བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ།  ཞེས་པའི་ཁ་བྱང་འདི་ནི་བཤད་ན་མི་ཟད་པའི་གཏེར་ལྟ་བུ་ཡིན་ཏེ།   གལ་ཏེ་རྩོམ་པ་ཡོངས་སུ་རྫོགས་པའི་དེབ་དཀར་གྱི་བརྗོད་དོན་རྒྱས་པར་ཁོང་དུ་ཆུད་ཚེ་གཟོད་ཁ་བྱང་གི་དོན་ཆ་ཚང་གོ་བ་དེ་འབྱུང་ཐུབ་ལ།  དེས་ན་འདི་ནི་ཁ་བྱང་ཙམ་ལས་བརྒལ་ཏེ་དེབ་དཀར་གྱི་དངོས་པོ་ངེས་པར་བསྟན་པ་ལྟ་བུར་གྱུར་ཡོད། 

ཁ་བྱང་འདོགས་སྟངས་གཅིག་པུ་འདིས་ཀྱང་དགེ་ཆོས་ཁོང་ནི་བོད་གངས་ཅན་གྱི་ལོ་རྒྱུས་རིག་གཞུང་སྟེང་གི་རྒྱལ་སྲིད་ཀྱི་ལོ་རྒྱུས་སྨྲ་བ་དངོས་མ་ཞིག་ཡིན་པ་གསལ་བར་བྱས་འདུག་ལ།   བཙན་པོའི་དུས་རབས་ཀྱི་ཆིག་སྒྲིལ་དང་།  རྒྱལ་སྲིད་དང་།  དངོས་དོན་རྣམས་མི་རིགས་ཤིག་གི་དྲན་འཛིན་གྱི་ཡོལ་བའི་ངོས་ནས་ཡལ་ནུབ་ཏུ་གྱུར་ཏེ་ལོ་ངོ་ཆིག་སྟོང་ཆིག་བརྒྱ་བཅུ་མེད་བཞི་ཐལ་བའི་(སྤྱི་ལོ་842-1946བར་)རྗེས་སུ་ཡང་རླབས་ཆེ་ཞིང་གལ་ཆེ་བའི་འདུ་ཤེས་འདི་དག་ཡང་བསྐྱར་ལོ་རྒྱུས་སྨྲ་བ་གཅིག་གི་སྙུག་རྩེ་ནས་གསལ་བར་མངོན་ཡོང་བ་ནི་གསང་བ་ཞིག་ཀྱང་མ་ཡིན་ནམ།  གཅིག་བྱས་ན་འདི་ནི་འཛམ་གླིང་གི་རིགས་སོ་སོའི་མི་ཡི་འགྲོ་བ་རྣམས་ལ་ཐུན་མོང་དུ་ཡོད་པའི་“རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས་རང་བྱུང་སྙིང་གི་དབུས་ན་གནས་པ་”དེ་ཡིན་སྲིད།

ལྷན་སྐྱེས་ཀྱི་ཞེན་པ་དཀར་པོ་འདི་ཡིས་ཡ་ཧུ་ད་བས་ལོ་ངོ་ཉིས་སྟོང་ལ་ཉམས་ནུབ་ཏུ་གྱུར་པའི་རང་གི་མེས་རྒྱལ་བསྐྱར་འཛུགས་བྱས་ཤིང་།  རྒྱ་གར་བ་ཚོས་ལོ་ངོ་ཉིས་བརྒྱར་རང་ཉིད་བྲན་དུ་བཀོལ་མཁན་གྱི་དབྱིན་ཆེན་མོ་ཡུལ་ཕུད་བཏང་།   ཀྲུང་གོ་བ་རྣམས་ཀྱིས་ལོ་ངོ་སྟོང་ལ་ཐུག་མ་མྱོང་བའི་དགྲ་བོ་སྟོབས་ལྡན་མཇར་པན་གྱི་བཙན་དམག་ཕམ་པར་བརྒྱབས་པ་སྟེ།  འཛམ་གླིང་གི་ལོ་རྒྱུས་གླེགས་བམ་ནང་དུ་འདི་ལྟ་བུ་ངོ་མཚར་རླབས་ཆེན་གྱི་ལོ་རྒྱུས་ལེའུ་ཧ་ཅང་མང་བར་སྣང་ངོ་།  །

ཁ་བྱང་ནང་གི་ཆེན་པོ་ནི་ཆིག་སྒྲིལ་དང་།   སྲིད་ལུགས་ནི་རྒྱལ་སྲིད།  དཀར་པོ་ནི་དངོས་དོན་གྱི་ཐ་སྙད་གཞན་ཡིན་ལ།  འདིར་དཀར་པོ་དམིགས་ཀྱིས་མོལ་ན།   མ་གཞི་དེབ་ཐེར་འདི་ལ་དཀར་པོ་ཞེས་བརྗོད་པའི་རྒྱུ་མཚན་ནི་དགེ་ཆོས་རང་གིས་གསལ་བོར་གསུངས་པ་སྟེ། ཕྱོགས་ལྷུང་ཞེན་པས་དམར་པོར་མ་བྱས་ཤིང་།  །ངོ་སྲུང་ཚིག་གིས་སེར་པོར་མ་བྱས་ལ།  །ཕྱིས་བྱུང་གཏམ་གྱིས་སེར་པོར་མ་བྱས་པ། །དེ་ཕྱིར་འདི་ནི་དེབ་ཐེར་དཀར་པོ་འོ། །ཞེས་གསུངས། 

དེའི་དོན་ནི་སྒྲོ་འདོགས་པའི་ཁ་དོག་གཞན་དམར་སྔོ་སེར་གསུམ་གྱི་བསླད་པའི་སྐྱོན་གྱིས་མ་གོས་པའི་བདེན་དོན་དཀར་པོའོ་ཞེས་པ་སྟེ།  གཏམ་རྒྱུད་གསེར་ཐང་ལས།   བླུན་པོ་ངོ་མཚར་སྐྱེད་པ་ཧར་གྱི་གཏམ།  །ཆེན་པོའི་ངོ་སྲུང་བརྩེགས་པ་གཅམ་བུའི་ཚིག  །དད་པའི་འཁུན་བུ་སློང་བའི་སྒྲུང་གཏམ་དག །རིང་དུ་སྤངས་ནས་དྲང་པོའི་ལམ་ལ་ཞུགས།  །ཞེས་པ་དེ་དང་དོན་གནད་གཅིག་ཏུ་འབབ།

འདིའི་དོན་བཤད་མཁན་སྔ་མ་དག་གིས་དམར་པོ་ནི་ཚལ་པ་ཀུན་དགའ་རྡོ་རྗེའི་དེབ་ཐེར་དམར་པོ་དང་།   སྔོན་པོ་ནི་མགོས་ལོ་ཙཱ་བའི་དེབ་ཐེབ་སྔོན་པོ།  སེར་པོ་ནི་སྡེ་སྲིད་ཀྱི་བཻཌྱུར་སེར་པོ་གསུམ་ལ་སྦྱར་འདུག་མོད།   དེབ་འདི་གསུམ་ཁོ་ནར་སྦྱར་དགོས་པའི་རྒྱུ་མཚན་མ་མཐོང་བར་མ་ཟད་དེ་ལྟར་སྦྱར་བ་ནི་ཁྱབ་ཆུང་བའི་སྐྱོན་དུ་གྱུར་སྣང་།

སྐབས་འདིར་དམར་པོ་དང་།  སྔོན་པོ།  སེར་པོ་གསུམ་གྱིས་ཕྱོགས་ལྷུང་གི་བཤད་པ་དང་།  ངོ་སྲུང་གི་བཤད་པ།  ཕྱིས་གཏམ་གྱི་བཤད་པ་སྟེ།  སྔོན་རབས་ལོ་རྒྱུས་འཆད་ཚུལ་གྱི་སྐྱོན་གཙོ་བོ་གསུམ་ངོས་བཟུང་བ་ཡིན་ལ།  གསུམ་པོ་འདི་ནི་བསྟན་པ་ཕྱི་དར་ཚུན་གྱི་བན་བོན་གྱི་ལོ་རྒྱུས་ཡིག་ཆ་ཕལ་མོ་ཆེ་ལ་ཡོངས་ཁྱབ་ཏུ་ཡོད་པའི་སྐྱོན་གསུམ་ཡིན་ཞིང་།  གཏམ་རྒྱུད་གསེར་ཐང་ལས་ཀྱང་སྐྱོན་འདི་ལ་དགག་པ་ཡང་ནས་ཡང་དུ་འབྱུང་ངོ་།  །

དང་པོ་ཕྱོགས་ལྷུང་ཞེན་པས་དམར་པོར་བྱས་པའི་བཤད་ཚུལ་གྱི་དཔེར་མཚོན་ནི།

དེ་ཡང་བོན་གྱི་མཁས་པ་ཚོས་བརྩམས་པའི་བོན་གྱི་ཡིག་ཚང་ཁག་(སྒྲག་པ་གླིང་གྲགས་དང་།  སྲིད་པ་རྒྱུད་ཀྱི་ཁ་བྱང་སོགས་)ལས་གྲི་གུམ་གྱི་ལོ་རྒྱུས་བཤད་སྐབས་གྲི་གུམ་ནི་བདུད་ཀྱི་སྤྲུལ་པ་ཡིན་པ་དང་།  སེམས་ལ་གདོན་ཞུགས་པ།  དེའི་དབང་གིས་རང་གི་མངའ་འབངས་ལོ་ངམ་ལ་བཙན་གྱིས་འཐབ་ཟླར་བཅོལ་བ།   ལོ་ངམ་གྱི་གཡོ་ཐབས་དང་དུ་བླངས་པས་འཐབ་མོ་ལས་ཕམ་སྟེ་རྨུ་ཐག་ཆད་ཅིང་སྲོག་ཤོར་བ་དང་རྒྱལ་སྲིད་ཉམས་པའི་གནས་ཚུལ་ངན་པ་བྱུང་བ་དང་།  དེ་ཡང་བོན་བསྣུབས་པའི་བཀའ་ཆད་ཕོག་པ་ཞིག་ཡིན་པར་བཤད་པ་ལྟ་བུ་ནི། གྲི་གུམ་གྱིས་བོན་བསྣུབས་པས་ན་ཁོང་གི་ལོ་རྒྱུས་འཆད་སྐབས་བོན་གྱི་མི་སྣ་རྣམས་བོན་གྱི་གྲུབ་མཐའི་ཕྱོགས་སུ་ལྷུང་བའི་དབང་གིས་བཙན་པོར་མ་དགའ་བའི་སྒྲོ་འདོགས་ཀྱི་གཏམ་རྒྱུད་སྦྱར་བ་ཡིན་པས་ན་ཕྱོགས་ལྷུང་ཞེན་པས་དམར་པོར་བྱས་པའི་བཤད་ཚུལ་ཞིག་ཡིན།   

དོན་དངོས་ལ་གྲི་གུམ་བཙན་པོ་ནི་སྤུ་རྒྱལ་བཙན་པོ་སོ་གཉིས་ལས་ཆབ་སྲིད་ཀྱི་དགོངས་པ་དང་ལས་ཐབས་མཛད་རྗེས་བཅས་ཀྱི་ཐད་ནས་རླབས་ཆེ་ཤོས་ཀྱི་བཙན་པོ་ལྔ་ལས་གཅིག་ཡིན་པ་སྟེ།   ཁོང་གི་དུས་སྐབས་སུ་བོན་གཤེན་རྣམས་ཀྱི་དབང་ཤུགས་ཆེར་འཕེལ་ནས་རྒྱལ་སྲིད་ལ་ཐེ་གཏོགས་དང་སྟངས་འཛིན་བྱེད་པའི་གནས་ཚུལ་བྱུང་བས་ན་གནད་དོན་དེ་ཉིད་སེལ་ཐབས་སུ་སྤུ་རྒྱལ་བའི་མངའ་ཁོངས་སུ་ཡོད་པའི་བོན་གཤེན་ཕལ་མོ་ཆེ་ཡུལ་ཕུད་བཏང་ནས་སྲིད་དབང་བརྟན་སྲ་བརྟན་དུ་མཛད།  དེ་རྗེས་ཆབ་སྲིད་ཀྱི་མངའ་ཁོངས་རྒྱ་བསྐྱེད་ཆེད་ལོ་ངམ་རྒྱལ་པོའི་སྲིད་བརླགས་ཏེ་སྤུ་རྒྱལ་བའི་མངའ་རིས་སུ་བསྡུ་འཆར་གྱིས་ནུབ་བྱང་གི་ལོ་ངམ་ལ་བཙན་འཛུལ་དམག་འཐབ་བྱས།  ཡིན་ན་ཡང་དམག་འཐབ་ལ་ཇུས་ཉེས་བྱུང་ནས་བཙན་པོའི་སྐུ་སྲོག་དང་སྤུ་རྒྱལ་བའི་སྲིད་དབང་ལོ་ངམ་རྒྱལ་པོ་ལ་ཤོར་བའི་ཕམ་ཉེས་བྱུང་བ་རེད།

བཙན་པོ་ཁོང་གི་སྐུ་དུས་སུ་ཕམ་ཉེས་ཆེན་པོ་བྱུང་མོད་མངའ་རིས་རྒྱ་བསྐྱེད་ཀྱི་དགོངས་པ་བཞེས་ཤིང་ལས་ཐབས་ཀྱི་མགོ་བཟུང་བ་ལ་བརྟེན་ནས་སྲས་སྤུ་དེ་གུང་རྒྱལ་གྱི་དུས་སུ་རྒྱལ་སྲིད་སླར་གསོ་དང་ལོ་ངམ་དབང་དུ་བསྡུས་པས་སྤུ་རྒྱལ་བའི་ཆབ་སྲིད་སྔར་ལས་དར་རྒྱས་བྱུང་ཡོད།

དེ་ནི་དཔེར་ན་བཙན་པོ་སྟག་རི་གཉན་གཟིགས་ཀྱིས་སྤུ་རྒྱལ་བའི་མངའ་ཁོངས་རྒྱ་བསྐྱེད་དང་བོད་ཁམས་གཅིག་གྱུར་ཆེད་དུ་ལྷོ་བྲག་གི་རྒྱལ་པོ་ལ་དམག་འཐབ་བྱས་པ་ན་ཇུས་ཉེས་བྱུང་ནས་བཙན་པོ་ལྷོ་བྲག་གི་རྒྱལ་པོས་འཛིན་བཟུང་ཐེབས་ཏེ་ཅུང་མིན་ན་སྐུ་སྲོག་ཤོར་བའི་ཕམ་ཉེས་བྱུང་བ་དང་།  དེ་རྗེས་ཟིང་པོ་རྗེ་དབང་དུ་བསྡུ་ཆེད་མྱང་དབས་གནོན་སོགས་ལ་མནའ་ཆད་བཞག་མོད་གློ་བུར་བུ་བཙན་པོ་སྐུ་འདས་པའི་གནས་ཚུལ་བྱུང་།  ཡིན་ན་ཡང་སྤུ་རྒྱལ་བའི་མངའ་རིས་རྒྱ་བསྐྱེད་ཀྱི་དགོངས་པ་བཞེས་ཤིང་ལས་ཐབས་ཀྱི་མགོ་བཟུང་བ་ལ་བརྟེན་ནས་སྲས་གནམ་རི་སྲོང་བཙན་གྱི་དུས་སུ་དབུས་གཙང་རུ་བཞི་པོ་གོང་བུ་ཆིག་སྒྲིལ་གྱིས་སྤུ་རྒྱལ་བའི་མངའ་དབང་དུ་འདུས་ཡོད།  

དེས་ན་རྗེ་གཉའ་ཁྲི་བཙན་པོས་སྤུ་རྒྱལ་བའི་རྒྱལ་སྲིད་གསར་འཛུགས་གནང་བས་མཛད་རྗེས་རབ་ཏུ་མཐོ་ལ།   གྲི་གུམ་ཡབ་སྲས་གཉིས་དང་།  སྟག་རི་གཉན་གཟིགས་ཡབ་སྲས་གཉིས་བཅས་ལྔ་ནི་གཉའ་ཁྲི་ནས་གནམ་རི་བར་གྱི་བཙན་པོ་སོ་གཉིས་ནང་གི་མཛད་རྗེས་ཁྱད་དུ་འཕགས་པ་ཡིན་ནོ།  །

ཡང་བན་གྱི་མཁས་པ་ཚོས་བརྩམས་པའི་བན་གྱི་ཡིག་ཚང་ཁག་(བཀའ་ཆེམས་ཀ་ཁོལ་མ་དང་།  རྦ་བཞེད།  བཀའ་ཐང་ སོགས་)ལས་ཁྲི་དར་མའི་ལོ་རྒྱུས་བཤད་སྐབས་བཙན་པོ་དར་མ་ནི་སྨོན་ལམ་ལོག་པའི་སྐྱེ་རྒྱུད་ཡིན་པ་དང་།   མགོ་ལ་རྭ་ཡོད་པ།  བདུད་ཀྱི་སྤྲུལ་པ་ཡིན་པ།  སེམས་ལ་གདོན་ཞུགས་པ།  དེའི་དབང་གིས་ནང་ཆོས་བསྣུབས་པའི་བྱ་ངན་བརྩམས་པས་ན་གློ་བུར་དུ་སྲོག་ཤོར་བ་དང་།  དེ་རྗེས་དབུ་གཡོ་འཁྲུགས་པ།  འབངས་ཁེང་ལོག་པ་སོགས་བྱུང་བ་ཡང་ནང་ཆོས་བསྣུབས་པའི་བཀའ་ཆད་ཕོག་པ་ཞིག་ཡིན་པར་བཤད་པ་དང་།

ཡང་ལྷ་ལུང་དཔལ་རྡོར་ནི་གྲུབ་པའི་སེམས་དཔའ་ཆེན་པོ་ཡིན་པ་དང་།  དཔལ་ལྡན་ལྷ་མོས་ལུང་བསྟན་པ་ལྟར་བསྟན་པ་སྐྱོབ་ཆེད་དུ་བདུད་རྒྱལ་བསྒྲལ་བས་ན་དེས་བོད་ལ་མགོ་སྐྱོབ་བླ་ན་མེད་པ་བྱས་ཡོད་ཚུལ་བཤད་པ་ལྟ་བུ་ནི།  ཁྲི་དར་མས་ནང་ཆོས་བསྣུབས་པས་ན་ཁོང་གི་ལོ་རྒྱུས་འཆད་སྐབས་བན་གྱི་མི་སྣ་རྣམས་ཆོས་ཀྱི་ཕྱོགས་སུ་ལྷུང་བའི་དབང་གིས་བཙན་པོར་སྨད་པའི་སྒྲོ་འདོགས་དང་།  དཔལ་རྡོར་ལ་བསྟོད་པའི་སྒྲོ་འདོགས་ཀྱི་གཏམ་རྒྱུད་སྦྱར་བ་ཡིན་པས་ན་ཕྱོགས་ལྷུང་ཞེན་པས་དམར་པོར་བྱས་པའི་བཤད་ཚུལ་ཞིག་ཡིན།

དོན་དངོས་ལ་བཙན་པོ་ཁྲི་དར་མ་ནི་བོད་བཙན་པོའི་ལོ་རྒྱུས་ཀྱི་དུས་སྐབས་ལས་བཙན་པོའི་གདུང་རྒྱུད་ཀྱི་འགལ་བ་དང་། རྒྱལ་བློན་གྱི་འགལ་བ།  ཆོས་སྲིད་ཀྱི་འགལ་བ།  སྐྱ་སེར་གྱི་འགལ་བ་སོགས་འགལ་བ་རྣམས་སྨིན་པ་རབ་ཀྱི་མཐར་ཐུག་ནས་རྒྱལ་སྲིད་ཀྱི་ཉེན་ཁ་ནི་མེ་རྟ་སྒྲོན་མ་རག་པའི་འབར་རྫས་ཇི་བཞིན་ཆེས་ཛ་དྲག་ཏུ་ཡོད་པའི་སྐབས་ཀྱི་བཙན་པོ་དེ་ཡིན་ལ།  ཁོང་གིས་ཐོག་མར་ཆོས་ལ་ཡང་བཀུར་སྟི་མཛད་མོད་མཐར་ཆབ་སྲིད་ཀྱི་དགོངས་པ་གང་ཞིག་གི་ཆེད་དུ་ཆོས་ལུགས་ལ་བཀག་སྡོམ་བཟོས། འདི་ནི་བཙན་པོ་གོང་མ་དག་གི་བྱ་བཞག་དང་བསྡུར་ན་ནོར་འཁྲུལ་དུ་སྣང་མོད།  ཁོང་གི་དུས་སྐབས་རང་ལ་ནི་དགོས་ངེས་ཤིག་ཀྱང་ཡིན་སྲིད་པས་ཞིབ་ཏུ་དཔྱད་དགོས་པ་ཞིག་རེད།

དཔལ་རྡོར་གྱིས་གནས་སྐབས་སམ་མིག་མདུན་ཙམ་ལ་དམིགས་ནས་བཙན་པོ་གློ་བུར་དུ་སྐུ་བཀྲོངས་པ་དེས་རྒྱལ་སྲིད་ཀྱི་ཉེན་ཁའི་འབར་རྫས་ལ་དངོས་སུ་མེ་སྒྲོན་ལྟར་དུ་གྱུར་པས། དབུ་གཡོ་ནང་འཁྲུག་གི་སྒོ་མོ་དངོས་སུ་ཕྱེ།  དེར་བརྟེན་ནས་རྒྱལ་སྲིད་འཐོར་ཞིག་ཏུ་གྱུར་ཅིང་།  མངའ་རིས་ཡུལ་མཐའ་ནས་ཤོར་བ་སོགས་ལོ་རྒྱུས་ཀྱི་ཆག་སྒོ་ཆེན་མོ་འཕྲོ་རིམ་འཕྲོར་བྱུང་ཞིང་།  བཙན་པོ་སྐུ་བཀྲོངས་པའི་བསམ་སྦྱོར་དེས་ཆོས་ལུགས་ཀྱང་སྐྱོབ་མ་ཐུབ་པར་ལོ་ངོ་བརྒྱ་དང་སོ་བདུན་རིང་བསྟན་པ་ཉམས་ནུབ་ཏུ་གྱུར་པའོ།  །

གོང་གི་བོན་བན་གྱི་བཤད་སྲོལ་གཏམ་རྒྱུད་གཉིས་དེ་ནི་དཔེར་མཚོན་ཙམ་སྟེ།   བོན་བན་གྱི་ལོ་རྒྱུས་ཆོས་འབྱུང་ཡིག་ཚང་རྣམས་སུ་འདི་དང་འདིར་རིགས་མཚུངས་པའི་ཕྱོགས་ལྷུང་གི་སྨད་པའི་སྒྲོ་འདོགས་ཀྱི་གཏམ་རྒྱུད་ཤིན་ཏུ་མང་ལ།  དེ་དག་ནི་ལོ་རྒྱུས་ཀྱི་དངོས་དོན་གཏན་ལ་འབེབས་ཚེ་སྐྱོན་དང་བཅས་པའོ།  །

གཉིས་པ་ངོ་སྲུང་ཚིག་གིས་སྔོན་པོར་བྱས་པའི་དཔེར་མཚོན་ནི། 

ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས།  མི་ཉག་གི་རྒྱལ་པོ་ཐའི་ཧུས་ནི་བཀའ་གདམས་པའི་བཤེས་གཉེན་གླང་རི་ཐང་པའི་སྐྱེ་བའམ་རྣལ་འབྱོར་གྱི་དབང་ཕྱུག་མ་ཏཾ་གི་པའི་སྐྱེ་བ་ཡིན་པར་བཤད་པ་དང་། མིང་རྒྱལ་རབས་ཀྱི་གོང་མ་ཁྲིན་ཙུང་ཡུང་ལོ་སོགས་རྗེ་བཙུན་འཇམ་དབྱངས་ཀྱི་སྐུའི་བཀོད་པར་བཤད་པ།

དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་ལས།   ཨོ་རོད་ཧོ་ཤོད་ཀྱི་དཔོན་པོ་ཐོ་རོལ་པི་ཧུར་ལ་རྩོད་དུས་ཀྱི་འཁོར་ལོས་སྒྱུར་བ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཞེས་ཆེ་བའི་མིང་དུ་བཏགས་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་མིའི་སྲིད་པའི་ཟློས་གར་ཅན་དུ་བཤད་པ་སོགས་ནི།  སྐབས་དེར་མི་རིགས་གཞན་པའི་རྒྱལ་པོ་དེ་དག་གིས་བོད་ཀྱི་བླ་ཆེན་རྣམས་ལ་བཀུར་སྟི་སྒོ་ནས་སྦྱིན་བདག་དང་སྲིད་བདག་ཅི་རིགས་པར་གནང་གི་ཡོད་པས་ན།  བདག་པོའི་ངོ་སྲུང་གི་ཆེད་དུ་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན་པའི་ངོ་བསྟོད་ཀྱི་བཤད་པ་ཆེས་ཆེར་སྦྱར་བ་ཡིན་ནོ། །

འདི་ནི་དཔེར་མཚོན་པ་ཙམ་སྟེ་བོན་བན་གྱི་ལོ་རྒྱུས་ཆོས་འབྱུང་ཡིག་ཚང་རྣམས་སུ་རང་རང་གི་ཆོས་སྲིད་ཀྱི་སྦྱིན་བདག་ལྟ་བུར་གྱུར་པའི་ཕྱི་དང་ནང་གི་བླ་དཔོན་སོགས་ལ་འདི་དང་འདིར་རིགས་མཚུངས་པའི་ངོ་སྲུང་གི་སྒྲོ་འདོགས་ཀྱི་གཏམ་རྒྱུད་ཤིན་ཏུ་མང་ལ།  དེ་དག་ཀྱང་ལོ་རྒྱུས་ཀྱི་དངོས་དོན་གཏན་ལ་འབེབས་ཚེ་སྐྱོན་དང་བཅས་པའོ།  །

གསུམ་པ་ཕྱིས་བྱུང་གཏམ་གྱིས་སེར་པོར་བྱས་པའི་དཔེར་མཚོན་ནི། 

བོན་གྱི་ཡིག་ཚང་རྣམས་ལས་མུ་ཁྲི་བཙན་པོའི་ལོ་རྒྱུས་བཤད་དུས་བོན་གྱི་གྲུབ་ཐོབ་ཆེན་པོར་བྱས་ཏེ་རྫུ་འཕྲུལ་གྱི་མཛད་པ་མང་པོ་སྦྱར་ནས་བཤད་པ་དང་།  བན་གྱི་ཡིག་ཚང་རྣམས་ལས།  ཐོ་ཐོ་རི་ཀུན་ཏུ་བཟང་པོའི་སྤྲུལ་པ་ཡིན་པ་ལ།  དགུང་ལོ་དྲུག་ཅུ་པར་གཉན་པོ་གསང་བ་ནམ་མཁའ་ནས་ཕོ་བྲང་དུ་བབ་པ་དེ་ལ་མཆོད་ཅིང་བཀུར་བས་སྐུ་གཞོན་ནུར་གྱུར་ཏེ་སླར་ཡང་ལོ་དྲུག་ཅུ་སྟེ་བསྡོམས་པས་ལོ་བརྒྱ་དང་ཉི་ཤུར་བཞུགས་པར་བཤད་པ།

གཞན་ཡང་སྲོང་བཙན་སྤྱས་རས་གཟིགས་དང་།  བལ་བཟའ་དང་རྒྱ་བཟའ་སྒྲོལ་མ་དཀར་སྔོན་དུ་བྱས་ཏེ་དེས་རྫུ་འཕྲུལ་གྱི་མཛད་པ་ཁོ་ནས་བོད་ཁམས་ལ་ཆོས་སྲིད་སྤེལ་བ་དང་།  མཐའ་བཞི་དབང་དུ་བསྡུས་པ། མཐར་ཡབ་ཡུམ་གསུམ་ཀས་ཞལ་གདམས་རྒྱ་ཆེར་གསུངས་ཏེ་འོད་ཀྱི་གོང་བུར་གྱུར་ནས་རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་པར་བཤད་པ་སོགས་ནི།   དུས་ཕྱིས་བསྟན་པ་ཕྱི་དར་སྐབས་སུ་བོན་བན་གྱི་དད་མོས་རྒྱ་ཁྱབ་དང་སྲ་བརྟན་དུ་གཏོང་བའི་དགོས་མཁོར་གསར་དུ་སྦྱར་བའི་ར་བཏགས་ཀྱི་གཏམ་རྒྱུད་ཡིན།

འདི་ནི་དཔེར་མཚོན་པ་ཙམ་སྟེ་བོན་བན་གྱི་ལོ་རྒྱུས་ཆོས་འབྱུང་ཡིག་ཚང་རྣམས་སུ་རང་རང་གི་ལུགས་གཉིས་སྤེལ་བའི་དགོས་མཁོ་དང་མཐུན་པའི་ནང་གི་བླ་དཔོན་སོགས་ལ་དགའ་ཞེན་གྱི་སྒྲོ་འདོགས་གཏམ་རྒྱུད་གསར་བ་བརྩམས་པ་ཤིན་ཏུ་མང་ལ།  དེ་དག་ཀྱང་ལོ་རྒྱུས་ཀྱི་དངོས་དོན་གཏན་ལ་འབེབས་ཚེ་སྐྱོན་དང་བཅས་པའོ།  །

མདོར་ན་ལོ་རྒྱུས་དངོས་བྱུང་དང་མི་མཐུན་པའི་སྒྲོ་འདོགས་ཀྱི་བཤད་པ་དེ་ལ་སྨད་བཤད་དང་བསྟོད་བཤད་གཉིས་ལས། དང་པོ་ནི་དམར་པོའི་གཟུགས་སུ་བཀོད་པ་དང་།  གཉིས་པ་ལ་ཡང་ངོ་སྲུང་གི་བསྟོད་བཤད་དང་།  དགའ་ཞེན་གྱི་བསྟོད་བཤད་གཉིས་ལས་དང་པོ་ནི་སྔོན་པོ་དང་།  གཉིས་པ་ནི་སེར་པོའི་གཟུགས་སུ་བཀོད་པའོ། །

དགེ་ཆོས་ཁོང་གིས་དེབ་ཐེར་འདི་རུ་ལོ་རྒྱུས་ཡིག་ཚང་རྙིང་བ་ཁུངས་ཐུབ་རྣམས་དཔང་དུ་བཟུང་ནས།  ནུབ་གླིང་གི་ལོ་རྒྱུས་རིག་པའི་རིགས་ལམ་ལྟར་འཁྱོག་བརྗོད་རིགས་གསུམ་པོ་སྤངས་ཏེ་ལོ་རྒྱུས་ཀྱི་དོན་དངོས་ཇི་བཞིན་པ་གཏན་ལ་འབེབས་པ་ཡིན་པས་ན་དཀར་པོའི་གཟུགས་སུ་བཀོད་པའོ།  ། 

དེས་ན་དེབ་དཀར་རང་ལས།  མངའ་བདག་ལྷ་ཡི་མཛད་པའི་དབང་ཐང་དང་། །རྒྱལ་རབས་བརྒྱུད་ཀྱི་ལོ་ཁམས་གུང་བསྒྲིགས་ཏེ། །ཚུལ་གསུམ་རྩིས་ལ་བབས་པའི་བུ་མོ་འདི། །གཟུར་གནས་མཁས་པའི་བུ་ལ་བག་མར་བྱིན། །ཞེས་པ་དང་།

འདི་ནི་རང་བྱུང་བདེན་པའི་ཟླ་བ་སྟེ། །སྐྱོན་མེད་དུང་གི་ཁ་དོག་གསལ་བ་ལ། །ཕྱོགས་ལྷུང་ལ་རྒྱའི་རྣ་བ་རིང་བ་ཡི། །མི་སྡུག་རི་བོང་གཟུགས་དེ་ཅི་ལ་བྲི། །ཞེས་པ་དང་ཡང་སྦྱར་ནས་གོ་བར་བྱའོ།  །

2019/12/23སྟེ་དགུན་ཉི་ལྡོག་པའི་ཕྱིན་དེའི་ཉིན་ལའོ།  །