དེ་ཡང་ཀུན་མཁྱེན་ཆེན་པོ་འཇིགས་མེད་དབང་པོས་སྐུ་འབུམ་གདན་རབས་མུ་ཏིག་འཕྲེང་བ་ལས། “འདབ་མ་རིམ་གྱིས་འཕེལ་བས་འདབ་མ་འབུམ་ཕྲག་དང་ལྡན་པ། འདབ་མ་རེ་རེར་རྒྱལ་བ་སེང་གེའི་ང་རོའི་སྣང་བརྙན་རེ་རེས་མཚན་ཞིང་། ཤུན་པ་ལ་སྐུ་གཟུགས་དང་ཡིག་འབྲུ་དང་ཕྱག་མཚན་རྣམས་རང་བྱོན་དུ་བྱུང་།” ཞེས་གསུངས་པ་ལྟར། རྗེ་བླ་མའི་ལྟེ་བའི་མཚལ་ཁྲག་ཐོར་བ་ལས་འཁྲུངས་པའི་གསེར་སྡོང་ཆེན་མོའི་ཙན་དན་སྤྲུལ་བའི་ལྗོན་པ་དེ་ཉིད་ཀྱི་ཤིང་ཤུན་དང་ལོ་འདབ་སོགས་ལས་སྐུ་དང་ཡི་གེ་སོགས་སྐྱེ་བོ་རང་རང་གི་སྐལ་བ་དང་འཚམས་པར་ངོ་མཚར་སྒྱུ་འཕྲུལ་གྱི་སྣང་བ་སྣ་ཚོགས་པ་གནའ་ནས་ད་ལ་ཐུག་གི་བར་དུ་ཟམ་མི་ཆད་དུ་བྱུང་དང་འབྱུང་བ་ནི་དངོས་ཡོད་ཉིད་ཡིན་པར་མངོན་ཏེ། ཅུང་ཟད་བརྗོད་ན། དེ་ཡང་དུས་རབས་བཅུ་དགུ་པའི་དཀྱིལ་ཙམ་(1844-1848)ལ། ཧྥ་རཱན་སིའི་ཡེ་ཤུའི་ཆོས་སྤེལ་བ་མཁན་པོ་ E. Huc ཞེས་བྱ་བ་ཞིག་གྲོགས་དང་བཅས་སྐུ་འབུམ་བྱམས་པ་གླིང་དུ་འབྱོར། རང་གི་ཆོས་གཞུང་དུ་མ་གསུངས་པའི་ཆོས་ཕྱོགས་ཀྱི་དོན་གནད་གང་ཞིག་ཡིན་ཡང་ཆུ་བུར་མིག་གིས་མ་མཐོང་ན་རང་དགར་ཡིད་ཆེས་པར་མི་བྱེད་པའི་ཡེ་ཤུའི་ཆོས་པ་དེ་དག་ཉིན་ཞིག་དོགས་སྣང་དང་སོམ་ཉིའི་ངང་དུ་ཙན་དན་ལྗོན་པ་དེ་ཉིད་ལ་ལྟ་བར་བསྐྱོད། ཁོ་པ་ཅག་ལ་མཚོན་ན། སྔོན་དུ་བོད་མིའི་ངག་ལས་ཙན་དན་སྤྲུལ་བའི་ལྗོན་པ་དེ་ཉིད་ཀྱི་ངོ་མཚར་བའི་གཏམ་གང་ཐོས་པ་དག་ནི། ལྷ་སྒྲུང་ལྟ་བུ་ཞིག་གམ་ཆེས་ལྐོག་གྱུར་ཆེན་པོ་ཞིག་སྟེ་ཡིད་ཆེས་པའི་གནས་སུ་གཞར་ཡང་མ་གྱུར་ལ། བོད་འབངས་ལས་སྐལ་ཅན་རྣམས་དང་མཚུངས་པར་དད་པས་མཇལ་འདོད་ནི་དེ་བས་ཀྱང་ག་ལ་ཡོད། དེ་ལྟ་ནའང། ཁོ་པ་ཅག་གི་མིག་ལམ་དུ་རང་ཉིད་ཀྱང་ཡིད་ཆེས་པར་དཀའ་བའི་སྣང་བ་ངོ་མཚར་བ་སྣ་ཚོགས་མངོན་སུམ་དུ་བྱུང་སྟེ། ཚུལ་དེ་དག་<<ཊཱར་ཊཱ་རེའེ་དང་། བོད། རྒྱ་ནག་བཅས་སུ་བསྐྱོད་པ།>> ཞེས་པའི་ལྗོངས་རྒྱུ་ཟིན་ཐོར་བཀོད་ཅིང་འགྲེམ་སྤེལ་བྱས་པ་འདི་ལྟར།

“དེ་ལྟ་བུའི་ལྗོན་པ་ཞིག་ཡོད་དམ་ཞེས་དང། ཁྱེད་ཅག་གིས་དེ་དངོས་སུ་མཐོང་ངམ། དེ་ལ་ཁྱད་ཆོས་དམིགས་བསལ་བ་ཅི་ཞིག་ཡོད་དམ། ཡ་མཚན་ཅན་གྱི་ལོ་མ་དེ་དག་ཇི་འདྲ་ཞིག་ཡིན་ནམ་ཞེས་པའི་དྲི་བ་རྣམས་ཀློག་མཁན་དག་ལ་རང་བཞིན་གྱིས་འབྱུང་ངེས་ཤིང་འདྲི་འོས་པ་ཞིག་ཀྱང་ཡིན། དེ་ལ་ང་ཚོས་གང་ནུས་ཀྱིས་ཚན་པ་རེ་རེ་བཞིན་ལན་འདེབས་བྱ་ངེས་ཡིན། ་་་ ཐོག་མར་ང་ཚོས་གཟབ་ནན་ཆེན་པོས་མིག་གཉིས་ཐད་ཀར་ཙན་དན་ལྗོན་པའི་ལོ་མར་གཏད། དོན་དངོས་སུ། ལོ་མ་རེ་རེའི་སྟེང་དུ་བོད་ཡིག་རང་བྱོན་དུ་གསལ་ལེར་ཡོད་པ་མཐོང་བས་ང་ཚོ་དངོས་གནས་ཧ་ལས་པར་གྱུར། ཡི་གེ་རྣམས་ལྗང་ཁུ་ཡིན་ཞིང། འགའ་ཞིག་ནི་ལོ་མའི་རང་མདོག་ལས་ཀྱང་ཅུང་ཟད་ནག་ལ། ཁག་གཅིག་ནི་དཀར་ཤས་ཆེ་བར་སྣང་། དེ་དག་མཐོང་མ་ཐག་ངེད་ཅག་གི་སེམས་སུ་དེ་ནི་བླ་མ་ཚོའི་གཡོ་ཐབས་ཤིག་མིན་ནམ་སྙམ་སྟེ་དོགས་པའི་དྲ་བར་ཚུད། དེ་ནས་ལོ་མའི་ངོས་ཀྱི་ཡི་གེའི་ཆ་ཤས་རེ་རེར་ཞིབ་ཏུ་བརྟགས་པ་ན། གཡོ་ཐབས་ཀྱི་ཆ་ཕྲ་མོ་ཙམ་ཡང་མ་རྙེད། ངེད་ཅག་ལ་སྣང་བའི་ཡིག་འབྲུ་དེ་རྣམས་ལོ་མའི་རང་བཞིན་ཉིད་ལས་ལོགས་སུ་མེད་ཅིང་། ཡི་གེ་རྣམས་ལོ་མའི་རྩ་རྒྱུས་དང་བཅས་ཏེ་གསལ་ལེར་མངོན། ཡི་གེ་དེ་རྣམས་ལོ་མ་སོ་སོའི་ཕྱོགས་འདྲ་མིན་ནས་མངོན་འདུག་སྟེ། འགའ་ཞིག་ནི་ལོ་མའི་རྩེ་དང། འགའ་ཞིག་ནི་དཀྱིལ། གཞན་དག་ནི་གཤམ་ངོས་དང་ཟུར་དག་ལས་མངོན། ལོ་མ་ཆུང་ངུ་དག་ལས་ཤར་བའི་ཡིག་འབྲུ་རྣམས་དེ་ཙམ་མི་གསལ། ཤུན་པ་དང་ཡལ་གའི་ཆ་ནས་བཤད་ན། ལྗོན་པ་དེ་ཉིད་ plane tree ཞེས་པ་དང་མཚུངས་ལ། ཡལ་ག་དང་གཞུང་རྟའི་ཕྱི་ཤུན་གྱི་སྟེང་ནས་ཀྱང་ཡིག་འབྲུ་མང་པོ་ཕྱིར་མངོན། ང་ཚོས་ཕྱི་ཤུན་རྙིང་པའི་ཆ་ཤས་ཆུང་ངུ་དག་བཀོག་སྟེ་བརྟགས་པ་ན་དེའི་ནང་རིམ་གྱི་ཤིང་ཤུན་གསར་པའི་ངོས་ནས་ཀྱང་ཡིག་འབྲུའི་མཐའ་རིས་རྣམས་གསལ་ལ་མི་གསལ་བའི་ངང་དུ་ཕྱིར་མངོན་པ་མཐོང་། ཡ་མཚན་པའམ་ཐུན་མོང་མ་ཡིན་པ་ཞིག་ལ། ཤིང་ཤུན་གྱི་ཕྱི་རིམ་དང་ནང་རིམ་གཉིས་ཀྱི་ཐད་ཀའི་ཡིག་འབྲུ་གསར་རྙིང་གཉིས་ཕལ་ཆེར་ཡིག་འབྲུ་གཅིག་མཚུངས་སུ་སྣང་། དེ་ལ་གཡོ་ཐབས་ཤིག་འདྲེས་མེད་དམ་སྙམ་སྟེ་གཟབ་ནན་ཆེན་པོས་བརྟག་དཔྱད་བྱས་ཀྱང་གཡོ་ཐབས་ཀྱི་རྣམ་པ་གང་ཡང་མ་རྙེད། དེ་ལྟ་བུའི་ངོ་མཚར་ཅན་གྱི་མཐོང་སྣང་དེའི་རྐྱེན་པས་ངེད་ཅག་ལ་བརྗོད་དཀའ་བའི་ཚོར་སྣང་ཆེན་པོ་བྱུང་ཞིང་། ཚོར་ཤུགས་དེའི་དབང་གིས་ངེད་ཅག་གི་ལུས་པོ་ཡང་ཚ་ལམ་ལམ་དུ་གྱུར། ངེད་ཅག་ལས་བློ་གྲོས་ཆེ་ཞིང་སྤྱང་གྲུང་འཛོམས་པ་ཞིག་ཡིན་ན། ལྗོན་པ་ངོ་མཚར་ཅན་འདིའི་གསང་བའི་གནད་དག་ལ་འགྲེལ་བཤད་ཡིད་ཚིམ་པ་ཞིག་རྒྱག་ཐུབ་སྲིད་ཀྱང་ངེད་ཅག་གིས་འདི་ཙམ་ལས་བཤད་མ་ནུས། ཀློག་མཁན་འགས་ངེད་ཅག་གི་གླེན་རྟགས་ལ་འཕྱ་དགོད་བྱེད་སྲིད་ཀྱང་སྐྱོན་ཅི་ཡང་མེད།    གང་ལྟར།  ང་ཚོའི་དྲང་ཚུགས་དང་བདེན་པ་ཅན་གྱི་འགྲེལ་བཤད་ལ་ཡིད་གཉིས་དང་ཐེ་ཚོམ་ཟ་དགོས་དོན་མེད། “  ཅེས་སོགས་བྱང་ཆུབ་ཙན་དན་ལྗོན་པ་དེ་ཉིད་ཀྱི་རྣམ་པ་གཞན་དང་གཞན་ཡང་ཞིབ་འགྲེལ་བྱས་ཡོད།

•ཡང་སྤྱི་ལོ་ 1845 ལ་སྐུ་འཁྲུངས་པ་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཚང་གི་སྐུ་འབུམ་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་ཞེས་བྱ་བའི་ཤོག་གྲངས་ཉེར་བདུན་པ་ལས། “ལོ་མ་རེ་རེའི་སྟེང་དུ་རྒྱལ་བ་སེང་གེའི་ང་རོ་སྐུ་བརྙན་ལྷ་བཟོ་མཁས་པས་བྲིས་པ་ལས་ཀྱང་བརྒྱ་འགྱུར་གྱིས་རི་མོའི་བཀོད་པ་ཕུན་སུམ་ཚོགས་ཤིང་། ཆ་ཚད་དང་ལྡན་པ་མིག་གི་བདུད་རྩི་བླ་ན་མེད་པར་གྱུར་པ་རང་བྱོན་དུ་འཁྲུངས་པར་མ་ཟད། ཡལ་ག་དང་ཤུན་པ་རྣམས་ལ་སྐུ་གཟུགས་དང་ཡིག་འབྲུ་དང་ཕྱག་མཚན་རྣམས་ཀྱང་རང་བྱོན་དུ་བྱུང་བ་ལུས་ཅན་ཡོངས་ཀྱི་འདྲེན་བྱེད་ཀྱི་ཡུལ་དུ་དངོས་སུ་མཐོང་བ་བྱུང་”ཞེས་དང། ཡང་མཆོད་རྟེན་གྱི་“སྙིང་པོར་བཞུགས་པའི་ཙན་དན་སྡོང་པོ་ནི་མི་ཚད་ལྷག་ཙམ་གྱིས་མཐོ་ཞིང་། ཡལ་ག་རྣམས་ཆུ་ཞེང་གབ་པ་ཡིན་ཡང་གྱེན་དུ་ཕྱོགས་པར་སྐྱེས་པ། དབྱར་དགུན་གྱི་ཁྱད་པར་གྱིས་ལོ་འདབ་བྲུལ་བ་དང་ཁ་འབུས་པ་དང་གསར་དུ་སྐྱེ་བ་སོགས་གཏན་ནས་མེད་པའི་ཁྱད་ཆོས་དང་ལྡན་པ་ལགས་སོ། །སྔར་ཆོས་རྒྱལ་ཕོ་བྲང་གི་གནམ་སྒོ་ཕྱེ་ན་མཆོད་རྟེན་ནང་དུ་མཇལ་ཆོག་པ་ཡོད་ཀྱང་འཆད་འགྱུར་བཞིན་དེང་སང་འགྲོ་ལམ་བཅད་ཡོད་དོ།།” ཞེས་གསུངས།

•མ་ཅིག་ལབ་ཀྱི་སྒྲོལ་མའི་ལུང་བསྟན་དུའང་། “བུ་མོ་ཁྱོད་ཀྱིས་དྲིས་པའི་བྱང་སེམས་དེ། །མ་འོངས་བསྐལ་བཟང་སངས་རྒྱས་བདུན་པ་ཡིན། །ད་ལྟ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེ། །སྙིགས་དུས་ལོག་སྤྱོད་བོད་ཡུལ་འབྱུང་བའི་ཚེ། །དགེ་སློང་ཚུལ་འཛིན་གྲགས་པའི་མཚན་ཐོགས་ཏེ། །གང་གི་ཞིང་དུ་སེངྒེའི་ང་རོར་གྲགས།།” ཞེས་གསུངས།

•བཀའ་གདམས་གླེགས་བམ་གྱི་ཕ་ཆོས་ལེའུ་ཉེར་དྲུག་པའི་མ་འོངས་ལུང་བསྟན་ལས། “ཐ་མར་བསྟན་པའི་མེ་རོ་དག །གྲགས་པའི་མཚན་གྱིས་གསོ་བར་བྱེད།།” ཅེས་དང་། ཡང་དེ་ཉིད་ལས། “རེས་འགའ་བྱིས་པའི་གཟུགས་སུ་འོང་། །རེས་འགའ་དབུལ་ཕོངས་སྤྲང་པོའི་གཟུགས། །རེས་འགའ་བྱོལ་སོང་བྱ་ཁྱིའི་གཟུགས། །རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས། །རེས་འགའ་ཡིག་འབྲུ་གཟུངས་ཀྱི་གཟུགས། །གྲགས་པ་ཅན་གྱི་དགེ་སློང་ངོ་།།” ཞེས་གསུངས་སོ།།

པོ་ཏུ་བཅུ་གཉིས་ཀྱི་བདག་པོ། ཤར་ནུབ་ཀྱི་ཤེས་བྱ་ལ་རིག་པས་འཇིབ་དང་གཞིབ་བཞིན་པའི་མདོ་སྨད་པ་ཤེས་རབ་དར་རྒྱས་ནས།