དེ་ཡང་«ཀླུ་ཀུན་ཏུ་དགའ་བའི་ཟློས་གར»(ཀླུ་ཀུན་ཏུ་དགའ་བ)གྱི་མཆོད་བརྗོད་འདིའི་འགྲེལ་བ་འབྲི་བའི་དགོས་པ་ནི། ཚིགས་བཅད་ཤོ་ལོ་ཀ་འདི་དག་ལ་སྙན་ངག་གི་ཉམས་ཕུན་སུམ་ཚོགས་པ་ཡོད་ལ། མཁས་པ་དག་ལ་སྨོས་མ་དགོས་ཀྱང་། སྙན་ངག་ལ་དགའ་བ་ཕལ་མོ་ཆེ་འདི་ལྟའི་བསྟན་བཅོས་ལ་འཇུག་པ་མ་མཐོང་བའི་ཕྱིར། དེ་དག་དེ་ལ་འཇུག་པའི་སྤྲོ་བ་སྤེལ་བའི་སླད་དང་། རང་དང་སྐལ་བ་མཉམ་པ་དག་ལ་རིག་པའི་བགོ་བཤའི་ཚུལ་དུ་སྤེལ་བ་ལགས།

ཀླུ་ཀུན་ཏུ་དགའ་བའི་ཤིས་བརྗོད་ཤོ་ལོ་ཀ་དང་བོ་འདིའི་ལེགས་སྦྱར་མ་ཡིག་ད་བར་རྙེད་མི་འདུག་པས་བཀོད་ཐབས་བྲལ་ཏེ། འཇར་མན་གྱི་ཞིབ་འཇུག་པ་གྲགས་ཅན་ཧན་མཆོག་གིས་གསུངས་པ་ལྟར་ན། བལ་ཡུལ་ནས་རྙེད་པའི་རྒྱ་དཔེ་གསུམ་གའི་མགོ་ཤོག་བརླག་ཡོད་པ་དང་། ད་སྔའི་རྒྱ་གར་རང་གི་ལྷོ་དབུས་བྱང་གསུམ་གྱི་རྒྱ་དཔེ་དག་ལ་མེད་པས། ཤོ་ལོ་ཀ་དང་བོ་འདི་དག་མིན་གྱི་ཐད་ལ་རྩོད་པ་ཡོད་ཀྱང་། ཀླུ་ཀུན་ཏུ་དགའ་བ་འདི་དང་མཁས་པའི་གཙུག་རྒྱན་ཙནྡྲ་གོ་མིས་མཛད་པའི་«འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར»(འཇིག་རྟེན་ཀུན་ཏུ་དགའ་བ)གཉིས་ཀ་རིམ་པ་བཞིན་སངས་རྒྱས་ཀྱི་སྐྱེས་རབས་ལས་སྤྲིན་གྱི་བཞོན་པ་དང་། གཙུག་ན་ནོར་བུའི་རྟོགས་བརྗོད་ལ་སྦྱར་ཏེ་བརྩམས་པ་ཡིན་པས། བརྗོད་བྱའི་ཆ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་ལ་སྦྱར་བ་འདྲ་བ། བོད་འགྱུར་གྱི་བལྟ་བྱའི་སྙན་ངག་གཉི་གར་ཤིས་བརྗོད་ཤོ་ལོ་ཀ་གསུམ་རེ་ཡོད་པ་འདྲ་བ། དེ་ཙམ་དུ་མ་ཟད། ཟློས་གར་གྱི་མཚན་བྱང་འདྲ་ཞིང་། བརྗོད་ཚུལ་མི་འདྲ་བ་ཙམ་མ་གཏོགས། ཚིགས་བཅད་དེ་དག་གི་བརྗོད་བྱའང་འདྲ་བའི་ཆ་དང་གཅིག ཀླུ་ཀུན་ཏུ་དགའ་བ་འདི་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ལ་ལད་མོའི་ཚུལ་དུ་བྲིས་པར་ངེས་པ་དང་གཉིས། བོད་འགྱུར་གྱི་མ་དཔེ་ཡིན་ངེས་ཤིང་བལ་ཡུལ་ནས་རྙེད་པའི་རྒྱ་དཔེ་དེ་དག་གི་ལྡེབས་མ་དང་བོ་བརླག་ཡོད་ཅིང་། ལྡེབས་མ་བོར་བ་དེ་རང་གི་སྟེང་ན་ཚིགས་བཅད་ཤོ་ལོ་ཀ་འདི་ཉིད་ཡོད་སྲིད་པ་དང་གསུམ་གྱིས། ད་སྔ་ཡོད་པར་སྒྲུབ་ཐབས་མེད་ཀྱང་། བོར་ཟིན་པའི་ལྡེབས་མ་དང་བོ་དེའི་སྟེང་ན་ཤོ་ལོ་ཀ་དང་བོའི་མ་དཔེ་ཡོད་སྲིད་པའི་ཕྱིར་དང་། ད་སྔ་མ་རྙེད་པ་ཙམ་ཡིན་པར་བརྟེན། ཤོ་ལོ་ཀ་དེ་ཚད་མར་བཟུང་ཡང་སྐྱོན་ཡོད་པར་མི་འདོད་དོ།།

དེ་ཡང་འདིར་ངེས་པར་བཤད་དགོས་པ་ཞིག་ནི། ད་སྔའི་རྒྱ་དཔེ་དང་བོད་འགྱུར་གཉིས་ལ་མི་འདྲ་བའི་ཆ་ཆེན་པོ་གཉིས་ཡོད་ཅིང་། དེ་གཉིས་ནི་ད་སྔ་རྙེད་པའི་རྒྱ་དཔེ་གང་ལའང་མཆོད་བརྗོད་ཀྱི་ཤོ་ལོ་ཀ་དང་བོ་འདི་མེད་པ་དང་བོད་འགྱུར་ལ་ཡོད་པ་དང་གཅིག དེ་བཞིན་བལ་ཡུལ་ནས་རྙེད་པའི་རྒྱ་དཔེ་གསུམ་མ་གཏོགས་པའི་རྒྱ་དཔེ་གཞན་དག་ཏུ། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལ་མཚན་མའམ་ཡན་ལག་ལྔ་རེ་མ་གཏོགས་མེད་པ་དང་། བོད་འགྱུར་དུ་ཡན་ལག་དྲུག་ཏུ་ཕྱེ་ཡོད་པའི་ཚུལ་མི་འདྲ་བ་གཉིས་ཡིན། བལ་བོའི་རྒྱ་དཔེ་ཁག་ཏུའང་ཡན་ལག་དྲུག་ཏུ་ཕྱེ་ཡོད་པར་བརྟེན་བོད་འགྱུར་གྱི་མ་དཔེ་དེ་ཡིན་པར་ངེས་ཞེས་གོང་དུ་བཤད་དོན་དེའོ།།

གོང་དུ་བཤད་ཟིན་པ་ལྟར། འཇིག་རྟེན་ཀུན་ཏུ་དགའ་བ་དང་ཀླུ་ཀུན་ཏུ་དགའ་བ་གཉིས་ཀྱི་མཆོད་བརྗོད་ཧ་ཅང་འདྲ་བ་དང་། འདི་རྟོགས་པར་གྱུར་ན་ཅིག་ཤོས་ཏེ་ཀླུ་ཀུན་ཏུ་དགའ་བའི་མཆོད་བརྗོད་ཀྱང་དཀའ་ཚེགས་མེད་པར་རྟོགས་པར་འགྱུར་བས། ཐོག་མར་འཇིག་རྟེན་ཀུན་ཏུ་དགའ་བའི་མཆོད་བརྗོད་ལ་དཔྱད་པར་བྱའོ།།

འཇིག་རྟེན་ཀུན་ཏུ་དགའ་བའི་མཆོད་བརྗོད་ཀྱི་ཚིགས་བཅད་གསུམ་པོས་རིམ་པ་བཞིན། ཚིགས་བཅད་དང་བོས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ལ་མཆོད་པའི་སླད་དུ་བཀོད་པའི་མེ་ཏོག་གི་ཁྱད་པར་ཞིབ་ཏུ་བརྗོད་དེ། མེ་ཏོག་གིས་མཆོད་པས་འགྲོ་བ་ཁྱེད་རྣམས་དེས་ཞི་བར་མཛད་པར་གྱུར་ཅིག་ཅེས་ཤིས་པ་བརྗོད་ཅིང་། གཉིས་པས་སངས་རྒྱས་བཅོམ་ལྡན་འདས་བསམ་གཏན་ལ་མཉམ་པར་འཇོག་ཅིང་བཞུགས་པའི་ཚེ། བདུད་ཀྱི་བུ་མོ་དག་གིས་གཞོན་ནུ་དོན་གྲུབ་ཀྱི་ཁྱིམ་ཐབ་གྲགས་འཛིན་མ་དང་སྦྱར་ཏེ་ཅོ་འདྲི་ཞིང་བར་ཆད་རྩོམ་པ་ལྷུར་བླངས་ཀྱང་ངལ་བ་འབྲས་མེད་དུ་གྱུརད་ཅིང་འཁང་ར་བར་མེད་བྱས་པའི་ཚུལ་བརྗོད་ཡོད་ལ། གསུམ་པས་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྫོགས་པའི་བྱང་ཆུབ་བརྙེས་པར་འགྱུར་བར་མི་བཟོད་པའི་བདུད་དགའ་རབ་སྡེ་དང་བཅས་པ་མངོན་དུ་གྱུརད་ནས་དྲག་པོས་གཡུལ་སྤྲད་པར་གྱུརད་ཀྱང་རུང་། བདུད་ཀྱི་བུ་མོ་དག་གིས་འཇམ་པོས་འགུག་ཐབས་བྱས་ཀྱང་བླའི། བཏང་སྙོམས་ཆེན་པོའི་ཁྲི་བརྗིད་ཀྱིས་བཞུགས་པའི་སྟོབས་བཅུ་མངའ་བའི་སངས་རྒྱས་ལྷ་མོ་གཞན་གྱིས་མ་ཐུབ་མས་སྐྱོང་ཚུལ་གསལ་བར་བརྗོད་ཡོད་ཅིང་། དེ་ལྟ་བུའི་གཞན་གྱིས་མི་ཐུབ་མས་འགྲོ་བ་ཁྱེད་རྣམས་སྲུང་བར་ཤོག་ཅེས་ཤིས་པ་བརྗོད་དོ།། 

ཇི་སྐད་དུ། 
འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ལས།(༡།ཤ༥༦༠)
བུང་བའི་ཕྲེང་བ་མི་གསལ་སྒྲ་སྒྲོགས་རྐང་བས་འདབ་མ་རྣམ་བསྐྱོད་པས། །
གེ་སར་ཁ་འབུས་རོ་བཅུད་དང་བཅས་རྡུལ་ཕྲན་ཚོགས་པས་ཁྱབ་གྱུར་ཅིང༌། །
སྦྲང་རྩི་རྒྱ་ཆེན་ཐིག་ལེས་རྣམ་ཁེངས་མེ་ཏོག་ཐལ་མོ་སྦྱར་བ་འདིས། །
བདག་གིས་རྒྱལ་བའི་ཞབས་ལ་མཆོད་པས་ཁྱེད་རྣམས་ལ་ནི་ཞི་བར་མཛོད། །

ཅེས་ཏེ་ཤོ་ལོ་ཀ་དང་བོས་སངས་རྒྱས་ཀྱི་ཞབས་ལ་མཆོད་པའི་སླད་དུ་སྙིམ་པར་བཀོད་པའི་མེ་ཏོག་ཆུན་པོ་སྟེ། བུང་བས་སྒྲ་སྒྲོགས་ཤིང་དེ་དག་གི་རྐང་བས་མེ་ཏོག་གི་འདབ་མར་སྣུན་ཞིང་རབ་ཏུ་བསྐྱོད་པར་བྱས་པས་གེ་སར་གྱི་ཁ་ཕྱེ་ནས་གསལ་བར་གྱུར་ལ། རོ་བཅུད་དང་དྲི་ཞིམ་གྱིས་ཁྱབ་པར་གྱུར་བ་དེ་ལྟ་བུའི་མེ་ཏོག་གིས་སངས་རྒྱས་ཀྱི་ཞབས་ལ་མཆོད་པས་ཁྱེད་རྣམས་ཀྱི་རྒུད་པ་མཐའ་དག་རིང་དུ་ཞི་བར་མཛད་པར་གྱུར་ཅིག་ཅེས་པའོ།།

དེ་ཡང་ཚིགས་བཅད་འདི་ལ་དཔེ་བལྟས་ཏེ། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་རྗེ་ཙོང་ཁ་བ་ཆེན་པོའི་སྲས་ཀྱི་ཐུ་བོར་གྱུར་བ། གངས་རིའི་ཁྲོད་དུ་སྙན་ངག་སྨྲ་བ་མཐའ་དག་གི་གཙུག་གི་ནོར་བུ་མཁས་གྲུབ་དགེ་ལེགས་དཔལ་བཟང་བོས་ཀྱང་། རྣམ་འགྲེལ་གྱི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོའི་དབུར།(༣།ཤ༣)

ཇི་སྐད་དུ།
གང་ཞིག་རྐང་དྲུག་ལྡན་པའི་ཕྲེང་བ་འཕུར་ལྡིང་སྒྲ་སྙན་སྒྲོགས་པ་ཡི།།
རྐང་བས་བསྣུན་པའི་འདར་བ་དང་ལྡན་བཅུ་ཕྲག་འདབ་མའི་ཟེའུ་འབྲུ་དཀར།།
ཡིད་སྲུབས་ཟོལ་སྐྱེས་སྤུ་ལོང་གོས་ཅན་ཅོད་པན་མེ་ཏོག་འཛིན་པ་འདིས།།
བདག་གིས་རྒྱལ་བའི་ཞབས་ལ་མཆོད་པས་འཇིག་རྟེན་འདི་དག་ཞི་གྱུར་ཅིག།

ཅེས་སྦྱར་ཡོད་ཅིང་། དེ་ལ་ཀུན་མཁྱེན་འཇིགས་མེད་དབང་བོ་མཆོག་གིས་རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་རྒྱ་མཚོའི་མགོ་མཇུག་བར་གསུམ་གྱི་སྙན་ངག་གི་ཚིག་འགྲེལ་རིན་པོ་ཆེའི་སྒྲོན་མེ་ཞེས་པར་(༤།ཤ༥༤༠-༥༤༡)དོན་དང་ལྡན་པར་འགྲེལ་ཡོད་པས། འདིར་ཚིག་འགྲེལ་ཆ་ཚང་བར་དྲངས་ན། “དེ་ཡང་གང་ཞིག་ཅེས་པ་སྤྱི་སྒྲ་ཡིན་ཀྱང་ཁྱད་པར་གྱི་ཚིག་དང་འབྲེལ་བའི་སྒོ་ནས་པདྨ་ལ་འཇུག་གོ། དཔེའི་ཁྱད་གཞིའི་པདྨ་དེ་ནི་ཁྱད་པར་དུ་མ་དང་ལྡན་ཏེ། དཔྱིད་ཀྱི་དུས་སུ་པདྨ་རབ་ཏུ་རྒྱས་པའི་དགའ་ཚལ་དུ་རྐང་དྲུག་ལྡན་པ་སྟེ་བུང་བ་གྲངས་མེད་པ་ཕྱོགས་མཐའ་དག་ནས་འདུས་ཏེ་ཚར་དུ་དངར་བའི་ཕྲེང་བ་རྣམས་ནི་སྐབས་འགར་ནམ་མཁའ་ལ་འདབ་གཤོག་བསྐྱོད་དེ་འཕུར་ཞིང་ལྡང་བའི་སྒོ་ནས་སྒྲ་དབྱངས་སྙན་པ་སྒྲོགས་པར་བྱེད་པ་ཡི་རོལ་རྩེད་འཛིན་ཞིང་། རེས་འགའ་པདྨའི་ལྟེ་བའི་གེ་སར་གྱི་དབུས་སུ་བབས་ནས་དེའི་ཟིལ་མངར་མྱངས་པར་འདོད་དེ་རྐང་བ་དང་མཆུས་པདྨ་ལ་བསྣུན་པའམ་རེག་པ་ན་པདྨའི་འཁྲི་ཤིང་རང་ཚུགས་མ་ཐུབ་པར་ཕན་ཚུན་དུ་བསྐྱོད་པས་འདར་ཞིང་གཡོ་བ་དང་ལྡན་པའི་ཁྱད་པར་དང་། ཉི་མའི་འོད་ཟེར་དང་ཕྲད་པས་སྡོང་བུའི་རྩེ་མོར་བཅུ་ཕྲག་བཅུའི་གྲངས་ཀྱི་འདབ་མའི་ཚོགས་རྣམས་ཁ་ཟུམ་པ་རབ་ཏུ་ཕྱེ་བའི་ལྟེ་བར་ཟེའུ་འབྲུ་དཀར་པོ་སོ་ཕྲེང་རྒོད་པ་ལྟར་མཛེས་པའི་ཁྱད་པར་དང་། དེ་ཉིད་ན་ཆུང་གཞོན་ནུའི་ཚོགས་ཀྱིས་མཐོང་བ་ན་ཡིད་ཀྱི་སྲུབས་ཤིང་དུ་གྱུར་བ་འདོད་ཆགས་ཀྱི་ཟོལ་ལས་སྐྱེས་པའི་སྤུ་ལོང་གི་གོས་ཀྱི་སྒྲིབ་གཡོགས་འཛིན་པའི་ཁྱད་པར་དང་ལྡན་པའི་ཕྱིར། རྩོམ་པ་པོ་བདག་གིས་ཅོད་པན་ཏེ་སྤྱི་བོར་མེ་ཏོག་གི་ཕྲེང་བ་འཛིན་པ་འདིས་རྒྱལ་བའི་ཞབས་ལ་མཆོད་པས་འཇིག་རྟེན་གྱི་རྒུད་པ་མཐའ་དག་ཞི་བར་གྱུར་ཅིག་ཅེས་པ་ནི་སྒྲས་ཟིན་གྱི་འབྲུ་གནོན་ཙམ་ཡིན་ལ། དེ་ཙམ་ཞིག་འདིའི་བརྗོད་བྱའི་གཙོ་བོར་བཟུང་དུ་མི་རུང་བས་དོན་ཁྱད་པར་བ་ཞིག་སྟོན་དགོས་ལ། དེ་ཡང་སྒྲས་ཟིན་གྱི་དཔེ་དང་། དེས་མཚོན་པའི་དོན་གཉིས་སྦྱར་ཏེ་བཀོད་ན། རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་རྒྱ་མཚོ་ཞེས་བྱ་བའི་བསྟན་བཅོས་པདྨ་དཀར་པོ་འདི་ཉིད་ཁྱད་ཆོས་དུ་མ་དང་ལྡན་ཏེ། བློ་གསལ་རྐང་དྲུག་ཚར་དུ་དངར་བའི་ཕྲེང་བ་རིགས་ལམ་སྦྲང་རྩི་ལོངས་སུ་སྤྱོད་པར་འདོད་དེ་དོན་གཉེར་འཕུར་ལྡིང་དང་བཅས་ལུང་རིགས་ཀྱི་སྒྲ་སྙན་སྒྲོགས་བཞིན་དགའ་མགུར་རོལ་བའི་ཁྱད་པར་དང་། མཁས་གྲུབ་རྗེའི་མཁྱེན་རབ་ཉི་མའི་ཟེར་དང་ཕྲད་པ་ལ་བརྟེན་ནས་ཚད་མ་སྡེ་བདུན་གྱི་དགོངས་དོན་འདབ་བརྒྱ་ཡོངས་སུ་རྫོགས་པས་དཀའ་གནད་ལེགས་བཤད་ཀྱི་ཟེའུ་འབྲུ་དཀར་པོས་མཛེས་པའི་ཁྱད་པར་དང་། གངས་ཅན་མཁས་མང་ན་ཆུང་ཚོགས་ཀྱིས་མཐོང་བ་ན་ཡིད་རང་དབང་མེད་པར་ཕྲོགས་ཏེ་ཀུན་དགའི་སྤུ་ལོང་གཡོ་བའི་ཁྱད་པར་དང་ལྡན་པའི་ཕྱིར། དེས་ན་རྩོམ་པ་པོ་དགེ་ལེགས་དཔལ་བཟང་པོ་བདག་གིས་ཅོད་པན་ཏེ་སྤྱི་བོར་ཐལ་མོ་སྦྱར་བའི་བར་དུ་དེ་ལྟ་བུའི་ལེགས་པར་བཤད་པའི་མེ་ཏོག་གི་ཕྲེང་བ་འཛིན་པ་འདིས་བདུད་བཞི་ལས་རྒྱལ་བའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ལ་གུས་པས་མཆོད་པའི་བསོད་ནམས་ལ་བརྟེན་ནས། ས་འོག་ས་སྟེང་ས་བླ་སྟེ་འཇིག་རྟེན་གསུམ་གྱི་རྒུད་པ་མ་ལུས་པ་འདི་དག་ལྷག་མ་མེད་པར་ཞི་བར་གྱུར་ཅིག་ཅེས་པའོ།། འདི་ནི་དོན་རྒྱན་སོ་ལྔའི་ནང་ནས་བསྡུས་བརྗོད་ཀྱི་རྒྱན་ཡིན་ཏེ། བརྗོད་འདོད་དཔེ་ཅན་གྱི་དངོས་པོ་འགའ་ཞིག་ལ་བསམ་པར་བྱས་ནས། དེ་དང་མཚུངས་པའི་དཔེའི་དངོས་པོ་གཞན་དག་ངག་ཏུ་བཀོད་པའི་སྒོ་ནས། དཔེ་ཅན་དེ་བསྡུས་པའི་ཚུལ་གྱིས་བརྗོད་པར་བྱེད་པ་དེ་ནི་བསྡུས་བརྗོད་ཀྱི་རྒྱན་དུ་བཤད་པའི་ཕྱིར།

སྙན་ངག་མེ་ལོང་ལས། དངོས་པོ་འགའ་ལ་བསམ་བྱས་ནས།། དེ་དང་མཚུངས་པའི་དངོས་པོ་གཞན།། བསྡུས་པའི་ཚུལ་གྱིས་བརྗོད་བྱེད་པ།། དེ་ནི་བསྡུས་པ་བརྗོད་པར་འདོད།། ཅེས་པ་ལྟར་རོ།། དེས་ན་འགའ་ཞིག་གིས་འདི་གཟུགས་ཅན་གྱི་རྒྱན་ཡིན་ཞེས་པ་སྨྲ་བ་ནི། མེ་ལོང་གི་གཞུང་མ་མཐོང་བར་ཟད་དོ།།”ཞེས་ལེགས་པར་བཀྲལ་བའི་ཚུལ་འདི་ཀླུ་ཀུན་ཏུ་དགའ་བའི་མཆོད་བརྗོད་ཀྱི་ཤོ་ལོ་ཀ་དང་བོ་དང་གཞན་དག་ལ་ཡང་རིགས་བསྒྲེ་བར་བྱའོ།།

གཞན་ཡང་། ཇི་སྐད་དུ། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ལས། (༡།ཤ༥༦༠)
བྱམས་པའི་ཐུགས་ནི་རྒྱ་ཆེན་དགའ་བས་མགུལ་ནས་ཡང་དག་འཁྱུད་གྱུརད་པ། །
ཁྱེད་ཀྱི་སྙིང་རྗེས་བདག་ཅག་ཀྱང་ནི་དེ་བཞིན་བཏང་སྙོམས་མཚུངས་མཛད་རིགས། །
ལེགས་པའི་ལྷ་མོ་གྲགས་འཛིན་མཛད་བཞིན་བདག་ཅག་གིས་ནི་རྗེས་མི་འགྲོ། །
བདུད་ཀྱི་བུ་མོས་ཕྲག་དོག་གིས་སྨྲས་ཁྱེད་རྣམས་སངས་རྒྱས་རྟོགས་པར་ཤོག །

ཞེས་པའི་དོན་ནི། “བྱམས་པའི་ཐུགས་ནི་རྒྱ་ཆེ་ཞིང་ཚད་ཀྱིས་གཞལ་དུ་མེད་པ་ཁྱོད་ཀྱི་དགའ་བ་སྟེ། ཆུང་མ་(གྲགས་འཛིན་མ)སྔོན་ཁྱོད་ཀྱི་མགུལ་ནས་ཡང་དག་པར་འཁྱུད་པར་གྱུར་མྱོང་བ་ལྟར། ཁྱེད་ཀྱིས་སྙིང་རྗེས་གཟིགས་ནས་བདག་ཅག་ལའང་དེ་ལྟ་བུའི་གོ་སྐབས་མཚུངས་པར་གནང་རིགས་སོ།། [འོན་ཏེ] ཁྱོད་ཀྱི་ལྷ་མོ་དམ་པ་སྟེ་བཙུན་མོ་གྲགས་འཛིན་མས་ཁྱོད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང་འདོད་པ་ལ་རྒྱབ་ཀྱིས་ཕྱོགས་པར་ཅི་མི་སྙམ་པ་ལྟ་བུའི་མཛད་པ་བསྐྱངས་པ་བཞིན་དུ་ནི་བདག་ཅག་གིས་གཏན་ནས་བྱེད་མི་ཐུབ་བོ”ཞེས་བདུད་ཀྱི་བུ་མོས་ཕྲག་དོག་གིས་སྨྲས་པའི་ཡུལ་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྟོགས་པའི་གོ་འཕང་དེ་ལྟ་བུ་ཁྱེད་རྣམས་ལ་འཁྲུང་བར་ཤོག་ཅིག་ཅེས་ཤིས་པར་བརྗོད་པའོ།།

ཡང་། དེ་ཉིད་ལས། (༡།ཤ༥༦༠)
རྫོགས་བྱང་ཆུབ་ལ་བདུད་ནི་ཁྲོ་བས་སྐད་ཅིག་གཞུ་བཀང་དེ་ཡི་སྡེ་ཚན་རྣམས། །
གང་གིས་རྣམ་པར་བྲོས་པས་བུབ་ཅིང་ལོག་འདྲེན་ཞབས་ཀྱིས་མནན་ཏེ་མངོན་སྐད་འབྱིན། །
ལུས་མེད་བུ་མོ་མྱོས་བྱེད་མ་རྣམས་མཆི་འཛག་འཆི་མེད་རྣམས་ཀྱིས་མཐོང་ནས་དགའ། །
སྟོབས་བཅུ་མངའ་བའི་སྔོན་འགྲོ་གཞན་གྱིས་མི་ཐུབ་མས་ནི་ཁྱེད་རྣམས་སྐྱོང་བར་ཤོག །

ཞེས་པའི་དོན་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྫོགས་པའི་བྱང་ཆུབ་བརྙེས་པར་འགྱུར་བ་ལ་རབ་ཏུ་མ་བཟོད་ཅིང་ཤིན་ཏུ་ཁྲོ་བར་གྱུར་བས། བདུད་ཀྱིས་གཞུ་བཀང་བར་བྱས་ཏེ་དེ་ལ་བར་དུ་གཅོད་པའི་རྒོལ་བ་ལྷུར་ལེན་ཞིང་། དེ་ཡི་སྡེ་ཚན་ཏེ་བདུད་དེའི་དཔུང་སྡེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མི་ཕམ་པའི་ཡོན་ཏན་གྱིས་རྣམ་པ་ཀུན་ཏུ་ཕམ་པར་གྱུརད་ཅིང་། ཕྱོགས་ཀུན་ཏུ་འབྲོས་པར་གྱུར་ལ། ཁ་སྦུབ་ཏུ་འགྱེལ་བ་དག་ནི་ལོག་འདྲེན་ཏེ་བདུད་ཀྱི་ཞབས་ཀྱིས་བརྫིས་པར་གྱུར་བས་འོ་དོད་བར་མེད་འབོད་ཅིང་། སྐད་ངན་སྣ་ཚོགས་མངོན་པར་འབྱིན་པ་དང་། ལུས་མེད་ཀྱི་བུ་མོ་འདོད་ལྡན་མྱོས་པར་བྱེད་མ་དག་ནི་སངས་རྒྱས་བཅོམ་ལྡན་འདས་ལ་ཅིར་ཡང་བྱར་མ་བཏུབ་པས་ཡིད་ཁོང་དུ་ཆུད་དེ་མིག་ལས་མཆི་མའི་རྒྱུན་བབ་པར་གྱུརད་པ་དང་། ཡང་འཆི་བ་མེད་པ་སྟེ་ལྷ་རྣམས་ནི་དེ་ལས་ལྡོག་སྟེ་ལྷ་མིའི་རྣམ་འདྲེན་སངས་རྒྱས་བཅོམ་ལྡན་ཉིད་ཀྱིས་བདུད་དཔུང་མ་ལུས་བཅོམ་པར་མཛད་པའི་ཚུལ་དེ་ལྟ་བུ་མཐོང་ནས་ཤིན་ཏུ་དགའ་བར་གྱུརད་ཏོ།། ཞེས་སེམས་ཅན་གྱི་རྣམ་སྨིན་མི་འདྲ་བ་ཉིད་ལས་སོ་སོར་དགའ་སྡུག་སྣ་ཚོགས་པ་བྱུང་ཚུལ་ཡང་སྙན་ངག་པས་ཞོར་ལ་གསལ་བར་བཀོད་དེ། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་སོགས་སྟོབས་བཅུ་མངའ་བའི་སངས་རྒྱས་ཉིད་སྲུང་ཞིང་སྙེན་པའི་ལྷ་མོ་གཞན་གྱིས་མི་ཐུབ་མ་ཡིས་འགྲོ་བ་ཁྱེད་རྣམས་དུས་ཀུན་ཏུ་སྲུང་ཞིང་སྐྱོང་བར་ཤོག་ཅིག་ཅེས་ཤིས་པ་བརྗོད་པའོ།།

དེ་ལྟར། དགེ་བསྙེན་ཟླ་བས་མཛད་པའི་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་གྱི་དགའ་ལྡན་ནམ། དགའ་བར་བྱེད་པའི་ཚིགས་བཅད་ཅུང་ཙམ་བཀྲལ་ནས་ད་ནི་དངོས་གཞི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་དགའ་ལྡན་གྱི་ཚིགས་བཅད་འགྲེལ་བ་ལ། དགའ་བྱེད་ཀྱི་ཤོ་ལོ་ཀ་དང་བོ་ནི།

ཇི་སྐད་དུ། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས། (༢།ཤ༦༤༢)
དགའ་མ་དགའ་བའི་ཟོལ་ལས་སྐྱེས་པའི་སྤུ་ལོང་དག་གིས་བསྒྲིབས་པའི་ལུས་འཛིན་ཅིང་། །
འཛུམ་དང་ལྡན་པས་རྒྱལ་བའི་བྱང་ཆུབ་དག་ལ་བཀོད་པ་མེ་ཏོག་སྙིམ་པ་ནི། །
གཤོག་རྩལ་རབ་བསྐྱོད་སྒྲ་སྒྲོགས་སྦྲང་རྩི་བྱེད་རྣམས་སྦྲང་རྩི་རེ་བས་བསྟེན་ཅིང་དེའི། །
རྐང་བས་བསྣུན་པས་ཁ་ཟུམ་ཚོགས་ཕྱེ་གེ་སར་གསལ་བར་གྱུར་པས་ཁྱེད་ལ་སྲུངས། །

ཞེས་གསུང་བའི་དོན་ནི། བདུད་ཀྱི་བུ་མོ་དགའ་མ་རབ་ཏུ་དགའ་བའི་ཟོལ་ལམ་ཚུལ་ལས་སྐྱེས་པའམ་གཡོས་པའི་སྤུ་ལོང་དག་གིས་ཡོངས་སུ་བསྒྲིབས་པའི་ལུས་ཀྱི་རྣམ་པ་འཛིན་པ་སྟེ། ལུས་ཡོངས་དགའ་བའི་སྤུ་ལོང་གིས་གཡོས་པར་གྱུར་བ་(བདུད་ཀྱི་བུ་མོ་དགའ་མ)དེས་སྒེག་པའི་འཛུམ་དང་བཅས་ཏེ་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་ལ་ལེགས་པར་སྙོམས་པར་བཞུགས་པའི་དྲུང་དུ་བཀོད་པའམ་བཞག་པའི་མེ་ཏོག་སྙིམ་པའམ་ཁ་མ་ཕྱེ་བ་དེ་དག་ནི། གཤོག་རྩལ་རབ་ཏུ་སྐྱོད་ཅིང་ཟིར་ཟིར་གྱི་སྒྲ་ཀུན་ཏུ་སྒྲོགས་པ་སྦྲང་རྩི་བྱེད་པ་སྟེ་སྦྲང་མ་རྣམས་ཀྱིས་སྦྲང་རྩི་འདོད་པའི་རེ་བ་དང་བཅས་ཏེ་བསྟེནད་ཅིང་བུང་བ་དེ་དག་གི་རྐང་བས་མེ་ཏོག་ལ་བསྣུན་པའི་རྐྱེན་གྱིས་ཁ་ཟུམ་པའི་མེ་ཏོག་གི་ཚོམས་ཁ་ཕྱེ་བར་གྱུར་ལ། མེ་ཏོག་དེ་དག་གི་གེ་སར་རམ་ཟེའུ་འབྲུའི་སོ་ཕྲེང་གསལ་བར་གྱུར་བ་དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁྱེད་ཅག་སྲུང་བར་གྱུར་ཅིག་ཞེས་པའོ།།

ཀུན་མཁྱེན་འཇིགས་མེད་དབང་བོ་མཆོག་གིས་རྗེའི་ཐུགས་སྲས་མཁས་གྲུབ་དགེ་ལེགས་དཔལ་བཟང་མཆོག་གི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོའི་མཆོད་བརྗོད་འགྲེལ་བ་གོང་དུ་བཀོད་ཡོད་པ་ལྟར། ཚིགས་བཅད་གོང་འོག་ཀུན་ཏུ་དེ་ལྟའི་འགྲེལ་ཚུལ་གྱིས་རིགས་བསྒྲེས་ཏེ་སྤྲོས་པར་མོས་པ་དག་གིས་ཀུན་རྟོག་གི་སྤྲོ་བ་མང་དུ་མཛད་པར་རིགས་སོ།།

དོན་ཡོད་པའི་ཕྱིར། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་ཤོ་ལོ་ཀ་གཉིས་པ་རྒྱ་དཔེ་དང་གཏུགས་ཏེ་འགྲེལ་བ་ལ།
དེ་ཡང་ཇི་སྐད་དུ། ལེགས་པར་སྦྱར་བ་ལྷའི་སྐད་དུ་བཞུགས་པའི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས།(༦།ཤ༡།-༧།ཤ༡)
ध्यानव्याजमुपेत्य चिन्तयसि कामुन्मील्य चक्षुः क्षणं
पश्यानङ्गशरातुरं जनमिमं त्राताऽपि नो रक्षसि।
मिथ्याकारुणिकोऽसि निर्घृणतरस्त्वत्तः कुतोऽन्यः पुमान्
सेर्ष्यं मारबधूभिरित्यभिहितो बोधौजिनः पातु वः।।

དྷྱཱནབྱཱཛམུཔེཏྱ ཙིནྟཡསི ཀཱམུནྨཱིལྱ ཙཀྵུཿ   ཀྵཎཾ
པཤྱཱནངྒཤརཱཏུརཾ ཛནམིམཾ ཏྲཱཏཱཉཔི ནོ རཀྵསི།
མིཐ྄ཡཱཀཱརུཎིཀོཉསི ནིར྄གྷྲྀཎཏརསྟྭཏྟཿ  ཀུཏོཉནྱཿ   པུམཱན྄
སེརྵྱཾ མཱརབདྷཱུབྷིརིཏྱབྷིཧིཏོ བུདྷཽཛིནཿ   པཱཏུ བཿ   །། ཞེས་གསུངས་པ་ལྟར།

དེ་ཤོང་འགྱུར་དུ། (༡།ཤ༥༦༠)
བསམ་གཏན་ཟོལ་དག་ཉེ་བར་བཟུང་ནས་སྐད་ཅིག་མིག་ཕྱེ་སུ་ལ་སེམས་པར་བྱེད། །
སྐྱོབ་པ་ཡིན་ཡང་ལུས་མེད་མདས་གཟིར་སྐྱེ་བོ་འདི་དག་སྲུང་བ་མིན་ལ་ལྟོས། །
སྙིང་རྗེར་ལྡན་པ་རྫུན་ཏེ་ཁྱོད་ལས་གཞན་པའི་བརྩེ་མེད་སྐྱེས་བུ་ག་ལ་ཡོད། །
བདུད་མོ་རྣམས་ཀྱིས་བྱང་ཆུབ་ལ་འདི་ཕྲག་དོག་གིས་བརྗོད་རྒྱལ་བས་ཁྱེད་ལ་སྲུངས།།
ཞེས་བསྒྱུར་ཡོད་ཅིང་། བོད་ཀྱི་སྒྲ་བ་རྣམས་ལའང་ཕན་པའི་ཕྱིར་སྐད་དོད་ཤན་སྦྱར་ཏེ་དེའི་དོན་རྒྱས་པར་བཀྲལ་ན་འདི་ལྟ་སྟེ།

མཚམས་སྦྱོར་ཕྲལ་བ།
བྱཱཛམུཔེཏྱ = བྱཱཛམ྄ + ཨུཔེཏྱ། ཀཱམུནྨཱིལྱ = ཀཱམ྄ + ཨུནྨཱིལྱ།  པཤྱཱནངྒ = པཤྱ + ཨནངྒཿ།
ཛནམིམཾ = ཛནམ྄ + ཨིམམ྄། ཏྲཱཏཱཉཔི = ཏྲཱཏཱ + ཨཔི།  ཀཱརུཎིཀོཉསི = ཀཱརུཎིཀཿ + ཨསི།
ཀུཏོཉནྱཿ = ཀུཏས྄ + ཨནྱ། སེརྵྱཾ = ས + ཨིརྵྱཾ། མཱརབདྷཱུབྷིརིཏྱབྷིཧིཏོ = མཱརབདྷཱུབྷིཿ   + ཨིཏི + ཨབྷིཧིཏཿ  ། 

འབྲུ་འགྲེལ། 

དྷྱཱ་ནམ྄་ནི་བསམ་གཏན། བྱཱ་ཛམ྄་ནི་ཟོལ་འམ་གཡོ། ཨུ་པེ་ཏྱ་ནི་ཉེ་བར་བཟུང་ནས།(ཨུ། ཨུཔ+√ཨི། ཞ) ཀཱམ྄་ནི་སུ་ལ།(ན༢།༡མ) ཙིནྟཡསི་ནི་སེམས་པར་བྱེད།(√ཙིན྄ཏ྄། ལཊ། ཞ) ཨུནྨིལྱ་ནི་ཕྱེ་ནས།(ཨུ། ཨུད྄+√མཱིལ྄། ཞ) ཙཀྵུས྄་ནི་མིག ཀྵཎཾ་ནི་སྐད་ཅིག པཤྱ་ནི་ལྟོས་ཤིག་གམ་གཟིགས་པར་མཛོད་ཅིག(√དྲྀཤ྄། ལོཊ། ཞ) ཨནངྒཿ ནི་ལུས་མེད་དེ་འདོད་ལྷ། ཤརཿ ནི་མདའ། ཨཱཏུར་ནི་གཟིར་བ། ཨནངྒཤརཱཏུརམ྄་ནི་ལུས་མེད་ཀྱི་མདའ་ཡིས་གཟིར་བའི། ཛནམ྄་ནི་མིའམ་སྐྱེ་བོ། ཨིམམ྄་ནི་འདི།(ན༢།༡ ཕ། སྤྱིར་གོང་གི་སྐྱེ་བོ་དང་འདི་སྒྲ་གཉིས་༡ཚིག་ཡིན་ཡང་། འོག་གི་མཱརབདྷཱུབྷིཿ བདུད་མོ་རྣམས་ཀྱིས་ཞེས་མང་ཚིག་ཡོད་པའི་ཤུགས་ཀྱིས་མང་ཚིག་ལ་འཇུག་པའོ) ཏྲཱཏྲྀ་ནི་སྐྱོབ་པ།(ཏྲཱཏཱ ན༡།༡ ཕ) ཨཔི་ནི་ཡང་ངམ་འོན་ཀྱང་། ནོ་ནི་དགག་ཚིག རཀྵསི་ནི་སྲུང་བ།(√རཀྵ྄། ཞ) མིཐ྄ཡཱ་ནི་རྫུན་པ།(ཟ) ཀཱརུཎིཀ་ནི་སྙིང་རྗེའམ་བརྩེ་བ། ཨསི་ནི་ཡིན་ནམ་རེད།(√ཨས྄། ལཊ། ཞ) ནིར྄གྷྲྀཎ་ནི་སྙིང་རྗེ་མེད་པའམ་བརྩེ་བ་མེད་པ། ཏརཿ   ནི་བསྡུར་བའམ་ལྷག་པའི་རྐྱེན་ཏརཔ྄་སྦྱར་བའོ།།(ལྷག་པ་ལ་ཏརཔ྄འོ) ཏྭཏྟས྄་ནི་ཁྱོད་ལས།(ཟ) ཀུཏས྄་ནི་གང་དུ། ཨནྱ་ནི་གཞན། པུཾས྄་ནི་སྐྱེས་བུ།(པུམཱན྄་ན༡།༡ ཕ) ཨཱིར྄ཥ྄ཡཱ་ནི་ཕྲག་དོག སེརྵྱམ྄(ས+ཨཱིར྄ཥ྄ཡཱ། མ)ཡང་ན།[(ཨཱིརྵྱཡཱ སཧིཏཾ)ཕྲག་དོག་དང་བཅས་ཏེ] མཱརབདྷཱུཿནི་བདུད་ཀྱི་བུ་མོ་སྟེ་བདུད་མོ།(མཱརབདྷཱུབྷིཿ ན༣།༣ ཞ) ཨིཏི་ནི་ཞེས་ཏེའམ་དེ་སྐད།(ཟ) ཨབྷིཧིཏ་ནི་བརྗོད་པའམ་མངོན་པར་བརྗོད་པ།(ཨུ། ཨབྷི་+√དྷཱ། ཉ) བོདྷི་ནི་བྱང་ཆུབ།(བོདྷཽ་ནི་ན༧།༡མ) ཛིནཿ ནི་རྒྱལ་བ། པཱཏུ་ནི་སྲུང་བའམ་སྐྱོང་བར་མཛོད།(√པཱ། ལོཊ། ཞ) བཿ   ནི་ཁྱོད་ཅག(ན༢།༣)
ཞེས་པ་སྡེབ་སྦྱོར་སྟག་རྣམ་རྩེན་གྱིས་བཅིངས་པ་དེའི་དོན་ནི་འཆད་འགྱུར་ལྟར་ཏེ།

དོན་འགྲེལ།

“བསམ་གཏན་སྒོམ་པའི་ཟོལ་གྱིས་བུད་མེད་སུ་ཞིག་སེམས་པར་བྱེད། སྐད་ཅིག་ཙམ་ལ་མིག་དག་ཕྱེ་ནས་ལུས་མེད་ཀྱི་མདས་གཟིར་བའི་བདག་ཅག་ལ་གཟིགས་པར་མཛོད་ཅིག ཐམས་ཅད་སྐྱོབ་པ་ཡིན་བཞིན་དུ་ཡང་བདག་ཅག་སྐྱོབ་པར་མི་བྱེད་པ་ཅི། ཁྱོད་སྙིང་རྗེ་དང་ལྡན་པར་བཤད་པ་རྫུན་ཏེ། ཁྱོད་ལས་གཞན་པའི་བརྩེ་བ་མེད་པའི་སྐྱེས་བུ་སུ་ཞིག་ཡོད།” ཅེས་ཏེ་བདུད་ཀྱི་བུད་མེད་རྣམས་ཀྱིས་ཕྲག་དོག་དང་བཅས་ཏེ་སྨྲས་པར་གྱུརད་ཅིང་། དེ་ཁོ་ན་ཉིད་ཀྱི་རྒྱུ་བསམ་གཏན་ལ་གཡོ་བ་མེད་པར་གཞོལ་བ་དེ་ལྟ་བུའི་ཁྱད་པར་དང་བཅས་པའི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁྱོད་ཅག་སྲུང་བར་གྱུརད་ཅིག་ཅེས་པའོ།།

རྒྱས་འགྲེལ།

ཚིགས་སུ་བཅད་པ་འདི་ནི་བདུད་དགའ་རབ་དབང་ཕྱུག་གིས་རང་གིས་མ་ཐུབ་པར་རང་གི་ན་ཆུང་བུ་མོ་རྣམས་སངས་རྒྱས་བཅོམ་ལྡན་འདས་མཉམ་པར་བཞག་པའི་ཚེ་བར་ཆད་རྩོམ་པའི་ཕྱིར་བརྫངས་པའི་གནས་སྐབས་ལས་བརྩམས་ཏེ། སྙན་ངག་པ་དགའ་བའི་ལྷས་(༥༩༠-༦༤༧)སངས་རྒྱས་ཀྱི་མི་འཁྲུགས་པའི་མཛད་པའམ་བཏང་སྙོམས་ཚད་མེད་ཀྱི་ཡོན་ཏན་ལ་བསྔགས་པ་མཛད་ཅིང་། དེ་ལྟ་བུའི་ཡོན་ཏན་དེ་དང་ལྡན་པའི་སངས་རྒྱས་དེས་ཁྱེད་ཅག་སྲུང་བར་གྱུར་ཅིག་ཅེས་ཤིས་པ་བརྗོད་པའོ།།

གོ་སླ་བའི་ཕྱིར་ཞིབ་ཏུ་བཀྲལ་ན། འདི་ནི་བདག་ཅག་གི་སྟོན་པ་ལོ་དྲུག་ལ་དཀའ་བ་སྤྱད་དེ་མཐར་རྡོ་རྗེ་གདན་གྱི་སྤོ་ལ་མཉམ་པར་བཞག་པའི་ཚེ། བདུད་ལས་རྒྱལ་བའི་ཚུལ་གྱི་གནས་སྐབས་དེ་ཉིད་དམིགས་སུ་བཀོད་དེ་སངས་རྒྱས་ཀྱི་ཆེ་བ་བརྗོད་པའི་ཚིགས་སུ་བཅད་པ་ཞིག་ལགས་ཤིང་། དེ་ཡང་བདུད་མོ་རྣམས་ཀྱི་འཁང་ར་ལྟ་བུ་དང་། བདེན་བདེན་འདྲ་བའི་གཅོམ་སྐྱུང་གི་ངག་གཙོ་བོར་བརྗོད་པ་ལས། དེ་དག་གི་འཁང་ར་བྱེད་ཡུལ་དུ་གྱུར་བའི་སངས་རྒྱས་ཉིད་ཀྱི་ཁྱད་ཆོས་སོགས་ཚིགས་སུ་བཅད་པ་དངོས་སུ་གང་ཡང་མ་བརྗོད་ན་ཡང་། བདུད་མོ་རྣམས་ཀྱིས་འཁང་ར་བརྗོད་པའི་ཤུགས་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆེ་བ་དང་མཛད་པ་སོགས་སྙན་ངག་མྱོང་མཁན་དག་གི་རྣམ་རྟོག་གི་སྒྱུ་འཕྲུལ་ལས་རྟོགས་ཤིང་མྱང་བར་འགྱུར་བའོ།།

སྙན་ངག་མེ་ལོང་ལས། ཐོག་མར་འདྲེན་པ་ཡོན་ཏན་གྱིས།། ཉེ་བར་བཀོད་ནས་དེ་ཡིས་ནི།། དགྲ་ལ་གནོད་པ་བྱེད་ཅེས་པའི།། ལམ་འདི་རང་བཞིན་མཛེས་པ་ཡིན།།(༥།ཤ༨༠) ཞེས་དང་ཡང་། རིགས་དང་བརྩོན་འགྲུས་ཐོས་སོགས་ཀྱིས།། དགྲ་བོ་ལ་ཡང་བསྔགས་བྱས་ནས།། དེ་ལས་རྒྱལ་བར་འདྲེན་པ་ནི།། ཁྱད་འཕགས་བརྗོད་པ་བདག་དགའ་སྐྱེས།།(༥།ཤ༨༡)ཞེས་གསུངས་པའི་སྐབས་ཀྱི་དགྲ་བོ་ལ་ཡང་བསྔགས་བྱས་ནས་ཞེས་པ་ལྟར། སྐབས་དོན་ཇི་བཞིན་མིན་ནའང་། སྙན་ངག་གི་གཞུང་མེ་ལོང་མའི་དབང་དུ་བྱས་ན། སྐབས་དོན་གྱི་བལྟ་བྱའི་སྙན་ངག་གཉི་གའི་མཆོད་བརྗོད་ཀྱི་ངག་ལམ་འདི་ཉིད་བསྟེན་ཡོད་དེ། བརྗོད་ཚུལ་འདི་ཉིད་ཡིན་པའི་ཕྱིར་རོ།། དེ་ཡང་ཞིབ་ཏུ་བཤད་ན། སངས་རྒྱས་བཅོམ་ལྡན་འདས་ཉིད་བདུད་ཀྱི་ཁ་གཏད་དམ་དགྲར་སོང་བས། དེའི་ཁྱད་ཆོས་དང་ཡོན་ཏན་སོགས་དངོས་སུ་ཅི་ཡང་མ་བརྗོད་ནའང་། བདུད་ཀྱིས་དོན་མེད་པའི་རྒོལ་བ་ལྷུར་བླངས་པའི་ཤུགས་ལས་སངས་རྒྱས་ཀྱི་གཞན་གྱིས་མི་ཐུབ་པའི་ཡོན་ཏན་སོགས་ཤུགས་ལས་གསལ་བར་འགྱུར་བའི་ཕྱིར། ཡང་། དབྱིན་ཇིའི་སྙན་ངག་པ་གྲགས་ཅན། རོ་བྷིརྛ་བྷྲཽནྣིང་[Robert Browning(1812-1889)]མཆོག་གིས་མཛད་པའི་སྙན་ངག་“ངའི་བཙུན་མོ་ལས་ལེགས་མ།”(My last Duchess / 我已故的公爵夫人)ཞེས་པའང་བརྗོད་ཐབས་འདི་ལྟ་བུར་མཐོང་བས། དོན་གཉེར་ཅན་དག་གིས་དེའང་སྤྱན་རས་གཡོ་བར་མཛོད་ཅིག

དེ་ཉིད་ལས།
རང་བཞིན་བརྗོད་དང་འཁྱོག་བརྗོད་ཅེས།། ངག་གི་རང་བཞིན་ཐ་དད་གཉིས།། འཁྱོག་པར་བརྗོད་པ་ཐམས་ཅད་ལ།། ཕལ་ཆེར་སྦྱར་བས་དཔལ་རྒྱས་བྱེད།།(༥།ཤ༤༨༢)ཞེས་གསུངས་པ་ལྟར་འདིར་ནི་འཁྱོག་བརྗོད་ཀྱི་ལམ་རང་སྤྱད་ཡོད་དེ། དབྱུག་པ་ཅན་གྱི་རྗེས་ཀྱི་སྙན་ངག་གི་གཞུང་སྟོན་མཁན་དག་གི་ཁྲོད་དུ་འཁྱོག་བརྗོད་ཉིད་སྙན་ངག་གི་སྲོག་ཏུ་བཤད་ཡོད་པའང་འདི་ལྟ་བུའི་ཡོན་ཏན་གྱིས་ཡིན་པ་སོགས་བརྗོད་དུ་བྱ་བ་མང་ཡང་སྐབས་གཞན་དུ་སྤྲོ་བར་འགྱུར་རོ།། སྙན་ངག་གི་ལམ་སྲོལ་འདི་ལྟ་བུ་དངོས་སུ་སྤྱད་པ་ནི་ཤིན་ཏུ་མཐོང་དཀོནད་ཅིང་། གང་མང་ཞིག་གི་བགོ་སྐལ་དུ་མ་གྱུར་བ་ཤིན་ཏུ་ཕངས་པའི་གནས་སོ།།

དཀྱུས་སུ་འཇུག་པར་བྱ་སྟེ། དེ་ཡང་བདུད་ཀྱིས་བརྫངས་པའི་ལྷ་མོ་རྣམས་ཀྱིས་སངས་རྒྱས་ཀྱི་དྲུང་དུ་སྒེག་པའི་གར་ལ་རོལད་ཅིང་། སྒྲ་སྙན་དང་སིལ་སྙན། རྒྱན་ཆ་དང་རྣ་ཆ། གླུ་དབྱངས་ཡིད་དུ་འོང་བ་དུ་མས་བཀྲ་བ་དང་མཛེས་པར་བྱས་ཏེ། ཡིད་ཀྱི་དབང་བོ་འགུག་པར་བསམ་མོད་ཀྱང་། སངས་རྒྱས་ཀྱིས་སྤྱན་ཚུན་ཆད་མ་ཕྱེ་བར་བསམ་གཏན་ལ་རྩེ་གཅིག་ཏུ་གཞོལ་ཞིང་། དེ་ལ་བར་ཆད་དུ་འགྲོ་བ་ཅི་ཡང་དེ་དག་གིས་བརྩམས་ནུས་པར་མ་གྱུར་བ་ན། བདུད་མོ་དག་ཐབས་ཟད་དེ་ན་རེ། “ཝེ། བསམ་གཏན་སྒོམ་པའི་ཟོལ་གྱིས་བུད་མེད་སུ་ཞིག་ཡིད་ལ་དྲན་གྱི་ཡོད། གྲགས་འཛིན་མ་དྲན་གྱི་ཡོད་དམ། གཞན་དུ་ན་མཛེས་པའི་བུད་མེད་སུ་ཞིག་ཡིད་ལ་བྱེད་ཅིང་མཆིས་”ཞེས་སྒྲོ་འདོགས་པའི་ཟོལ་གྱིས་བར་ཆད་རྩོམ་པ་དང་། ཡང་། “ལུས་མེད་ཀྱི་མདས་ཤིན་ཏུ་གཟིར་བའི་བདག་ཅག་ལ་སྐད་ཅིག་ཙམ་ལའང་སྤྱན་གྱིས་གཟིགས་པར་མཛོད་ཅིག ཐུགས་རྗེ་མཛོད་ཅིག”ཅེས་ཉམ་ང་ང་སྐད་དུ་བར་ཆད་རྩོམ་པ། དེ་བཞིན་དུ། “ཁྱོད་འགྲོ་བའི་གཉེན་དང་སྐྱབས་མ་ཡིན་ནམ། ཅིའི་ཕྱིར་ཁྱོད་ཐམས་ཅད་སྐྱོབ་པ་ཡིན་བཞིན་དུ་ཡང་བདག་ཅག་སྲུང་བར་མི་བྱེད་དམ། བདག་ཅག་སྐྱོབ་པར་མི་བྱེད་པ་ཅི་ཞིག”ཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ཞེ་འགལ་བ་སྐད་དུ་བར་ཆད་རྩོམ་པ་སོགས་ཅི་ཞིག་བྱས་ཀྱང་། སངས་རྒྱས་བསམ་གཏན་ལས་གཡོ་མ་ནུས་ཤིང་། ཏིང་ངེ་འཛིན་ལས་དཀྲོགས་མ་ནུས་པས་ཡི་ཆད་དེ་མཐའ་མར་ཁྱོད་“སྙིང་རྗེ་དང་ལྡན་པར་བཤད་པ་ནི་རྫུན་ཏེ། ཁྱོད་ལྟ་བུའི་བརྩེ་བ་མེད་པ། སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མེད་པའི་སྐྱེས་བུ་གཞན་ཞིག་ག་ལ་ཡོད”ཅེས་དམོད་པ་ལྟ་བུའི་བར་ཆད་བརྩམས་པར་ཐལ་ལོ།། དེ་ལྟར་ཐལ་ནས་སེམས་ཁོང་དུ་ཆུད་དེ་སྤྲུལ་འགྱུར་བསྡུས་པར་གྱུར་བའང་རྗེས་སུ་དཔག་པར་བྱ་བའོ།། དེ་ལྟ་བུའི་བདུད་མོ་རྣམས་ཀྱིས་རྣམ་པ་དུ་མ་དང་ཐབས་དུ་མས་བར་དུ་གཅོད་བསམས་ཀྱང་གཅོད་མ་ཐུབ་པས། མཐའ་མར་ཕྲག་དོག་གིས་གོང་དུ་བཤད་པའི་ཚིག་དེ་དག་ཐལ་བ་སྟེ་དེ་སྐད་བརྗོད་པར་གྱུར་བའི་ཡུལ་ཉིད་དུ་གྱུར་བ་སངས་རྒྱས་དེ་ཉིད་ཀྱིས་འགྲོ་བ་ཁྱེད་ཅག་སྲུང་བར་གྱུར་ཅིག་ཅེས་ཤིས་པ་བརྗོད་པའོ།།

ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་འདི། ད་དུང་དེ་ལས་གོ་སླ་བར་བརྗོད་ན། སངས་རྒྱས་ཀྱིས་ཁྱེད་ཅག་སྲུང་བར་གྱུར་ཅིག ཇི་ལྟ་བུའི་སངས་རྒྱས་ཀྱིས་ཞེ་ན། བདུད་མོ་རྣམས་ཀྱིས་ཐོག་མར་ཅོ་འདྲི་བ། བར་དུ་ཉམ་ང་ང་སྐད་བྱེད་པ་དང་། མཐའ་མར་ཕྲག་དོག་དང་བཅས་ཏེ་དམོད་པ་བོར་བར་ཐལ་བའི་ཡུལ་དུ་གྱུར་བའི་སངས་རྒྱས་དེ་ཉིད་ཀྱིས་སྲུང་བར་གྱུར་ཅིག་ཅེས་པའོ།། དེའི་ཤུགས་ནས་བལྟ་བྱའི་སྙན་ངག་འདི་གཉི་གའི་བརྗོད་བྱ་སངས་རྒྱས་ཀྱི་ཚད་མེད་བཞི་ལས་བཏང་སྙོམས་ཚད་མེད་ཀྱི་སྒོ་ནས་སངས་རྒྱས་ལ་བསྔགས་ཤིང་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་ཁྱད་པར་དང་བཅས་པའི་སངས་རྒྱས་ཀྱིས་འགྲོ་བ་ཁྱེད་ཅག་སྲུང་བར་ཤོག་ཅིག་ཅེས་ཤིས་པ་བརྗོད་པ་རྟོགས་སླའོ།།

འགྱུར་དཔྱད།

ཤོང་འགྱུར་ལྟར་ན། ཚིག་ཟིན་ཙམ་ལ་གཟིགས་ནས། བསམ་གཏན་ཟོལ་དག་ཉེ་བར་བཟུང་ནས། སྐད་ཅིག་ཙམ་ལ་མིག་ཕྱེ་ཙམ་ཕྱེ་ཙམ་བྱས་ནས་སུ་ལ་(བུད་མེད་སུ་ཞིག)སེམས་པར་བྱེད་ལྟ་བུར་འགྲེལ་ཉེན་ཡོད་ཅིང་། གཞན་ཡང་། (སངས་རྒྱས་ཁྱོད)སྐྱོབ་པ་ཡིན་ཡང་། ལུས་མེད་ཀྱི་མདས་གཟིར་བར་གྱུར་བའི་སྐྱེ་བོ་འདི་དག་སྲུང་བ་མིན་ལ་ལྟོས་ཞེས་པ་ལས། ལྟོས་ཞེས་པའི་བྱ་ཚིག་འདི་སངས་རྒྱས་བཅོམ་ལྡན་འདས་ལ་སྐུལ་ཚིག་སྦྱར་བར་འགྲེལ་མཛད་མཁས་པས་ཁྲོལ་སྲིད་ཀྱང་། མི་སྲུང་བའི་འདིའི་ཚུལ་ལ་ལྟོས་དང་ཞེས་ཀློག་མཁན་ནམ་ཕན་ཚུན་ལ་སྐུལ་བའི་དོན་དུ་མ་ཤེས་པ་དག་གིས་འགྲེལ་ཉེན་ཡོད་པས་གོང་དུ་གསལ་བོར་བཀྲལ་བ་ལྟར་རྟོགས་སླ་བའི་ཕྱིར་རྩལ་འགྱུར་དུ་བྱས་ན། 

འདི་ལྟ་སྟེ།
བསམ་གཏན་ཟོལ་དག་ཉེ་བར་བཟུང་ནས་བུད་མེད་སུ་ཞིག་སེམས་པར་བྱེད་དམ་སྐད་ཅིག་མིག་དག་ཕྱེ་བགྱིས་ནས།།
ལུས་མེད་མདའ་ཡིས་གཟིར་བར་གྱུར་བའི་སྐྱེ་བོ་འདི་དག་ལྟ་བར་མཛོད་ཅིག་སྐྱོབ་པ་ཡིན་ཡང་མི་སྲུང་ངམ།།
སྙིང་རྗེར་ལྡན་པ་རྫུན་པར་གྱུར་རོ་ཁྱོད་ལས་ལྷག་པའི་བརྩེ་མེད་སྐྱེས་བུ་ག་ལ་ཡོད་ཅེས་བདུད་མོ་རྣམས།།
ཕྲག་དོག་དང་བཅས་མངོན་པར་བརྗོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ་རྒྱལ་བས་ཁྱེད་རྣམས་སྲུང་བར་ཤོག། ཅེས་སོ།། 

དེ་ལ་དགའ་བྱེད་ཀྱི་ཤོ་ལོ་ཀ་གསུམ་པ་ནི། ཇི་སྐད་དུ། (༦།ཤ༢།-༧།ཤ༢)
कामेनाकृष्य चापं हतपटुपटहावल्गिभिर्मारवीरै-
र्भूभङ्गोत्कम्पजृम्भास्मितचलितदृशा दिव्यनारीजनेन।
सिद्धैः प्रह्वोत्तमाङ्गैः पुलकितवपुषा विस्मयाद् वासवेन
ध्यायन्बोधेरवाप्तावचलित इति वः पातु दृष्टो मुनीन्द्रः।।

ཀཱམེནཱཀྲྀཥྱ ཙཱཔཾ ཧཏཔཊུཔཊཧཱབལྒིབྷིརྨཱརབཱིརཻ
ར྄བྷཱུབྷངྒོཏྐམྤཛྲྀམ྄བྷཱསྨིཏཙལིཏདྲྀཤཱ དིབྱནཱརཱིཛནེན།
སིདྡྷཻཿ པྲཧྭོཏྟམཱངྒཻཿ  པུལཀིཏབཔུཥཱ བིསྨཡཱད྄ བཱསབེན
དྷྱཱཡནྦོདྷེརབཱཔྟཱབཙལིཏ ཨིཏི བཿ  པཱཏུ དྲྀཥྚོ མུནཱིནྡྲཿ  །།

དེ་བོད་འགྱུར་ལས།  (༢།ཤ༦༤༢)
གཞུ་བཀང་འདོད་པ་དང་ནི་རྔ་གསང་རྡུང་ཞིང་སྒྲ་སྒྲོགས་བདུད་ཀྱི་དཔའ་བོ་དང་། །
སྨིན་འཁྱོག་རབ་འདར་གླལ་འཛུམ་ལོགས་སུ་ལྟ་བ་མཐོ་རིས་བུ་མོའི་སྐྱེ་བོ་དང་། །
གྲུབ་པ་ཡན་ལག་མཆོག་བཏུད་རྣམས་དང་མཚར་བས་སྤུ་ལངས་ལུས་ཅན་ནོར་ལྷ་ཡིས། །
བྱང་ཆུབ་འཐོབ་ལ་བསམ་གཏན་གཡོ་མེད་ཅེས་བལྟས་ཐུབ་པའི་དབང་པོས་ཁྱེད་ལ་སྲུངས།།

མཚམས་སྦྱོར་ཕྲལ་བ།

ཀཱམེནཱཀྲྀཥྱ = ཀཱམེན + ཨཱཀྲྀཥྱ།བལྒིབྷིརྨཱརབཱིརཻར྄བྷཱུབྷངྒོཏྐམྤཛྲྀམ྄བྷཱ = བལྒིབྷིཿ  + མཱརབིརཻཿ   + བྷཱུབྷངྒཿ   + ཨུཏྐམྤཿ   + ཛྲྀམ྄བྷཱ། པྲཧྭོཏྟམཱངྒཻཿ   = པྲཧྭ + ཨུཏྟམཱངྒཻཿ  ། བོདྷེརབཱཔྟཱབཙལིཏ = བོདྷེཿ   + ཨབཱཔྟཽ + ཨཙལིཏ། མུནཱིནྡྲཿ   = མུནི + ཨིནྡྲཿ  །

འབྲུ་འགྲེལ།

ཀཱམེན་ནི་བདུད་ཀྱིས།(ན༣།༡) ཨཱཀྲྀཥྱ་ནི་བཀང་བའམ་འཐེན་པ།(ཨཱ+√ཀྲྀཥ྄ ཉ) ཙཱཔ་ནི་གཞུ། ཧཏ་ནི་རྡུང་བའམ་སྣུན་པ།(√ཧན྄། ཞ) པཊུ་ནི་གསང་ངམ་གསལ་བ། པཊཧཿ ནི་རྔའམ་རྔ་ཆེན། ཨཱབལྒིན྄་ནི་གར་བྱེད་པ།(ཨཱབལྒིབྷིཿ ནི་ན༣།༣ཕ) ཧཏཔཊུཔཊཧཱབལྒིབྷིཿ  = ཧཏཱཿ   པཊཔཊཧཱཿ   ཡཻཿ  ཏེ ཨཱབལྒནྟི་ཞེས་པ་ནི་རྔ་ཆེན་ཤུགས་ཀྱིས་རྡུང་ཞིང་གར་བྱེད་པའོ།། མཱརབཱིརཿ ནི་བདུད་ཀྱི་དཔའ་བོ།(མཱརབཱིརཻཿ  ནི་ན༣།༣) བྷྲཱུབྷངྒཿ ནི་སྨིན་མ་འཁྱོག་པ། ཨུཏྐམྤཿ ནི་རབ་ཏུ་འདར་བ། ཛྲྀམ྄བྷཱ་ནི་གླལ་བ། སྨིཏམ྄་ནི་འཛུམ་པ། ཙལིཏ་ནི་གཡོ་བ། དྲྀཤཱ་ནི་མིག་གམ་ལྟ་བ། དིབྱ་ནི་འོད་གསལ་ལྷའམ་མཐོ་རིས། ནརཱི་ནི་བུ་མོའམ་བུད་མེད། སིདྡྷ་ནི་གྲུབ་པའམ་གྲུབ་ཐོབ། པྲཧྭ་ནི་རབ་ཏུ་བཏུད་དེའམ་བཏུད་ནས། ཨུཏྟམཱངྒམ྄་ནི་ཡན་ལག་མཆོག་སྟེ་མགོ་བོ། པུལཀིཏ་ནི་སྤུ་ལངས་པའམ་སྤུ་ལོང་རྒྱས་པ། བཔུས྄་ནི་ལུས་ཅན། བིསྨཡཿ ནི་མཚར་བ།(བིསྨཡཱཏ྄་ནི་ན༥།༡) བཱསབ་ནི་ནོར་ལྷ།(ལྷའི་དབང་བོ) དྷྱཱཡཏ྄་(དྷྱཱཡན྄)ནི་བསམ་གཏན་སྒོམ་གྱིན་པ།(√དྷྱཻ། ཞ)(དྷྱཱཡན྄་ནི་ན༡།༡) བོདྷིཿ ནི་བྱང་ཆུབ།(བོདྷེ་ནི་ན༦།༡མ) ཨབཱཔྟི་ནི་ཐོབ་པའམ་བརྙེས་པ།(ཨབཱཔྟཽ་ནི་ན༧།༡མ) དྲྀཥྚ་ནི་མཐོང་བ།(√དྲྀཤ྄། ཞ) མུནཱིནྡྲཿ ནི་ཐུབ་པའི་དབང་བོ་སྟེ་ཐུབ་དབང་། ཡང་ན་སངས་རྒྱས། པཱཏུ་ནི་སྲུང་བའམ་སྐྱོབ་པར་མཛོད།(√པཱ། ལོཊ། ཞ)
ཞེས་པ་སྡེབ་སྦྱོར་མེ་ཏོག་ཕྲེང་འཛིན་གྱིས་བཅིངས་པ་དེའི་དོན་ནི་འདི་ལྟ་སྟེ།

དོན་འགྲེལ།

གཞུ་རབ་ཏུ་བཀང་བའི་འདོད་པ་སྟེ་འདོད་ལྷ་དང་། དེའི་དཔུང་དུ་གྱུར་བ་རྔ་བོ་ཆེ་ཤུགས་ཆེན་པོས་རྡུང་ཞིང་སྒྲ་སྒྲོགས་པར་བྱེད་པ་བདུད་ཀྱི་དཔའ་བོའི་ཚོགས་དང་། མཐོ་རིས་བུ་མོའི་སྐྱེ་བོ་སྟེ། ལེགས་བྲིས་སྨིན་མ་འཁྱོག་པ། རབ་ཏུ་འདར་བ་དང་བཅས་པ་དང་། གླལ་བ་དང་། འཛུམ་པ་དང་། དེ་བཞིན་དུ་ལོགས་སུ་ལྟ་བ་ལ་སོགས་པའི་ལྷ་ཡི་བུ་མོ་རྣམ་འགྱུར་ཅི་རིགས་པ་ཅན་དེ་དག་དང་། གྲུབ་པའི་རིགས་སུ་གྱུར་བ་ཡན་ལག་གི་མཆོག་སྟེ་མགོ་བོ་དུད་པ་ཅན་རྣམས་དང་། ཡ་མཚན་པ་དང་བཅས་ཏེ་ལུས་ལ་སྤུ་ལོང་རྒྱས་པའི་ནོར་ལྷ་སྟེ་ལྷའི་དབང་བོ་ལ་སོགས་པ་ཐམས་ཅད་ཀྱིས། ཨ་ལ་ལ། སྐྱེས་བུ་འདི་བྱང་ཆུབ་འཐོབ་པའི་སླད་དུ་བསམ་གཏན་ལ་གཡོ་བ་མེད་པ་འདི་ལྟ་བུ་ཞིག་གོ་ཞེས་དེ་དག་ཐམས་ཅད་ཀྱིས་ཡ་མཚན་པ་དང་བཅས་ཏེ་བལྟས་པར་གྱུར་བའི་ཐུབ་པ་རྣམས་ཀྱི་དབང་བོ། ཐུབ་དབང་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་ཐུབ་པའི་དབང་བོ་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཀྱིས་ཁྱེད་ཅག་སྲུང་བར་གྱུར་ཅིག་ཅེས་ཤིས་པ་བརྗོད་པའོ།།

དེ་ཡང་རྐང་བ་གསུམ་པའི་མཐར་ལུས་ཅན་ནོར་ལྷ་ཡིས་ཞེས་པའི་བྱེད་སྒྲ་འདི་གོང་གི་དང་སྒྲའི་སྔོན་གྱི་བྱེད་པ་བོ་ཐམས་ཅད་ལ་སྦྱོར་དགོས་ཏེ། གཞུ་བཀང་འདོད་པ་ཡིས་ཞེས་དང་། རྔ་གསང་རྡུང་ཞིང་སྒྲ་སྒྲོགས་བདུད་ཀྱི་དཔའ་བོ་ཡིས་ཞེས་དང་། སྨིན་འཁྱོག་རབ་འདར་གླལ་འཛུམ་ལོགས་སུ་ལྟ་བ་མཐོ་རིས་བུ་མོའི་སྐྱེ་བོ་ཡིས་ཞེས་དང་། དེ་བཞིན་དུ། གྲུབ་པ་ཡན་ལག་མཆོག་བཏུད་རྣམས་ཀྱིས་ཞེས་པ་སྟེ། ཡག་ལག་མཆོག་སྟེ་མགོ་བོ་བཏུད་པའི་གྲུབ་པ་རྣམས་ཀྱིས་ཞེས་དང་། ངོ་མཚར་བས་ལུས་ཀྱི་བ་སྤུ་མ་ལུས་ལངས་པ། དེ་ལྟ་བུའི་ལུས་ཅན་ནོར་ལྷ་ཡིས་ཞེས་པ་སྟེ་བྱེད་པ་བོ་དེ་ཐམས་ཅད་ཀྱིས། རྡོ་རྗེ་གདན་གྱི་སྤོ་ལ་འདི་བྱང་ཆུབ་ཀྱི་གོ་འཕང་དམ་པ་འཐོབ་པའི་སླད་དུ་བསམ་གཏན་ལ་རྩེ་གཅིག་ཏུ་གནས་པར་གཡོ་བ་གཏན་མ་མཆིས་སོ་ཞེས་པ་སྟེ་དེ་དག་གིས་དེ་ལྟ་བུའི་རྣམ་པར་མཐོང་བའི་ཐུབ་དབང་སངས་རྒྱས་བཅོམ་ལྡན་འདས་བསམ་གཏན་སྒོམ་ཞིང་བཞུགས་པ་དེས་ཁྱེད་ཅག་རྒུད་པ་ཐམས་ཅད་ལས་་སྲུང་བར་གྱུརད་ཅིག་ཅེས་ཤིས་པ་བརྗོད་པའོ།།

༢༠༢༠།༡།༦ལ་ཟླ་བ་གཞོན་ནུས་སྦྱར་བ་རྫོགས་སོ།། དགེ་ལེགས་འཕེལ།

མཆན་བུ། ཀུན་མཁྱེན་ཚང་གི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོའི་མཆོད་བརྗོད་ཀྱི་ཚིག་འགྲེལ་འདི་རྒན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་གིས་བསྐུར་གནང་བ་ཡིན་པས་བཀའ་དྲིན་ཞུ།

དཔེ་ཁུངས།
Bibliography

༡། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ཙནྡྲ་གོ་མིས་མཛད་པའོ། གསེར་བྲིས་བསྟན་འགྱུར། སྐྱེས་རབས།  (ཁེ) 
༢། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དཔལ་དགའ་བའི་ལྷས་མཛད་པ་བཞུགས་སོ།། གསེར་བྲིས་བསྟན་འགྱུར། སྐྱེས་རབས། (ཁེ)
༣། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཚད་མ་རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
༤། ཀུན་མཁྱེན་འཇིགས་མེད་དབང་བོ། རྣམ་བཤད་རིགས་པའི་རྒྱ་མཚོའི་མགོ་མཇུག་བར་གསུམ་གྱི་སྙན་ངག་གི་ཚིག་འགྲེལ། ཀུན་མཁྱེན་འཇིགས་མེད་དབང་བོའི་གསུམ་འབུམ། (ཇ)
༥། བསྟན་འཛིན་ཆོས་ཀྱི་ཉི་མ། རྒྱན་གྱི་བསྟན་བཅོས་མེ་ལོང་རྒྱས་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ། བཀྲ་ཤིས་ལྗོངས། ༡༩༩༠
༦། डॉ० जगदीशचन्द्र मिश्र, श्रीहर्षदेवप्रणीतं नागानन्द-नाटकम्, चौखम्भ सुरभारती
प्रकाशन, वाराणसी, २०१४
༧། पण्डित श्रीबलदेवोपाध्यायः, श्रीहर्षदेवप्रणीतं नागानन्द-नाटकम्, चौखम्भ सुरभारती प्रकाशन, वाराणसी, १९८६

བརྡ་ཐབས།

༡། = དཔེ་ཁུངས། དཔེར་ན། ༡། འདིས་ “འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ཙནྡྲ་གོ་མིས་མཛད་པའོ། གསེར་བྲིས་བསྟན་འགྱུར། སྐྱེས་རབས། (ཁེ)”མཚོན། གཞན་རྣམས་ཀྱང་རིགས་བསྒྲེ་བར་བྱའོ།།
ཤ = ཤོག་གྲངས།
√ = བྱིངས།
ན = རྣམ་དབྱེ། རྣམ་དབྱེ་༡བོའི་༡ཚིག་ཡིན་ན། ན༡།༡ ཞེས་དང་། རྣམ་དབྱེ་༧པའི་མང་ཚིག་ཡིན་ན། ན༧།༣ གཞན་ཡང་མཚུངས།
ཕ = སྐྱེས་པའི་རྟགས།
མ = བུད་མེད་ཀྱི་རྟགས།
ང = མ་ནིང་གི་རྟགས།
ད = བདག་དོན་གྱི་ཚིག
ཞ = གཞན་དོན་གྱི་ཚིག
ཉ = ཉིས་དོན་ཅན་གྱི་ཚིག
ཨུ = ཉེ་སྒྱུར།
ཟ = མི་ཟད་པ།
ལཊ = ད་ལྟ་བ།
ལོཊ = སྨོན་སྐུལ།