ད་ནངས་ཞོགས་པར་ཉི་རྩེ་ཤར་བ་ནས་བཀྲ་དོན་གྱིས་ཐག་རིང་དུ་རླངས་འཁོར་ཞིག་འོངས་པ་མཐོང་ཚེ་མགོ་བསྒུར་བསྒུར་དང་གཉའ་ཞུམ་ཞུམ་གྱི་ངང་ལག་གཡུག་བྱས་ཏེ་ཅི་ལྟར་བཀག་ཀྱང་འདུག་མཁན་གཅིག་ཀྱང་མ་བྱུང་། སྔར་ཡིན་ན་རྡོ་དམར་གཙང་འགྲམ་ཏུ་རླངས་འཁོར་ཕར་ཞོག ལག་སྐྱོར་འཁོར་ལོ་དང་འཕྲུལ་རྟའི་ཁ་ལོ་བ་ཞིག་ཡིན་ནའང་ལམ་འགྲམ་དུ་མི་ཞིག་ཡོད་པ་མཐོང་དུས་རང་འགུལ་གྱིས་བསྡད་ནས་གང་དུ་འགྲོ་མིན་སོགས་འདྲི་ཞོར་ཤང་ཐོག་ཏུ་གེགས་རྐྱེན་ཅི་ཡང་མེད་པར་བདེ་བླག་ངང་འགྲོ་ཐུབ།

ཡིན་ཡང་། དེ་རིང་བཀྲ་དོན་སླར་ཡང་རྡོ་དམར་གཙང་འགྲམ་དུ་ཐོན་དུས་ཁོའི་བསམ་ཐོག་ཏུ་མ་སོང་བར་རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར་ཞིང་། ལམ་འགྲམ་དུ་བཙོག་པུར་བསྡད་ནས་ཡར་འགྲོ་མར་འོངས་ཀྱི་རླངས་འཁོར་ལ་བལྟ་ཞོར་དུ་བ་རྐང་གཅིག་ལ་མེ་སྒྲོན་པ་དང“ངོ་མ་མྱི་མ་རེད”ཅེས་ཁ་ནང་ནས་རང་དབང་མེད་པར་སྡིགས་མོ་ཞིག་ཤོར་སོང་།

བཀྲ་དོན་ད་རེས་གྲོང་ཁྱེར་ནས་ཕྱིར་ཕ་ཡུལ་དུ་ལོག་པ་ཐེངས་དང་པོ་ཡིན།  ད་སྐབས་ཁོ་ལོ་ཉེར་གསུམ་ལ་བུད་པའི་ཤ་དར་ཁྲག་དར་གྱི་གསར་བུ་ཞིག་ཏུ་གྱུར་ཡོད། བཀྲ་དོན་ལ་མཚོན་ན་ཆུང་དུས་ནས་ཨ་མའི་གམ་དུ་ནར་སོན་པ་དང་། ད་རག་བར་ཁོས་རང་གི་ཨ་མ་མ་གཏོགས་ཨ་ཕ་སུ་ཞིག་ཡིན་པའང་གཏན་ནས་ངོ་ཤེས་ཀྱིན་མེད། ཁོའི་ཨ་མའི་མིང་ལ་ལྕགས་མཚོ་ཟེར་ཞིང་། མོར་བཀྲ་དོན་མ་གཏོགས་བྱིས་པ་གཞན་མེད་པས་ཆུང་དུས་སུ་སློབ་གྲྭར་བསྐྱལ་མ་ཐུབ་པར་ཁྱིམ་དུ་འཇོག་དགོས་བྱུང་།

བོད་ཀྱི་ཁ་དཔེར། སྟག་ཤ་རའི་ལས་དོན་རི་ན་ཡོད་ཅེས་པ་བཞིན་བཀྲ་དོན་ནར་སོན་རྗེས། ཕྱིའི་གྲོང་ཁྱེར་གང་མང་ཉུལ་ནས་ལོ་ངོ་མང་པོ་ཞིག་འགོར་སོང་། ཉིན་འགའི་སྔོན་ལ་ཁོ་རང་ཕ་ཡུལ་དུ་ལོག་ནས་ཨ་མར་སྐོར་ཞིག་བརྒྱབ་རྗེས་དེ་རིང་ཡང་བསྐྱར་ཆ་རྒྱུས་མེད་པའི་གཞན་ཡུལ་དུ་འགྲིམས་དགོས་སོང་།

ད་ནངས་ཁོ་རྡོ་དམར་གཙང་འགྲམ་ནས་རླངས་འཁོར་ལ་སྟབས་མ་འགྲིག་པའང་གཅིག་ནས་མི་གཞན་གྱིས་ཁོ་རང་འགྱུར་ནས་ངོ་མ་ཤེས་པའམ་ཡང་ན་བསམ་གཟས་ནས་འཁྱེར་མ་འདོད་པ་ཅི་ཡིན་ཆ་འཚལ་མོད། གང་ལྟར་ཁོའི་སེམས་སུ་རྡོ་དམར་ལུང་བའང་ཁོ་དང་འདྲ་བར་ངོ་མི་ཤེས་པ་ལྟ་བུའི་སྣང་བ་ཞིག་སྐྱེས་སུ་བཅུག

“ཝེ། ཨ་རོགས། ཁྱོད་གང་དུ་འགྲོ་རྒྱུ།” སྐབས་དེར་གར་འོངས་མི་ཤེས་པའི་རླངས་འཁོར་སྐྱ་རིལ་ཞིག་བཀྲ་དོན་གྱི་དྲང་ཚུགས་སུ་བསྡད་ཅིང་སྒེའུ་ཁུང་ལས་མགོ་བོ་ཕྱིར་བསྲིངས་ནས་དེ་ལྟར་དྲིས་བྱུང་།

“འོ་་་་་ང་ཤང་ཐོག་ཏུ་འགྲོ་རྒྱུ།” བཀྲ་དོན་མྱུར་དུ་ཡར་ལངས་ནས་དེ་ལྟར་བཤད།

“དེས་ན་རེམ་མ་རླངས་འཁོར་ནང་བུད་ཡ།” རླངས་འཁོར་ཁ་ལོ་བ་དེས་སྐད་མཐོན་པོས་བཀྲ་དོན་བོས།

“འོ་ཡ་ཡ།”བཀྲ་དོན་གྱིས་མྱུར་མོར་ཐང་དུ་བཞག་པའི་རྒྱབ་ཁུག་ཁུར་ནས་རླངས་འཁོར་སྔུན་གྱི་འདུག་སྟེགས་སུ་བསྡད་པ་དང་ཁོའི་སེམས་སུ་སླར་ཡང་རྡོ་དམར་ལུང་བ་ནའང་མི་བཟང་ཁོ་ལྟ་བུ་ཡོད་སྲིད་སྙམ།

“ངས་ཡུན་རིང་ཞིག་ལ་བསྒུག་མོད། ཁྱོད་མ་གཏོགས་རླངས་འཁོར་འདུག་མཁན་གཅིག་ཀྱང་མ་བྱུང་། ཁྱོད་ངོ་མ་བཀའ་དྲིན་ཆེ།”བཀྲ་དོན་གྱིས་ཁ་ལོ་བར་བལྟས་ནས་དེ་ལྟར་བཤད།

ཁ་ལོ་བ་དེས་དགོད་ཞོར་དུ“ཧུ་ཧུ། བཀའ་དྲིན་ཞུས་ནས་ཅི་བྱེད། ངས་ཀྱང་ཡར་མར་ལ་འགྲོ་བའི་འགྲུལ་བ་རེ་བཙལ་ནས་འདི་ལྟར་ཁ་གསོ་བཞིན་ཡོད། རྡོ་དམར་ལུང་བའི་མི་མང་པོ་ཞིག་ངས་རྒྱུན་དུ་ཡར་སྐྱེལ་མར་ལེན་བྱེད་བྱས་པ་ཡིན།”ཟེར།

བཀྲ་དོན་གྱིས་ད་གཟོད་ཁོ་རང་གླ་གཏོང་ཁ་ལོ་བ་ཞིག་ཡིན་པ་ཤེས་ཤིང་། དེ་མ་གཏོགས་རླངས་འཁོར་འདི་ཡང་ཁོའི་གམ་དུ་རང་འགུལ་ངང་འདུག་མི་སྲིད་ལ་བཀའ་དྲིན་ཡང་མ་ཞུས་ན་ཆོག་སྙམ།

“ངས་ཁྱོད་ད་རག་བར་མཐོང་མ་མྱོང་ཟིག ཁྱོད་རྡོ་དམར་སྡེ་བའི་ཡིན་ནམ།”ཁ་ལོ་བས་བཀྲ་དོན་ལ་བལྟས་ནས་དེ་ལྟར་དྲིས།

སྐབས་དེར་བཀྲ་དོན་ཅུང་དོགས་མ་བདེ་བའི་ངང“འོ། ང་ཟེར་བ་ཡིན་ནམ། ང་ས་ཆ་འདིའི་མིན།  ཉིན་འགའི་སྔོན་ལ་ང་སྡེ་བ་འདིར་ཤ་ཉེ་ཞིག་ལ་སྐོར་རྒྱག་ཏུ་འོངས་པ་ཡིན།”ཞེས་དྲང་མོར་མ་བཤད།

“འོ་རེད་རེད།ངའི་སེམས་སུའང་ཁྱོད་ས་ཆ་འདིའི་མི་ཞིག་རེད་མ་འདོད།”ཁ་ལོ་བས་ཡང་བསྐྱར་བཀྲ་དོན་ལ་ལྟ་ཞོར་དེ་ལྟར་བཤད།

དྲང་མོར་བཤད་ན་བཀྲ་དོན་དུས་རྒྱུན་དུ་ཡུལ་ན་བསྡད་མེད་པས། ཁོ་ཚོའི་སྡེ་བའི་ནང་དུའང་ཁོ་རང་ངོ་མི་ཤེས་མཁན་མང་ལ་ལྷག་པར་དུ་ཁོས་ཀྱང་སྡེ་བའི་ནང་གི་མི་མང་པོ་ཞིག་ངོས་ཟིན་གྱིན་མེད་པས། སྡེ་བ་གཞན་གྱི་མི་ཞིག་གིས་ཁོ་རང་ངོ་མ་ཤེས་ནའང་དེ་གནས་ལུགས་དང་མི་མཐུན་པ་ཞིག་ག་ལ་ཡིན།

བཀྲ་དོན་གྱིས་ཟུར་ཕྱོགས་ནས་ཁ་ལོ་བར་ཞིབ་ཏུ་བལྟ་དུས་ཁོ་རང་ཕལ་ཆེར་ལོ་བཞི་བཅུའི་ཡས་མས་ནང་ཡིན་པ་འདྲ། མགོའི་སྐྲ་ལོ་གཟེངས་ཤིང་ངོ་གདོང་ཡང་སྐམ་པོ་ཡིན་པའི་ཐོག འགྲམ་པ་གཉིས་ཀྱང་ཁོག་ཏུ་བརྡིབས་འདུག ད་ནངས་ཕལ་ཆེར་ཁ་ལག་ཀྱང་བཀྲུས་མེད་ཚོད་རེད། མིག་གཡོན་པའི་ཟུར་ན་ད་རུང་མིག་སྐྱག་འགའ་ཡང་ཆགས་ཡོད་པས །བཀྲ་དོན་ལ་ཅུང་དོགས་མི་བདེ་བའི་ཚོར་སྣང་ཞིག་བྱིན་སོང་། 

དེ་ནས་བཀྲ་དོན་གྱིས་ཁ་ལོ་བར་བལྟས་ནས“ཨ་ཁུ། ཁྱོད་སྡེ་བ་གང་གི་ཡིན།”ཞེས་དྲིས།

“འོ། ང་ཟེར་བ་ཡིན་ནམ། ང་རྟ་ར་སྡེ་བའི་ཡིན། རྡོ་དམར་སྡེ་བ་ན་ང་ངོ་ཤེས་མང་པོ་ཡོད།ལྷག་པར་དུ་ངའི་སྔོན་ཆད་ཀྱི་དགའ་རོགས་ཀྱང་རྡོ་དམར་སྡེ་བའི་ཡིན། འོན་ཀྱང་་་”

“རེད་རེད། དེས་ན་མོ་སུ་རེད། ད་སྐབས་རྡོ་དམར་སྡེ་བ་ན་ཡོད་དམ།”

“ད་ཁྱོད་ས་ཆ་འདིའི་མིན་ན་མོའི་མིང་བཤད་ནའང་ཕལ་ཆེར་ཤེས་སྲིད་རྒྱུ་མ་རེད། ཤུ་་་་ད་དོན་དག་དེ་བཤད་ན་ལོ་ངོ་མང་པོའི་སྔ་རོལ་གྱི་གཏམ་རྒྱུད་ཅིག་ཡིན།”ཁ་ལོ་བས་ཤུགས་རིང་ཞིག་འབྱིན་བཞིན་སེམས་སྡུག་དང་འགྱོད་སྣང་འདྲེས་མས་ངང་དེ་ལྟར་བཤད།

“རེད་རེད།  འདི།”དེ་ནས་བཀྲ་དོན་གྱིས་ཁོའི་ཐོང་ཁུག་ལས་ཡོན་ཡོན་རྟགས་ཅན་གྱི་ཐག་མག་ཅིག་བླངས་ནས་ཁ་ལོ་བར་བྱིན།

“འོ། ཡ་ཡ། ངས་ད་ནངས་དུ་བ་ཡུལ་ནས་བརྗེད་སོང་ཟིག ད་དེ་རིང་ཁྱོའི་རྐང་ཐུར་ཞིག་འཐེན་ན་འཐེན”ཞེས་ཁ་ལོ་བས་རླངས་འཁོར་ཡུན་གྱིས་ལམ་འགྲམ་དུ་གཏད་ནས་བསྡད་པ་དང་སྒོ་ཕྱེ་ནས་ཐང་ལ་བབས་པས། དེ་ནས་བཀྲ་དོན་ཡང་སྒོར་འབུད་དགོས་བྱུང་། ཁ་ལོ་བ་དེས་དུ་བ་ཁ་ནང་དུ་བཙུགས་རྗེས་རྐང་སྣམ་ཁུག་མའི་ལག་པས་ཡང་ཡང་བསྙབ་མོད། མེ་ཆ་བཟུང་མེད་པས་བཀྲ་དོན་ཁོའི་གམ་དུ་སོང་ནས་མེ་སྒྲོན་པ་དང་ཁ་ལོ་བས་རྔུབ་ལེན་ཐེངས་ཤིག་བྱས་པས།ཁོའི་གློ་ནང་དུ་སོང་ནས་ལུད་རྒྱ་འཕར་དུ་བཅུག

“འོ་འོ།  ཁྱོད་སྐྱོན་མེད་དམ། དལ་མོར་འཐེན། དལ་མོར་འཐེན།”བཀྲ་དོན་གྱི་སེམས་སུ་ཁོར་དུ་བ་བྱིན་པ་དེ་འགྲིག་མ་སོང་སྙམ།

“སྐྱོན་མེད་གི སྐྱོན་མེད་གི”ཁ་ལོ་བས་གུས་པའི་ཉམས་ཀྱིས་བཀྲ་དོན་ལ་དེ་ལྟར་བཤད་བཞིན་རྡོ་དམར་སྡེ་བའི་ཕྱོགས་སུ་རྒྱང་ལྟ་བྱས། བལྟས་འོངས་ན་ཁོས་སྔོན་ཆད་ཀྱི་དགའ་རོགས་དེ་དྲན་བཞིན་པ་འདྲ།

“དྲང་མོར་བཤད་ན།  མོ་བུད་མེད་གཤིས་རྒྱུད་དྲང་མོ་ཞིག་ཡིན། ཤུ་རེ་ཁོ། ད་ང་དེའི་ལས་མེད་སོང་ནི་རེད། ཡོད་ཚད་ང་རང་ཉིད་ལན་པ་ཡིན།”ཁ་ལོ་བས་སེམས་ཆུང་ངང་ཡང་བསྐྱར་དུ་བ་རྔུབ་ལེན་ཐེངས་ཤིག་བྱས།

བཀྲ་དོན་གྱི་སེམས་སུ་ཁོ་རང་མི་སེམས་བཟང་ཞིག་ཡིན་ངེས། དེ་མ་གཏོགས་ཆ་རྒྱུས་མེད་པའི་མི་ཞིག་ལ་འདི་ལྟར་སེམས་གཏམ་བཤད་མི་སྲིད་སྙམ།

“འོ་ན་ཁྱོད་གཉིས་ཅིའི་ཕྱིར་མ་མཐུན་པ་ཡིན།”བཀྲ་དོན་གྱིས་ཀྱང་ཁ་ལོ་བ་དེར་སེམས་ཆུང་ངང་དེ་ལྟར་དྲིས།

“ལོ་ངོ་ཉི་ཤུའི་ཡར་སྔོན་དུ་ངེད་གཉིས་ཀྱི་ངོ་ཤེས་ས་ཡང་དེ་རིང་ཁྱོས་རླངས་འཁོར་བསྒུག་སའི་རྡོ་དམར་གཙང་འགྲམ་ཡིན། ཉིན་དེར་མོ་ཡང་རླངས་འཁོར་ལ་མ་བསྐང་བར་རྡོ་དམར་གཙང་འགྲམ་ན་ཡོད་དུས་ངས་འཕྲུལ་རྟའི་འཕོངས་ནས་ཁོ་མོ་ཤང་ཐོག་ཏུ་བསྐྱལ་བ་ཡིན། ཤང་ཐོག་ཏུ་ཐོན་རྗེས་ངེད་གཉིས་ཀྱིས་ཕན་ཚུན་གྱི་སྐད་འཕྲིན་ནང་འཇུག་བྱས་ཤིང་། རིམ་གྱིས་ཁ་པར་ལས་འདྲིས་ཤིང་གོམས་པར་གྱུར་བས། ངང་ངམ་ཤུགས་ཀྱིས་ངེད་གཉིས་ལ་བརྩེ་དུངས་ཟབ་མོ་ཞིག་ཆགས་སོང་།”

སྐབས་དེར། ཁོས་དུ་བའི་འཐེན་འཕྲོ་དེ་ལམ་འགྲམ་གྱི་རྩྭ་གསེང་ཞིག་ཏུ་ཤེད་ཀྱིས་འཕངས་པ་དང་དུ་རྒྱུན་ཕྲ་མོ་ཞིག་རྩྭ་གསེང་ནས་ཡར་འཕྱུར་ཏེ་རིམ་གྱིས་གར་སོང་ཆ་མེད་དུ་གྱུར་སོང་།

“ཡ་ད་འགྲོ་རེས།  ངས་ཁྱོད་ལ་དལ་འགོར་བྱ་རྒྱུ་རེད།”ཁོས་དེ་ལྟར་བཤད་ཞོར་རླངས་འཁོར་ནང་འབུད་གྲབས་བྱས། དེ་ནས་ཁོ་གཉིས་མཉམ་དུ་རླངས་འཁོར་ནང་བུད་པ་དང་རེ་ཞིག་གྲགས་འགུལ་ཅི་ཡང་མེད་པར་གྱུར།བཀྲ་དོན་གྱིས་ཁ་ལོ་བའི་ངོ་མདངས་ལ་བལྟས་ན་སེམས་སྐྱོ་བཞིན་པ་ཤེས་ཐུབ།

“འོ་ན་དེའི་གཞུག་ནས་ཅི་བྱས་སོང་།”བཀྲ་དོན་གྱིས་མུ་མཐུད་དེ་ལྟར་དྲིས།

“དེའི་རྗེས་ནས་རྡོ་དམར་གཙང་འགྲམ་དེ་ངེད་གཉིས་ཀྱི་བརྩེ་དུང་གི་སྙིང་གཏམ་གླེང་སའི་གནས་ཤིག་ཏུ་གྱུར་བ་མ་ཟད། ས་སྲོད་ལ་ཐོན་སྐབས་ངེད་གཉིས་ཕན་ཚུན་ལ་འབྲལ་མི་ཕོད་པར་གྱུར། ག་རེ། ང་ད་རུང་དུ་བ་ཞིག་བྱིན།”ཁ་ལོ་བས་བཀྲ་དོན་ལ་ཡང་བསྐྱར་དུ་བ་ཞིག་བསླང་བྱུང་། བཀྲ་དོན་གྱིས་མགྱོགས་མྱུར་ངང་དུ་བ་ཞིག་བླངས་ནས་མེ་སྒྲོན་པ་ན་ཅུང་མ་འགོར་བར་རླངས་འཁོར་ནང་དུ་སྨུག་ཅིག་འཐིབས་སོང་བས།  བཀྲ་དོན་གྱིས་ཤེལ་སྒོ་མར་འདེད་དགོས་བྱུང་། ཡིན་ནའང་ཁ་ལོ་བ་དེ་དུ་རྐྱལ་ཞིག་དང་འདྲ་བར་སྣང་དོགས་ཅི་ཡང་མི་འདུག

“ཉིན་ཞིག་གི་མཚན་མོར་མོས་ང་ལ་ཁ་པར་ཐོན་ནས་དོན་དག་ཅིག་ཡོད”ཟེར། ངས་མོ་ལ“ཡ་ཅི་རེད།”ཅེས་དྲིས་པ་ན་མོས་སྐད་མགོ་དམའ་མོའི་ངང“ང་ལ་བྱིས་པ་འཁོར་འདུག་ཟེར།”སྐད་ཆ་དེ་ཐོས་རྗེས་ངས་མོ་ལ་ཅི་ཞིག་བཤད་དགོས་པའང་མ་ཤེས།

“ཡ་ཅི་རེད། ཁྱོད་མི་དགའ་འམ”མོས་ཐེ་ཚོམ་ངང་ང་ལ་དེ་ལྟར་དྲིས་བྱུང་།

ངས་མོ་ལ་“འོ། མ་རེད་མ་རེད། ང་ལོས་དགའ།ལོས་དགའ།”ཞེས་བཤད་པ་ན་མོ་ཡང་ཧ་ཅང་ཡིད་ཚིམས་པར་གྱུར། མཚན་མོ་དེར་ངས་རང་ཉིད་ཀྱི་གམ་ན་གཉིད་དུ་ཡུར་བའི་ཆུང་མར་ལྟ་བཞིན་གཏན་ནས་གཉིད་མ་ཁུགས།

“ཨ།ཁྱོད་ཀྱིས་ཅི་ཟེར། ཁྱོད་དེ་དུས་ད་རུང་ཆུང་མའང་ཡོད་དམ།”

“འོ་ལེ། དོན་དག་ཚང་མ་ང་ལན་པ་ཡིན།ངས་ཡུན་རིང་ཞིག་ལ་དོན་དག་དེ་ཁོ་མོར་གསང་བ་མི་བྱེད་ཀ་མེད་བྱུང་།”

“ཁྱོད་ངོ་མ་བྱ་རྩོག་གི”བཀྲ་དོན་གྱི་སེམས་སུ་ཁ་ལོ་དེ་རིམ་བཞིན་མི་ངན་པ་ཞིག་ཏུ་གྱུར་སོང་།

རླངས་འཁོར་གྱི་འགྲོས་ཀྱང་རིམ་བཞིན་ཇེ་དལ་ནས་ཇེ་དལ་ཡིན་པས། བལྟས་ཚོད་ཀྱིས་ཁ་ལོ་བས་བསམ་གཟས་ནས་བཀྲ་དོན་ལ་ཁོའི་བརྩེ་དུངས་ཀྱི་གཏམ་རྒྱུད་གླེང་བར་གླགས་འཚོལ་བ་དང་འདྲ།

“ཉིན་འགའི་རྗེས་སུ་མོས་ང་ལ་ཁ་པར་བཏང་ནས་རྡོ་དམར་གཙང་འགྲམ་དུ་ང་ལ་བསྒུག་ཡོད་ཟེར། སྐབས་དེར་ང་ལྷག་ཏུ་སེམས་འཚབ་ནས“དེ་རིང་ང་ཡུལ་ན་ཁོམ་པ་མེད་པས་ཡོང་ཐུབ་རྒྱུ་མ་རེད”ཅེས་བཤད་མ་ཐག་མོར་གྲགས་འགུལ་ཅི་ཡང་མི་འདུག དེའི་འཕྲོར་ཁ་པར་གྱི་ཁ་ཡང་གཏན་སོང་།”

“མོས་ཁྱོད་ལ་བརྩེ་དུངས་རྣམ་དག་བཅངས་ཡོད་པས། ཁྱོད་ཀྱང་རྡོ་དམར་གཙང་འགྲམ་དུ་སོང་ནས་མོར་ཐུག་ན་འགྲིག”བཀྲ་དོན་གྱིས་བུ་མོ་དེར་གདུང་སེམས་བཅངས་ཞོར་ཡང་བསྐྱར་དུ་བ་ཞིག་ལ་མེ་སྒྲོན་པ་དང་ད་ཐེངས་ཁོས་ཁ་ལོ་བར་མ་བྱིན་པར་རང་ཉིད་ཀྱིས་འཐེན་དགོས་བྱུང་།

ད་ནངས་སྔ་དྲོར་རྡོ་དམར་གཙང་འགྲམ་དུ་ཡོད་དུས་ཉི་མ་ཤིན་ཏུ་དྲོ། བཀྲ་དོན་དང་ཁ་ལོ་བ་གཉིས་ཤང་ཐོག་ཏུ་སོང་གིན་སོང་གིན་གནམ་ངོ་ཡང་རེ་ཞིག་སྤྲིན་པ་ཐར་ཐོར་གྱིས་བསྒྲིབ་ནས་རླངས་འཁོར་ནང་དུའང་གྲང་ཤུར་ཤུར་གྱི་ཚོར་བ་ཞིག་དབང་མེད་དུ་སྟེར་འོངས།

“ཉིན་དེར་ངས་ཀྱང་མོ་བསམ་ནས་གཏན་ནས་སེམས་བདེར་འབབ་མ་ཐུབ། དེ་དུས་ང་ཡང་ཁྱོད་ལྟ་བུ་གསར་བུའི་ངར་ཐོག་ན་ཡོད་མཁན་ཞིག་ཡིན། ངས་ཀྱང་ཡུན་རིང་ཞིག་ལ་འདང་མང་པོ་བརྒྱབ་རྗེས་ངེས་པར་དུ་སེམས་ཐག་གཅོད་དགོས་བྱུང་།”

“ཡ། ཁྱོད་ཀྱིས་ཅི་ལྟར་སེམས་ཐག་བཅད་པ་ཡིན།”

“མཐའ་མཇུག་ངས་ངེད་གཉིས་ཀྱི་དོན་དག་གི་མགོ་རྔ་ཚང་མ་ཆུང་མར་བཤད་དགོས་སོང་།”

“འོ་ད་མ་འགྲིག”ཁ་ལོ་བའི་སྐད་ཆ་དེས་བཀྲ་དོན་གྱི་སེམས་ལ་འཚུབ་ཆ་ལངས།

“དྲང་མོར་བཤད་ན་ངེད་གཉིས་ཀྱིས་ཀྱང་གཉེན་སྒྲིག་ནས་ལོ་གསུམ་འགོར་ཡང་བྱིས་པ་སྐྱེས་མ་ཐུབ། ངས་ཆུང་མར་གལ་ཏེ་བྱིས་པ་དེ་འུ་གཉིས་ཀྱིས་གཉོར་བ་ཡིན་ན་དོན་དག་ཅི་ཡང་འབྱུང་མི་སྲིད་པའི་གནས་ལུགས་མང་པོ་བཤད་མོད། འོན་ཀྱང་ཆུང་མས་ངེད་གཉིས་ཀྱིས་ལྐོག་འབྲེལ་བྱས་པར་ཁོང་ཁྲོ་ལངས་ནས་མཐའ་མཇུག་མོ་བྲོད་མོར་བུད་སོང་། ཉིན་ཁ་ཤས་སོང་རྗེས་དོན་དག་དེ་ཁྱིམ་ཚང་གཉིས་ཀྱི་དོན་དག་ཆེན་པོ་ཞིག་ཏུ་གྱུར་ནས་སྡེ་བ་ཡོངས་ལ་གྲགས་སོང་། ངེད་གཉིས་ལ་ད་རག་བར་བྱིས་པ་མ་སྐྱེས་པ་དང་། ལྷག་པར་དུ་མོས་ངེད་གཉིས་ཀྱི་དོན་དག་ལ་ཁ་གཡར་ནས་བཟའ་འཐོར་བྱེད་རྒྱུ་ཡིན་ཟེར། དེ་ནས་ངས་ཀྱང་མོར་ཁས་ལེན་བྱས་པ་ཡིན”

“དེ་ལོས་ཡིན། ཁྱོད་རང་མོར་འགྲིག་པ་ལས་རྡོ་དམར་སྡེ་བའི་བུ་མོ་དེར་འགྲིག་ན་རེད”བཀྲ་དོན་གྱིས་མཐའ་གཅིག་ཏུ་ཁོ་ཚོའི་སྡེ་བའི་བུ་མོ་དེར་རྒྱབ་སྐྱོར་བྱས།

“ངས་ཀྱང་དེ་ལྟར་བསམ་མོད། འོན་ཀྱང་དོན་དག་ཚང་མ་ཁྱེད་ཀྱིས་བཤད་པ་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། ཕྱིས་སུ་ང་རྡོ་དམར་གཙང་འགྲམ་དུ་སོང་ནས་རང་གི་དོན་དག་ཚང་མ་སྦ་གསང་ཅི་ཡང་མེད་པར་མོར་བཤད་པ་ན་མོའི་དྭངས་གཙང་གི་སེམས་ལའང་རྨ་ཁ་ཆེན་པོ་ཞིག་བཟོས་སོང་།”

“རེད།  དྲང་མོར་བཤད་ན་ཁྱོད་ལའང་ཁག་མི་འདུག”བཀྲ་དོན་གྱིས་ད་ཐེངས་ཁ་ལོ་བར་སེམས་གསོ་ཞིག་བྱེད་དགོས་སྙམ་ནས་དུ་བ་ཞིག་ལ་མེ་སྒྲོན་རྗེས་རང་ཉིད་ཀྱིས་མ་འཐེན་པར་ཁ་ལོ་བར་བྱིན། 

ཁ་ལོ་བས་འཕྲོ་རིམ་འཕྲོར་དུ་བ་རྔམ་འཐེན་ཞིག་བྱས་པ་དང་མུ་མཐུད་དུ“དེའི་གཞུག་ནས་ངས་རང་གི་ཆུང་མས་བཟའ་འཐོར་བྱེད་ཟེར་བའི་གོ་སྐབས་དང་བསྟུན་ནས་ཕ་མ་གཉིས་ལ་རྡོ་དམར་སྡེ་བའི་བུ་མོ་དེ་མནའ་མར་སློང་དགོས་པའི་རེ་བ་བཏོན་པ་ཡིན། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་དོན་དག་དེར་ངའི་ཕ་མ་གཉིས་གཏན་ནས་མ་འཐད།”

“ཁྱེད་ཀྱི་ཕ་མ་གཉིས་ཅིའི་ཕྱིར་མ་འཐད་པ་རེད། གལ་ཏེ་ང་ཡིན་རྒྱུ་ན་རྡོ་དམར་སྡེ་བའི་བུ་མོ་དེ་མནའ་མར་ལེན་ཁོ་ཐག་ཡིན”བཀྲ་དོན་སྔར་བཞིན་བུ་མོ་དེའི་ཕྱོགས་སུ་ལངས་ནས་སྐད་ཆ་བཤད།

“ངས་ཀྱང་མོ་རང་གི་ཆུང་མར་བླངས་ན་ལོས་འདོད། ངའི་ཕ་མ་གཉིས་མི་འཐད་པའི་རྒྱུ་མཚན་འདྲི་སྐབས་མོ་ཚང་བོན་པོ་ཞིག་ཡིན་པའི་རྐྱེན་གྱིས་ངེད་གཉིས་འགྲིག་ཐབས་མེད་པར་བཤད། མོ་ཡང་སེམས་གཏིང་ནས་ང་དང་འགྲིག་སོང་ན་འདོད་ཀྱང་དོན་དག་དེ་ངའི་ཕ་མ་གཉིས་ཁོ་ན་མ་ཡིན་པར་མོ་ཚང་གི་ཁྱིམ་མི་རྣམས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་སོང་བས།  ངེད་གཉིས་ཀྱི་བརྩེ་དུངས་ལ་མི་འདོད་པའི་བར་ཆད་ཆེན་པོ་ཞིག་ཐེབས་སོང་། ”

སྐད་ཆ་དེས་བཀྲ་དོན་གྱི་སེམས་ལ་ད་གཟོད་རང་ཉིད་ཀྱང་བོན་པོ་ཞིག་ཡིན་པར་དྲན་སྐུལ་བྱས།  དེ་ནས་ཁོ་ཡང་རང་དབང་མེད་པར་ཁ་ལོ་བའི་ཕྱོགས་སུ་སྡང་སེམས་ཤིག་སྐྱེས་སོང་མོད། ཕྱི་ཚུལ་ནས་མངོན་དུ་མ་བཅུག་པར་དུ་བ་ཞིག་ལ་མེ་སྒྲོན་བཞིན་ཡུད་ཙམ་ལ་ཁོ་གཉིས་རང་རང་སར་དལ་ཅག་གེར་ལུས་སོང་།

ཉིན་དེར། བཀྲ་དོན་གྱིས་ཁ་ལོ་བའི་སྐད་ཆར་ཉན་བཞིན་ཐོག་མར་སྤྲོ་བ་དང་དེ་ནས་སྐྱོ་སྣང་། རིམ་གྱིས་ཁོང་ཁྲོ་དང་ཚིག་པ་ཞིག་ལངས་ནས་ཁ་ལོ་བ་འདིས་ལམ་བར་དུ་རང་ཉིད་ཀྱི་དུས་ཚོད་མང་པོ་དངོས་གནས་དལ་འགོར་བྱས་སོང་སྙམ། འོན་ཀྱང་། ཁ་ལོ་བའི་སེམས་སུ་དོན་དག་འདིའི་རྔ་མ་ངེས་པར་དུ་བཀྲ་དོན་ལ་བཤད་དགོས་བསམ།

“ངེད་གཉིས་ཀྱི་དོན་དག་དེ་ངའི་ཆུང་མས་ཤེས་རྗེས་མོའི་འདོད་ཐོག་ཏུའང་རྟ་བརྒྱུགས་སོང་། དེ་ནས་གཟའ་འཁོར་གཅིག་གི་རྗེས་སུ་ངེད་གཉིས་ཀྱིས་བཟའ་འཐོར་དཔང་ཡིག་ལེན་དགོས་བྱུང་། མོའི་ཕ་མ་གཉིས་ཀྱིས་ང་དང་རྡོ་དམར་སྡེ་བའི་དོན་དག་དེ་གྱོད་དོན་དུ་བཟུང་ནས་ཁྲིམས་ཁང་དུ་གཏུག་པས། ངེད་ཚང་གི་ཟོག་ལུག་འགའ་ཡོད་པ་ཡང་མཐའ་མཇུག་ཁོ་ཚང་ལ་སྐྱིན་ཚབ་ཏུ་འཇལ་ནས་ངེད་ཚང་གི་འཚོ་བའང་སྔར་ལས་དཀའ་ཁག་གི་གནས་སུ་བསྐྱལ་སོང་།”

“དོན་དག་འདི་ཚང་མ་ཁྱོད་རང་ཉིད་ལན་པ་རེད།དེ་གཞན་པར་ཁག་དཀྲི་ས་མེད། དང་ཐོག་ཁྱོས་མོ་གཉིས་ལ་མགོ་བསྐོར་བཏང་མེད་ན་འདི་འདྲའི་ཚད་ལ་ལྷུང་མི་སྲིད། རྣམ་སྨིན་འཁོར་བ་རེད།”བཀྲ་དོན་གྱིས་ཁ་ལོ་བའི་སྐད་ཆར་དེ་འདྲ་ཉན་འདོད་མེད་པའི་རྣམ་འགྱུར་སྟོན་བཞིན་དེ་ལྟར་བཤད། འོན་ཀྱང་ཁ་ལོ་བས་སྔར་བཞིན་སྣང་དོགས་ཅི་ཡང་བྱེད་ཀྱིན་མི་འདུག

“ཕྱིས་སུ་རྡོ་དམར་སྡེ་བ་རུ་མོས་ང་ལ་བུ་ཆུང་སྙིང་རྗེ་བོ་ཞིག་སྐྱེས་སོང་།  ངས་ཀྱང་རང་གི་ཤ་ལས་མཆེད་པའི་བྱིས་པ་ཚུར་བླངས་ནས་བདག་སྐྱོང་བྱེད་བསམ་ཡང་། མོའི་ཕ་མ་དང་ལྷག་པར་དུ་མོས་གཏན་ནས་བློས་མ་ཐོངས་པར་འཐད་པ་མ་བྱུང་། སྐབས་དེར་ངས་བྱིས་པ་བལྟ་བུར་མོའི་ཕ་མ་གཉིས་ཀྱིས་ཀྱང་བཀག་འགོག་བྱས་པའི་དབང་གིས་མོས་གོ་སྐབས་བཙལ་ནས་ཁ་རོག་གེར་བུ་ཆུང་རུམ་ལ་བཅུག་སྟེ་རྡོ་དཀར་གཙང་འགྲམ་དུ་ང་ལ་ལྟ་རུ་འཇུག་དགོས་བྱུང་།”ཞེས་བཤད་མ་ཐག་ཁ་ལོ་བའི་མིག་མཐའ་མཆི་མས་བརླན་བྱུང་།

“རེད་རེད། ངས་ཁྱོའི་སེམས་ཤེས་གི ཡ་ད་སེམས་སྡུག་མ་བྱེད།”བཀྲ་དོན་གྱིས་ཁ་ལོ་བའི་རྣམ་པ་མཐོང་བ་ན་སྔར་གྱི་ཁོང་ཁྲོ་ཞི་ནས་ཁོར་སེམས་གསོ་བྱས།

ཕྱི་རོལ་དུ་ཁ་བ་ལྷབ་ལྷུབ་ཅིག་འབབ་བཞིན་འདུག བལྟས་ཚོད་ཀྱིས་བསམ་གཟས་ནས་བཀྲ་དོན་དང་ཁ་ལོ་བ་གཉིས་ཀྱི་འགྲོ་ལམ་སྒྲིབ་པ་དང་འདྲ། སྐབས་དེར་ཁོ་གཉིས་ཀྱི་་རླངས་འཁོར་ཡང་ཤེད་ཤུགས་ཟད་པའི་གླང་རྒན་ཞིག་དང་མཚུངས་པར་གོག་མ་ནུར་གྱིས་མདུན་ཕྱོགས་སུ་བགྲོད་ཀྱིན་འདུག

ཁ་ལོ་བས་མིག་ཟུར་གྱི་མཆི་མ་འབྱིད་ཞོར“ལོ་འགའི་རྗེས་སུ་མོས་ས་ཆ་གཞན་གྱི་མག་པ་ཞིག་བླངས་ནས་རང་ཉིད་ལ་ཁྱིམ་ཚང་ཞིག་བཅོས་ཡོད་ཟེར། དང་ཐོག་མོས་ངའི་བྱིས་པ་སྐྱེས་པའི་དབང་གིས་ཁོ་མོ་གནས་ལ་འགྲོ་བའི་གོ་སྐབས་བཟང་བོ་དེ་ཡང་དོན་དངོས་སུ་ངས་འཕྲོག་པ་རེད།”ཁ་ལོ་བ་ཤིན་ཏུ་སེམས་སྐྱོ་བར་གྱུར།

རླངས་འཁོར་ཡང་ཕལ་ཆེར་ཤང་ཐོག་ཏུ་ཐོན་ལ་ཉེ།བཀྲ་དོན་གྱིས་ཁོའི་ལྭ་བའི་ཁུག་མའི་ནང་ལག་སྙོབ་བྱེད་བཞིན་དུ་བ་ཞིག་འཐེན་འདོད་མོད། ཚང་མ་འཐེན་ཚར་ནས་ད་ནི་སྟོང་བར་ལུས་འདུག་པས་ཁོས་དུ་སྒམ་སྟོང་བ་དེ་ཤེལ་སྒོ་ལས་གཡུགས་མ་ཐག རླུང་ཤུགས་དྲག་པོ་ཞིག་གིས་རླངས་འཁོར་གྱི་གཞུག་ཏུ་སྤུར་ནས་གར་སོང་མེད་པར་གྱུར་སོང་།

“མོས་སྐྱེས་པ་དེ་བླངས་རྗེས་ང་ལ་རང་གི་བྱིས་པ་བལྟ་བའི་གོ་སྐབས་ཀྱང་མེད་པར་གྱུར། དེ་བས། རྡོ་དཀར་གཙང་འགྲམ་དང་ངེད་གཉིས་ཀྱི་བར་ཐག་ཀྱང་རིམ་གྱིས་ཇེ་རིང་ནས་ཇེ་རིང་དུ་བུད་སོང་།” ཁ་ལོ་བས་མུ་མཐུད་དུ་བཀྲ་དོན་ལ་ཁོའི་འདས་ཟིན་པའི་གཏམ་རྒྱུད་ཀྱི་མཇུག་བསྐྱངས་དགོས་བྱུང་།

 “འོ་ན་ཁྱོས་རང་ཉིད་ལ་ཆུང་མ་ཞིག་མ་བཙལ་ལམ། ” བཀྲ་དོན་གྱིས་སླར་ཡང་དེ་ལྟར་དྲིས།

“འོ་ལེ། ངས་ཀྱང་རང་ཉིད་ལ་ཆུང་མ་ཞིག་ལེན་འདོད་ཀྱང་ཁྱིམ་ཚང་གི་ཆ་རྐྱེན་ཤིན་ཏུ་ཞན་པས་ང་ཡང་ད་རག་བར་ཁེར་རྐྱང་དུ་མི་འདུག་ཀ་མེད་བྱུང་། ད་སྐབས་ངས་རླངས་འཁོར་འདི་བསྐོར་ནས་འགྲུལ་བ་རེ་བཙལ་ཞོར་ཁྱིམ་ཚང་གི་ཁ་གསོ་བཞིན་ཡོད།”

“སྤྱིར་ཡིན་ན་ཁྱོད་གཉིས་ཀ་འགྲིག་ན་རེད།”བཀྲ་དོན་གྱིས་འདང་རྒྱག་གིན་རྒྱག་གིན་སེམས་སུ་ཁོ་དང་བུ་མོ་དེ་གཉིས་ཀ་ཕྱིར་འགྲིག་སོང་ན་སྙམ།

“ང་ཡང་མོ་དང་མཉམ་དུ་འདུག་ན་ལོས་འདོད། འོན་ཀྱང་ངས་ད་རག་བར་ཤུ་རེས་བྱས་ཀྱང་ངེད་གཉིས་ཀྱིས་སྔར་བཞིན་ཕ་མ་གཉིས་ཀྱི་བློ་ཁ་རྩ་བ་ནས་བསྒྱུར་མ་ཐུབ། འདི་ལྟར་ལོ་མང་པོ་ཞིག་འགོར་ནས་ངས་རང་གི་བྱི་ལི་ཡང་གཏན་ནས་མཐོང་མ་ཐུབ། ཁོ་ད་སྐབས་ཕལ་ཆེར་ལོ་ཉི་ཤུའི་ནང་ཡིན་རྒྱུ་རེད། ངས་རྡོ་དམར་སྡེ་བའི་མི་ཞིག་ལ་གནས་ཚུལ་རྩད་གཅོད་བྱེད་དུས་ངའི་ཞི་ལི་སྔོན་ཞིག་ནས་ནང་ལོགས་ཀྱི་གྲོང་ཁྱེར་ག་གེ་མོ་ཞིག་ཏུ་ཞོར་ལས་སུ་སོང་རྗེས་གཏན་ནས་ཕྱིར་མ་ལོག་ཟེར། ད་སྐབས་ང་ཁོ་དང་འཕྲད་སྲིད་པའི་དབང་དུ་བཏང་ཡང་ངེད་གཉིས་ཀྱིས་ཕན་ཚུན་ཡང་ངོ་ཤེས་རྒྱུ་མ་རེད”

“ཡ་ད་འདང་མང་པོ་མ་རྒྱགནམ་ཞིག་གི་ཉིན་མར་ཁྱོད་གཉིས་ངོ་འཕྲད་ནི་རེད།”བཀྲ་དོན་གྱིས་ཁ་ལོ་བའི་སེམས་ཁམས་སྔར་ལས་རྒྱུས་ལོན་པར་གྱུར་བས་ཁོ་ལ་གདུང་སེམས་འཆང་དགོས་བྱུང་།

“ད་རུང་དེས་ཚད་ནི་མ་རེད། ཕྱིས་སུ་མོ་དང་སྐྱེས་པ་དེ་གཉིས་ཀྱང་ངའི་ཞི་ལིའི་དོན་དག་གི་ཆེད་དུ་ཚིག་རྩོད་བྱུང་ནས་རང་རང་སར་བུད་སོང་།”ཟེར།

སྐབས་དེར་བཀྲ་དོན་གྱི་སེམས་སུ་ཁ་ལོ་བའི་ཞི་ལི་དེ་དང་ཁོ་གཉིས་ཀྱི་ལས་དབང་ཡང་ཕལ་ཆེར་གཅིག་འདྲ་རེད་སྙམ་ཞིང་། ཅུང་སེམས་སྐྱོ་བའི་ངང“ཁོ་མ་བུ་གཉིས་ངོ་མ་ལས་ངན་རེད།  མོ་མ་བུ་གཉིས་ཀྱི་མགོ་ཐོག་ཏུ་བྱུང་བའི་དོན་དག་འདི་ཡོད་ཚད་ཁྱོད་གཅིག་པུས་འགན་ཁུར་ན་རེད།”ཟེར།

“འུན། ཚང་མ་ང་ལན་ནི་རེད། ཉིན་འགའི་ཡར་སྔོན་དུ་ང་སྟས་དབང་གིས་རྡོ་དཀར་གཙང་འགྲམ་དུ་ཁོ་མོར་འཕྲད་སོང་། མོས་རང་འདར་སིག་སིག་ངང་ལམ་འགྲམ་དུ་རླངས་འཁོར་ཞིག་ལ་བསྒུག་ནས་ལག་བརྡ་བྱེད་ཀྱིན་འདུག

མོས་ང་རང་ཡིན་པ་ཤེས་རྗེས་ཁ་ཕར་ལ་འཁོར་ནས་བུད་སོང་། དེ་ནས་ང་རླངས་འཁོར་ལས་བབས་ཏེ་མོ་ཁྲིད་ནས་ཤང་ཐོག་ཏུ་སྐྱེལ་བ་ཡིན།ངས་མོ་ལ“ཤང་ཐོག་ཏུ་ཅིའི་ཕྱིར་འགྲོ་བ་ཡིན”ཞེས་འདྲི་དུས་མོས་ཐག་རིང་ནས་འོངས་པའི་མི་ཞིག་གི་སྔུན་ལ་འབུད་དུ་འགྲོ་བ་ཡིན་ཟེར།”ཁ་ལོ་བའི་སྐད་ཆ་དེས་བཀྲ་དོན་གློ་བུར་དུ་གཉིད་ལས་སད་པ་བཞིན་ཁ་ལོ་བའི་ལག་མགོར་འཇུས་ཏེ“མོའི་མིང་ལ་ཅི་ཟེར། ཁྱོས་ང་རེམ་མ་ཤོད། རེམ་པ་ཤོད།”ཞེས་དྲིས།

“ཡ་ཅི་རེད། འོ་འོ། བདེན་གི  ངས་ཁྱོད་ལ་མོའི་མིང་བཤད་རྒྱུ་བརྗེད་སོང་། མོའི་མིང་ལ་ལྕགས་མཚོ”ཟེར།

ལྕགས་མཚོ་ཞེས་པའི་མིང་དེ་ཐོས་མ་ཐག་བཀྲ་དོན་གྱིས་སེམས་ནས་མ་བཟོད་པར་མིག་ཆུ་རྡོག་རྡོག་གཉིས་ཁོའི་མཁུར་མགོར་འགྲིལ་ནས་པང་ཁུག་ཏུ་ལྷུང་བ་དང་རང་དབང་མེད་པར“ཨ་ཕ། ཨ་ཕ།” ཞེས་འབོད་དགོས་བྱུང་།

སྐབས་དེར་ཁ་ལོ་བས་རླངས་འཁོར་གྱི་སྒག་ཟྭ་འཕྲལ་མར་མནན་པ་དང་ཁོས་ཀྱང་རྨི་ལམ་ཞིག་རྨིས་པ་བཞིན་བཀྲ་དོན་གྱི་གདོང་ལ་ལྟ་བཞིན“ངའི་ཞི་ལི། ངའི་བྱི་ལི། ” ཞེས་ངུ་སྐད་ཅིག་དང་མཉམ་དུ་བཀྲ་དོན་ལ་འཐམས་དགོས་བྱུང་།

༢༠༡༩ལོའི་ཟླ༡༢པའི་ཚེས༧ཉིན་ཆབ་འགག་ནས།