བོད་གངས་ཅན་གྱི་ཡུལ་དུ་ནང་བསྟན་མཚན་ཉིད་རིག་པའི་འབྱུང་གནས་སུ་གྱུར་པ་ཡུལ་དབུས་ཀྱི་ཆོས་གྲྭ་ཆེན་པོ་དྲུག་གི་ཡ་གྱལ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོ་འདི་ནི། ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་རྔོག་ལེགས་པའི་ཤེས་རབ་ཀྱིས་བོད་རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ༡༠༧༣ལ་བཏབ་པ་ཞིག་ཡིན་ཞིང་། དེ་ཡང་གསང་ཕུ་ཞེས་པའི་མིང་ནི་ཇོ་བོ་རྗེ་ཨ་ཏི་ཤས་རྔོག་ལེགས་པའི་ཤེས་རབ་ལ་ལུང་བསྟན་པ་ནས་དངོས་སུ་དགོན་པ་བཏབ་པའི་བར་ལ་གསང་རྒྱ་མཛད་པས་ན་གསང་བ་དང་། ལུང་པའི་ཕུ་དེ་རུ་གེ་ཐོག་ཞིག་གི་སྟེང་དུ་ནེའུ་གསིང་ཡོད་ས་དེར་ཆོས་གྲྭའི་རྨང་བཏིང་སྟེ་བཏབ་པས་ན་གསང་ཕུ་ནེའུ་ཐོག་ཞེས་པའི་མིང་ཆགས་པར་གྲགས།

ཁོང་ནི་ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་རྔོག་ལེགས་པའི་ཤེས་རབ་སྟེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་རྔོག་ཆེན་པོའི་རྒྱུད་པ། ཡར་འབྲོག་དོའི་མཚོ་ཆེན་པོའི་འགྲམ་དུ་ཆགས་པའི་སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུའི་སྐུ་མཆེད་དུ་འཁྲུངས། ད་ལྟའི་ཆར་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་པོ་མ་རྙེད་རུང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་སྟོད་ཙམ་ལ་སྐུ་འཁྲུངས་ཤིང་།  ཁམས་འདན་ཁོག་ཏུ་ཕེབས་ཏེ་ཇོ་བོ་སེ་བཙུན་གཞོན་ནུ་དབང་ཕྱུག་གི་མདུན་ནས་བསྟན་པ་སྔ་དར་གྱི་ཕར་ཚད་མངོན་པ་སོགས་གཙོ་བོར་གྱུར་པའི་ མདོ་སྔགས་ཀྱི་གཞུང་ལུགས་མང་པོ་གསན་བསམ་གནང་བས་མཁས་པའི་མཚན་སྙན་རྒྱས་ཏེ་ཁུ་རྔོག་འབྲོམ་གསུམ་ཞེས་གྲགས་པ་བྱུང་། དེ་ནས་འབྲོམ་སྟོན་པ་ཁམས་ནས་དབུས་དང་མངའ་རིས་སུ་ཕེབས་པའི་རྗེས་ཙམ་ལ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་སྐ་བ་ཤཀྱ་དབང་ཕྱུག་གཉིས་དང་ལྷན་དུ་དབུས་སུ་ཕེབས། སྤྱི་ལོ་༡༠༤༥ལོར་ཇོ་བོ་ཨ་ཏི་ཤ་དབུས་སུ་ཕེབས་སྐབས་ལྷ་སར་སྤྱན་དྲངས་ནས་ཆོས་མང་པོ་གསན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལུང་བསྟན་པ་ལྟར་རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ་༡༠༧༣ ལོར་གསང་ཕུ་ནེའུ་ཐོག་ཕྱག་བཏབ་ནས་བཤད་པ་མཛད་པས་གྲྭ་པ་ལྔ་བརྒྱ་ཙམ་འདུས།

སློབ་མ་དབོན་རྔོག་བློ་ལྡན་ཤེས་རབ་སོགས་མང་དུ་བྱོན།

༡༽ཆོས་སྡེ་ཆེན་པོ་འདིའི་གདན་རབས་དང་པོ་རྔོག་ལེགས་པའི་ཤེས་རབ་བོད་རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ༡༠༧༣ནས་རབ་བྱུང་དང་པོའི་ཆུ་སྤྲེལ་སྤྱི་ལོ༡༠༩༢བར་ལོ་ཉི་ཤུ་རྩ་གཉིས་བར་གདན་ས་མཛད།

ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ།

ཁོང་གི་ཡབ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་རྔོག་ཆེན་པོའི་རྒྱུད་པ་ཡར་འབྲོག་དོའི་ཕྱི་རོལ་གློའོ་ཞེས་པའི་མཚོ་འགྲམ་དུ་གནས་གཞིས་ཆགས་པ། སྔ་འགྱུར་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུ་ལ་སྲས་ལེགས་པའི་ཤེས་རབ་དང་། ཀླུ་ཁྲི་། ཀླུ་བྱང་། ཆོས་སྐྱབས། ཐུབ་པ་བཅས་ལྔ་ཡོད་པའི་ནང་ནས་བཞི་པ་ཆོས་སྐྱབས་དང་། ཡུམ་དཔལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་༡༠༥༩ལ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་སུ་འཚོ་གོས་ཀྱི་ཆ་རྐྱེན་ཞན་པའི་དབང་གིས་སྐུ་ངལ་ཆེན་པོ་བྱུང་། དགུང་ལོ་བཅུ་བདུན་པ་ལ་ཁྱིམ་ནས་ཁུ་བོ་ལེགས་པའི་ཤེས་རབ་ཀྱི་དྲུང་དུ་བྲོས་བྱོལ་གྱིས་ཕེབས་སྐབས། ན་བཟའ་ཧྲུལ་པོ་ལ་དྲེས་མའི་སྐུ་ཆིངས་འཁོར་ཙམ་ཞིག་ལས་མེད། བྲོས་པའི་ལམ་བར་དུ་རྩམ་པ་ཆུ་འཐག་བྱེད་མི་རྣམས་ལ་སློང་མོ་བྱས་པས་ཡོས་ཅུང་ཟད་བྱུང་བ་རྣམས་རུམ་དུ་བླུག །གསང་མདར་འབྱོར་ཏེ་གནས་ཚང་མ་རྙེད་པར་ཁྱིམ་ཚང་ཞིག་གི་རྟ་རའི་ནང་དུ་གཟིམས་ཏེ་བཞུགས་སྐབས། ཁུ་བོ་ལེགས་པའི་ཤེས་རབ་ཀྱི་གཟིམ་ལམ་དུ་ཁྱིམ་ཚང་དེའི་རྟ་རའི་ནང་དུ་སེང་གེ་གསེར་གྱི་མདོག་ཅན་ཞིག་ཡོད་པའི་མཚན་མ་བྱུང་ཏེ་བཙལ་བས། ཚ་བོ་བློ་ལྡན་ཤེས་རབ་ཡིན་པ་ཤེས་ནས་མདུན་དུ་བོས་ཏེ་ཕྱག་འཚོལ་གསུངས་པས། ཕྱག་འཚལ་ཚུལ་སློབས་དང་ཞུས་པ་བཞིན་བསླབས་ཏེ་ཕྱག་འཚལ་བའི་ཚེ། དྲེས་མའི་སྐུ་རག་ཆད་ནས་ཡོས་རྣམས་འཐོར་ཏེ་དེའི་ཉེ་འཁོར་ཀུན་ལ་ཁྱབ་པས་འཕྲིན་ལས་ཆེན་པོ་ཡོང་བའི་རྟེན་འབྲེལ་དུ་གཟིགས། རིག་པ་བརྟག་ཕྱིར་ཞོ་ཕོར་པ་གང་ལ་ཕྱེ་བཏབ་པ་འཕྱུར་བ་ཞིག་དྲངས་པས་མདུན་དུ་ཞོག་གསུངས་སྟེ། གོས་ཀྱི་གོང་བ་ནས་ཁབ་སྦོམ་ཞིག་བཏོན་ཏེ་ཕོར་པའི་ཁ་མཐའ་ནས་དྲིལ་སྟེ་ཅུང་ཟད་རེ་འགོས་པ་རྣམས་ཟོས་པས་ཕོར་པ་ཁ་དམའ་རུ་སོང་། རྐེད་པ་ནས་རྩིབ་མའི་ཐུར་མ་ཞིག་བཏོན་ཏེ་དཀྲུགས་དཀྲུགས་བྱས་ཏེ་ཅི་བདེར་གསོལ་བས། ཅུང་ཟད་ཀྱང་ཕྱི་རོལ་དུ་མ་བོ་བར་རིག་པ་བཟང་བར་ཁུ་བོ་ངོ་མཚར་སྐྱེས། ཁུ་བོ་དང་གཟུས་ཀྱི་སློབ་མ་སྤོས་ཆུང་བ་ཚུལ་ཁྲིམས་ཤེས་རབ་གཉིས་ལས་རབ་ཏུ་བྱུང་ནས་མཚན་བློ་ལྡན་ཤེས་རབ་ཅེས་བཏགས། བློ་ལྡན་དང་ཤེས་རབ་གཅིག་པ་ལ་མིང་གཉིས་བརྩེགས་ནས་ཅི་བྱེད་ཞུས་པར་འོ་ན་བློ་ལྡན་བཟང་པོ་གྱིས་གསུངས། ཁོང་གི་བསྟན་བཅོས་མང་པོའི་མཛད་བྱང་ལ་བློ་ལྡན་བཟང་པོ་ཞེས་ཀྱང་ཡོད་གསུང་། ཀློག་ཡིག་སྔར་ནས་མཁྱེན་པར་ཁུ་བོས་ཤེར་ཕྱིན་གྱི་འགྲེལ་པ་དོན་གསལ་མཆན་ཅན་ཞིག་གཏད་ནས་དེ་རིང་ནགས་གསེབ་ཕ་གིར་འདི་བློ་ལ་ཟུངས་ཤོག་གསུངས་པས། དེའི་དགོང་མོར་ཡི་གེ་ཨ་མ་རྣམས་བཟུང་ཡོད་བུ་ཆུང་ཚོ་འཛིན་དགོས་ན་སང་ཉིན་གཟུང་ཆོག་ཅེས་གསུངས། ཉིན་གཅིག་ལ་འགྲེལ་བ་དོན་གསལ་གྱི་མཆན་རྣམས་མ་གཏོགས་ཐུགས་ལ་ཟིན་པའི་རིག་སྟོབས་ལ་ཁུ་བོ་ལེགས་པའི་ཤེས་རབ་ཧ་ལས་ཏེ་ཁྱོད་ཀྱི་སློབ་དཔོན་ངས་མི་ཡོང་གསུངས་ནས་རྒྱ་གར་དུ་མངགས། མདོར་ན་དགུང་ལོ་བཅུ་བདུན་པར་ཁུ་བོ་ལེགས་པའི་ཤེས་རབ་དང་། གཟུས་ཀྱི་སློབ་མ་སྦོས་ཚུལ་ཁྲིམས་ཤེས་རབ་སོགས་ཀྱི་དྲུང་དུ་ལོ་གཅིག་གི་རིང་དུ་སློབ་གཉེར་མཛད་དེ། བཅོ་བརྒྱད་པར་ཁུ་བོས་མཐུན་རྐྱེན་བསྒྲུབས་ནས་རྒྱ་གར་དུ་བཙན་ཁ་བོ་ཆེ་དང་། ཁྱུང་པོ་ཆོས་བརྩོན། རྭ་ལོ་རྡོ་རྗེ་གྲགས། གཉན་ལོ་དར་མ་གྲགས་སོགས་དང་ལྷན་དུ་ཕེབས་སྐབས་མངའ་བདག་རྩེ་ལྡེས་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་རྣམས་སྤྱན་དྲངས་ནས་མེ་ཕོ་འབྲུག་ལོའི་ཆོས་འཁོར་མཛད་པ་དང་སྐབས་འཁེལ། སྐུ་ན་གཞོན་པའི་སྟོབས་ཀྱིས་ལྟད་མོ་ཆེན་པོ་ཞིག་གི་སར་བྱོན་པས། ཁུ་བོས་ཆོས་རྒྱགས་སུ་བསྐུར་བའི་གསེར་ཉུང་ཤས་ཤིག་ཡོད་པ་བོར་སྟོར་ཤོར་བར། མངའ་བདག་རྩེ་ལྡེས་གསེར་ཐུམ་པོ་ར་མཆིན་ཙམ་ཞིག་གནང་། སྲས་དབང་ཕྱུག་ལྡེས་རྔོག་གི་ཡོན་བདག་བྱེད་པར་ཞལ་གྱིས་བཞེས། ཁ་ཆེར་ལོ་ངོ་བཅུ་བདུན་གྱི་རིང་དུ་པཎྜི་ཏ་ས་ཛྫ་ན་དང་། འབུམ་ཕྲག་གསུམ་པ། པ་ར་ཧེ་ཏ། མཱ་ཧཱ་ཛ་ན། སུ་མ་ཏི་ཀིརྟི། སྐལ་ལྡན་རྒྱལ་པོ་ལ་སོགས་པ་དགེ་བའི་བཤེས་གཉེན་རྣམས་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱང་བ་དཔྱིས་ཕྱིན་པར་མཛད། པཎྜི་ཏ་འབུམ་ཕྲག་གསུམ་པར་ཆོས་གསན་སྐབས་རྒྱ་ཚད་ཀྱིས་བསྙུང་བས་ཆོས་རར་སྐུ་སྨད་ཤོང་བའི་དོང་བྲུས་པར་བཞུགས་ཏེ་ཆོས་གསན་པ་དང་། ཆོས་ཐམས་ཅད་གསན་པ་ཙམ་གྱིས་ཐུགས་སུ་ཆུད་པས་གྲོགས་ཀྱིས་ཕྲག་དོག་བྱས་ཏེ་སློབ་དཔོན་ལ་སྐད་རིགས་གཞན་དུ་ཆོས་གསུང་བཅུག་པས་སྐད་རིགས་མང་པོ་ལ་མཁྱེན་པ་རྒྱས། འདི་སྐབས་སུ་རྒྱགས་ཆད་ནས་གསེར་སློང་བའི་ཡི་གེ་མངའ་རིས་སུ་བཏང་བས། མངའ་བདག་དབང་ལྡེས་གསེར་མང་པོ་བསྐུར་ཏེ་ཚད་མ་རྒྱན་བསྒྱུར་བའི་ཞུ་བ་ཕུལ་བར་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་མཉམ་དུ་བསྒྱུར། དགུང་ལོ་སོ་ལྔ་པ་རབ་བྱུང་དང་པོའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༠༩༢་ལོར་བོད་དུ་ཕེབས། སླར་ཡང་བལ་པོར་ཡང་ཕེབས་ཏེ་པཎྜི་ཏ་ཨ་ཏུ་ལ་བཛྲ་དང་། བ་རེནྡྲ་རུ་ཙི་ལ་སོགས་པར་གསང་སྔགས་ཀྱི་ཆོས་མང་པོ་གསན་ཏེ་བོད་དུ་ཕྱིར་ཕེབས། ཇོ་བོ་བཀའ་གདམས་པའི་གདམས་ངག་རྣམས་སྔོན་ཁུ་བོ་ལེགས་པའི་ཤེས་རབ་དང་ཕྱིས་སུ་མཁར་ཕུ་བ་ལས་རྫོགས་པར་གསན། གསང་ཕུའི་ཆོས་གྲྭའི་གདན་ས་བ་གནང་སྟེ་ཚད་མ་རྣམ་ངེས་དང་ཀུན་བཏུས། བྱམས་ཆོས་སྡེ་ལྔ། དབུ་མ་རིགས་ཚོགས་དང་རྒྱན་སྣང་བདེན་གསུམ་སོགས་འཆད་ཉན་མཛད། གསང་མདའ་ཤྭ་བ་བྲག་རྩར་ཆོས་གསུང་དུས་ཚངས་པའི་གསུང་མངའ་བས། གསུང་ལ་ཉེ་རིང་མེད་ཀྱང་ཞལ་ལ་བལྟ་བའི་ཆེད་མདུན་དུ་མི་རེའི་འདུག་སར་གསེར་སྲང་ཕྱེད་མའི་ཉོ་ཚོང་བྱེད་པ་དང་། ཕྱིས་སྐུ་དར་གྱི་ཡོལ་བས་བསྐོར་བའི་ནང་ནས་ཞལ་བྲག་ལ་གཏད་དེ་ཆོས་གསུང་པའི་ཚེ་ཆུ་ཕར་ཁ་ནས་ཉན་ཀྱང་གོ་ནུས་པ་དང་། མཇུག་ཏུ་ལེགས་པར་གསུངས་སོ་ཞེས་བསྔོ་སྨོན་དང་ཤོ་ཀ་ལི་ཁ་བཏབ་པའི་སྐད་ཀྱིས་རིའི་ཕྱུགས་ཁྱུ་འདྲོགས་པ་དང་། གཞན་ཡང་ལྷ་ས་དང་། བསམ་ཡས། གཉལ་སྒང་ཐོག་ལྷ་ཡངས། གཙང་རྒྱང་མཁར། ངན་ལམ་སྨྱུ་གུ་སྣ་སོགས་སུ་འཆད་ཉན་མཛད་པའི་ཚེ་ཆོས་ཐེངས་རེར་ཡང་སློབ་མ་ཁྲི་ཚོ་གཉིས་དང་སུམ་སྟོང་ཙམ་འདུས་པ་དང་། ཟུར་ཁྲིད་ཀྱི་འཆད་ཉན་བྱེད་ཐུབ་པའི་སློབ་མ་ཡང་ཆིག་སྟོང་བརྒྱད་བརྒྱ་ཙམ་འདུས་པ་བྱུང་། ཁོང་ནི་མདོ་སྔགས་གཞུང་ལུགས་ཀུན་ལ་རང་བྱན་ཆུད་པའི་མཁས་དབང་ཞིག་ཡིན་པ་མ་ཟད་ཐུགས་རྒྱུད་ཀྱང་ཤིན་ཏུ་དུལ་བ་ཞིག་སྟེ་གང་གི་ཞལ་ལས། བཻ་རོ་ཙཱ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་འབཻལ་ཡིན། །རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་འདྲ། ། ཁོ་བོ་ཅག་ནི་སྲིན་བུ་མེ་ཁྱེར་ཙམ། །ཞེས་པའི་ཁེངས་སྐྱུངས་གནང་། དགུང་ལོ་ལྔ་བཅུ་རྩ་གཅིག་པ་རབ་བྱུང་གཉིས་པའི་ས་མོ་གླང་སྤྱི་ལོ་༡༡༠༩ལ་སྐུ་གཤེགས། དེ་ཡང་གཤེགས་རྐྱེན་ནི་སྔར་སློབ་དཔོན་སྐལ་ལྡན་རྒྱལ་པོ་དེ་དང་པོ་ཕྱི་པའི་གྲུབ་མཐའ་ལ་ཞུགས། དེ་རྗེས་ནང་པར་ཞུགས་པ་ཞིག་ཡིན་སྟབས་ནང་པའི་དགེ་སློང་ལ་དུད་འགྲོ་གསོད་པ་ལྟུང་བྱེད་འབའ་ཞིག་པ་ལས་མེད་པར་གོ་ནས། ཕྱི་པའི་ལྷ་ཐུན་མོང་གི་དངོས་གྲུབ་མྱུར་བས་སྤང་མ་ནུས་པར་སྲོག་གི་མཆོད་སྦྱིན་བྱེད་ཀྱི་ཡོད་པ་རྔོག་ལོས་མ་ཤེས་པར་། བོད་དུ་གདན་ཞུ་བྱས་ཏེ་ཕེབས་བསུའི་ཆེད་བལ་པོར་བྱོན་པ་ལ། ཉིན་གཅིག་ར་བསད་ནས་མཆོད་སྦྱིན་བྱེད་པའི་སྤྱོད་ངན་དེ་མཐོང་སྟེ། དེ་འདྲའི་སྤྱོད་ངན་དེ་བོད་ལ་དར་ན་བོད་ཀྱི་ལྟ་སྤྱོད་གཙང་མ་འདི་དག་ཕུང་གིས་དོགས་ཏེ་གདན་འདྲེན་མ་ཞུས་པར་བོད་དུ་ཕྱིར་ལོག་གིས་ཕེབས་པ་ལ། སྐལ་ལྡན་རྒྱལ་པོ་མ་དགའ་ནས་ཁོང་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་ཡིན་པས་རྔོག་ལོ་ལ་སྦྱིན་སྲེག་བྱས་རྗེས་ལོ་འགའ་ནས་དྲིས་པར། ལོ་ཙཱ་བ་འཕྲིན་ལས་ཤིན་ཏུ་ཆེ་བར་ཤེས་ཏེ་སྦྱིན་སྲེག་ཉེར་ལྔས་འཁོར་ལོས་སྒྱུར་རྒྱལ་དང་། ལྔ་བཅུས་སར་གནས་ཀྱི་སེམས་དཔའ་ཡང་གསོད་ནུས་པར་བཤད་པ་བཞིན་བྱས་ཀྱང་མ་ཐུབ་པར་ཤེས། དེ་ནས་སླར་བརྒྱ་རྩ་བརྒྱད་ཀྱིས་དག་ས་པ་ཡང་སྒྲོལ་ནུས་པར་བཤད་པ་བཞིན་བྱས་ཏེ། རི་ཡ་རི་མ་རིའི་འགྲམ་ཀླུ་བྱང་བྱིང་གསུམ་གྱི་མཚམས་སུ་སྒུག་སྡོད་ཅེས་འཕྲིན་བསྐུར། དེར་ཕེབས་པ་ན་སྐུ་བསྙུང་བས་གནྜི་རྡུངས་གསུངས་པས་གཎ་གཡོག་མ་བྱུང་། དུང་བུས་གསུངས་པས་རྩམ་པའི་སྣོད་དང་འབྲེལ་བས་སུབས། བཙུན་ཆུང་ཞིག་ལ་གཞུང་ཞིག་ཐོན་གསུངས་པས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུང་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་པ་སོགས་བཏོན། ལོ་ཙཱ་བའི་ཐུགས་དགོངས་ལ་མཐུ་འདི་བཟློག་ཐུབ་ཀྱང་དམ་ཚིག་གི་སེལ་དུ་འགྲོའོ་སྙམ་ནས། རྒྱ་མཚོར་འཇུག་པ་གང་ཡིན་པ། །ལྦུ་བ་རྡོས་འདྲ་རབ་ཏུ་འཇིག་པའི་ལུས་འདི་ནི། །རི་མཆོག་འདྲ་བའི་རང་བཞིན་འདིས་ནི་གཏན་ནས་བསླུས། །ཁྱེད་ཀྱང་སྡེ་སྣོད་ཆོས་ལ་སྦྱོངས་ཤིག་རིག་པ་ཡི། །ཆོས་ཉིད་མཐོང་བས་ཚད་མའི་ངེས་ཤེས་སྐྱེ་བར་འགྱུར། །ཞེས་ཐུགས་སྲས་ཀྱི་ཐུ་བོ་ཞང་དང་གྲོ་ལུང་པ་ལ་གསུངས་ཏེ་མ་རིའི་རྩར་མྱ་ངན་ལས་འདས། སྤུར་ཤིང་རྟ་ལ་གདན་དྲངས་ཚེ་ས་གཡོས། འཇའ་འོད་དང་སྒྲ་ཆེན་པོ་བྱུང་། གསང་མདར་གདུང་སྦྱངས་པས་སྟོན་པའི་སྐུ་སོགས་གདུང་རྟེན་ཁྱད་པར་ཅན་མང་དུ་བྱོན་པའོ། །

ཁོང་ལ་སློབ་མ་ལྷ་ས་དང་བསམ་ཡས་སོགས་སུ་ཁྲི་ཕྲག་མང་པོ་ཡོད་པར་གསུངས་པ་ལས། ཟུར་ཁྲིད་ཀྱི་འཆད་ཉན་བྱེད་ཐུབ་པ་ཆིག་སྟོང་བརྒྱད་བརྒྱ་ལྔ་བཅུ་རྩ་ལྔ་ཡོད་པ་ལས། རྒྱན་དང་ཆོས་མཆོག་འཆད་མཁན་ལྔ་བཅུ་རྩ་ལྔ་ཙམ་དང་། རྣམ་ངེས་འཆད་མཁན་བརྒྱ་དང་ལྔ་བཅུ་རྩ་ལྔ་ཡོད་པར་གསུངས་པ་ལས་གྲགས་ཆེ་བ་ནི། ཞང་ཚེ་སྤོང་ཆོས་ཀྱི་བླ་མ་དང་། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས། འབྲེ་ཤེས་རབ་འབར། གངས་པ་ཤེའུ། གོང་བུ་ར་ཅན། ཤམ་པོ་མེ་དིག །མེ་ལྷང་ཚེར། དམར་སྒས་ལང་། རྔོག་སྐྱ་བོ། ཏྲེ་བོ་མཆོག་གི་བླ་མ་སོགས་ཡིན། 

བཀའ་འགྱུར་ལ། འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའི་གཟུངས།  དོན་ཡོད་ཞགས་པའི་རྟོགས་པའི་རྒྱལ་པོ་སོགས་དང་། 

བསྟན་འགྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་སོགས་ཆོས་ཚན་ལྔ་བཅུ་ལྷག་དང་། 

ཁོང་གི་བརྩམས་ཆོས་ལ། 

༡འགྲེལ་ཆུང་དོན་གསལ། ༢ཤེས་རབ་སྙིང་པོ། ༣མདོ་སྡེ་རྒྱན། ༤རྒྱུད་བླ་མ། ༥དབུས་མཐའ་རྣམ་འབྱེད། ༦ཆོས་ཉིད་རྣམ་འབྱེད། ༧དབུ་མ་བདེན་གཉིས། ༨དབུ་མ་རྒྱན། ༩སྤྱོད་འཇུག ༡༠ཚད་མ་རྣམ་ངེས། ཆོས་མཆོག་ཆུང་བ་སྟེ་བཅུ་གཅིག་ལ་རྣམ་བཤད་རེ་དང་དོན་བསྡུས་རེ་བཅས་གཉིས་གཉིས་དང་། 

༡བརྒྱད་སྟོང་འགྲེལ་པ་དང་། ༢དབུ་མ་རྩ་བ་ཤེས་རབ། ༣ཤེས་རབ་སྒྲོན་མེ། ༤དབུ་མ་སྣང་བ། ༥བསླབ་བཏུས། ༦དབུ་མའི་དེ་ཁོ་ན་ཉིད་ལ་འཇུག་པ། ༧ཇོ་བོའི་བདེན་ཆུང་། ༨དབུ་མའི་མན་ངག ༩ཆོས་མཆོག་གི་ཚད་མ་བརྟག་པ་ཆུང་བ་༡༡དེའི་སྐད་གཅིག་མ་འཇིག་པ་གྲུབ་པ་བཅུ་གཅིག་ལ་དོན་བསྡུས་རེ་དང་བསྟོད་འགྲེལ་རེ་བཅས་གཉིས་གཉིས་མཛད། 

འཐད་ལྡན་ཆེ་ཆུང་གཉིས། ཆོས་མཆོག་ཆེན་པོ་དང་དབུ་མའི་ཚིགས་བཅད་བདུན་གྱི་བཤད་པ། གཞན་སེལ་གྱི་སྐབས་ཀྱི་བཤད་པ་རྣམས་མཛད། ཆོས་མཆོག་གི་སེལ་བ་གྲུབ་པ་དང་བྲམ་ཟེ་བདེ་བྱེད་དགའ་བའི་སེལ་བ་གྲུབ་པ། འགྲེལ་བ་གྲུབ་པ་གསུམ་ལ་དོན་བསྡུས་རེ་དང་བསྟོད་འགྲེལ་རེ་བཅས་གཉིས་གཉིས་མཛད། དབུ་མའི་དོན་བསྡུས་པ་དང་། མངའ་རིས་ཀྱི་བཙན་པོར་གསེར་སློང་བའི་སྤྲིང་ཡིག་དང་། སྤྲིང་ཡིག་བདུད་རྩིའི་ཐིག་ལེ། བསྟན་རིམ། བསླབ་བཏུས་ཀྱི་འགྲེལ་བ་དང་། གཞན་ཡང་བཀའ་བསྟན་གྱི་དཀར་ཆག་སོགས་དུ་མ་ཞིག་མཛད་ཡོད་པར་གསུངས་ཀྱང་ད་ལྟ་ང་ཚོས་འཚོལ་སྡུད་ཐུབ་པ་ནི། 

དག་ཡིག་ཉེར་མཁོ་བསྡུས་པ་དང་། ཤེས་རབ་སྙིང་པོའི་འགྲེལ་བ། མངོན་རྟོགས་རྒྱན་གྱི་དཀའ་འགྲེལ་རིན་ཆེན་སྒྲོན་མ། མདོ་སྡེ་རྒྱན་གྱི་དོན་བསྡུས་པ། དབུས་མཐའ་རྣམ་འབྱེད་ཀྱི་དོན་བསྡུས། རྒྱུད་བླ་མའི་འགྲེལ་པ། ཚད་མ་རྣམ་ངེས་ཀྱི་བསྡུས་དོན། ཚད་མ་རྣམ་ངེས་ཀྱི་འགྲེལ་ཆེན། སྤྲིང་ཡིག་བདུད་རྩིའི་ཐིག་པ་བཅས་པ་ཆོས་ཚན་དགུ་ཙམ་ད་ལྟའི་ཆར་མཇལ་རྒྱུ་ཡོད།   

༢༽རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་བོད་རབ་བྱུང་དང་པོའི་ཆུ་སྤྲེལ་སྤྱི་ལོ༡༠༩༢ནས་བོད་རབ་བྱུང་གཉིས་པའི་ལྕགས་སྟག་སྤྱི་ལོ་༡༡༡༠བར་ལོ་བཅོ་བརྒྱད་བར་གདན་ས་མཛད།

༣༽ཞང་ཚེ་སྤོང་ཆོས་ཀྱི་བླ་མ་རྔོག་ལོ་ཆེན་པོ་ཞི་བར་གཤེགས་རྗེས་ཁོང་གི་རྒྱལ་ཚབ་ཏུ་མངའ་གསོལ་ཏེ་བོད་རབ་བྱུང་གཉིས་པའི་ལྕགས་སྟག་སྤྱི་ལོ་༡༡༡༠ནས་ཆུ་ཁྱི་༡༡༤༢བར་གསང་ཕུ་ནེའུ་ཐོག་གི་གདན་ས་ལོ་སུམ་ཅུ་སོ་གཉིས་མཛད།

༤༽གཉལ་བ་རི་ལུས་རབ་བྱུང་གཉིས་པའི་ཆུ་ཁྱི་༡༡༤༢ནས་ཤིང་བྱི་༡༡༤༤བར་གདན་ས་ལོ་གཉིས་མཛད།

༥༽སྟོད་ལུང་པ་རྣམ་པར་བས་རབ་བྱུང་གཉིས་པའི་ཤིང་བྱི་༡༡༤༤ནས་རབ་བྱུང་གསུམ་པའི་ཆུ་སྤྲེལ་༡༡༥༢བར་གདན་ས་ལོ་བརྒྱད་མཛད།

༦༽ཕྱྭ་པ་ཆོས་སེང་གིས་རབ་བྱུང་གསུམ་པའི་ཆུ་སྤྲེལ་༡༡༥༢ནས་ལྕགས་སྟག་༡༡༧༠བར་གདན་ས་ལོ་བཅོ་བརྒྱད་མཛད། (ར)ཁ་ཅིག་ཕྱྭ་པ་ཆོས་སེང་གིས་དང་པོ་ལོ་བཅོ་བརྒྱད་གདན་ས་པ་མཛད། དེ་ནས་གཉལ་དུ་གྲོ་ལུང་པའི་དྲུང་དུ་ལོ་གཉིས་བཞུགས་པས་དེའི་བར་ལ་གདན་ས་པ་མེད། དེའི་རྗེས་སུ་ལོ་བཅུ་བདུན་གདན་ས་པ་གནང་བ་བཅས་སྔ་ཕྱི་དྲིལ་བས་ལོ་སུམ་ཅུ་སོ་ལྔ་གདན་ས་པ་མཛད་ཅེས་པའང་ཡོད་ཅེས་གསུང་།

༧༽རྩེགས་དབང་ཕྱུག་སེང་གེས་རབ་བྱུང་གསུམ་པའི་ལྕགས་སྟག་༡༡༧༠ནས་ཤིང་ལུག་༡༡༧༥བར་ལོ་ལྔ་གདན་ས་པ་མཛད།

༨༽གཙང་པ་འཇམ་དཔལ་སེང་གེས་རབ་བྱུང་གསུམ་པའི་ཤིང་ལུག་༡༡༧༥ནས་ས་སྤྲེལ་༡༡༨༨བར་གདན་ས་ལོ་བཅུ་གསུམ་མཛད། (བ)གཙང་པ་འཇམ་སེང་ཛམ་ཙེན་ནེའི་སློབ་མ་ཡིན་པར་བཤད། (ར)འདིའི་དུས་སུ་གླིང་སྟོད་སྨད་གཉིས་སུ་གྱེས་ཚུལ་ཡང་། ཁ་ཅིག་གཉལ་བ་དད་པ་བཟང་པོ་གཙང་པ་འཇམ་སེང་ལ་མ་འདུན་པས་གྱེས་ཟེར། ཁ་ཅིག་གཙང་པ་འཇམ་སེང་གིས་ཛམ་ཙན་ནེའི་དུས་དབོན་པོ་ཇོ་འཕུར་གྱི་བདག་རྐྱེན་ལ་བརྟེན་ནས་བཤད་གྲྭ་ལོགས་སུ་བཙུགས་པས་གྱེས་ཟེར། (བ)དང་(པ)འདིར་འཛམ་སྟོན་རྡོ་རྗེ་ཤེས་རབ་ཀྱིས་གདན་ས་མཛད་ཟེར་བ་དཔྱད།

༩༽ཞུ་སྟོན་ཧྲལ་མོས་རབ་བྱུང་གསུམ་པའི་སྤྲེལ་༡༡༨༨ནས་ཆུ་གླང་༡༡༩༣བར་ལོ་ལྔར་གདན་ས་པ་མཛད།

༡༠༽བློ་གྲོས་འབར་བས་རབ་བྱུང་གསུམ་པའི་ཆུ་གླང་༡༡༩༣ནས་ས་རྟ་༡༡༩༨བར་ལོ་ལྔར་གདན་ས་པ་མཛད།

༡༡༽གཉལ་ཞིག་(ཤེས་རབ་བླ་མ་ཞེས་པའང་འདུག)འཇམ་དཔལ་རྡོ་རྗེས་རབ་བྱུང་གསུམ་པའི་ས་རྟ་༡༡༩༨ནས་མེ་སྟག་༡༢༠༦བར་ལོ་བརྒྱད་གདན་ས་པ་མཛད། (པ)་ནས་ལོ་༢༨་གདན་ས་མཛད་པར་འདོད་པ་དང་(བ)ལོ་༡༨་བཤད་པ་རྣམས་ལོ་ཚིགས་གུང་སྒྲིག་མི་ཐུབ་པས་ཡིག་ནོར་ཡིན་ནམ་དཔྱད་པར་བྱ།

(བ)(ད)རྒྱལ་བ་སོ་སྟོན་གྱིས་གདན་ས་མཛད་ཅེས་གསུངས་ཀྱང་ལོ་ཚིགས་གུང་སྒྲིག་མི་ཐུབ།

(ཏ)(འདིར་འཛིན་སྟོན་རྡོ་རྗེ་ཤེས་རབ་ཀྱིས་གདན་ས་ལོ་གསུམ་མཛད་ཅེས་འདུག་པས་དཔྱད།

(ཤ)གཉལ་ཞིག་གི་རྗེས་ལ་གཙང་པ་འཇམ་དཔལ་སེང་གེ་དང་། ཛམ་ཙེན་ནེ་གཉིས་ཀྱི་གདན་ས་སོ་སོར་བཟུང་བས་གླིང་སྟོད་སྨད་གཉིས་གྱེས་ཞེས་པ་དེབ་སྔོན་དང་མི་འབྱོར་ཡང་དཔྱད་འཚལ།

༡༢༽རྒྱ་འཆིང་རུ་བ་ཤེས་རབ་དབང་ཕྱུག་གིས་རབ་བྱུང་གསུམ་པའི་མེ་སྟག་༡༢༠༦ནས་རབ་བྱུང་བཞི་པའི་ཤིང་སྤྲེལ་༡༢༢༤བར་ལོ་བཅོ་བརྒྱད་གདན་ས་པ་མཛད།

༡༣༽ཆུ་མིག་པ་སེང་གེ་དཔལ་གྱིས་རབ་བྱུང་བཞི་པའི་ཤིང་སྤྲེལ་༡༢༢༤ནས་རབ་བྱུང་བཞི་པའི་ཆུ་སྟག་༡༢༤༢བར་ལོ་བཅོ་བརྒྱད་གདན་ས་པ་མཛད། (ཤ)གཉལ་ཞིག་གི་ཉིང་སློབ་རྒྱལ་སྲས་ཆུ་མིག་པས་གདན་ས་མ་མཛད་ཀྱང་གླིང་སྟོད་ཀྱི་ཟུར་ཆོས་པ་ཡུན་རིང་མཛད་ཅེས་པར་དཔྱད་པར་བྱ།

༡༤༽ལྡན་མ་གྲགས་པ་རིན་ཆེན་གྱིས་རབ་བྱུང་བཞི་པའི་ཆུ་སྟག་༡༢༤༢ནས་ལྕགས་སྤྲེལ་༡༢༦༠བར་

ལོ་བཅོ་བརྒྱད་གདན་ས་པ་མཛད། (བ)(ར)འདིས་གདན་ས་ལོ་༨་མཛད་ཅེས་གསལ་བ་ཡིག་ནོར་ཤོར་བ་འདྲ།

༡༥༽ལྷོ་བྲག་པ་ཆོས་སེང་(ལྷོ་བྲག་པ་བློ་གྲོས་རྒྱལ་མཚན་ཞེས་པའང་གསལ)གིས་རབ་བྱུང་བཞི་པའི་ལྕགས་སྤྲེལ་༡༢༦༠ནས་རབ་བྱུང་ལྔ་པའི་ཆུ་རྟ་༡༢༨༢བར་ལོ་ཉི་ཤུ་རྩ་གཉིས་ལ་གདན་ས་པ་མཛད། (བ)(ར)ལྷོ་བྲག་པ་བློ་གྲོས་རྒྱལ་མཚན་གྱིས་སྔ་རྟིང་དྲིལ་བས་ལོ་ཉི་ཤུ་རྩ་གཉིས་གདན་ས་མཛད་ཅེས་དང་སྔ་ཕྱིའི་བར་དུ་ཁོང་གི་སློབ་མ་ཉང་སྟོད་པ་ཡེ་ཤེས་མགོན་པོས་ལོ་བདུན་གདན་ས་མཛད་ཅེས་པ་འོག་གི་སོག་དབོན་རིན་ཆེན་མགོན་པོ་དང་མི་གཅིག་ཡིན་ནམ་སྙམ་དཔྱད་པར་བྱ།

༡༦༽སོག་དབོན་རིན་ཆེན་མགོན་པོས་རབ་བྱུང་ལྔ་པའི་ཆུ་རྟ་༡༢༨༢ནས་ས་གླང་༡༢༨༩བར་ལོ་བདུན་གདན་ས་པ་མཛད།

༡༧༽བཙན་དགོན་པ་གཞོན་ནུ་བསམ་གཏན་གྱིས་རབ་བྱུང་ལྔ་པའི་ས་གླང་༡༢༨༩ནས་ས་བྱ་༡༣༠༩བར་ལོ་ཉི་ཤུ་གདན་ས་པ་མཛད།

༡༨༽བླ་བྲང་ཆོས་དཔལ་རྒྱལ་མཚན་པས་རབ་བྱུང་ལྔ་པའི་ས་བྱ་༡༣༠༩ནས་ཤིང་ཡོས་༡༣༡༥བར་ལོ་དྲུག་གདན་ས་པ་མཛད།

༡༩༽ཆོས་གྲགས་གཉིས་པ་གཞོན་ནུ་རིན་ཆེན་པས་རབ་བྱུང་ལྔ་པའི་ཤིང་ཡོས་༡༣༡༥ནས་རབ་བྱུང་དྲུག་པའི་མེ་ཡོས་༡༣༢༧བར་ལོ་བཅུ་གཉིས་གདན་ས་པ་མཛད།

༢༠༽ལྷ་སྟོན་ཞིག་པོའམ་ལྷ་སྟོན་བསོད་ནམས་རྒྱལ་མཚན་པས་རབ་བྱུང་དྲུག་པའི་མེ་ཡོས་༡༣༢༦༧ནས་ཤིང་སྤྲེལ་༡༣༤༤བར་ལོ་བཅུ་བདུན་ལ་གདན་ས་པ་མཛད།

༢༡༽ཡང་རྩེ་པ་ཚུལ་ཁྲིམ་བཟང་པོས་རབ་བྱུང་དྲུག་པའི་ཤིང་སྤྲེལ་༡༣༤༤ནས་ས་གླང་༡༣༤༩བར་ལོ་ལྔ་གདན་ས་པ་མཛད།

༢༢༽ལྷ་ཡུལ་བ་གྲགས་པ་བཤེས་གཉེན་གྱིས་རབ་བྱུང་དྲུག་པའི་ས་གླང་༡༣༤༩ནས་ཆུ་སྟག་༡༣༦༢བར་ལོ་བཅུ་གསུམ་ལ་གདན་ས་པ་མཛད།

༢༣༽བོན་སྟོན་ཤེས་རབ་བཟང་པོས་རབ་བྱུང་དྲུག་པའི་ཆུ་སྟག་༡༣༦༢ནས་ས་བྱ་༡༣༦༩བར་ལོ་བདུན་ལ་གདན་ས་པ་མཛད།

༢༤༽འཇམ་དབྱངས་རིན་ཆེན་གྲགས་པས་རབ་བྱུང་དྲུག་པའི་ས་བྱ་༡༣༦༩ནས་མེ་འབྲུག༡༣༧༦བར་ལོ་བདུན་ལ་གདན་ས་པ་མཛད།

༢༥༽བཀའ་བཞི་པ་ཡོན་ཏན་རྒྱ་མཚོས་རབ་བྱུང་དྲུག་པའི་མེ་འབྲུག་༡༣༧༦ནས་རབ་བྱུང་བདུན་པའི་ལྕགས་རྟ་༡༣༩༠བར་ལོ་བཅུ་བཞི་ལ་གདན་ས་པ་མཛད།

༢༦༽དཀོན་མཆོག་ཚུལ་ཁྲིམས་ཀྱིས་རབ་བྱུང་བདུན་པའི་ལྕགས་རྟ་༡༣༩༠མེ་གླང་༡༣༩༧བར་ལོ་བདུན་ལ་གདན་ས་པ་མཛད།

༢༧༽རིན་ཆེན་རྣམ་རྒྱལ་གྱིས་རབ་བྱུང་བདུན་པའི་མེ་གླང་༡༣༩༧ནས་ས་ཕག་༡༤༡༩བར་ལོ་ཉི་ཤུ་རྩ་གཉིས་ལ་གདན་ས་པ་མཛད།

༢༨༽སངས་རྒྱས་འོད་ཆེན་པས་རབ་བྱུང་བདུན་པའི་ས་ཕག་༡༤༡༩ནས་ཤིང་སྦྲུལ་༡༤༢༥བར་ལོ་དྲུག་ལ་གདན་ས་པ་མཛད།

༢༩༽གྲགས་པ་དཔལ་གྱིས་རབ་བྱུང་བདུན་པའི་ཤིང་སྦྲུལ་༡༤༢༥ནས་ལྕགས་སྤྲེལ་༡༤༤༠བར་ལོ་ལྔ་ལ་གདན་ས་པ་མཛད།

༣༠༽དབེན་དགེ་དཀོན་མཆོག་རྒྱ་མཚོས་རབ་བྱུང་བདུན་པའི་ལྕགས་སྤྲེལ་༡༤༤༠ནས་རབ་བྱུང་བརྒྱད་པའི་མེ་གླང་༡༤༥༧བར་ལོ་བཅུ་བདུན་ལ་གདན་ས་པ་མཛད།

༣༡༽མི་ཉག་རིན་ཆེན་བཟང་པོས་རབ་བྱུང་བརྒྱད་པའི་མེ་གླང་༡༤༥༧ནས་ཟླ་བ་བདུན་ལ་གདན་ས་པ་མཛད།

༣༢༽དཔལ་ལྡན་སེང་གེས་རབ་བྱུང་བརྒྱད་པའི་མེ་གླང་༡༤༥༧ནས་ས་བྱི་༡༤༦༨བར་ལོ་བཅུ་གཅིག་ལ་གདན་ས་པ་མཛད།

༣༣༽ཚོགས་ཆེན་པ་ཀུན་དགའ་དབང་ཕྱུག་གིས་རབ་བྱུང་བརྒྱད་པའི་ས་བྱི་༡༤༦༨ནས་ལྕགས་གླང་༡༤༨༡བར་ལོ་བཅུ་གསུམ་ལ་གདན་ས་པ་མཛད།

༣༣༽གུང་རུ་རིན་ཆེན་བྱང་ཆུབ་ཀྱིས་རབ་བྱུང་བརྒྱད་པའི་ལྕགས་གླང་༡༤༨༡ནས་མེ་སྤྲེལ་༡༤༧༦བར་ལོ་དྲུག་སོང་ཟིན་ཡང་ད་ལྟ་གདན་ས་པ་མཛད་བཞིན་པ་ཞེས་དེབ་སྔོན་ལས་གསུང་། (ར)གུང་རུ་རིན་ཆེན་བྱང་ཆུབ་ཀྱིས་རབ་བྱུང་བརྒྱད་པའི་ལྕགས་གླང་༡༤༨༡ནས་ས་སྤྲེལ་༡༤༨༨ལོ་བདུན་གདན་ས་པ་མཛད་ཅེས་གསལ།

༣༤༽རྩེ་ཐང་པ་ནམ་མཁའ་བརྟན་པ། 

༣༥༽འཆོལ་པ་གྲགས་པ་རྒྱལ་མཚན།

༣༦༽དམྱལ་བ་ཆོས་དཔལ་རྒྱལ་མཚན།

༣༧༽གཙང་ཆོས་ལུང་པ་བསོད་ནམས་ལེགས་མཚོག

༣༨༽ཨ་མདོ་བ་རྡོ་རྗེ་སེང་གེ།

༣༩༽གསང་འབྲོག་པ་རྒྱལ་བ་འོད་ཟེར་ལོ་བཅུ་བདུན།

༤༠༽རྟ་ནག་པ་ནམ་མཁའ་ཆོས་འཕེལ་ལོ་བཅུ་གསུམ།

༤༡༽མངའ་རིས་པ་ལེགས་པ་དོན་འགྲུབ་ལོ་ངོ་བཞི།

༤༢༽གཞུང་པ་ཀུན་དགའ་འོད་སྲུང་ལོ་ལྔ།

༤༣༽ཞ་ལུ་བ་སྨོན་ལམ་དཔལ་ལོ་ངོ་གསུམ།

༤༤༽ཤེས་རབ་ཉི་མ་ལོ་གཅིག

༤༥༽རྩེད་ཐང་པ་བློ་གྲོས་འབྱུང་གནས་ལོ་བཅུ་བདུན།

༤༦༽ཤངས་པ་ཤེས་རབ་བློ་གྲོས་ལོ་ཉི་ཤུ་རྩ་དྲུག་

༤༧༽མངའ་རིས་རཏྣ་རྡོ་རྩ་ལོ་གསུམ།

༤༨༽རྩེས་ཐང་པ་དཔལ་ལྡན་བློ་གྲོས་ལོ་ལྔ།

༤༩༽ཞ་ལུ་བསྟན་པ་རབ་རྒྱས་ལོ་བརྒྱད།

༥༠༽གུང་རུ་འབྲོག་ཁང་པ་བསོད་ནམས་རྒྱལ་མཚན་ལོ་བཅུ་གཅིག

༥༡༽དེ་ནས་ད་ལྟའི་ཆོས་སྨྲ་བའི་བཙུན་པ་རིན་ཆེན་འབྱོར་ལྡན།

གླིང་སྨད་གདན་རབས།

༨༽གཉལ་བ་དད་པ་བཟང་པོས་རབ་བྱུང་གསུམ་པའི་ཤིང་ལུག་༡༡༧༥ནས་ཆུ་སྟག་༡༡༨༢བར་ལོ་བདུན་ལ་གདན་ས་པ་མཛད།

༩༽ཛམ་ཙེན་ནེས་རབ་བྱུང་གསུམ་པའི་ཆུ་སྟག་༡༡༨༢ནས་ས་བྱ་༡༡༨༩བར་ལོ་བདུན་ལ་གདན་ས་པ་མཛད། (ཤ)འདི་གཉིས་ལ་གཞུང་པ་ཁུ་དབོན་ཞེས་བཤད།

༡༠༽ བཟང་པོ་(གཟད་པ)དར་མ་འོད་དང་། བཟང་པོ་(གཟད་པ)དོན་འགྲུབ་གཉིས་ཀྱིས་རབ་བྱུང་གསུམ་པའི་ས་བྱ་༡༡༨༩ནས་རབ་བྱུང་བཞི་པའི་ས་ཡོས་༡༢༡༩བར་ལོ་སུམ་ཅུ་ལ་གདན་ས་པ་མཛད། གདན་རབས་བཅུ་པ་དང་བཅུ་གཅིག་པ་གཉིས་ཀྱི་ལོ་ཚིགས་ཐ་དད་གསལ་པོ་མི་སྣང་།

༡༡༽སློབ་དཔོན་ཇོ་ནམ་གྱིས་རབ་བྱུང་བཞི་པའི་ས་ཡོས་༡༢༡༩ནས་ཤིང་རྟ་༡༢༣༤བར་ལོ་བཅོ་ལྔ་ལ་གདན་ས་པ་མཛད། (བ)འདིར་སློབ་དཔོན་ཇོ་ནམ་མ་བགྲང་བ་ཡི་གེ་ཆད་པ་འདྲ།

༡༢༽རོག་གིས་རབ་བྱུང་བཞི་པའི་ཤིང་རྟ་༡༢༣༤ནང་ཟླ་བ་དྲུག་ལ་གདན་ས་པ་མཛད།

༡༣༽སྒྲོས་རྙིང་པ་འོད་ཟེར་མགོན་པོས་རབ་བྱུང་བཞི་པའི་ཤིང་རྟ་༡༢༣༤ནས་རབ་བྱུང་ལྔ་པའི་ས་སྦྲུལ་༡༢༦༩བར་ལོ་སུམ་ཅུ་སོ་ལྔ་ལ་གདན་ས་པ་མཛད། (པ)གདན་ས་ལོ་གྲངས་སུམ་ཅུ་མཛད་ཅེས་པ་དཔྱད།

ཞང་ཚེ་སྤོང་ཆོས་ཀྱི་བླ་མས་རྔོག་ལོ་གཤེགས་པའི་ཕྱི་ལོ་རབ་བྱུང་གཉིས་པའི་ལྕགས་ཕོ་སྟག་༡༡༡༠ལ་གདན་ས་མཛད་པ་ནས་བཟུང་སྒྲོས་རྙིང་པ་འོད་ཟེར་མགོན་པོའི་གདན་ས་ལོ་སུམ་ཅུ་སོ་ལྔ་ཚང་བ་རབ་བྱུང་ལྔ་པའི་ས་སྦྲུལ་༡༢༦༩བར་ལོ་༡༥༩བྱུང་ནའང་གདན་ས་འཛིན་པ་འགའ་རེའི་ལོ་འགོ་དང་ལོ་སྨད་ལ་ལོ་ཧྲིལ་པོ་བརྩིས་པའི་དབང་གིས་ལོ་གསུམ་དང་གཙང་པ་འཇམ་སེང་གི་ལོ་བཅུ་གསུམ་བཅས་མ་བརྩིས་ན་འཇམ་དབྱངས་ཤཱཀྱ་གཞོན་ནུས་གདན་ས་འཛིན་པའི་ལོ་རབ་བྱུང་ལྔ་པའི་མེ་སྟག་༡༢༦༦ཡིན་ཞེས་དེབ་སྔོན་ལས་གསུང་པ་ལ་ཏག་ཏག་འཁེལ་ཡོད།

༡༤༽འཇམ་དབྱངས་ཤཱཀྱ་གཞོན་ནུས་རབ་བྱུང་ལྔ་པའི་མེ་སྟག་༡༢༦༦ནས་རབ་བྱུང་ལྔ་པའི་ཆུ་སྦྲུལ་༡༢༩༣བར་ལོ་ཉི་ཤུ་རྩ་བདུན་ལ་གདན་ས་པ་མཛད།

༡༥༽རྒྱ་མ་བ་བཀྲ་ཤིས་རྒྱལ་མཚན་གྱིས་རབ་བྱུང་ལྔ་པའི་ཆུ་སྦྲུལ་༡༢༩༣ནས་ལྕགས་གླང་༡༣༠༡བར་ལོ་བརྒྱད་ལ་གདན་ས་པ་མཛད།

༡༦༽གཉལ་པ་ཕྱོགས་ལས་རྣམ་རྒྱལ་གྱིས་རབ་བྱུང་ལྔ་པའི་ལྕགས་གླང་༡༣༠༡ནས་ས་བྱ་༡༣༠༩བར་ལོ་བརྒྱད་གདན་ས་པ་མཛད།

༡༧༽ཡར་འབྲོགས་པ་གཞོན་ནུ་རྒྱལ་མཚན་གྱིས་རབ་བྱུང་ལྔ་པའི་ས་བྱ་༡༣༠༩ལ་ཟླ་བ་གཅིག་གདན་ས་པ་མཛད། (བ)འདིར་ཡར་འབྲོགས་པ་གཞོན་ནུ་རྒྱལ་མཚན་གྱིས་ཟླ་བ་བཅུ་གཉིས་གདན་ས་གནང་བར་བཤད་པ་དཔྱད་པར་བྱ།

༡༨༽རྒྱལ་སྡེ་བ་གཞོན་ནུ་སེང་གེས་རབ་བྱུང་ལྔ་པའི་ས་བྱ་༡༣༠༩ནས་མེ་སྦྲུལ༡༣༡༧བར་ལོ་བརྒྱད་ལ་གདན་ས་པ་མཛད།

༡༩༽གཙང་དཀར་བས་རབ་བྱུང་དྲུག་པའི་མེ་སྦྲུལ༡༣༡༧ནས་ལྕགས་སྤྲེལ་༡༣༢༠བར་ལོ་གསུམ་ལ་གདན་ས་པ་མཛད།

༢༠༽བློ་གྲོས་སེང་གེས་རབ་བྱུང་དྲུག་པའི་ལྕགས་སྤྲེལ་༡༣༢༠རབ་བྱུང་དྲུག་པའི་མེ་གླང་༡༣༣༧བར་ལོ་བཅུ་བདུན་ལ་གདན་ས་པ་མཛད།

༢༡༽དར་དབང་གིས་རབ་བྱུང་དྲུག་པའི་མེ་གླང་༡༣༣༧ནས་ཤིང་སྤྲེལ་༡༣༤༤བར་ལོ་བདུན་ལ་གདན་ས་པ་མཛད།

༢༢༽བླ་མ་ཡེ་ཤེས་ཀྱིས་རབ་བྱུང་དྲུག་པའི་ཤིང་སྤྲེལ་༡༣༤༤ནས་ཤིང་རྟ་༡༣༥༤བར་ལོ་བཅུ་ལ་གདན་ས་པ་མཛད།

༢༣༽ཤེས་རབ་རྒྱལ་མཚན་ཀྱིས་རབ་བྱུང་དྲུག་པའི་ཤིང་རྟ་༡༣༥༤ནས་མེ་བྱ་༡༣༥༧བར་ལོ་གསུམ་ལ་གདན་ས་པ་མཛད།

༢༤༽གཞོན་ནུ་བློ་ལྡན་གྱིས་རབ་བྱུང་དྲུག་པའི་མེ་བྱ་༡༣༥༧ནས་ཆུ་ཡོས་༡༣༦༣བར་ལོ་དྲུག་ལ་གདན་ས་པ་མཛད།

༢༥༽བློ་གྲོས་བརྟན་པས་རབ་བྱུང་དྲུག་པའི་ཆུ་ཡོས་༡༣༦༣མེ་རྟ་༡༣༦༦བར་ལོ་གསུམ་ལ་གདན་ས་པ་མཛད།

༢༦༽ཚད་མ་སྔོན་པོས་རབ་བྱུང་དྲུག་པའི་མེ་རྟ་༡༣༦༦ནས་ལྕགས་ཕག་༡༣༧༡བར་ལོ་ལྔ་ལ་གདན་ས་པ་མཛད།

༢༧༽བསོད་ནམས་འཕེལ་གྱིས་རབ་བྱུང་དྲུག་པའི་ལྕགས་ཕག་༡༣༧༡ནས་རབ་བྱུང་བདུན་པའི་ལྕགས་རྟ་༡༣༩༠བར་ལོ་བཅུ་དགུ་ལ་གདན་ས་པ་མཛད།

༢༨༽སེང་གེ་རྒྱལ་མཚན་གྱིས་རབ་བྱུང་བདུན་པའི་ལྕགས་རྟ་༡༣༩༠ནས་ས་སྟག་༡༤༩༨བར་ལོ་བརྒྱད་ལ་གདན་ས་པ་མཛད།

༢༩༽བསམ་གཏན་བཟང་པོས་རབ་བྱུང་བདུན་པའི་ས་སྟག་༡༤༩༨ནས་ཤིང་བྱ་༡༤༠༥བར་ལོ་བདུན་ལ་གདན་ས་པ་མཛད།

༣༠༽སངས་རྒྱས་རྒྱལ་མཚན་གྱིས་རབ་བྱུང་བདུན་པའི་ཤིང་བྱ་༡༤༠༥ནས་ཤིང་ལུག་༡༤༡༥བར་ལོ་བཅུ་ལ་གདན་ས་པ་མཛད།

༣༡༽བརྩོན་འགྲུས་སེང་གེས་རབ་བྱུང་བདུན་པའི་ཤིང་ལུག་༡༤༡༥ནས་ལྕགས་གླང་༡༤༢༡བར་ལོ་དྲུག་ལ་གདན་ས་པ་མཛད།

༣༢༽གྲ་ཆུང་པ་ཡོན་ཏན་རྒྱ་མཚོས་རབ་བྱུང་བདུན་པའི་ལྕགས་གླང་༡༤༢༡ནས་མེ་རྟ་༡༤༢༦བར་ལོ་ལྔ་ལ་གདན་ས་པ་མཛད།

༣༣༽གསང་མདའ་བ་སངས་རྒྱས་ཆོས་སྐྱོང་གིས་རབ་བྱུང་བདུན་པའི་མེ་རྟ་༡༤༢༦ནས་རབ་བྱུང་བརྒྱད་པའི་ལྕགས་སྤྲེལ་༡༤༤༠བར་ལོ་བཅུ་བཞི་ལ་གདན་ས་པ་མཛད།

༣༤༽ད་ལྟའི་ཤེས་རབ་དཔལ་ལྡན་རབ་བྱུང་བརྒྱད་པའི་ལྕགས་སྤྲེལ་༡༤༤༠ལ་གདན་སའི་ཁྲི་འཛིན་གནང་བཞིན་པ་ཞེས་དེབ་སྔོན་ལས་སོ། (ར)(གླིང་སྨད་པ་ཤེས་རབ་དཔལ་ལྡན་རབ་བྱུང་བརྒྱད་པའི་ལྕགས་སྤྲེལ་༡༤༤༠ནས་ཆུ་ཕག་༡༤༤༣བར་ལོ་གསུམ་ལ་གདན་ས་པ་མཛད)

༣༥༽གཙང་པ་སངས་རྒྱས་བཟང་པོ།

༣༦༽རྗེ་དབོན་བློ་བཟང་ཉི་མ།

༣༧༽ཤངས་དགེ་འཕེལ་བ་ཕྱོགས་ལ་འོད་ཟེར་ལོ་བཅུ་གཉིས།

༣༨༽གསང་མདའ་ཆོས་རྒྱལ་ལོ་གཅིག

༣༩༽སྟག་སྟོན་ཀུན་དགའ་དཔལ་འབྱོར་གྱིས་ལོ་བཅུ་གསུམ།

༤༠༽ར་ལུང་པ་ཡོན་ཏན་ཆོས་འཕེལ་ལོ་བཅུ་གསུམ།

༤༡༽རྩེད་ཐང་པ་ལྷ་དབང་དཔལ་འབྱོར་ལོ་བཅུ་དྲུག

༤༢༽མངའ་རིས་པ་བསོད་ནམས་དཔལ་བཟང་ལོ་དྲུག

༤༣༽བྱམས་པ་གླིང་པ་དང་ཆོས་གྲགས་ལོ་གཉིས།

༤༤༽གསང་མདའ་བསམ་འགྲུབ་དཔལ་བཟང་ནི་ད་ལྟའི་གདན་ས་བ་ཡིན་ལ་འདི་དག་ནི་གླིང་སྨད་ཀྱི་གདན་རབས་ཡིན་ནོ། །

དེ་ལྟར་གསང་ཕུའི་ཆོས་སྡེ་ཆེན་པོ་འདི་ནི་རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་གྲྭ་ཆེན་པོ་དཔལ་ན་ལེནྡྲའི་བསྟན་པ་ཉམས་འགོ་བརྩམས་པའི་དུས་ཙམ་ལ། ཆོས་སྡེ་ཆེན་པོ་དེའི་བསྟན་པའི་མེ་སོན་ཆུང་ངུ་ཞིག་བྱང་ཕྱོགས་ཁ་བའི་ཡུལ་དུ་རིམ་གྱིས་ན་སྨིན་ཏེ། རྟོན་པ་བཞི་གོ་རིམ་མ་ལོག་པར་རིགས་པ་གཙོ་བོར་སྟོན་པའི་མཚན་ཉིད་ཀྱི་བཤད་གྲྭ་ཆེན་པོ་ཞིག་ཆགས་ནས་ན་ལེནྡྲའི་སྙིང་སྟོབས་སླར་ཡང་གསལ་བར་བྱས་པ་ཞིག་སྟེ།  དེ་ཡང་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །བརྟག་པར་བྱ་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན།  །ཞེས་པ་ལྟར་གང་ཟག་གཙོ་བོར་མི་འཛིན་པར་གནས་ལུགས་གཙོ་བོར་འཛིན་པ་དང་།  ལུང་གཙོ་བོར་མི་འཛིན་པར་རིགས་པ་གཙོ་བོར་འཛིན་པའི་སློབ་གསོའི་ལམ་ལུགས་བཟང་པོ་ཞིག་ཆགས་ནས།   ཕ་ལས་བུ་བཟང་བ་དང་།  བུ་ལས་ཚ་བོ།  ཚ་བོ་ལས་ཡང་ཚ་བཟང་བ་ཞེས་པའི་དཔེ་ལྟར་རྩོད་འཆད་རྩོམ་པ་ལ་བག་ཚ་བ་མེད་པར་རིགས་པའི་སེང་ཕྲུག་མང་པོ་ཞིག་གིས་བོད་ཡུལ་གང་སར་ཁྱབ་པ་སྟེ། བོད་བརྒྱུད་ནང་བསྟན་ནི་ཆོས་ལུགས་ཙམ་མ་ཡིན་པར་མཚན་ཉིད་རིག་པའི་གཞུང་ལུགས་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་གི་ལམ་ནས་ད་ལྟའི་བར་དུ་ཅི་རིགས་ནས་བརྒྱུད་འཛིན་བྱས་ཡོད་ཅིང་།   ལྷག་པར་དུ་ཆོས་གྲྭ་ཆེན་པོ་དེའི་ནང་ནས་ཕྲིན་ལས་ཉི་ཟླ་་དང་མཉམ་ཞིང་རིགས་ལམ་ལ་ཐོགས་པ་མེད་པའི་སྤོབས་པ་མངོན་པར་མཐོ་བ། ན་ལེནྡྲའི་པཎ་ཆེན་རྣམས་ཀྱིས་བསྟན་པ་རྒྱན་ལ་བཞག་ནས་ཕྱི་རོལ་པ་དང་རྩོད་པའི་སྙིང་སྟོབས་མངའ་བ་ནང་བཞིན།  དབུ་ཚད་ཀྱི་རིགས་པ་སྨྲ་བ་འགྲན་ཟླ་དང་བྲལ་བ་ཕྱྭ་པ་ཆོས་ཀྱི་སེངྒེ་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་དོན་ཕྱིན་ཅི་མ་ལོག་པར་འཆད་སྤེལ་ལ་སྤོབ་པ་རྣམ་པར་དགེ་བ། གཉལ་ཞིག་ཤེས་རབ་བླ་མ་གཉིས་ཀྱི་སློབ་བརྒྱུད་ཡང་རྒྱུད་དང་བཅས་པས་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་རྒྱ་ཆེར་གསལ་བར་བྱས་པ་ཞིག་སྟེ། དེ་ཡང་སློབ་དཔོན་ཕྱྭ་པས་དབུ་མ་རང་རྒྱུད་ཀྱི་གཞུང་བཟུང་ནས་སློབ་དཔོན་ཟླ་བ་གྲགས་པའི་ལུགས་ལ་ཉེས་ཆེན་བརྒྱད་ཀྱིས་དགག་པ་མ་ཟད། དེ་དུས་ཙམ་ན་དཔལ་ལྡན་ཟླ་བའི་ཞབས་ཀྱི་དབུ་མའི་དགོངས་པ་འགྲེལ་པ་ལ་ཟླ་དང་བྲལ་བའི་པཎྜི་ཏ་ཆེན་པོ་ཛཱ་ཡ་ཨ་ནནྟ་ཡང་རྩོད་པས་ཕམ་པར་བྱས་པ་དང་།   རྔོག་ལོ་ཆེན་པོའི་བཞེད་པའི་འཛིན་མཚམས་ཕྲན་ཚེགས་དག་ལ་ཡང་དགག་པ་མང་པོ་མཛད་པ་དང་། རང་སློབ་སེང་ཆེན་བརྒྱད་ཀྱིས་ཀྱང་ཕྱྭ་པའི་བཞེད་པ་ལ་རིགས་ལམ་ནས་མི་འདོད་པའི་དགག་བཞག་ཅི་རིགས་བྱས་པ་སོགས།  རིགས་ལམ་གུ་ཡངས་ཀྱི་སློབ་གསོའི་སྒྲིག་གཞི་མ་ལག་ཅིག་ཆགས་ཡོད་པ་ཞིབ་ཕྲ་གཞན་ལས་ཤེས། དེ་ལྟར་རིགས་ལམ་རང་ཚུགས་ཐུབ་པའི་མཁས་པ་ཆེན་པོ་དེའི་སློབ་མ་སེང་ཆེན་བརྒྱད་སོགས་ཀྱི་དབུ་ཚད་ཀྱི་བསྟན་པ་ཁྱབ་བརྡལ་དུ་སྤེལ།    

ཡང་ཤེར་ཕྱིན་གྱི་བསྟན་པ་ཁྱབ་བརྡལ་དུ་སྤེལ་བའི་སློབ་དཔོན་ཆེན་པོ་གཉལ་ཞིག་ཤེས་རབ་བླ་མའམ་འཇམ་དཔལ་རྡོ་རྗེ་ཡང་། བཅོམ་ལྡན་འདས་ཀྱིས་རང་གི་བཀའ་ལའང་བརྟག་དཔྱད་བྱ་ཆོག་པར་གསུང་པ་བཞིན། རིགས་པས་གྲུབ་ན་རང་ཉིད་ནོར་བའང་ཁས་ལེན་ནུས་པ་མ་ཟད་རིགས་ལམ་ནས་བདེན་དོན་རྙེད་ན་སློབ་མའང་རང་ལས་མཁས་པར་ཁས་ལེན་ཕོད་པའི་བློ་སྟོབས་ཅན་ཞིག་སྟེ། ཉིན་ཞིག་ལ་རང་གི་སློབ་མ་ཤེས་རབ་འོད་ཟེར་དང་ཕྱོགས་ཆོས་དཔེ་ལ་འགྲོ་མི་འགྲོའི་སྐོར་ལ་འདོད་པ་མི་མཐུན་པ་བྱུང་སྟེ། ཉི་མ་དམར་ཐག་ཆོད་པ་གསུམ་ཙམ་གྱི་རིང་རྩོད་པ་བྱས་མཐར་སློབ་མ་ཤེས་རབ་འོད་ཟེར་རྒྱལ་བས། གཉལ་ཞིག་རང་གིས་ཕམ་པ་ཁས་བླངས་པ་མ་ཟད་འདུས་པ་སྤྱི་ལ་ཇ་ཟངས་ཆེན་ཉི་ཤུ་བསྐོལ་ནས་གསོལ་སྟོན་དང་། སློབ་མ་ཤེས་རབ་འོད་ཟེར་ལ་དར་ཡུག་ཞིག་ཕུལ་ནས། གནད་དོན་འདིའི་ཐད་ང་ལ་འཇམ་དཔལ་དང་མཉམ་པའི་སྤོབས་པ་ཡོད་རུང་ད་ང་བས་ཁྱོད་ཤེས་རབ་ཆེ་བར་འདུག་པས་འཇམ་དཔལ་རང་རེད་འདུག །ཅེས་བསྔགས་བརྗོད་དང་འབྲེལ་མཚན་ཡང་འཇམ་གསར་བ་ཤེས་རབ་འོད་ཟེར་ཞེས་གསོལ་བ་སོགས། རིགས་ལམ་དང་གནས་ལུགས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་། གནས་ལུགས་ལ་ཐུག་དུས་བདེན་དོན་ཁས་ལེན་ཐུབ་པའི་སྤོབས་པ་ཡོད་པའི་སློབ་སྲོལ་བཟང་པོ་དེ་ནི་གསང་ཕུའི་སྙན་གྲགས་དང་ཕྲིན་ལས་རྒྱས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།  དེང་སང་ནུབ་གླིང་དུ་སློབ་དཔོན་གྱི་བཞེད་པ་ལ་སློབ་མས་རིགས་ལམ་ནས་དོགས་གཅོད་དང་འབྲེལ་མཐུན་པ་སྒྲུབ་མི་མཐུན་པ་དགག་སྟེ་རང་ཉིད་ཀྱི་རིག་གཞུང་གི་ལྟ་བ་རང་ཚུགས་ལྡན་པ་འདོན་པའི་ལམ་སྲོལ་ཡོད་པར་ཐོས་པ་དེ་ནང་བཞིན། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་ཙམ་ལ་གསང་ཕུའི་ཆོས་གྲྭར་དངོས་སུ་ལག་བསྟར་བྱུང་ཡོད་ལ། ལྷག་པར་དུ་ཕྱྭ་པ་ཆོས་སེང་དང་གཉལ་ཞིག་ཤེས་རབ་བླ་མ་སློབ་རྒྱུད་དང་བཅས་པའི་སྐབས་སུ་ཆེས་དར་སྲོལ་ཆེ་བའི་སྒང་ཡིན་པ་གསལ་པོ་མངོན་གྱི་ཡོད།   སྤྱིར་དགེ་རྒན་ལས་ལྷག་པའི་དགེ་ཕྲུག་ཅིག་ཡོང་ཆོག་པ་དང་ཡོང་སྲིད་པ་ཞིག་སྟེ།  དེ་ནི་སློབ་གསོའི་ཁོར་ཡུག་བཟང་ངན་དང་ལྷག་བསམ་གུ་ཡངས་ཅན་གྱི་དགེ་རྒན་གྱི་ལམ་སྟོན་ལ་རག་ལས་ཡོད།   སྔར་གྱི་དུས་སུ་ནཱ་ལེནྡྲའི་པན་གྲུབ་ཀྱི་གྲས་སློབ་དཔོན་དབྱིག་གཉེན་ལ་སློབ་མ་རང་ལས་མཁས་པ་བཞི་བྱོན་པ་དང་། བོད་དུའང་དེ་འདྲ་བྱུང་བ་ནི་རིགས་གཞུང་ཡར་རྒྱས་དང་ཆེད་ལས་ཅན་དུ་འགྱུར་བའི་ངང་ཚུལ་བཟང་པོ་ཞིག་ཡིན།   དེ་འདྲའི་རིགས་ལམ་གྱི་སྲོལ་བཟང་པོ་རིམ་གྱིས་ཉམས་ཏེ་ད་ལྟའི་ཆར་ནི་ཚྭ་ཚྭ་བརྐོས་ཕོར་ནས་ཕྱུངས་པ་ཞེས་དགེ་རྒན་དགེ་ཕྲུག་ཨ་ན་མ་ན་ཡིན་དགོས་པ་དང་། དགེ་རྒན་གྲུབ་མཐའ་གང་ཡིན་ན་དགེ་ཕྲུག་དེའི་རྗེས་སུ་གཞུག་དགོས་པ་ལས་གཞན་དུ་ན་དམ་ཉམས་སུ་འགྱུར་འགྲོ་བ་དང་།  དགེ་རྒན་ལས་ལྷག་པའི་སློབ་མ་ཡོད་མི་ཆོག་པ་ལྟ་བུ་དང་།   སློབ་མས་དགེ་རྒན་ལ་དྲི་བ་དཀའ་ཚེགས་ཅན་ཞིག་ཀྱང་འདོན་མི་ཆོག་ལྟ་བུར་གྱུར་ནས་བླ་མའམ་དགེ་རྒན་ནི་ཡོད་ཚད་ཀྱི་བྱེད་པ་པོ་ལྟ་བུར་བརྩི་བ་མ་ཟད། ཐོབ་དང་དབང་ཤུགས་ཀྱིས་འོག་ནས་རིགས་གཞུང་མགོ་འབུར་མ་བཅུག་པས། གནའ་སྲོལ་གྱི་རིགས་ལམ་བཟང་པོ་དག་ཉམས་ཤིང་མུ་མཐུད་འཕེལ་རྒྱས་ཀྱི་བཟང་བསྐྱེད་མེད་པ་སྔར་ཡོད་ཀྱི་དགོངས་པ་དག་ཨ་འགྲེལ་ཡང་འགྲེལ་རིལ་མལ་རིལ་རྒྱུགས་ཀྱི་ལམ་དུ་ཕྱིན་ཡོད་པས།    ད་ལྟའི་ཆར་ང་ཚོའི་མཁས་མཁས་རྫིག་རྫིག་ག་ཚོད་བཤད་ཀྱང་། མཛོ་ཕོ་གདང་ལ་བཏགས།  རིན་ཐང་མི་ཡིས་རྒྱག་ཅེས་པ་ལྟར་ཕྱི་མིས་དཔྱད་ངོ་ན། བོད་བརྒྱུད་ནང་བསྟན་ནི་སངས་རྒྱས་ཆོས་ལུགས་ཤིག་མ་ཡིན་པར་རྩ་དོན་བོར་ནས་ཡལ་ག་འཛིན་རྒྱུར་དགའ་ཞིང་། དབང་རྟུལ་དད་པའི་རྗེས་འབྲང་གི་བླ་མའི་ཆོས་ལུགས་ཤིག་ཡིན་པར་ངོས་འཛིན་བྱ་དགོས་ཁེལ་བ་འདི་རེད་ལ།   དེ་བཞིན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཞྭ་མོ་ཆོས་གོས་བ་དན་བླ་བྲེ་དང་། ཟ་རྒྱུ་འཐུང་རྒྱུའི་མཆོད་པ་ཚོགས་འཁོར་སོགས། འ་ཅག་རྣམས་ཀྱིས་ཅི་དང་ཅི་བྱེད་པ། ཡ་མཚན་ལྟད་མོ་ཙམ་ལས་གཞན་མ་མཐོང་། ཞེས་དང་།   སེངྒེ་ཁྱི་ཡི་གཡོག་ཏུ་གྱུར་ཚུལ་འདི་སྐྱོ་བ་ཞེས་སོགས་འུ་ཐུག་པའི་སྨྲེ་ངག་འདོན་དགོས་ཁེལ་བ་རེད།   མ་གཞི་ནས་སྔར་མེད་གསར་གཏོད་མ་ཐུབ་ནའང་སྔར་སྲོལ་བཟང་པོ་རྒྱུན་འཛིན་ཙམ་ཡང་མི་འདོད་པ་ནི་རིག་གནས་པའི་རུལ་སུངས་ཞིག་ཅི་ལ་མིན།  ཡང་གསང་ཕུའི་ཆོས་གྲྭ་འདི་ལོ་ལྔ་བརྒྱ་ལྷག་ཙམ་གྱི་རིང་འཕྲིན་ལས་རྒྱས་པའི་བརྒྱུད་རིམ་ནང་གསེར་དངུལ་གྱི་སྐུ་རྟེན་སོགས་འཛུགས་བསྐྲུན་གྱི་དངོས་པོ་གང་ལ་ཡང་གཙིགས་ཆེན་མ་གནང་བ་མ་ཟད། ཐ་ན་སློབ་ཁང་ཡག་པོ་ཙམ་ཡང་མེད་པར་བྲག་རྩ་དང་གད་ཁུག་ཏུ་རིག་གཞུང་གཙོར་འཛིན་གྱིས་སློབ་གཉེར་གནང་ཚུལ་སོགས་སྤྲོ་བ་འཕེལ་བའི་ལོ་རྒྱུས་མང་པོ་ཡོད་པ་དང་།  བསྟན་པ་སྔ་དར་ནས་བརྒྱུད་པའི་དབུ་ཚད་ཕལ་འདུལ་ཀྱི་བཤད་རྒྱུན་དང་ཕྱིས་སུ་རྔོག་བློ་ལྡན་ཤེས་རབ་ཀྱི་ཁ་ཆེ་ནས་བརྒྱུད་པ་ཟུང་དུ་འབྲེལ་ཚུལ་སོགས་ཞིབ་བཤད་དགོས་པ་མང་རུང་ལས་བྲེལ་གྱི་དབང་གིས་དེ་ཙམ་མོ།   གཉལ་ཞིག་གི་སློབ་མ་བུ་དགུ་ཡིས་ཤེར་ཕྱིན་གྱི་བཤད་སྲོལ་ཁྱབ་བརྡལ་དུ་སྤེལ་བ་ནི་འོག་ནས་འབྱུང་བའི་རྣམ་ཐར་དངོས་ལས་ཤེས།

3
ཕྱྭ་པ་ཆོས་ཀྱི་སེང་གེ། 1109–1169

ཕྱི་དར་བསྟན་པའི་འབྱུང་གནས་དཔལ་ལྡན་གསང་ཕུ་ནེའུ་ཐོག་གི་མཁན་རབས་དྲུག་པ་ཕྱྭ་པ་ཆོས་ཀྱི་སེང་གེ་མཆོག་ནི་བོད་རབ་བྱུང་གཉིས་པའི་ས་མོ་གླང་སྤྱི་ལོ་1109ལ་ཡུལ་དབུས་ཀྱི་ཆ་སྟག་རྩེ་རྫོང་ཁོངསཕྱྭ་ཞེས་པའི་སར་སྐུ་འཁྲུངས། ཁོང་ལོ་ན་གཞོན་པའི་དུས་སུ་ཐུགས་རིག་ཤིན་ཏུ་བཟང་བས་རྩེ་རའི་ནང་དུ་ཡང་། ཀུན་བཏགས་ཀྱི་རྩེ་མོ་རྩེས་རྩེས་ནས། །གཞན་དབང་གི་ལྕི་བ་མ་བཏུས་ན། །ཡོངས་གྲུབ་ཀྱི་ཨ་མས་བརྡུང་དུ་འོང་། །ཞེས་པའི་གླུ་དབྱངས་ལེན་པ་སོགས་ངོ་མཚར་བའི་མཛད་སྤྱོད་ཀྱི་སྙན་པ་དགེ་བཤེས་རྒྱ་དམར་བ་བྱང་ཆུབ་གྲགས་ཀྱིས་གསན་ཏེ། ཕ་མ་ལས་བསླངས་ནས་ཞབས་ཕྱི་ལ་ཉར་གནང་མཛད་པ་བརྒྱུད། རྒྱ་དམར་བའི་མདུན་ནས་དབུ་ཚད་བྱམས་ཆོས་སོགས་ལ་སྦྱང་པ་མཛད། ཞང་ཚེ་སྤོང་ཆོས་ཀྱི་བླ་མ་ལས་རབ་ཏུ་བྱུང་སྟེ་མཚན་ཆོས་ཀྱི་སེང་གེ་ཞེས་གསོལ། ཁོང་དང་ཁོང་གི་སློབ་མ་ཉང་བྲན་ཆོས་ཀྱི་ཡེ་ཤེས་གཉིས་ཀྱི་མདུན་ནས། ཕར་ཕྱིན་དང་བསླབ་བཏུས་སྤྱོད་འཇུག་སོགས་མདོ་ཕྱོགས་ཀྱི་གཞུང་ལུགས་ཀུན་ལ་གསན་བསམ་དཔྱིས་ཕྱིན་པ་མཛད། བྱ་འདུལ་འཛིན་བརྩོན་འགྲུས་འབར་ལས་བསྙེན་པར་རྫོགས་ཏེ་འདུལ་བའི་གཞུང་ལུགས་མཐའ་དག་ལ་སྦྱང་པ་མཛད་དེ་སོར་མདོ་དང་། འདུལ་བ་འོད་ལྡན་གྱི་འགྲེལ་བ། དགེ་ཚུལ་གྱི་བསླབ་བྱ་སོགས་འདུལ་བའི་དགོངས་འགྲེལ་གྱི་བསྟན་བཅོས་མང་པོ་མཛད། དེ་ནས་དགུང་ལོ་ཉེར་གསུམ་ཙམ་ལ་སྐྱེས་སྟོབས་ཀྱི་ཤེས་རབ་ལ་ལྷག་པའི་ལྷའི་བྱིན་རླབས་ཞུགས་པས། རིག་པའི་རྣམ་དཔྱོད་ཀྱི་མཐུ་ཐོགས་པ་མེད་པ་ཞིག་བརྙེས་ནས་དབུ་ཚད་བྱམས་ཆོས་སོགས་ཀྱི་གཞུང་འགྲེལ་མང་པོ་བརྩམས་ཏེ་མཚན་སྙན་ཤིན་ཏུ་རྒྱས། དེ་ནས་རབ་བྱུང་གསུམ་པའི་ཆུ་སྤྲེལ་༡༡༥༢ནས་ལྕགས་སྟག་༡༡༧༠བར། གསང་ཕུ་ནེའུ་ཐོག་གི་གདན་རབས་དྲུག་པ་གནང་ནས། རིན་ཆེན་འབྱོར་ལྡན་གྱི་གསང་ཕུའི་གདན་རབས་ལས། ཁ་ཅིག་ཕྱྭ་པ་ཆོས་སེང་གིས་དང་པོ་ལོ་བཅོ་བརྒྱད་གདན་ས་མཛད། དེ་ནས་གཉལ་དུ་གྲོ་ལུང་པའི་དྲུང་དུ་ལོ་གཉིས་བཞུགས་པས་དེའི་བར་ལ་གདན་ས་པ་མེད། དེའི་རྗེས་སུ་སླར་ཡང་ལོ་བཅུ་བདུན་གདན་ས་པ་གནང་བ་བཅས། སྔ་ཕྱི་དྲིལ་བས་ལོ་སུམ་ཅུ་རྩ་ལྔ་གདན་ས་མཛད་པར་འདོད་པ་ཡོད་པར་གསུངས་ཀྱང་ལོ་ཚིགས་གོང་འོག་སྒྲིག་མི་ཐུབ་པས་དཔྱད་པར་བྱ་བའོ། །ལོ་བཅོ་བརྒྱད་རིང་གདན་ས་བསྐྱངས་ཏེ་རིགས་ལམ་བྱང་བའི་ཆེད། ཚད་བསྡུས་དང་དབུ་བསྡུས་ཀྱི་སྲོལ་ཐོག་མར་ཕྱེས་ཏེ། ཚད་མ་བསྡུས་པ་ཡིད་ཀྱི་མུན་སེལ་རང་འགྲེལ་དང་བཅས་པ། ཡིད་ཀྱི་མུན་སེལ་རྐྱང་པ་གཉིས་བརྩམས་ཏེ། དམ་བཅའ་བ་དེ་ཚོགས་པའི་དབུས་སུ་བཞུགས་ཏེ་རྣམ་ཐར་སྒོ་བཞིའི་ལན་འདེབས་ཚུལ་དང་། རྟགས་གསལ་བ་ཚོགས་པའི་དཀྱིལ་ནས་ལངས་ཏེ་དྷི་ཆོས་ཅན་ཞེས་ཐལ་འགྱུར་འཕེན་པའི་སྒོ་ནས་རྟགས་གསལ་བཙུགས་ཏེ་ཁྱབ་མཐའ་འགོད་པ། རྒྱུ་མཚན་དྲི་བ། ཚ་འཁོར་གསུམ་རྒྱག་པ་སོགས་ཀྱིས་སློབ་གཉེར་གྱི་ལམ་སྲོལ་གསར་པ་ཞིག་ཕྱེས་པས། ཚད་མའི་རིགས་ལམ་གྱི་སྒོ་ནས་དབུ་ཚད་བྱམས་ཆོས་སོགས་ཀྱི་སློབ་གཉེར་ལ་འཕེལ་རྒྱས་འགྲོ་བའི་སྐུལ་ལྕག་ཆེན་པོ་བྱུང་། གསང་ཕུའི་གདན་ས་མཛད་རྗེས་ཞང་གྲོ་ལུང་པའི་ཞབས་སུ་འབད་པ་ཆེན་པོའི་བཏུགས་ཏེ། རྔོག་ལོའི་ཁ་ཆེ་ནས་བརྒྱུད་པ་ཕར་ཕྱིན་གཙོ་བོར་གྱུར་པའི་མདོ་ཕྱོགས་ཀྱི་བཤད་རྒྱུན་རྣམས་ལ་ཁུངས་ཐུབ་ཀྱིས་ཞུན་ཐར་བཅད་དེ་གསན། སྤྱིར་ཁོང་གིས་གཞུང་ལུགས་བཞི་བཅུ་ཙམ་གྱི་རྣམ་བཤད་མཛད་ཅིང་གྲུབ་མཐའི་སྤྱི་ཁོག་རྔོག་ལོ་དང་མཐུན་ཀྱང་། ཁོང་ནི་རིགས་ལམ་ལ་ཞིབ་ཆ་ཆེ་བས་གནས་སྐབས་འཛིན་མཚམས་ཕྲན་ཚེགས་ལ་ཡང་དགག་པ་མང་པོ་མཛད།  རྡུལ་ཕྲན་ཐུག་མེད་དང་སྟོང་ཉིད་བདེན་གྲུབ་ཏུ་བཞེད་པར་གྲགས།  སློབ་དཔོན་ཟླ་བ་གྲགས་པའི་ལུགས་ལ་ཉེས་ཆེན་བརྒྱད་སོགས་ཀྱི་དགག་པ་ཡང་མང་པོ་མཛད་པས། རྒྱ་གར་དུ་ཡང་དཔལ་ལྡན་ཟླ་བའི་ལུགས་ཀྱི་དབུ་མ་བོད་དུ། ཕྱྭ་པ་ཆོས་སེང་གིས་དར་རྒྱས་མ་བཅུག་པའི་གྲགས་གཡེར་ཆེན་པོ་བྱུང་སྟེ། སྐབས་དེ་དུས་ཙམ་ན་དཔལ་ལྡན་ཟླ་བའི་ཞབས་ཀྱི་དབུ་མའི་དགོངས་པ་འགྲེལ་བ་ལ་འགྲན་ཟླ་དང་བྲལ་བ། པཎྜི་ཏ་ཛཱ་ཡ་ཨ་ནནྟ་བོད་དུ་ཕེབས་ནས་རྩོད་པ་མཛད་པས་ཕྱྭ་པ་ཆོས་སེང་རྩོད་པས་མ་ཐུབ་ནས། པཎྜི་ཏ་ཕམ་སྟེ་ཞལ་སྐྱེངས་གནང་ནས་བོད་དུ་བཞུགས་མ་ནུས་པར། རྒྱ་ནག་ཏུ་ཕེབས་ཏེ་ལོ་གསུམ་རིང་འཇམ་དབྱངས་ཀྱི་སྒྲུབ་པ་མཛད་དེ་བཞུགས། དེ་རྗེས་སྤོབས་པ་ཅུང་ཟད་རྙེད་དེ་སླར་ཡང་བོད་དུ་ཕེབས་ཏེ་ཕྱྭ་པ་དང་རྩོད་པའི་ཤགས་འགྱེད་པར་དགོངས་ཀྱང་། བོད་རབ་བྱུང་གསུམ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ་1169ཕྱྭ་པ་ཞི་བར་གཤེགས་ཟིན། དུང་དཀར་རིན་པོ་ཆེས་ཕྱྭ་པའི་རྣམ་ཐར་གཙང་ནག་པས་མཛད་པ་ཞིག་གཟིགས་ཚུལ་གསུངས་འདུག་ཀྱང་གང་ནས་གཟིགས་པ་མ་ཤེས་པས་ང་ཚོས་མཇལ་རྒྱུ་མ་རྙེད། ཁོང་གིས་གསང་ཕུའི་གདན་ས་མཛད་སྐབས་སློབ་མ་དཔེ་འགྲེམས་པ་ལྔ་སྟོང་ལྷག་ཙམ་བྱུང་བའི་ནང་ནས་གཙོ་བོ་གྲུབ་ཐོབ་མི་གསུམ་སྟེ། ཀརྨ་པ་དུས་གསུམ་མཁྱེན་པ། ཕག་མོ་གྲུབ་པ། གསལ་སྟོང་ཤྭ་སྒོམ་གསུམ་དང་། ཇོ་སྲས་བཞི་ནི་འཁོན་ཇོ་སྲས་རྩེ་མོ་དང་། རྔོག་སྲས་ར་མོ། ཁུ་ཇོ་སྲས་ནེ་ཙོ། གཉོས་ཇོ་སྲས་དཔལ་ལེ་བཞི་དང་། ཤེས་རབ་ཅན་བཞི་ནི། མགར་དབང་གྲུབ་དང་། ཀོང་པོ་འཇག་ཆུང་། ལྷོ་བ་སྒོག་ཟན། སྤར་ཕུ་བ་བློ་གྲོས་སེང་གེ་དང་བཞི། འཇད་པ་སྟོན་སྐྱབས་དང་། རྡོ་རྗེ་འོད་ཟེར། ཞང་གཡུ་བྲག་པ། ཕག་མོ་གྲུབ་པ་རྡོ་རྗེ་རྒྱལ་པོ་སྟེ་གྲུབ་པ་ཐོབ་པའི་མི་བཞི། སེང་ཆེན་བརྒྱད་ནི། གཙང་ནག་པ་བརྩོན་འགྲུས་སེང་གེ་དང་། དན་བག་པ་སྨྲ་བའི་སེང་གེ། བྲུ་ཤ་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ། རྩེགས་དབང་ཕྱུག་སེང་གེ། ཉང་བྲན་ཆོས་ཀྱི་སེང་གེ། ལྡན་མ་དཀོན་མཆོག་སེང་གེ། གཉལ་བ་ཡོན་ཏན་སེང་གེ་སོགས་མཁས་གྲུབ་གཉིས་ལྡན་གྱི་སློབ་མ་མང་པོ་བྱུང་། 

ཁོང་གི་གསུང་རྩོམ་ལ་བྱམས་ཆོས་སྡེ་ལྔའི་བསྡུས་དོན་རེ་དང་འགྲེལ་བ་རེ། ཚད་མ་རྣམ་ངེས་ལ་འགྲེལ་པ་དང་བསྡུས་དོན། ཕྱི་ནང་གི་གྲུབ་མཐའ། དབུ་མ་རྒྱན་སྣང་བདེན་གསུམ་ལ་འགྲེལ་པ་རེ་དང་བསྡུས་དོན་རེ། དབུ་མ་བསྡུས་པ་ཆེ་ཆུང་གཉིས། སྤྱོད་འཇུག་དང་བསླབ་བཏུས་ལ་འགྲེལ་པ་རེ་དང་བསྡུས་དོན་རེ། ཚད་མ་ཡིད་ཀྱི་མུན་སེལ་རང་འགྲེལ་དང་བཅས་པ། ཚད་མ་ཡིད་ཀྱི་མུན་སེལ་རྐྱང་པ། ཤེས་བྱ་གཞི་ལྔའི་རྣམ་བཞག་རྒྱས་བསྡུས་གཉིས། འདུལ་བ་འོད་ལྡན་གྱི་འགྲེལ་པ། འདུལ་བའི་སྤྱི་དོན། སོར་མདོའི་འགྲེལ་པ་སོགས་མང་པོ་ཡོད་པར་གསུངས་ཀྱང་། ད་ལྟ་ང་ཚོས་དངོས་སུ་མཇལ་རྒྱུ་བྱུང་བ་དབུ་མ་བདེན་གཉིས་ཀྱི་འགྲེལ་པ་དང་བསྡུས་དོན་གཉིས། དབུ་མ་སྣང་བའི་འགྲེལ་པ། དབུ་མ་རྒྱན་གྱི་འགྲེལ་པ། དབུ་མའི་དེ་ཁོ་ན་ཉིད་སྙིང་པོ་ཞེས་པ་དབུ་ཤོག་མི་ཚང་བ། སྤྱོད་འཇུག་བསྡུས་དོན། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྡུས་དོན། རྒྱུད་བླ་མའི་བསྟན་བཅོས་རྒྱ་ཆེར་བསྙད་པ་ཕྲ་བའི་དོན་གསལ། མདོ་སྡེ་རྒྱན་གྱི་ལེགས་བཤད་ཡང་རྒྱན་ཉི་འོད་གསལ་བ། མདོ་སྡེ་རྒྱན་གྱི་ལུས་རྣམ་བཞག  ཚད་མ་རྣམ་པར་ངེས་པའི་བསྡུས་དོན་དང་། ཚད་མ་རྣམ་པར་ངེས་པའི་འགྲེལ་པ། ཚད་མ་བསྡུས་པ་ཡིད་ཀྱི་མུན་སེལ། བདེ་བར་གཤེགས་པ་དང་ཕྱི་རོལ་པའི་གཞུང་རྣམ་པར་འབྱེད་པ། སོ་ཐར་མདོའི་འགྲེལ་པ་དང་། འདུལ་བ་འོད་ལྡན་ཞེས་བྱ་བའི་ཊིཀྐ་ཚིག་དོན་རབ་གསལ། དགེ་ཚུལ་རྣམས་ཀྱི་བསླབ་པའི་རིམ་པ་སྟོན་པའི་རྣམ་བཤད་བཅས་ཆོས་ཚན་བཅུ་བདུན་ད་ལམ་དངོས་སུ་བཞུགས་པ་དང་། ཡང་འབྲས་སྤུངས་གནས་བཅུ་ལྷ་ཁང་ནང་དུ་བསླབ་བཏུས་ཀྱི་འགྲེལ་ཆེན་ཞིག་ཡོད་ཀྱང་རིག་གསར་ལོ་བཅུའི་གོད་ཆག་གིས་རུལ་ཏེ་འབྱར་ནས་ལྟ་ཀློག་མི་ཐུབ་པ་དང་། བསླབ་བཏུས་ཀྱི་བསྡུས་དོན་ཞིག་ཡོད་ཀྱང་ཤོག་ལྡེབ་གཅིག་ལས་མི་ཚང་། ཡང་སྙེ་མོ་བྱེ་མཁར་ཆོས་སྡེ་དགོན་དུ་བསླབ་བཏུས་ཀྱི་འགྲེལ་བ་དང་། སྤྱོད་འཇུག་བསྡུས་དོན་རྒྱུད་བླ་མའི་བསྡུས་དོན་གསུམ་གྱི་དཔེ་སྔར་ཡོད་ཀྱང་ད་ལྟ་ཤོག་ལྡེབ་ཁ་ཤས་ལས་མི་ཚང་བ་བཅས་སོ། 

4
གཉལ་ཞིག་འཇམ་དཔལ་རྡོ་རྗེ། 

མཚན་གཞན་གཉལ་ཞིག་ཤེས་རབ་བླ་མའམ་འཇམ་དཔལ་རྡོ་རྗེ། ཁོང་ནི་དུས་རབས་བཅུ་གཉིས་པའི་དཀྱིལ་ཙམ་དུ་སྐུ་འཁྲུངས་པ་ཞིག་སྟེ། བླ་མ་ཞང་གཡེ་པ་སྨོན་ལམ་ཚུལ་ཁྲིམས་ཀྱི་ཞབས་ལ་བཏུགས་ཏེ་འབྲེ་ཨར་ནས་བརྒྱུད་པའི་ཕར་ཕྱིན་སོགས་མདོ་ཕྱོགས་ཀྱི་གཞུང་ལུགས་ཀུན་ལ་སྦྱང་པས་མཁས་པར་མཁྱེན། དན་བག་པ་སྨྲ་བའི་སེང་གེ་ལས་ཀྱང་དབུ་ཚད་སོགས་གསན། འུ་ཤང་རྡོར་ལོ་དགུར་མཚམས་བསྡམས་ཏེ་བཤད་པ་མཛད་པས་སློབ་མ་གཉལ་ཞིག་བུ་དགུར་གྲགས་པ་བྱུང་། དེ་ནས་རབ་བྱུང་གསུམ་པའི་ས་རྟ་༡༡༩༨ནས་མེ་སྟག་༡༢༠༦བར་ལོ་བརྒྱད་ལ་གསང་ཕུའི་གདན་ས་པ་མཛད། འདིའི་སྐབས་སུ་ས་པཎ་གསང་ཕུར་ཕེབས་ཏེ་རྣམ་ངེས་ལ་བཤད་པ་མཛད་སྐབས། གཉལ་ཞིག་དེ་བླ་མར་འོས་པ་ཞིག་འདུག་ཀྱང་བསྟེན་དཀའ་བ་ཞིག་འདུག་པས་ཆོས་འབྲེལ་མ་ཞུས་ཞེས་གསུངས། ཁོང་གི་སློབ་མ་བུ་དགུ་ལས། 

སྔ་ཚར་གསུམ་ནི། བཟད་རིང་དང་། ཕུ་ཐང་དར་དཀོན། གཙང་པ་གྲུ་གུ་གསུམ་ལས། བཟད་རིང་ཀྱིས་ཁྲོ་ཕུར་བཤད་གྲྭ་བཙུགས་པས་སློབ་མ་ལྷོ་པ་གྲུབ་སེང་སོགས་ལས་བརྒྱུད་པ་བུ་སྟོན་རིན་ཆེན་གྲུབ། ཕུ་ཐང་དར་དཀོན་གྱིས་སྟོད་ལུང་དང་། ཡར་ཀླུངས་སོགས་སུ་བཤད་པ་མཛད་པས་སློབ་མ་གཉན་དར་མ་འོད་དང་། བྱ་ཡུལ་དཀར་མོ་སོགས་བྱོན། གཙང་པ་གྲུ་གུས་ཞ་ལུར་བཤད་གྲྭ་བཙུགས་པས་སློབ་མ་མང་། 

བར་ཚར་གསུམ་ནི། འུ་ཡུག་པ་བསོད་ནམས་སེང་གེ་དང་། བོ་དོང་རིན་ཆེན་རྩེ་མོ། གཙང་པ་ཇོ་ནམ་གསུམ་ལས། འུ་ཡུག་པ་བསོད་ནམས་སེང་གེས་ས་པཎ་ལས་རྣམ་འགྲེལ་གསན་ཏེ་ས་སྐྱར་བཤད་གྲྭ་བཙུགས་པས་སློབ་མ་ཞང་མདོ་སྡེ་དཔལ་སོགས་བྱོན། བོ་དོང་རིན་ཆེན་རྩེ་མོས་བྲག་རམ་དུ་བཤད་གྲྭ་བཙུགས་པས་སློབ་མ་བུ་སྟོན་གྲགས་པ་སེང་གེ་དང་། དབུ་མ་བ་ཤེས་རབ་འབུམ་སོགས་བྱོན། བོ་དོང་ཨེའི་གདན་ས་མཛད་པས་གྲུབ་ཆེན་ཨུ་རྒྱན་པ་སོགས་སློབ་རྒྱུད་ཕུན་སུམ་ཚོགས། དུས་འཁོར་འབྲོ་ལུགས་ལ་ཡང་མཁས། གཙང་པ་ཇོ་ནམ་གྱིས་རབ་བྱུང་བཞི་པའི་ས་ཡོས་༡༢༡༩ནས་ཤིང་རྟ་༡༢༣༤བར་ལོ་བཅོ་ལྔ་ལ་གསང་ཕུ་གླིང་སྨད་ཀྱི་གདན་ས་པ་གནང་སྟེ་བཤད་པ་མཛད་པས་སློབ་མ་འཇམ་དབྱངས་འོད་ཟེར་མགོན་པོ་བྱུང་། དེས་ཀྱང་རབ་བྱུང་བཞི་པའི་ཤིང་རྟ་༡༢༣༤ནས་རབ་བྱུང་ལྔ་པའི་ས་སྦྲུལ་༡༢༦༩བར་ལོ་སུམ་ཅུ་སོ་ལྔ་ལ་གསང་ཕུ་གླིང་སྨད་ཀྱི་གདན་ས་པ་མཛད། 

ཕྱི་ཚར་གསུམ་ནི། རྒྱ་འཆིང་རུ་བ་ཤེས་རབ་དབང་ཕྱུག །འཇམ་གསར་བ་ཤེས་རབ་འོད་ཟེར། སྐྱེལ་ནག་གྲགས་པ་སེང་གེ་གསུམ་ལས། རྒྱ་འཆིང་རུ་བ་ཤེས་རབ་དབང་ཕྱུག་གིས་རབ་བྱུང་གསུམ་པའི་མེ་སྟག་༡༢༠༦ནས་རབ་བྱུང་བཞི་པའི་ཤིང་སྤྲེལ་༡༢༢༤བར་གསང་ཕུ་གླིང་སྟོད་ཀྱི་གདན་ས་ལོ་བཅོ་བརྒྱད་མཛད། འཇམ་གསར་བ་ཤེས་རབ་འོད་ཟེར་གྱིས་སྐྱང་འདུར་དུ་བཤད་གྲྭ་བཙུགས་པས། ཀུན་མཁྱེན་ཆོས་སྐུ་འོད་ཟེར་སོགས་མཁས་པ་མང་པོ་བྱོན། སྐྱེལ་ནག་གྲགས་པ་སེང་གེས་སྣར་ཐང་དུ་བཤད་གྲྭ་བཙུགས་པས་སློབ་མ་སྐྱི་སྟོན་གྲགས་འབུམ་དང་། ཆུ་མིག་པ་སེང་གེ་དཔལ་སོགས་ལས་བརྒྱུད་དེ་བཅོམ་ལྡན་རིག་རལ་དང་དབུས་པ་བློ་གསལ་སོགས་མཁས་པ་མང་པོ་བྱོན་པ་བཅས། དེ་ལྟར་གདན་ས་ཆེན་པོ་གསང་ཕུའི་རྔོག་ལོ་ཡབ་སྲས་དང་ཕྱྭ་པ་གཉལ་ཞིག་སློབ་བརྒྱུད་དང་བཅས་པས་འཆད་ཉན་རྒྱ་ཆེར་སྤེལ་བའི་རྒྱུན་ལས། ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁས་གྲུབ་རིགས་པ་སྨྲ་བ་ལུ་གུ་བརྒྱུད་དུ་བྱུང་ནས། ཕྱིས་མཚན་ཉིད་རིག་པའི་གཞུང་ལུགས་སློབ་གཉེར་གྱི་འབྱུང་གནས་སུ་གྱུར་ཡོད། །

འདི་ནི་༢༠༠༧ལོར་དཔེ་རྙིང་ཕྱོགས་སྒྲིག་གི་ཞོར་དུ་ལས་ཞོར་སློབ་མའི་སློབ་ཚན་གྱི་ཆེད་དུ་བསྒྲིགས་པ་ཙམ་ལས་ཞིབ་འཇུག་གི་འབྲས་བུ་མིན་པ་ཤེས་དགོས་ལ།   གལ་སྲིད་གསང་ཕུའི་སློབ་གསོའི་ལམ་ལུགས་ལ་ཞིབ་འཇུག་གི་འདུན་པ་ཅན་འདྲ་ཡོད་སྲིད་ན་དཔྱད་གཞིའི་རྒྱུ་ཆ་མི་ཉུང་ཙམ་ཡོད་པ་དག་མཁོ་འདོན་ཞུ་རྒྱུ་ཡིན། 

ཅེས་༢༠༡༩ལོའི་ཟླ་༡༢པའི་ཚེས་༢༤ལས་བྲེལ་གྱི་བར་གསེང་ནས་ཀརྨ་བདེ་ལེགས་ཀྱིས་ཕུལ།