨོན་ལམ་ཚུན་གྱིས་ནམ་ཞིག་འཇུག་པར་འགྱུར་རོ་སྙམ་ནས་རྗེ་བཙུན་བླ་མ་ཁོང་གི་མཛད་རྣམ་རྒྱ་མཚོ་ལྟ་བུ་ལས་སྐྲ་རྩེའི་ཆུ་ཐིགས་ཙམ་ཞིག་འདི་ནས་གླེང་བར་བྱེད་པ་ལ། 

སྤྱིར་ན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཁོང་གི་མཛད་རྣམ་ནི། མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་རྣམ་ཐར་དད་པའི་འཇུག་ངོགས་ཀྱིས་གཙོ་བྱས། རྣམ་ཐར་ད་ཡོད་བརྒྱ་དང་བདུན་ཅུ་ལྷག་ཙམ་ཡོད་པར་གྲགས་ཤིང་། ད་སྔ་པར་དུ་བཀོད་ཟིན་པ་ཡང་ལྔ་བཅུ་ལྷག་ཙམ་ཡོད་པ་དེ་ལྟ་དེ་བཞིན་ཡིན་མོད་ཀྱང་།  རྗེའི་རྣམ་ཐར་དག་གི་ཁུངས་དང་ཕྱི་མོར་གྱུར་པ་མཁས་གྲུབ་རིན་པོ་ཆེས་མཛད་པའི་རྣམ་ཐར་དད་པའི་འཇུག་ངོགས་དང་། རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ།   ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས།  རྗེ་རྟོགས་ལྡན་པ་འཇམ་དཔལ་རྒྱ་མཚོ།  གནས་རྙིང་ཀུན་དགའ་བདེ་ལེགས།  ཟང་ཟང་ནེ་རིང་བ་འཆི་མེད་རབ་རྒྱས་སོགས་ཀྱིས་མཛད་པའི་རྣམ་ཐར་དེ་དང་དེ་དག་ཏུ་མ་གསལ་བའམ་གསལ་རྒྱུས་མ་ཐོན་པ་ཞིག་གསར་དུ་རྙེད་པ་དང་། སྔོན་མེད་གསར་བཤད་ཅི་གང་མ་ཡིན་མོད་ཀྱང་། ཁོ་བོས་འདི་ནས་དེང་གི་ཞིབ་འཇུག་གི་ལུགས་སམ་ཡུལ་དངོས་རྟོག་ཞིབ་ཀྱི་ཐབས་ལམ་གཞིར་བྱས་གོང་སྨོས་རྣམ་ཐར་འདི་དག་ཁུངས་སུ་བཅོལ་ཏེ་ཁོང་ལ་རྗེས་དྲན་འདི་བཞིན་ཞུ་བ་ལ་ཨེ་མ་རྨད་བྱུང་སྐལ་བ་བཟང་ངོ་སྙམ་མོ། །   

རྗེ་ཙོང་ཁ་པ་ཆེན་པོ་ཁོང་འཇིག་རྟེན་འདིར་མི་ལོ་དྲུག་ཅུ་རེ་གསུམ་དང་། དེང་གི་ཆུ་ཚོད་འཁོར་ལོ་བཞིན་དུས་ཚོད་རགས་རྩིས་བྱས་ན་ཆུ་ཚོད་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་ ༼༥༥༢༠༠༠༽ཙམ་འཚོ་བཞུགས་གནང་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ལ།  དེ་དག་ལས་ཕྲན་གྱིས་འདི་ནས་གླེང་འདོད་པ་ནི། ཁོང་གི་ཆུ་ཚོད་གཅིག་དང་སྐར་མ་བཅུའི་ཡུན་གྱི་མཛད་རྣམ་སྟེ། ཚལ་དབུས་གླིང་ནས་གླིང་མཚུངས་མེད་དང་། མདོ་སྨད་པ་འཇམ་དཔལ་བཀྲ་ཤིས། ཤཱཀྱ་གྲུབ་དང་ཁོང་རྣམ་བཞིས་ཐུགས་འཛིན་གྱི་ཤེས་རབ་འགྲན་པ་དེར་ས་གནས་གང་དང་དུས་ཡུན་ཅི་ཙམ་ལ།  ཚིག་དོན་ཅི་ལྟ་བུ། གཞུང་དོན་ཐུགས་འཛིན་གྱི་དགོས་པ་ཉུང་བསྡུས་སོགས་ལ་དཔྱད་ཞིབ་ཅུང་ཙམ་བྱེད་འདོད་པ་དེ་ཡིན་ནོ། །     

གང་དེའི་ཚུལ་རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་དད་པའི་འཇུག་ངོགས་སམ་ཡོངས་གྲགས་སུ་རྗེའི་རྣམ་ཐར་ཆེན་མོར།    དེ་ནས་སྐྱིད་ཤོད་དུ་ཕེབས་ཏེ།   ཚལ་དུ་བཞུགས་ནས།   བཀའ་དང་བསྟན་བཅོས་བོད་ཡུལ་དུ་འགྱུར་རོ་འཚལ་ལ་གཟིགས་རྟོག་ཞིབ་པར་མཛད།  གསུང་རབ་མཐའ་དག་གི་དོན་ལ་རྣམ་པར་དཔྱོད་པའི་སྒོ་དུ་མ་ཞིག་ཐུགས་ལ་འཁྲུངས།   མངོན་པར་རྟོགས་པའི་རྒྱན་འགྲེལ་དང་བཅས་པའི་རྣམ་བཤད་ཆེན་མོ་དེ་ཉིད་ཀྱི་རྩོམ་པའང་མཛད།   དེའི་ཚེ་འཛིན་བཟང་བར་གྲགས་པའི། ༡ གླིང་མཚུངས་མེད་དང་།   ༢ མདོ་སྨད་པ་འཇམ་དཔལ་བཀྲ་ཤིས་དང་། ༣ ཤཱཀྱ་གྲུབ་ཅེས་པ་གསུམ་དང་། ༤ རྗེ་འདིའི་འཛིན་གྱི་ཁྱད་པར་ཆེ་ཆུང་ཉམས་སད་མཛད་པས།   ནམ་ལངས་པ་ནས་ཚལ་དབུས་གླིང་གཙུག་ལག་ཁང་གི་ཏོག་གི་རྩེ་ལ་ཉི་མ་ཤར་བ་མཉམ་དུ་སྔོན་གཟིགས་མ་མྱོང་པའི་ཤོག་བུ་མདའ་ཚད་ཕྲེང་དགུ་མ་ཞིག་གི་ཤོག་ལྡེབ་བཞི། ཤིན་ཏུ་དག་པར་ཐུགས་ལ་ཆུད་འདུག་ཅིང་།  གླིང་མཚུངས་མེད་ཀྱིས་ཕྱེད་དང་གསུམ་ཐོ་རེ་བ་ཞིག་དང་།  གཞན་གཉིས་ཀྱིས་རེ་རེ་ལས་མ་ཟིན་ཏོ། །ཞེས་གསུངས་ཡོད་དོ། །

དེས་ན་ཐོག་མར་རྗེ་ཙོང་ཁ་པ་ཆེན་པོས་ཁོང་གསུམ་དང་འཛིན་གྱི་ཆེ་ཆུང་འགྲན་སའི་གནས་ཚལ་དབུས་གླིང་དེ་ཉིད་ངོས་འཛིན་པ་ལ། དེ་ནི་ལྷ་ས་གྲོང་ཁྱེར་ནས་ཤར་ཕྱོགས་སུ་སྤྱི་ལེ་ལྔ་དྲུག་ཙམ་གྱི་སར་ཡོད་ཅིང་། སྐྱིད་ཆུའི་ལྷོ་ངོས། གནས་དེ་ལའང་ལྷོ་བྱང་གཉིས་སུ་ཡོད་པ་ལས་ལྷོར་གུང་ཐང་དང་། བྱང་ལ་ཚལ་དུ་འབོད་ལ་དབུས་གླིང་བྱང་དུ་མཆིས་སོ། །ད་ལྟ་ཀུན་གྱི་ཁ་ན་ཚལ་གུང་ཐང་ཞེས་ཚལ་དང་གུང་ཐང་འདྲེས་ནས་གནས་གཅིག་ཏུ་ཡུལ་ལུང་གང་དེའི་མིང་དུ་བྱེདཔ་ཡིན་ནོ། །དེ་དག་ལས་ཀྱང་རྗེ་ཙོང་ཁ་པ་ཆེན་པོས་ཐུགས་འཛིན་གྱི་ཆེ་ཆུང་འགྲན་སའི་གནས་ནི། ལྷོ་ཡི་གུང་ཐང་གཙུག་ལག་ཁང་དང་བྱང་གི་ཚལ་ཡང་དགོན་གང་ཡང་མ་ཡིན་པར་ལྷོ་བྱང་གིས་དབྱེ་ན་བྱང་གི་ཚལ་དབུས་གླིང་དགོན་ཡིན་པ་གོང་བཀོད་རྣམ་ཐར་དག་ལས་ཁ་གསལ་དུ་གསུངས་ཡོད་པ་ཡིན་པས་ན་འདི་ནས་བསྐྱར་བཤད་དང་ཞིབ་ཆ་བཏོད་མི་དགོས་པ་ལགས་སོ། །

འདི་ནས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པས། །བཀའ་བསྟན་གཟིགས་རྟོག་ཤེར་འགྲེལ་གསེར་ཕྲེང་མཛད། །གསོ་རིག་སྦྱངས་ཤིང་ཐུགས་འཛིན་ཤེས་རབ་འགྲན། །འདི་ལ་ཚལ་གྱི་དབུས་གླིང་ཞེས་སུ་འབོད། །    

དེ་ནས་རྗེ་ཙོང་ཁ་པ་ཆེན་པོས་ནམ་ལངས་པ་ནས་ཚལ་དབུས་གླིང་གི་ཏོག་གི་རྩེ་ལ་ཉི་མ་ཤར་བའི་བར་དུ་གཞུང་ལུགས་ཀྱི་དཔེ་ཅི་ཙམ་ཐུགས་འཛིན་གནང་ཡོད་དམ་སྙམ་ན། གོང་དུ་དྲངས་ཟིན་པ་བཞིན་ཡིན་ཏེ། སྔོན་ཆད་གཟིགས་མ་མྱོང་བའི་མདའ་ཚད་ཕྲེང་དགུ་མ་ཞིག་གི་ཤོག་ལྡེབ་བཞི། ཤིན་ཏུ་དག་པར་ཐུགས་ལ་ཆུད། ཅེས་པ་དེ་ཡིན་ནོ། །འོ་ན་དཔེ་མདའ་ཚད་ཕྲེང་དགུ་མ་ཞིག་གི་ཤོག་ལྡེབ་བཞི་ལ་ཡིག་འབྲུ་ཅི་ཙམ་དང་ཤོ་ལོ་ཀ་ག་ཚོད་ཡོད་དམ་ཞེ་ན། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས། རྗེ་འདིས་ཐུགས་ལ་བཟུང་བའི་དཔེ་དེའི་ཡིག་ཕྲེང་རེ་ལ་ཤོ་ལོ་ཀ་ཡོད་པའི་དབང་དུ་བྱས་ན་ཤོག་གུ་རེ་ལ་ཤོ་ལོ་ཀ་ཉི་ཤུ་དང་། ཤོག་གུ་བཞི་བསྡོམས་ན་ཤོ་ལོ་ཀ་བརྒྱད་ཅུ་ཡོད་པར་ངེས་པས། འདིས་དཔག་ན་ཉིན་ཞག་གཅིག་ལ་ཤོ་ལོ་ཀ་སྟོང་ཕྲག་གཉིས་གསུམ་ཡང་ཐུགས་སུ་ཆུད་ནུས་པའི་ཚད་ཡིན་པར་འདུག །ཅེས་གསུངས་འདུག་མོད།  མཁས་པས་བཤད་ན་ཅི་ཡང་བདེན། །སྙན་ངག་མཁན་ལ་ཅི་ཡང་རྒྱན། །ཞེས་པའི་རྗེས་སུ་མ་སོང་པར་འདི་ལ་ཞིབ་འཇུག་བྱེད་པ་ལ་དཔེ་རྙིང་མདའ་ཚད་མ་ཡིག་ཕྲེང་དགུ་མ་ཞིག་གི་སྟེང་ནས་ཞིབ་རྩིས་བྱས་ན་གསལ་རྟོགས་འོང་ངེས་ཡིན་པས་ན་དེ་འདྲ་ཞིག་བཙལ་འཚོལ་ལ་མི་འཇུག་ཀ་མེད་དུ་བྱུང་ངོ་། །

སྔོན་གྱི་དུས་སུ་ཅི་ཆ་ཡང་དེང་གི་དུས་ན་མདའ་ཚད་མ་ཡིག་ཕྲེང་དགུ་མ་ཅུང་དཀོན་པོ་ཡིན་སྟབས་གང་སར་བཙལ་འཚོལ་བྱས་པའི་འབྲས་བུར་གྲོགས་པོ་སྨར་ཁམས་པ་བསམ་གཏན་ལགས་ནས། རྔོག་གི་ཆོས་སྐོར་དབུ་མེད་མདའ་ཚད་ལག་བྲིས་མ་ཡིག་ཕྲེང་བརྒྱད་དགུ་རེས་མོས་སུ་ཡོད་པ་ཞིག་མཁོ་འདོན་གནང་པ་གཞིར་བྱས་ཏེ་སྐུང་ཡིག་ཡིག་འབྲུ་གཅིག་ཏུ་བྱས་ནས་ཡི་གེ་ཚེག་བར་བཞིན་འདི་གཞིར་བཞག་གིས་བརྩིས་ན་འདི་ལྟར། ཤོག་ལྡེབ་གཅིག་ལ་ཚེག་བར་ཆིག་སྟོང་བཞི་བརྒྱ་བདུན་ཅུ་༡༤༧༠ ཐོན་ཡོད་པ་ཡིན་པས་ན།   ཤོག་ལྡེབ་བཞི་ལ་ཚེག་བར་ལྔ་སྟོང་བརྒྱད་བརྒྱ་བརྒྱད་ཅུ། ༥༨༨༠ ཡོངས་གྲགས་ཀྱི་ཤོ་ལོ་ཀ་བརྩི་སྲོལ་བཞིན་ཚེག་བར་སོ་གཉིས་ཤོ་ལོ་ཀ་གཅིག་རེར་བརྩིས་ན།  ཤོ་ལོ་ཀ་བརྒྱ་དང་གྱ་གསུམ་ ༡༨༣ ཡོད་དགོས་སོ། །མ་ཡིག་པར་རིས་དང་པོ་ལ་གཟིགས།

དེ་བས་ན་རྗེ་ཙོང་ཁ་པ་ཆེན་པོས་ཚལ་དབུས་གླིང་དུ་ནམ་ལངས་པ་ནས་ཏོག་གི་རྩེ་ལ་ཉི་མ་ཤར་བའི་བར་དུ་ཤོ་ལོ་ཀ་བརྒྱ་དང་གྱ་གསུམ། ཚེག་བར་ལྔ་སྟོང་བརྒྱད་བརྒྱ་བརྒྱད་ཅུ་ཤིན་ཏུ་དག་པར་ཐུགས་ལ་བཟུང་པ་ཡིན་ཞེས་བཤད་ཆོག་པ་ཡིན་ནོ། །ཡིན་ན་ཡང་སྐབས་དེར་རྗེ་ཙོང་ཁ་པ་ཆེན་པོས་ཐུགས་འཛིན་མཛད་སའི་མ་དཔེ་དབུ་མེད་ཡིན་ནམ་དབུ་ཅན་ཡིན་སྙམ་ན།  བསམ་རིགས་པ་ཞིག་ནི།   སྐབས་དེར་ཚལ་པ་བཀའ་འགྱུར་བྱུང་གྲུབ་ནས་ལོ་བཅུ་ཕྲག་འགའ་སོང་ཟིན་པ་ཡིན་སྟབས་འཛིན་གཞིའི་མདའ་ཚད་མའི་ཡི་གེ་དབུ་ཅན་ཡིན་ངེས་པ་དང་། དབུ་ཅན་དང་དབུ་མེད་ལ་ཚགས་དམ་ལྷོད་ཅུང་ཙམ་ཡོད་པ་ཡིན་པའི་ཕྱིར་ན་དབུ་ཅན་ཕྲེང་དགུ་མའི་དཔེ་ཆ་འཚོལ་བ་ལ་ཞུགས་པ་ཡིན་མོད།  འོན་ཀྱང་ཕྲེང་དགུ་མའི་དབུ་ཅན་དཔེ་ཆ་རེ་ཞིག་བདག་ལ་རྙེད་སོན་གཏན་ནས་མ་བྱུང་ངོ་། །དེ་བས་བདག་གི་སློབ་དཔོན་དམ་པ་རྒན་ཁྱུང་ཕྲུག་བློ་བཟང་དར་རྒྱས་མཆོག་གིས་མཁོ་སྤྲོད་མཛད་པའི་དཔེ་རྙིང་ཕྲེང་བདུན་མ་ཞིག་གནང་བར། ཐིག་ཕྲེང་དགུ་ལ་ཆ་བཞག་སྟེ་རགས་རྩིས་བྱས་ན། ཐིག་ཕྲེང་རེར་ཆ་སྙོམས་ཚེག་བར་རེ་གཉིས། ༦༢ ཐིག་ཕྲེང་བཅོ་བརྒྱད་ལ་ཚེག་བར་ཆིག་སྟོང་བརྒྱ་དང་བཅུ་དྲུག །༡༡༡༦  དེ་འདྲའི་ཤོག་ལྡེབ་བཞི་ལ་ཚེག་བར་བཞི་སྟོང་བཞི་བརྒྱ་རེ་བཞི། ༤༤༦༤  དེ་ཚེག་བར་སོ་གཉིས་ལྟར་ཤོ་ལོ་ཀར་བགོས་ན།  ཤོ་ལོ་ཀ་བརྒྱ་དང་བཞི་བཅུ་ཡོད་པ་ཡིན་ནོ། །དེའི་ཕྱིར་རྗེ་ཙོང་ཁ་པ་ཆེན་པོས་ནམ་ལངས་པ་ནས་ཏོག་གི་རྩེ་ལ་ཉི་མ་ཤར་བའི་བར་ཤོ་ལོ་ཀ་བརྒྱ་དང་བཞི་བཅུ། ༡༤༠ ཚེག་བར་བཞི་སྟོང་བཞི་བརྒྱ་རེ་བཞི། ༤༤༦༤ ཤིན་ཏུ་དག་པར་ཐུགས་སུ་ཆུད་པར་མཛད་པ་ཡིན་ནོ་ཞེས་རང་ལུགས་སུ་བཟུང་བ་ཡིན་ནོ། ། 

མདོར་ན། གོང་དུ་དྲངས་ཟིན་པ་བཞིན་ཆ་ཧར་དགེ་བཤེས་རིན་པོ་ཆེས་ཉིན་ཞག་གཅིག་ལ་རྗེ་ཐམས་ཅད་མཁྱེན་པ་ཁོང་གིས་ཤོ་ལོ་ཀ་སྟོང་ཕྲག་གཉིས་གསུམ་ཐུགས་སུ་ཆུད་ནུས་པའི་ཚོད་ཡིན་གསུངས་པ་བདེན་དུ་མཆི་ཡང་།  ཉིན་ཞག་གཅིག་ལ་གཉིད་གཟིམ་པ་དང་། ཞལ་ལག་མཆོད་པ་སོགས་ཡིན་ཕྱིན་ཉིན་ཞག་དེའི་དུས་ཚོད་ནས་འཕྲི་དགོས་པ་བསྙོན་དུ་མེད་པ་ཡིན་ཙ་ན།  ནམ་ལངས་པ་ནས་ཏོག་གི་རྩེར་ཉི་མ་ཤར་བའི་བར་དུ་ཆུ་ཚོད་གཅིག་དང་སྐར་མ་བཅུ་དགོས་པ་རེད་འདུག་པ་ཡིན་ཕྱིར།  ཉིན་ཞག་གཅིག་ལ་ཤོ་ལོ་ཀ་ཉིས་སྟོང་སུམ་སྟོང་འཛིན་དུ་མི་འོང་པས་ན་ཁོང་གིས་ནམ་ལངས་པ་ནས་ཏོག་གི་རྩེར་ཉི་མ་ཤར་བའི་བར་གྱི་དུས་ཚོད་བརྩི་ནོརདུ་ཤོར་བ་འདྲའོ། །དེའི་ཚུལ་གཤམ་དུ་འཆད་དོ། །    

སྤྱིར་ན་རྗེ་ཙོང་ཁ་པ་ཆེན་པོས་ནམ་རྒྱུན་གཞུང་ལུགས་ཐུགས་འཛིན་གནང་ཚུལ་དང་བྱེ་བྲག་ཏུ་འདུལ་བ་མདོ་རྩའི་རྒྱ་ཆེར་འགྲེལ་དོ་གལ་ཆེན་པོས་ཐུགས་འཛིན་མཛད་ཚུལ་རྣམ་ཐར་དད་པའི་འཇུག་ངོགས་སུ་འདི་བཞིན་གསལ་ཏེ། དེའི་ཚེ་ཆོས་གསན་པའི་ཞོར་ལ་མདོ་རྩའི་རྒྱ་ཆེར་འགྲེལ་གྱི་དབུ་ནས་ཉིན་རེ་ཞིང་མདའ་ཚད་མ་བཅུ་བདུན་རེ་ཙམ་མ་ཆག་པར་ཐུགས་ལ་བཟུང་། ཞེས་སོ། །

འོ་ན་ཉིན་རེ་བཞིན་ཐུགས་འཛིན་ཆག་མེད་དུ་གནང་པའི་མདའ་ཚད་མ་བཅུ་བདུན་གང་དེར་ཚེག་བར་དང་ཤོ་ལོ་ཀ་ཅི་ཙམ་ཡོད་དམ་སྙམ་ན།  གང་འདིར་ཐིག་ཕྲེང་སོགས་གསལ་ཁ་མེད་པ་གང་ཞིག །ཤོག་ལྡེབ་བརྩི་བ་ལས་བྱ་ཐབས་གཞན་མེད་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ།  རང་ཅག་ལ་ཡོངས་སུ་རྒྱུགས་ཆེ་བ་ནི་ཡིག་ཕྲེང་བདུན་མ་ཡིན་པའི་ཕྱིར་ན།  གོང་སྨོས་དཔེ་རྙིང་ཕྲེང་བདུན་མ་གང་དེ་ཡང་བསྐྱར་གཞི་བྱས་ཏེ་འོལ་རྩིས་བྱས་ན།   མདའ་ཚད་མ་རེར་ཡི་གེ་ཚེག་བར་བརྒྱད་བརྒྱ་དོན་བཞི། ༨༧༤ བཅུ་བདུན་ལ་ཚེག་བར་ཆིག་ཁྲི་བཞི་སྟོང་བརྒྱད་བརྒྱ་ང་བརྒྱད། ༡༤༨༥༨ ཤོ་ལོ་ཀ་བཞི་བརྒྱ་རེ་བཞི། ༤༦༤ ཡིན་ནོ། །དེ་ཡང་ཆོས་གསན་པའི་ཞོར་ལ་ཞེས་གོང་ལ་ཁ་གསལ་དུ་གསུངས་ཡོད་པར་དཔགས་ན། གཞུང་ལུགས་ཐུགས་འཛིན་གནང་པ་ཉིན་རེའི་ཕྱག་ལས་གཙོ་བོ་མིན་པ་ཡང་ཤེས་སླའོ། །

འདི་ནས་ཁ་གསལ་དུ་ཞུ་དགོས་པ་ཞིག་ནི་རྗེ་བླ་མ་ཙོང་ཁ་པས་ཆོས་གསན་པའི་ཞོར་ལ་ཉིན་རེ་བཞིན་ཤོ་ལོ་ཀ་བཞི་བརྒྱ་རེ་བཞི། ༤༦༤ ཚེག་བར་དུ་བརྩིས་ན་ཚེག་བར་ཆིག་ཁྲི་བཞི་སྟོང་བརྒྱད་བརྒྱ་ང་བརྒྱད། ༡༤༨༥༨ ཐུགས་སུ་ཆུད་པར་མཛད་པ་ཡིན་ནོ། །འདིས་ཀྱང་རྗེ་ཙོང་ཁ་པ་ཆེན་པོའི་གཞུང་ལུགས་ཐུགས་འཛིན་གྱི་ཤེས་རབ་དང་བརྩོན་པའི་ཕར་ཕྱིན་གྱི་རང་རྟགས་ཤེས་ཐུབ་པ་ཡིན་ནོ། །མ་དཔེ་པར་རིས་གཉིས་པ་ལ་གཟིགས།

གང་ཞིག་ཐོས་པ་བཙལ་བའི་ཡན་ལག་ཏུ། །འདུལ་བ་མདོ་རྩའི་རྒྱ་ཆེར་འགྲེལ་པ་སོགས། །གཞུང་ལུགས་ཐུགས་འཛིན་མཛད་ལ་སྐྱོ་ངལ་བྲལ། །འཛིན་ཤེ་འགྲན་ལ་འཛིན་པའི་མཆོག་གྱུར་ཁྱེད། །

གོང་དུ་ཞུས་ཟིན་པ་བཞིན་ཚལ་དབུས་གླིང་དུ་རྗེ་ཙོང་ཁ་པ་ཆེན་པོས་ནམ་ལངས་པ་ནས་ཏོག་གི་རྩེ་ལ་ཉི་མ་ཤར་བའི་བར་དུ་ཤོ་ལོ་ཀ་བརྒྱ་དང་བཞི་བཅུ་ཤིན་ཏུ་དག་པར་ཐུགས་ལ་ཆུད་པ་ལ་དུས་ཡུན་ཅི་ཙམ་འགོར་ཡོད་དམ་སྙམ་ན། ཐོག་མར་ལྷ་ལྡན་སྨན་རྩིས་ཁང་གི་ལོ་ཐོའི་སྟེང་ནས་ལྷ་ས་ཁུལ་གྱི་ནམ་ལངས་ཉི་ཤར་ལ་བལྟ་བར་བྱ་སྟེ།            

སྤྱིར་ན་དབྱར་དགུན་སྟོན་དཔྱིད་སོགས་དུས་ཚིགས་བཞི་ལ་ནམ་ལངས་པ་དང་ཉི་མ་ཤར་སྔ་ཕྱིའི་དུས་ཚོད་ལ་བར་ཁྱད་ཕྲན་བུ་ཡོད་པ་འདི་ལྟར།

སྤྱི་ཟླ་དང་པོའི་ནང་ཆུ་ཚོད་༠༨་༢༤ནམ་ལངས། ཆུ་ཚོད་༠༨་༥༡ལ་ཉི་མ་ཤར།

ཟླ་བ་གཉིས་པར།  ཆུ་ཚོད་༠༨་༢༠ནམ་ལངས། ཆུ་ཚོད་༠༨་༤༥ཉི་མ་ཤར།

ཟླ་བ་གསུམ་པར།   ཆུ་ཚོད་༠༧་༥༧ནམ་ལངས། ཆུ་ཚོད་༠༨་༢༡ཉི་མ་ཤར།

ཟླ་བ་བཞི་པར།   ཆུ་ཚོད་༠༧་༢༡ནམ་ལངས། ཆུ་ཚོད་༠༧་༤༥ཉི་མ་ཤར།

ཟླ་བ་ལྔ་པར། ཆུ་ཚོད་༠༦་༤༨ནམ་ལངས། ཆུ་ཚོད་༠༧་༡༣ཉི་མ་ཤར།

ཟླ་བ་དྲུག་པར། ཆུ་ཚོད།༠༦་༢༩ནམ་ལངས། ཆུ་ཚོད།༠༦་༥༦ཉི་མ་ཤར།

ཟླ་བ་བདུན་པར། ཆུ་ཚོད།༠༦་༣༡ནམ་ལངས། ཆུ་ཚོད།༠༦་༥༩ཉི་མ་ཤར།

ཟླ་བ་བརྒྱད་པར། ཆུ་ཚོད།༠༦་༤༩ནམ་ལངས། ཆུ་ཚོད།༠༧་༡༥ཉི་མ་ཤར།

ཟླ་བ་དགུ་པར། ཆུ་ཚོད།༠༧་༠༨ནམ་ལངས། ཆུ་ཚོད།༠༧་༣༣ཉི་མ་ཤར།

ཟླ་བཅུ་པར། ཆུ་ཚོད།༠༧་༢༥ནམ་ལངས། ཆུ་ཚོད།༠༧་༤༩ཉི་མ་ཤར།

ཟླ་བ་བཅུ་གཅིག་པར།  ཆུ་ཚོད།༠༧་༤༤ནམ་ལངས། ཆུ་ཚོད།༠༨་༠༩ཉི་ཤར།

ཟླ་བཅུ་གཉིས་པར། ཆུ་ཚོད།༠༨་༠༧ནམ་ལངས། ཆུ་ཚོད།༠༨་༣༣ཉི་མ་ཤར་ཞེས་གསལ། གོང་གསལ་འདི་ལ་བལྟས་ན། ལྷ་ས་ཁུལ་གྱི་ནམ་ལངས་ཉི་ཤར་ལ་རིང་ཤོས་ཆུ་ཚོད་སྐར་མ་ཉེར་བརྒྱད་དང་། ཐུང་ཤོས་ཉེར་བཞི། ཆ་སྙོམས་བྱས་ན་ཆུ་ཚོད་སྐར་མ་ཉེར་ལྔ་ལྷག་ཡིན་ནོ། །

འོ་ན་ཡང་སྙིང་ཚལ་དབུས་གླིང་དུ་ནམ་ལངས་པ་ནས་ཏོག་གི་རྩེ་ལ་ཉི་མ་ཤར་བའི་བར་དུས་ཡུན་ཅི་ཙམ་དགོས་སམ་ཞེ་ན། ད་ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཞོགས་པར་ཚལ་དབུས་གླིང་དགོན་གྱི་དགེ་བའི་བཤེས་གཉེན་བློ་གྲོས་བསམ་གཏན་ནས་ཆེད་དུ་བརྟག་དཔྱད་གསལ་པོར་བྱས་པའི་འབྲས་བུར། ཞོགས་པ་ཆུ་ཚོད ༠༧–༤༠ ལ་ནམ་ལངས་པ་དང་། ཆུ་ཚོད ༠༨–༥༠ ལ་གསེར་ཏོག་ལ་ཉི་མ་ཤར་འདུག་གོ །དེ་ལྟར་ན། ལྷ་ལྡན་སྨན་རྩིས་ཁང་གི་ལོ་ཐོ་དང་། ཡུལ་དངོས་བརྟག་དཔྱད་གཉིས་ཧ་ཅང་ལྷུ་འཕྲོད་པ་ཡིན་ཏེ།  རྩིས་ལས་བྱུང་བའི་ནམ་ལངས་པ་ནས་ཉི་ཤར་ནི་ས་འཛིན་རྩེ་མོར་ཉི་རྩེ་ཕོག་པ་ལ་བྱ་ཞིང་། དེ་ལ་ཆུ་ཚོད་སྐར་མ་ཉེར་ལྔ། ༢༥ དེ་ནས་སྐྱིད་ཤོད་ཚལ་དབུས་གླིང་གི་ཏོག་གི་རྩེར་ཉི་མ་ཤར་བ་ལ་ཆུ་ཚོད་སྐར་མ་ཞེ་ལྔ་སྟེ། ༤༥  ཁྱོན་བསྡོམས་ཆུ་ཚོད་སྐར་མ་བདུན་ཅུ ༧༠ སོང་བ་ལགས་སོ། །

མདོར་ན།  རྗེ་ཙོང་ཁ་པ་ཆེན་པོས་དུས་ཡུན་ཆུ་ཚོད་གཅིག་དང་སྐར་མ་བཅུའི་ནང་ཚུན་དུ་ཤོ་ལོ་ཀ་བརྒྱ་དང་བཞི་བཅུ། ཡི་གེའི་ཚེག་བར་བཞི་སྟོང་བཞི་བརྒྱ་རེ་བཞི་ཤིན་ཏུ་དག་པར་ཐུགས་ལ་ཆུད་པར་མཛད་པ་ཡིན་ནོ། །   

མཁྱེན་རབ་ཆ་བརྒྱར་གཤགས་པའི་འཛིན་ཤེ་ཙམ། །བདག་ལྟའི་ཕལ་བའི་བློ་ལ་ཇི་ལྟར་ཆུད། །ངོ་མཚར་མཛད་པའི་ཆ་ཤས་ཕྲན་བུའང་། །རྗེས་སུ་དྲན་པ་ཨེ་མ་སྐལ་བ་བཟང་། །    

དེ་ལྟ་བུའི་མཛད་རྣམ་དུས་ནམ་ཞིག་དང་ཁོང་སྐབས་དེར་དགུང་ལོ་ཅི་ཙམ་ཡིན་སྙམ་ན། ཚིག་ཐག་ཆོད་པོས་ཞུ་ཆོག་པ་ཞིག་ནི་རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་ཉེར་ལྔ་ནས་སུམ་ཅུའི་བར་ཡིན་པ་སྟེ། དེ་ལས་ཀྱང་རྣམ་ཐར་དག་ལ་ཞིབ་ཏུ་དཔྱོད་སྐབས་ཁོང་དགུང་ལོ་ཉི་ཤུ་རྩ་ལྔ་དང་། རྩ་དྲུག །རྩ་བདུན། འདི་གསུམ་ལ་འཁེལ་དགོས་པ་གཏན་འཁེལ་ཆོག་པ་ཡིན་ནོ། །གོང་སྨོས་ལོ་རྗེས་མ་གསུམ་ཡིན་མི་སྲིད་པ་འདི་སོགས་གླེང་ན་རྩ་བ་ཡལ་བར་འགྱུར་བས་དང་། མངས་སུ་དོགས་པ། སྐབས་དོན་དང་འབྲེལ་མི་ཆེ་བས་རེ་ཞིག་བསྐྱུར་བར་བྱའོ། །   

དེ་རིང་གི་བརྗོད་དོན་མདོར་དྲིལ་ན།  རྗེ་ཙོང་ཁ་པ་ཆེན་པོ་ཁོང་སྐྱིད་ཤོད་ཚལ་དུ་བཞུགས་སྐབས་བཀའ་བསྟན་འགྱུར་རོ་འཚལ་ལ་གཟིགས་རྟོག་མཛད་པ་དང་། གསོ་བ་རིག་པར་སྦྱངས་པ། ལེགས་བཤད་གསེར་ཕྲེང་མཛད་པ། གཞུང་ལུགས་ཐུགས་འཛིན་མཛད་པ། སོགས་གོང་དུ་རྣམ་ཐར་ལས་དྲངས་ཟིན་པ་བཞིན་ཏེ།   ལྷག་པར་དུ་ཚལ་དབུས་གླིང་ནས་གླིང་མཚུངས་མེད་དང་། མདོ་སྨད་པ་འཇམ་དཔལ་བཀྲ་ཤིས། ཤཱཀྱ་གྲུབ་དང་ཁོང་བཞིས་ཐུགས་འཛིན་གྱི་ཤེས་རབ་འགྲན་པ་དེར་ས་གནས་གང་དང་དུས་ཡུན་ཅི་ཙམ། གཞུང་ཚིག་གི་མང་ཉུང་། གཞུང་དོན་ཐུགས་འཛིན་གྱི་དགོས་པ་ཉུང་བསྡུས་བཅས་དང་།   དུས་ཡུན་ཆུ་ཚོད་གཅིག་དང་སྐར་མ་བཅུ་སྟེ། ཆུ་ཚོད་སྐར་མ་བདུན་ཅུའི་དུས་ཡུན་དུ་སྔོན་གཟིགས་མ་མྱོང་པའི་གསུང་རབ་ཤོ་ལོ་ཀ་བརྒྱ་དང་བཞི་བཅུ་ཤིན་ཏུ་དག་པར་ཐུགས་འཛིན་མཛད། ཅེས་པ་ཡིན་ལ། དེ་ལས་ཀྱང་མདོར་བསྡུས་སུ་ཞུས་ན། ཁོང་གི་དུས་ཡུན་ཆུ་ཚོད་གཅིག་ལྷག་ཙམ་གྱི་མཛད་པར་ཕྱི་མིག་བལྟ་བ་ཙམ་ལགས་སོ། །   

བརྩོན་འགྲུས་བརྟན་དང་སྦྱངས་པའི་ཡེ་ཤེས་ལ། །ནམ་མཁའི་ནོར་བུ་སྟོང་གི་གཟི་བྱིན་འབར། །མ་བསླབ་ཤེས་དང་གྲུབ་པའི་ཐོ་ཅོའི་ལས། །ཚུལ་མིན་ཡིད་བྱེད་ལས་ལ་ཕྱག་རྒྱས་བཏབ། །

མཇུག་ཏུ་བོད་ཀྱི་མཁས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོས་ཀློག་པ་ཐོས་བསམ་གྱི་ཡན་ལག་ཏུ་འདི་ལྟ་བུའི་གཞུང་ལུགས་ཐུགས་འཛིན་མཛད་དགོས་པ་ཅི་ཞིག་ཡིན་ནམ་སྙམ་ན། གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་། །ཞེས་དང་། ཀུན་མཁྱེན་འཇིགས་མེད་དབང་པོས་ཀྱང་། གཞུང་ཚིག་བློ་འཛིན་མི་བྱེད་གཞུང་གི་དོན། །དཔེ་ཀློག་ཙམ་གྱིས་ཤེས་འདོད་བཞད་གད་གནས། །གཉིད་དང་སྙོམས་ལས་རྣམ་གཡེང་ཀུན་སྤངས་ཏེ། །རྒྱུན་དུ་སྐྱོར་སྦྱངས་མཛོད་ཅིག་གྲོགས་པོ་དག །ཅེས་སོགས་གཏན་ཚིགས་དང་བཅས་ཏེ་གསུངས་པ་བཞིན་ཡིན་ལ།  རྗེ་ཙོང་ཁ་པ་ཆེན་པོ་ཁོང་གིས་ཀྱང་གཞུང་ལུགས་ཐུགས་འཛིན་མཛད་པ་ནི་ཐོས་པ་འཚོལ་བའི་ཡན་ལག་མེད་མི་རུང་བའི་ཐབས་མཆོག་ཏུ་དགོངས་ཤིང་དེ་བཞིན་ལག་ལེན་དུ་བསྟར་བར་མ་ཟད།  རང་ཅག་ཕྱི་རབས་པ་དག་ལ་དེ་ལྟར་མིག་དཔེར་ཡང་འཇོག་གནང་མཛད་དོ། །

གཞུང་ལུགས་གང་དང་ཅི་ཞིག་ལ་སློབ་གཉེར་མཛད་པའི་སྐབས་དེ་དག་ཏུ་གང་དེའི་ཚིག་དོན་ཞིབ་ཏུ་ཐུགས་འཛིན་མཛད་པ་ནི། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལ་སོགས་པའི་རང་རེའི་སྔོན་བྱོན་སྐྱེས་ཆེན་དམ་པ་དག་གིས་གཞུངལུགས་ལ་བརྡར་ཤ་དང་ཞུན་ཐར་གཅོད་པའི་ཉམས་མྱོང་དང་ཐབས་ལམ་ཉག་གཅིག་ཏུ་འཁུམས་པས་སོ། །དེ་བས་ན་ངེད་ཅག་གིས་ཀྱང་འདི་ལྟ་བུའི་མཛད་རྣམ་དང་ལེགས་གསུང་ལ་གང་ནུས་ཀྱིས་བསླབ་པར་བྱ་བའི་ཚངས་ཐིག་ཏུ་ངེས་པ་ཉིད་དོ། །དེ་ལྟར་མ་ཡིན་པར།  ཞུགས་མ་ཐག་ཏུ་མཁས་པའི་གོ་འཕང་འདོད། །ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར། །ཞེས་པ་ལྟ་བུའམ་ཡང་ན་གོང་བཀོད་གུང་ཐང་བསྟན་པའི་སྒྲོན་མེ་དང་། ཀུན་མཁྱེན་འཇིགས་མེད་དབང་པོའི་གསུང་བཞིན་དཔེ་འཛིན་སྐྱོར་སྦྱངས་མེད་པར་དཔེ་ཀློག་ཙམ་དང་། བམ་ཀློག་ཙམ་གྱིས་གཞུང་དོན་ཤེས་ཐབས་ལ་ངལ་པ་ནི་སློབ་གཉེར་གྱི་ནོར་འཁྲུལ་ཡིན་པ་དེ་ལྟ་དེ་བཞིན་རྗེ་ཙོང་ཁ་པ་ཆེན་པོས་རང་དཔེ་གཞན་འདོམས་མཛད་པ་དང་། གུང་ཐང་བསྟན་པའི་སྒྲོན་མེ་སོགས་ཀྱིས་ཉམས་མྱོང་བསླབ་བྱར་སྩལ་པ་ཁོ་ནར་འདུག །ཚུལ་དེ་ལྟ་བུར་དགོངས་ནས་ཀུན་མཁྱེན་འཇིགས་མེད་དབང་པོས་སླར་ཡང་ནན་ཏན་དུ།  དཔེ་མང་བལྟ་བ་ཤེས་རབ་འཆལ་བའི་རྒྱུ། །[2]ཞེས་པའི་སྡོམ་ཚིག་ཀྱང་འགོད་གནང་མཛད་ཡོད་དོ། །

འོ་ན་མཁས་པའི་ཁྱུ་མཆོག་ཀུན་མཁྱེན་འཇིགས་མེད་དབང་བོ་ཁོང་ནི་དཔེ་ཆ་སྣ་གྲངས་མང་པོར་གཟིགས་མཁན་ལ་ཐུགས་མི་དགྱེས་པ་རེད་དམ་ཞེ་ན།  གཞུང་ལུགས་གང་དང་ཅི་ཞིག་ལ་སློབ་གཉེར་བྱེད་སྐབས་གང་དེའི་ཚིག་དོན་ལ་འཛིན་སྦྱངས་སྐྱོར་གསུམ་མེད་པར་དེ་དང་འབྲེལ་མེད་ཀྱི་དཔེ་ཆ་གང་མཐོང་མཐོང་མང་དུ་བལྟ་བའམ། ཡང་ན་གང་དེ་ནི་དཔེ་ཀློག་ཙམ་གྱིས་ཆོག་ཤེས་པར་བྱས་ཏེ་འཛིན་སྦྱངས་སྐྱོར་བ་སོགས་ལ་ནན་ཏན་དུ་མི་བྱེད་པར་སྐབས་བབ་ཀྱི་སློབ་གཉེར་དང་འབྲེལ་མེད་སྣ་ཚོགས་དཔེ་དེབ་མང་དུ་བལྟ་ཁུལ་བྱེད་པ་ནི་དོན་འབྲས་ཆུང་བ་མ་ཟད། དེ་ཉིད་ཤེས་རབ་འཆལ་བའི་རྒྱུ་རུ་འགྱུར་ཉེན་ཡིན་ཏེ་གང་ཡང་དུས་དང་གནས་སྐབས་གཅིག་ཏུ་དཔེ་དེབ་སྣ་མང་གི་ཚིག་དོན་འཛིན་ཐུབ་པ་མ་ཡིན་ཞེས་གསུངས་པའོ། །

ཉེ་སྔོན་ཞིག་ལ་ཨ་མདོ་བ་ཅོལ་ཆུང་རེ་འགས༼དཔེ་མང་བལྟ་བ་ཤེས་རབ་འཆར་བའི་རྒྱུ༽ཞེས་ཀུན་མཁྱེན་འཇིགས་མེད་དབང་པོའི་གསུང་ལ་ལོག་འགྲེལ་བྱེད་མཁན་རེ་གཉིས་གོ་མཐོང་བྱུང་བ་དེ་དག་ལ་འདི་སྐད། བླ་བྲང་བཀྲ་ཤིས་འཁྱིལ་ན་བཞུགས་པའི་དགེ་བའི་བཤེས་གཉེན་གཙོ་བྱས་པའི་ཀུན་མཁྱེན་འཇིགས་མེད་དབང་པོའི་གསུང་རྒྱུན་གྲ་མ་ཉམས་གྲུ་མ་ཆག་པར་ཡོངས་སུ་འཛིན་པ་ཁོང་དག་ལ་དེ་དོན་ཞིབ་ཏུ་དྲིས་དང་གོ་དོན་ཡོངས་སུ་རྙེད་ངེས་ཞེས་ཞར་འཕྲོས་ཙམ་མོ། ། 

གཞན་ཡང་རྗེའི་རྣམ་ཐར་དག་ཏུ་རྗེ་ཙོང་ཁ་པ་ཆེན་པོ་ཁོང་སྐུ་སྙུན་གཞིས་གཙེས་སྐབས་ཀྱང་འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་བ་ཉིན་རེ་བཞིན་ཤོག་ལྡེབ་བཅུ་བདུན་ཙམ་མ་ཆག་པར་ཐུགས་འཛིན་མཛད་ཚུལ་གསུངས་ཡོད་པ་དེ་ལྟ་ན།  ཁོང་གིས་མདོ་སྔགས་རིག་གནས་དང་བཅས་པ་ཐུགས་འཛིན་མཛད་ཡོད་པ་གང་ཞིག །འདུལ་བ་ཀུན་གྱི་རྩ་བ་དང་སྙིང་པོར་གྱུར་པ་མདོ་རྩའི་རྒྱ་ཆེར་འགྲེལ་བ་གཞན་ལས་གཙིགས་མཐོང་དང་ནན་ཏུར་གྱིས་ཐུགས་འཛིན་མཛད་པ་ལ་དགོས་པ་དང་རྒྱུ་མཚན་ཡོད་དེ།  གཅིག །ཇི་སྙེད་འདུལ་བ་རྫོགས་པ་འདི་ཡོད་པ། །དེ་སྲིད་རྒྱལ་བའི་བསྟན་པ་འཇིག་རྟེན་གནས། །ཞེས་གསུངས་ཡོད་པ་དང་།  གཉིས།  བསྟན་པ་རིན་པོ་ཆེ་གང་འདིར་བྱི་དོར་བགྱིད་པ་ལ་ནི།  རབ་བྱུང་དང་གསོ་སྦྱོང་དགག་དབྱེ་དབྱར་གནས་བཅས་གཞི་བཅུ་བདུན་ལས་གསུངས་པ་གལ་ཆེ་བ།  གསུམ།  ཕྲ་རགས་ལྟུང་བ་བཅོས་པའི་ཆོ་ག་ལག་ལེན་དུ་འདེབས་པའི་ཕྱག་སྲོལ་ཡང་དག་པར་འཛུགས་པ། བཞི། མཆོག་འབྲིང་ཆུང་ངུའི་ཡོན་ཏན་མཐའ་དག་ཚུལ་ཁྲིམས་ཀྱི་ཞིང་ལ་བརྟེན་དགོས་པ་བཅས་ཀྱི་ཕྱིར་ན།  རྗེ་ཙོང་ཁ་པ་ཆེན་པོ་དང་། རྗེ་བཙུན་རེད་མདའ་བ་ཆེན་པོ། ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོ་རིན་པོ་ཆེ་རྣམ་པ་གསུམ་གནམ་རྩེད་ལྡེང་དུ་ཞལ་འཛོམས་ཏེ་འདུལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པ་ཡང་གོང་བཀོད་འདུལ་བ་མདོ་རྩའི་རྒྱ་ཆེར་འགྲེལ་ནན་ཏུར་གྱིས་ཐུགས་འཛིན་གནང་པ་དང་འབྲེལ་པ་ངེས་ཅན་ཡོད་པར་ངེས་ལ། སློབ་དཔོན་དྷརྨ་མི་ཏྲ་སྟེ། ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་འདུལ་བ་མདོ་རྩའི་རྒྱ་ཆེར་འགྲེལ་ལ་བསྟན་འགྱུར་པོ་ཏི་༼འུ། ཡུ།༽གཉིས་ཡོད་པ་དང་། བམ་པོ་བདུན་ཅུ། ཤོ་ལོ་ཀ་ཉི་ཁྲི་ཆིག་སྟོང་ཡོད་པ་གང་དེའི་སྦྱར་བྱང་ན་གསལ་ལོ། །

དོན་དེ་ལ་དཔགས་ན་སྐབས་དེ་དུས་ནས་བསྟན་པའི་ནང་མཛོད་འདུལ་བའི་བསྟན་པ་ལ་དག་ཐེར་བྱེད་པའི་ཐུགས་བསྐྱེད་དམ་བཅའ་བརྟན་པོའི་གོ་ཆ་བགོས་ཟིན་པ་གོར་མ་ཆག་གོ །འདི་དག་གིས་ཚིག་དོན་བློར་འཛིན་གྱི་དགོས་གལ་རང་བཞིན་ཡང་རོབ་ཙམ་བསྟན་ཟིན་པ་བཅས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཆུ་ཚོད་གཅིག་དང་སྐར་མ་བཅུའི་མཛད་རྣམ་རེ་ཞིག་བཤད་ཟིན་ཏོ། །

འདིར་སྨྲས་པ། 

སྣང་བ་རྟེན་འབྲེལ་བསླུ་བ་མེད་དང་རང་བཞིན་སྟོང་པ་འགལ་མེད་འཆར་བའི་མཐའ་བྲལ་དབུ་མའི་ལྟ་བ་དང་། ། ཟབ་གསང་ལམ་གྱི་གནད་དོན་མཐར་ཐུག་འོད་གསལ་སྒྱུ་ལུས་ཟུང་འཇུག་རྣམས་ཀྱི་དཀའ་གནད་མདུད་རྒྱ་མ་ལུས་པ། ། ཅིག་ཅར་འགྲོལ་སོགས་མདོ་སྔགས་ཆོས་ཀུན་འཚང་རྒྱའི་ཉམས་ལེན་ཁོ་ནར་འཁྱེར་ཤེས་སྔོན་མེད་ལེགས་བཤད་བདུད་རྩི་ཡིས། ། ཐུབ་བསྟན་འདབ་བརྒྱ་སླར་ཡང་བཞད་མཛད་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་བཀའ་དྲིན་བསམ་བཞིན་ལན་བརྒྱར་འདུད། །[3] སྐྱེ་བའི་ཕྲེང་བར་འབྲལ་མེད་བདག་ཏུ་བཟུང་ལ་གོམས་པའི་ཡིད་བཞིན་ནོར། །ཡོན་ཏན་རིན་ཆེན་རྒྱན་མཆོག་མ་རྙིང་མུ་ཏིག་གསར་བའི་སེ་མོ་དོ། །ཐུགས་འཛིན་སྐྱོར་སྦྱངས་ཐོག་མའི་ཐབས་ཀྱིས་ཡང་དག་ཐུགས་སུ་ཆུད་པར་མཛད། །རང་ནོར་རང་གིས་བདག་གིར་འཛིན་ལ་ཤེས་བརྩོན་ལག་གདང་ཟུང་དུ་སྦྲེལ། །མཁྱེན་རབ་གཤོག་ཟུང་རྒྱས་པའི་བརྡ་རྟགས་སུ། །ཆུ་ཚོད་གཅིག་ལྷག་ཙམ་གྱི་དུས་ཡུན་དུ། །མཁའ་མཚོ་གཟུགས་ཅན་གྲངས་ཀྱི་ཤུ་ལོག་མང་། །ཐུགས་ཀྱི་དཔལ་བེའུ་དཀྱིལ་དུ་བདག་གིར་མཛད། ། གང་འདིར་ཉིད་བཞིན་ཤེས་བྱའི་མ་དྲོས་ཀླུང་། །ཡུད་ཙམ་ཧུབ་ཀྱིས་འཐུང་བ་འགའ་མཆིས་ན། །མཁྱེན་པའི་གཏེར་དུ་གྲགས་པའི་འཇམ་དཔལ་དབྱངས། །ཤེས་རབ་སྤོབས་པའི་གནང་པ་སུ་ལ་སྩོལ། །ཤེས་བྱའི་ཁྱོན་གྱི་མཛེས་སྡུག་ཀུན་འཛིན་པར། །འཛིན་ཤེ་ཁྱུང་སྔོན་སྐྱེས་པས་ལེགས་དྲངས་ཏེ། །ཐུབ་བསྟན་གསེར་གྱི་ཉི་མར་བྱི་དོར་བཅས། །གངས་ལྗོངས་མཁའ་ལ་གསལ་བའི་སྟ་གོན་མཛད། །སྦྱངས་པ་མི་དགོས་བྱིས་པའི་ལབ་བརྡོལ་གྱི། །རྨོངས་གཏམ་བྱུང་རྒྱལ་སྨྲ་བའི་བྲག་གི་རི། །ལག་ལེན་མིག་དཔེ་དངོས་བསྟན་གནམ་ལྕགས་ཀྱིས། །འུད་ཤོབ་ཕུང་པོ་ཕྱེ་མར་རྣམ་པར་འཐག །འདི་ནི་རང་བཞིན་གསོང་བོར་བརྗོད་པའི་དམ་པའི་ཆུ་ཚོད་གཅིག་གི་མཛད་རྣམ་ཡིན་གྱི་རྟོག་བཏགས་ལྷ་འདྲེའི་སྒྲུང་གཏམ་མིན། །ཡུལ་དངོས་ཚད་ལེན་ཞིབ་འཇུག་བྱས་ཏེ་དུས་ཡུན་ཆུ་ཚོད་གཏན་ལ་ཕབ་པ་ཡིན་གྱི་འོལ་ཚོད་ཧམ་བཤད་བྱས་པ་མིན། །རྫུན་དང་གཡོ་སྒྱུས་གཞན་མགོ་བསྐོར་ལ་དྲན་དང་ཤེས་བཞིན་དྲིལ་བརྡ་བཏང་བ་ཡིན་གྱི་གང་དྲན་ཟོལ་བསྟོད་གཅམ་ཚིག་མིན། །རྣམ་ཐར་ལོ་རྒྱུས་གུང་དུ་བསྒྲིགས་ཤིང་ཚེག་བར་ཡི་གེ་ཞིབ་མོར་བརྩིས་པ་ཡིན་གྱི་ལྷ་མོ་རྩིས་གསུམ་བསྐོར་བ་མིན། །བདེ་བ་ཅན་གྱི་ཞིང་མཆོག་དེ་ལ་སེ་གོལ་གཏོགས་ཀྱིས་ཅི་དགར་འཕེན་པའི་གང་ཡང་མ་སྦྱངས་གྲུབ་པའི་གོ་འཕང་མཐོན་པོ་ཅན། ། རྟགས་དང་གཏན་ཚིགས་ཅི་ཡང་མི་དགོས་གཏོལ་མེད་མུ་ཅོར་སྨྲ་བའི་ཅོལ་ཆུང་ཁ་ལ་དགའ་རབ་བདུད་ཀྱིས་བརླམས་པའི་འདྲེ་གདོན་དག །ལྷ་མཐོང་འདྲེ་རིག་རྫུན་ཧམ་ཆེན་པོས་རྫུ་དང་འཕྲུལ་དང་མངོན་ཤེས་བཤད་དེ་བསྟན་ལ་རྨ་འབྱིན་འགོང་བོ་བྱེད་པ་ལག་དགུའི་ཚོགས། །ད་ནི་ཚུལ་མིན་ཡིད་སྲུབས་བྱེད་ལས་དམ་པའི་མཛད་སྤྱོད་ཤེས་བརྩོན་གོས་འདིས་དྲན་དང་ཤེས་བཞིན་སྤྱི་བོའི་རྒྱན་དུ་བླང་པར་རིགས། །མདོར་ན་བློ་བཟང་རྒྱལ་བའི་མཁྱེན་བརྩེའི་མཐའ། །བློ་ཡི་དབང་ཕྱུག་གིས་ཀྱང་དཔོག་དཀའ་ན། །བློ་ཡི་ལང་ཚོ་མ་རྒྱས་བདག་ལྟ་བུའི། །རྒྱ་ཁབ་མིག་ཏུ་ཆ་ཙམའང་ཇི་ལྟར་ཤོང་། །འོན་ཏེ་ཤུགས་དྲག་དད་པའི་རླུང་གིས་བསྐྱོད། །ངོ་མཚར་གཏམ་གྱི་མེ་ཏོག་ཕྱོགས་ན་འཛུམ། །དུས་ཐུང་ལེགས་མཛད་ཅུང་ཙམ་རྗེས་དྲན་ལ། །འགལ་དང་ནོངས་པ་མེད་སྙམ་ཀུན་ཏུ་སྤེལ། །བདག་ཉིད་ཆེན་པོའི་ཕུལ་བྱུང་ཡོན་ཏན་གྱིས། །ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་ཡོད། །དམ་པའི་སྐྱེ་བོའི་རྗེས་སུ་འཇུག་སླད་དུ། །རང་ལ་ཟིན་ཐོར་བཀོད་པ་དགེ་གྱུར་ཅིག །ལྟ་བ་རྟེན་འབྱུང་སྤྱོད་པ་འཚེ་མེད་པའི། །ཐུབ་བསྟན་ཡོངས་འདུ་ཕྱོགས་སུ་དར་བ་དང། །སྣང་སྟོང་རྟེན་འབྲེལ་འགལ་མེད་འཆར་པ་ཡི། །བློ་བཟང་རྒྱལ་བའི་རིང་ལུགས་རྒྱས་གྱུར་ཅིག །

ཅེས་པ་འདི་ནི་རྗེ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་པའི་ལོ་ངོ་དྲུག་བརྒྱའི་དུས་དྲན་ཏེ་༼སྤྱི་ལོ༢༠༡༩ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ༽དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་དྲན་ལ་རེབ་གོང་པ་བསོད་ནམས་རྒྱལ་ནས་བྲིས་པའི་དགེ་བས་ཚེ་རབས་ཐམས་ཅད་དུ༧འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་གུ།།  །།


མཆན་བུ།

[1] འཛིན་ཤེ་ཞེས་པ་འདི་ལ། རྗེའི་རྣམ་ཐར་མང་པོར་འཛིན་གྱི་ཆེ་ཆུང་ཞེས་དང་། འཛིན་གྱི་ཚོད་ལེན་པ་ཞེས་འབྱུང་ཞིང་། རྗེའི་རྣམ་ཐར་བདེ་ལེགས་ཀུན་གྱི་འབྱུང་གནས་སུ། འདི་ནི་རྗེའི་མཁྱེན་རབ་ཀྱི་ཆ་ཤས་ཕྲན་བུ་ཚིག་བློ་ལ་འཛིན་པའི་ཤེས་རབ་ཅེས་གསལ་བས་ན། འདི་ནས་ཚིག་སྡུད་ཀྱི་ཚུལ་དུ་༼འཛིན་ཤེ༽ཞེས་བྲིས་པའོ། །

[2] དཔེ་མང་བལྟ་བ་ཤེས་རབ་འཆལ་བའི་རྒྱུ། །ཞེས་པའི་ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་གི་སྔ་ཕྱིའི་ཚིག་འདི་ལྟར་ཡིན།  དེ་ལས་གཞན་དུ་སྐབས་སུ་གང་བབ་པའི། །ཐལ་འཕྲེང་ཟུར་བཀོལ་ལྟ་བ་ཡལ་བོར་ནས། །དཔེ་མང་ལྟ་བ་ཤེས་རབ་འཆལ་བའི་རྒྱུ། །དེ་ཕྱིར་ཐད་ཀའི་གཞུང་ལ་གཅིག་ཏུ་དྲིལ། །དཔེ་ཆ་མི་འཛིན་དཔེ་ཀློག་ཙམ་ལ་རེ། །རྩོད་གྲྭ་མི་ནུས་ཆོས་གྲྭར་དོན་མེད་འདའ། །སྐྱོར་སྦྱངས་མི་ནུས་གཉིད་དང་འདུ་འཛིར་ཆགས། །འདི་དག་སློབ་གཉེར་གེགས་ཀྱི་གཙོ་བོ་ཡིན། །ཞེས་སོ། །

[3] ཤོ་ལོ་ཀ་འདི་ཤིན་ཏུ་གནད་ཆེ་བས་རྗེའི་རྣམ་ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ལས་དྲངས།