ལོ་ངོ་དྲུག་བདུན་ཞིག་གི་སྔོན་ལ་བདག་གིས «ཕོར་པ» དང «ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང» ཞེས་པའི་གློག་བརྙན་དེ་གཉིས་ལ་བལྟས་མྱོང་། ངས་དེ་དུས་རྫོང་སར་མཁྱེན་བརྩེ་ཟེར་བ་དེ་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན་པ་ཧ་གོ་བྱུང་ན་ཡང་བོད་ཀྱི་བླ་སྤྲུལ་ཞིག་ཡིན་པ་ཤེས་མ་བྱུང་། དེའི་རྗེས་སུ་དྲྭ་སྒང་དག་ནས་ཁོང་གི་སྐུ་པར་ཟུར་གསུམ་གྱི་རིགས་སུ་གཏོགས་པ་དེ་འདྲ་མང་ཙམ་མཇལ་རྒྱུ་བྱུང་བས་བླ་མ་ཞིག་ཡིན་པ་ཤེས་བྱུང་ཡང་། ཁོང་ལ་དད་པ་དང་མི་དད་པ། ཆགས་པ་དང་སྡང་བ་སོགས་གང་ཡང་མ་སྐྱེས། ན་ནིང་ཞིག་ལ་བླ་མ་ཁོང་གི་གསུང་དེབ་རེ་གཉིས་མཐོང་བ་ཡིན་མོད། འགྱུར་དེབ་དེ་དག་རྗོད་པ་མི་ལེགས་ཤིང་ཡིག་ནོར་མང་བའི་དབང་གིས་ཞིབ་ལྟ་བྱེད་པའི་ཡི་ག་གཏན་ནས་མ་བྱུང་།

ད་ལོ་ནི་སྐྱེ་བ་སྔོན་གྱི་ལས་འཕྲོ་ལྡན་པའི་བདག་གི་ནང་གྲོགས་བཟང་པོ་གཡུང་མོ་ལགས་ནས «ནང་པ་ཡིན་ནམ་མིན» ཞེས་པའི་དེབ་ཅིག་ཐག་རིང་ནས་བསྐུར་བྱུང་ལ། དེབ་འདི་རྫོང་སར་མཁྱེན་བརྩེས་དབྱིན་ཡིག་ཐོག་བརྩམས་ཤིང་། རོང་བོ་གངས་དཀར་གྱིས་རྒྱ་ཡིག་ནས་བོད་སྐད་དུ་ལོ་ཙཱ་བྱས་པ་ཞིག་རེད་འདུག །དེབ་འདི་མགོ་ནས་མར་ཅུང་ཙམ་བཀླགས་པས་སྒྲ་དག་ལ་སྒྲོས་གཙང་བ། རྗོད་པ་ལེགས་ལ་ཟུར་མཆན་མང་བ་ཞིག་རེད། ང་ནི་ཟུར་མཆན་མང་པོ་བཏབ་ཅིང་རྩོམ་སྒྲིག་ལ་ཤིན་ཏུ་ནན་ཏན་བྱས་པའི་དཔེ་ཆར་ཧ་ཅང་དགའ་ཞིང་། དེ་འདྲའི་དཔེ་ཆ་ཞིག་ཡིན་ཚེ་རང་ཉིད་ལ་ཅི་ཞིག་སྟེར་སྲིད་པའི་དད་གུས་ཡིད་ཆེས་ཞུ་བཞིན་ཡོད།

དེབ་འདིའི་ཁ་ཡིག་ལ «ནང་པ་ཡིན་ནམ་མིན» ཟེར་བ་ནང་ལྟར། “ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི”ཡི་ཐོག་ནས་ནང་པ་ཡིན་དང་མ་ཡིན་གྱི་ཚད་ཐིག་གཏིང་ཟབ་མོ་དེ་དག །ལས་སླ་པོའི་སྒོ་ནས་འགྲེལ་བཤད་གནང་འདུག །འོན་ཀྱང་ང་ནི་སྔར་བཞིན་ནང་པ་ཡིན་མིན་གསལ་པོ་ཞིག་ཤེས་མ་བྱུང་མོད། དེ་ནི་དཔེ་ཆ་རྩོམ་མཁན་གྱི་སྐྱོན་ཆ་མ་ཡིན་ལ་ཀློག་པ་པོ་བློ་གྲོས་མི་གསལ་བའི་ཞན་ཆ་ཡང་མ་ཡིན་པར། རང་ཉིད་ཀྱི་མི་གཤིས་ངན་པ་ཏེ། དད་པ་མི་བརྟན་པ་དང་དམ་བཅའ་འཆོར་སླ་བའི་རྐྱེན་གྱིས་ང་ཉིད་སུ་ཞིག་ཡིན་པ་མ་ཤེས་པ་རེད་འདུག

རང་བཞིན་གྱིས་ཤོག་ལྡེབ་རེ་རེ་བཞིན་བཀླག་དགོས་བྱུང་སོང་། ཀློག་གིན་ཀློག་གིན་བསམ་བློ་བཏང་ན། རྩོམ་པ་པོ་འདིས་ཁ་ཕྱོགས་བརྟན་པོ་དང་མིག་རྒྱང་རིང་པོ། མཐོང་རྒྱ་ཆེན་པོ་དང་ཚོར་བ་སྐྱེན་པོའི་སྒོ་ནས་དམ་པའི་ཆོས་འཆད་བཞིན་ཡོད་པ་ཧ་གོ་རྒྱུ་འདུག །ང་ཚོའི་དགེ་སློང་གཙང་མ་ཚོས་ཀྱང་སྒར་དང་དགོན་ཆེན་དག་གི་ནང་ནས་སྙིང་རྗེ་ཆེན་པོ་དང་ལྷག་བསམ་དག་མས་ཆོས་འཆད་བཞིན་ཡོད་པ་བདེན་མོད། རྫོང་སར་མཁྱེན་བརྩེ་ཟེར་བའི་དགེ་བསྙེན་འཁྱམ་པོ་འདི་དང་བསྡུར་དགོས་རྒྱུ་ཤིག་འདུག་ལ། ངེས་པར་དུ་བསྡུར་དགོས་ས་ཞིག་ཀྱང་འདུག

དགེ་བསྙེན་འདིས་ཐོས་བསམ་སྒོམ་པའི་གོ་ཆ་བཙན་པོ་བགོས། དེང་རབས་ཀྱི་མཚོན་ཆ་རྣོན་པོ་ཐོགས་ཏེ་ཆོས་ལུགས་སྣ་ཚོགས་དང་ལྟ་བ་སྣེ་མང་གི་གཡུལ་ཁ་ན། གླིང་གི་དཔའ་རྟུལ་ཇི་བཞིན་རྒྱུག་བཞིན་འདུག་ལ། འུ་བུ་ཅག་གིས་འཆད་རྩོད་རྩོམ་གསུམ་གྱི་གོ་ཁྲབ་ནི་གྱོན། གནའ་བོའི་སྲོལ་བཟང་གི་མཚོན་ཆ་ནི་ཐོགས་ཡོད་མོད། དགེ་བསྙེན་ཁོང་དང་བསྡུར་ཡོང་ན། ང་ཅག་ནི་ཁྱིམ་གྱི་ཡར་ཕུགས་ནས་རྟ་ལྕག་བཟུང་བའི་ཨ་ཁུ་དཔའ་རྟུལ་དེ་དང་འདྲ་སྣང་ཤར་བྱུང་།

དེབ་འདིའི་ནང་གི་བརྗོད་སྙིང་ནི་ཀུན་མཁྱེན་ཀློང་ཆེན་པའི་ཞལ་ནས་གསུང་པའི“ལྷ་དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་ཅིང༌། ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ན་ནང་པ་ཡིན་ལ། མི་ལེན་ན་ཕྱི་རོལ་པའོ”ཞེས་པའི་ནང་དོན་ལས་མི་འདའ་ན་ཡང་། ནང་དོན་དེ་དང་དེ་དག་གི་སྟེང་དུ་ཡོད་པའི་ནུ་ཁེབས་དང་གསང་དོར་བཤུས་ཏེ། རྫོང་སར་མཁྱེན་བརྩེ་ཟེར་བའི་དགེ་བསྙེན་འདིས་ཆོས་ཀྱི་སྡོམ་བཞི་ལ་དམར་དམར་རྗེན་རྗེན་དུ་སྤྱོད་བཞིན་ཡོད། དོན་དངོས་འདི་དག་མཐོང་བ་ཙམ་གྱིས། ཡང་བསྐྱར་འུ་ཅག་གི་དགོན་ཆེན་ནང་ནས་ཆོས་སྨྲ་བ་དག་རང་བཞིན་གྱིས་དྲན་བྱུང་། དགོན་ཆེན་རྙིང་པའི་ནང་གི་དམ་པའི་ཆོས་འཛིན་པ་པོ་འདི་དག་གིས། ཟབ་ཅིང་རྒྱ་ཆེ་བའི་སྟོང་དང་རྟེན་འབྱུང་གི་གནས་ལ་སྤྱོད་བཞིན་ཡོད་པ་ནི་བདེན་མོད། ཁོང་ཚོས་གནའ་སྲོལ་གྱི་ཕྱི་གོས་མཐུག་པོ་ཙམ་ཡང་མ་ཕུད་པར། ཆོས་ལུགས་ཀྱི་རུམ་ཁུང་དྲོན་མོར་འཛུལ་ཏེ་དགའ་བདེ་མཐར་ཐུག་པ་ཞིག་མྱོང་ཐབས་བྱེད་བཞིན་འདུག །དཔེ་འདི་ལྟར་བཞག་ན་འོས་མིན་མི་ཤེས་ཀྱང་། ངས་ནི་འདྲ་དཔེ་འདི་ལས་ལྷག་པ་ཞིག་རྙེད་མ་བྱུང་།

«ནང་པ་ཡིན་ནམ་མིན»ལ་ཞིབ་ཏུ་བལྟས་ན། འཛམ་གླིང་སྤྱིའི་ཁ་ཕྱོགས་དང་བསམ་ཚུལ་ཅུང་ཟད་ཤེས་ཀྱི་ཡོད་པའི་བོད་ཀྱི་བླ་མ་འདིས། སངས་རྒྱས་ཆོས་ལུགས་ནི་དུས་རབས་དང་འཚམ་པའི་སྒོ་ནས་དར་ཐུབ་ན་ཅི་མ་རུང་དགོངས་བཞིན་འདུག་ལ། སྐབས་ལན་རེར“ནང་ཆོས་ལ་བཅོས་བསྒྱུར་ཕྲན་བུ་གཏོང་འདོད་ཀྱི་བསམ་ཚུལ་ཡང་སྐྱེ”བཞིན་འདུག །བསམ་ཚུལ་དེ་ནི་སྔར་འབྲོམ་སྟོན་པས་སྣེ་དྲངས་པའི་བཀའ་གདམས་ཀྱི་དགེ་བཤེས་དེ་ཚོའི་དགོངས་བཞེས་དང་ཅུང་འདྲ་པོ་འདུག་ན་ཡང་། དྭགས་པོ་སྙི་སྒོམ་ཅན་དང་རྗེ་ཕག་མོ་གྲུ་པ་སོགས་རླབས་ཆེན་གྱི་མི་སྣ་ཁ་ཤས་བཀའ་གདམས་ཀྱི་གདན་ས་ནས་གཞན་དུ་ཤོར་བའི་གནས་ཚུལ་འོག །བཀའ་གདམས་པས་རྩོད་པ་མེད་པའི་སངས་རྒྱས་ཀྱི་བཀའ་ཁོ་ནར་བླ་མེད་དུ་བརྩི་བའི་ལམ་སྲོལ་གསར་གཏོད་བྱེད་པ་ལ་ཕམ་ཉེས་ཀྱི་ལོ་རྒྱུས་བྱུང་བ་རེད།

རྫོང་སར་མཁྱེན་བརྩེས«འདུལ་བ་ལུང»དག་ལས་བྱུང་བའི་སངས་རྒྱས་ཀྱི་རྣམ་ཐར་ཁག་རྨང་གཞིར་བཟུང་ནས་ཆོས་ཀྱི་སྡོམ་བཞི་ལ་གསར་འགྲེལ་མཛད་ཅིང་། “ཟབ་བརླིང་གི་ནང་དོན་རྣམས”དུས་རབས་གསར་མའི་མི་རྣམས་ཀྱི་བློ་ཡི་འཁོར་ཕྱོགས་དང་བསྟུན་ཏེ“སྐད་ཆ་སྟབས་བདེ་ལ་དྲངས་ནས་བཤད” འདུག །དེ་ནི་བླ་མ་ཁོང་དང་ཁོང་གི་ཞལ་གསུང་རྩོམ་ཡིག་རྣམས་ཤར་ནུབ་གང་སར་ཅུང་ཟད་བྲིན་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པར་འདོད། གལ་ཆེ་བའི་གནད་དོན་འདི་མདོར་བསྡུས་ན“དུས་རབས་དང་འཚམ་པ”ཞེས་པའི་ཡིག་འབྲུ་ཁ་ཤས་ཀྱི་ནང་དུ་བསྡུ་ཆོག །སྐྱེས་བུ་སྒེར་ཞིག་ལ་མཚོན་ན་འདི་ལྟར་རེད་ལ། དགོན་པ་ཆེ་ཆུང་གང་རུང་ཞིག་ལ་མཚོན་ནའང་འདིར་ལྟར་ཡིན་ངེས། གང་ན་དགོན་སྡེ་ཞིག་དར་རྒྱས་ལམ་ལྷོང་བྱུང་སོང་ན། དེ་རུ“དུས་རབས་དང་འཚམ་པ”ཟེར་བའི་ལམ་དང་ལུགས་སྲོལ་ཡོད་ངེས་དང་། གང་ན་དགོན་པ་ཞིག་ཉམས་ཆག་ཏུ་འགྲོ་བཞིན་འདུག་ན། དེ་ནི“དུས་རབས་དང་མི་འཚམ་པའི”ལམ་ལོག་ཏུ་ཞུགས་ཏེ་ཡོད་པ་ཧ་ལམ་ཤེས་ཐུབ། དེས་ན་ང་ཚོས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སོགས་དུས་རབས་ཀྱི་གོམ་འགྲོས་མཁྱེན་པའི་སྐྱེས་བུ་དམ་པ་རྣམས་ལ་སློབ་སྦྱོང་བྱེད་པར་འོས། «ནང་པ་ཡིན་ནམ་མིན»ཟེར་བ་ལྟ་བུའི་འདྲི་རྟགས་ཆེན་པོ་ཅན་གྱི་དཔེ་ཆ་འདི་དག་ལ་དྲིས་ལན་མི་ཐེབས་ཀྱང་། ཉུང་ཙམ་ཉུང་ཙམ་བྱས་ཏེ་ཆ་ཚང་བ་གཟིགས་པར་འོས་སོ།།

མ་གཞི“ནང་པ་ཡིན་ནམ་མིན”ཟེར་བའི་དྲི་བ་འདི་བོད་ལ་ཆ་མཚོན་ན་ཧ་ཅང་གིས་གལ་ཆེན་བརྗེད་མི་རུང་བའི་འདྲི་རྟགས་ཤིག་ཆགས་ཡོད་དེ། སྔར་དུས་རབས་བཅུ་གཅིག་པའི་ནང་དུ་བོད་ཀྱི་བླ་མ་རྣམས་ཀྱིས། ང་གྲུབ་ཐོབ་ཡིན། ཁོ་བྱང་སེམས་ཡིན་ཟེར་ནས་ལུང་པ་གང་བསྡད་ཡོད་དུས་སུ། ཇོ་བོ་རྗེ་བོད་དུ་ཕེབས་ཏེ་ཁོང་གིས། གསང་སྔགས་ཀྱི་གྲུབ་ཐོབ་དང་ཐེག་ཆེན་གྱི་སེམས་དཔའ་བྱེད་པ་ལ་ཁྱོད་རང་དང་པོ“ནང་པ་ཡིན་ནམ་མིན”ཟེར་བའི་དྲི་བ་གལ་ཆེན་འདི་ཡང་ཡང་བཏང་ནས་བོད་ཀྱི་ཆོས་པ་རྣམས་ལ་ལེགས་བཅོས་ཆེན་པོ་མཛད་སོང་། ལེགས་བཅོས་དེའི་ཁྲོད་ནས་ཇོ་བོ་རྗེ་ལ་ཡང“སྐྱབས་འགྲོ་བླ་མ”ཟེར་བའི་མཚན་གསོལ་ཞིང་། བོད་པས་ཁོང་ལ་དགའ་བསུ་དང་དྲིན་གཟོ་ཡུན་རིང་བྱས་འདུག་པ་དང་། ཅིས་ཀྱང་བྱེད་འོས་པ་ཞིག་ཀྱང་རེད་ཨང་།

ད་ལྟའི་བོད་ཀྱི་དགོན་སྡེའི་ནང་གི་སྐྱེས་ཆེན་དམ་པ་རྣམས་ཀྱང་། རང་ཤོང་སྤྱིལ་བུའི་ནང་དུ་རང་ཉིད་ལས་ཆེ་བ་སུ་ཡང་མེད་པ་ལ་ཧ་ལས་པར་མི་གནང་བར། ཁ་ཕྱོགས་དེ་ལས་ཆེ་ཙམ་འཛམ་བུ་གླིང་ཡོངས་དང་། མིག་རྒྱང་དེ་ལས་རིང་ཙམ་མི་ལོ་བརྒྱ་ཡི་རྗེས་སུ་གཟིགས་མཛད་པ་ཡིན་ན། ཁྱེད་རྣམ་པས་ཀྱང་དཔེ་དེབ་འདི་ལས་བཟང་བ་དང་། གསུང་བཤད་འདི་ལས་ལྷག་པ་དེ་འདྲ་འཁྱོང་ངེས་པའི་ཡིད་ཆེས་བརྟན་པོ་ཡོད་ལགས།

མཇུག་མཐར«ནང་པ་ཡིན་ནམ་མིན»ཞེས་པའི་དེབ་འདིའི་རྩོམ་པ་པོ་དང་ལོ་ཙཱ་བར་བཀའ་དྲིན་ཆེ་ཞུ། རྣམ་པ་གཉིས་ཅི་བསམ་དོན་འགྲུབ་ཡོང་བར་སྨོན་ནོ།། ཞེས་ཨ་ཅོག་དབེན་པའི་རི་མགུལ་ནས། སྤྱི་ལོ 2019.12.6 ཉིན་ཕུལ།