སྔོན་གླེང་།

ན་ནིང་དབྱར་ཁར་ཕྲན་གྱིས་སྒྱུ་རྩལ་པ་ཁུ་ལོ་ཌུ མོ་ནེའི(Claude Monet)སྐོར་ལ་དོ་སྣང་ཕྲན་བུ་བྱས་ཏེ། ཁོང་དང་ཁོང་གི་རི་མོའི་སྐོར་གྱི་གནས་ཚུལ་རེ་ཟུང་བྲིས་ཏེ་སྐད་འཕྲིན་གྱི་གྲོགས་ཚོམས་སུ་སྤེལ། གནས་ཚུལ་གཅིག་ནི་འདི་ལྟར།  ཁུ་ལོ་ཌུ མོ་ནེས་རི་མོ་སྣ་ཚོགས་པ་ཞིག་བྲིས་ཡོད་ཅིང་། ཁོང་གི་རི་མོ་སྐོར་ཞིག་ལ་དྭངས་ཆ་མེད་པས་རབ་རིབ་ཡིན་པ་རེད། ཉིན་ཤས་ཀྱི་སྔོན་ལ་མཚོ་འགྲམ་གྱི་དཔེ་ཁང་ཞིག་ཏུ་རི་མོའི་དུས་དེབ་ཅིག་མཐོང་བ་དེའི་མདུན་ཤོག་ཏུ། ‘‘ཁུ་ལོ་ཌུ མོ་ནེའི་མིག་དབང་གསལ་པོ་མེད་པས། ཁོང་གི་རི་མོ་དག་རབ་རིབ་ཡིན་པའི་རྒྱུ་མཚན་དེ་ལ་ཐུག་ཡོད་དམ’’ཞེས་བྲིས་འདུག དེ་རིང་ཧྥ་རན་སིར་སྐྱབས་བཅོལ་དུ་འབྱོར་བའི་ཨ་རབ་ཀྱི་སྙན་ངག་པ་ཨ་ཌོ་ནེ་སིས (Adonis) བརྩམས་པའི་སྙན་དེབ་ཅིག་ཏུ་འཕྲུལ་སྣང་དང་རབ་རིབ་བརྗོད་བྱར་བྱས་པའི་སྙན་ངག་ཅིག་ཡོད་པར་རྐྱེན་བྱས་ཏེ། ཧྥ་རན་སིའི་རི་མོ་བ་ཁུ་ལོ་ཌུ མོ་ནེ་ལགས་དྲན་བྱུང་ལ། ལྷག་པར་དུ་རི་མོའི་དུས་དེབ་ཅིག་ཏུ་ཁོང་གི་མིག་དབང་གསལ་པོ་མེད་པའི་སྐོར་གྱི་རྩོམ་ཡིག་དེ་བཙལ་དགོས་བྱུང་། རྩོམ་ཡིག་དེ་མ་རྙེད་མོད། ཁོང་གི་སྒྱུ་རྩལ་བརྩམས་ཆོས་སྐོར་ཞིག་ལ་ཞིབ་ཏུ་བལྟས་པར། རི་མོ་སྐོར་ཞིག་ནི་དྭངས་ཆ་མེད་པའི་རབ་རིབ་ཅན་ཡིན་པ་ཚོར། ཞེས་པ་འདི་ཡིན།

གནས་ཚུལ་ཅིག་ཤོས་ནི་འདི་ལྟ་སྟེ། ཁ་སང་ཧྥ་རན་སིའི་རི་མོ་བ་ཁུ་ལོ་ཌུ མོ་ནེ་དང་ཁོང་གི་རི་མོའི་སྐོར་ལ་ཚིག་ཕྲེང་འགའ་འབྲི་སྐབས། ཉིན་ཤས་ཀྱི་སྔོན་ལ་མཚོ་མཐའ་ཞིག་གི་དཔེ་ཁང་ཞིག་ཏུ་རི་མོའི་དུས་དེབ་ཅིག་མཐོང་བ་བཙལ་མོད་རྙེད་མ་སོང་། དེ་རིང་བཟའ་ཟླ་དང་མཉམ་དུ་གླེང་མོལ་བྱུང་སྐབས། མོས་རི་མོའི་དུས་དེབ་དེ་ཉོས་ཡོད་སྐོར་བཤད་དེ་བསྟན་བྱུང་། དེ་མ་ཐག་ཁུ་ལོ་ཌུ མོ་ནེའི་སྐོར་གྱི་རྩོམ་ཡིག་དེ་བཀླགས་པར། ཁོང་ལ”སྐྱ་འགྲིབ”ཀྱི་ནད་ཅིག་བྱུང་ཡོད་པ་དེ་རིམ་གྱིས་ཇེ་སྡུག་ཏུ་ཕྱིན་ཏེ་མིག་གཉིས་ལྡོང་བར་གྱུར། ཕྱིས་སུ་གཤག་བཅོས་ལ་བརྟེན་ནས་མིག་གཡོན་པ་དྲག་སྐྱེད་བྱུང་ཡོད་ནའང་མིག་གཡས་པའི་ནུས་པ་ཡོངས་སུ་ཉམས་འདུག་པས། ཁོང་གི་རི་མོ་སྐོར་ཞིག་རབ་རིབ་ཅན་ཡིན་པའང་ཁོང་གི་མིག་དབང་དང་འབྲེལ་བ་ཡོད་སྐོར་སོགས་བྲིས་འདུག ཅེས་པ་འདིའོ། །

སྒྱུ་རྩལ་པ་ཁུ་ལོ་ཌུ མོ་ནེས་བྲིས་པའི་རི་མོ་ཡོད་ཚད་རབ་རིབ་ཅན་ག་ལ་ཡིན་མོད། ཁོང་གི་དྭངས་ཆ་མེད་པའི་རི་མོ་རབ་རིབ་ཅན་དེ་དག་གི་ལོ་རྒྱུས་ཤེས་ཆེད། ཕྲན་གྱིས་ཡང་སྐྱར་ཚོན་མདངས་རྣམ་པར་བཀྲ་ཞིང་རང་བྱུང་ཁོར་ཡུག་དང་འབྲེལ་བའི་ཁུ་ལོ་ཌུ མོ་ནེའི་རི་མོ་ཁག་ལ་བལྟས་ཤིང་། རེས་སྐྱིད་རེས་སྡུག་གིས་རྗོགས་པའི་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཀྱི་ཡིག་ཆ་འགའ་ཕར་སློག་ཚུར་སློག་བྱེད་དགོས་བྱུང་། དེ་བས། ཕྲན་གྱིས་ཐེངས་འདིའི་རྩོམ་ཡིག་གི་ནང་དུ། ཁུ་ལོ་ཌུ མོ་ནེའི་ལོ་རྒྱུས་དང་ཁོང་གི་རི་མོ་ཁག་ཕྱིར་རྟོག་ཙམ་མིན་པར་ཡིག་ཆ་འགའ་ལ་གཤིབ་བསྡུར་གྱིས་གང་བརྗོད་པར་འོས་པ་རྣམས་གླེང་བར་འདོད་དོ། །

དང་པོ། སྐུ་ཚེའི་སྟོད་ཀྱི་ལོ་རྒྱུས།

 གཅིག བྱིས་དུས་ཀྱི་གནས་ཚུལ།

དེ་ལ་འདིར་གླེང་འདོད་པའི་སྒྱུ་རྩལ་པ་གྲགས་ཅན་ཁུ་ལོ་ཌུ མོ་ནེ་ནི་༡༨༤༠ལོའི་སྤྱི་ཟླ་༡༡ཚེས་༡༤ཉིན་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིར་འཁྲུངས།  ཕ་ནི་དར་གོས་བཙོང་མཁན་ཞིག་དང་མ་ནི་ཁྱིམ་འཛིན་མ་ཞིག་ཡིན་པ་རེད། ཁོང་ལོ་ན་ལྔར་སོན་སྐབས། ཁོང་ཚང་གི་ནང་མི་ཡོད་ཚད་ཧྥ་རན་སིའི་བྱང་ཕྱོགས་སུ་ཁེལ་བའི་ཨ་བུ་ཝག (Havre) ཅེས་པའི་གྲོང་རྡལ་དུ་གནས་སྤོར་བྱས་ཤིང་།  ཡུལ་དེ་ནས་ཁོང་གིས་སློབ་ཆུང་འགྲིམས་པའི་འགོ་བརྩམས། ཁོང་ནི་སློབ་ཆུང་དུ་ཡོད་སྐབས་སྒྲིག་ལམ་བརྩི་བའི་སློབ་མ་ཞིག་མིན་པར་བཤད།  དེ་ལྟ་ནའང་། ཁོང་གིས་སློབ་ཆུང་གི་ཐེམ་སྐས་རིམ་འཛེགས་ཀྱིས་སློབ་འབྲིང་དུ་ཐོན་སྐབས་གློ་བུར་དུ་རི་མོའི་སྐོར་ལ་དད་དོད་ཡོད་མཁན་ཞིག་ཏུ་གྱུར་ཅིང་། སྐབས་དེའི་དགེ་རྒན་དང་སྲིད་དོན་པ་སྐོར་ཞིག་གི་སྣང་བརྙན་རབ་བཏགས་རི་མོའི་(Caricature)ལམ་ནས་ཞ་སྨྱུག་གིས་འབྲི་འགོ་བརྩམས་ཏེ། རི་མོའི་སྒྱུ་རྩལ་ལ་བློས་བསླངས་བྱས།

ཁུ་ལོ་ཌུ མོ་ནེའི་རབ་བཏགས་རི་མོ།

སྤྱི་ལོ་༡༨༥༧ལོར་ཁུ་ལོ་ཌུ མོ་ནེའི་ཨ་མ་གྲོངས་པས་སློབ་གྲྭ་འགྲོ་མཚམས་བཞག་མོད། རྗན་ཎུ ལུ་ཀ་དྷུ་ཝུ(Jeanne Lecadre)ཟེར་བའི་ཨ་ནེ་ཞིག་ཡོད་པ་དེས་ཁོང་ལ་བྱམས་སྐྱོང་བྱས་ཏེ། མུ་མཐུད་དུ་རི་མོ་རྒྱུན་སྐྱོང་དགོས་པའི་སློབ་གསོ་བཏང་། ཨ་ནེའི་གྲོགས་པོ་ཡིན་པའི་རི་མོ་བ་ཞིག་གི་མདུན་ནས་ཁོང་གིས་རི་མོའི་སྐོར་སློབ་གཉེར་བྱེད་བཞིན་རབ་བཏགས་རི་མོ་བྲིས་ཤིང་། སློབ་གྲོགས་རྙིང་པ་སྐོར་ཞིག་གིས་ཁོང་གི་རི་མོ་ཉོས་ཏེ་ཁྱབ་སྤེལ་བྱས་པས། རིམ་གྱིས་ཁོང་གི་རབ་བཏགས་རི་མོའི་སྐོར་ལ་དོ་སྣང་བྱེད་མཁན་ཁ་ཤས་བྱུང་། དེར་བརྟེན། ཁུ་ལོ་ཌུ མོ་ནེས་རང་ཉིད་ཀྱི་རི་མོ་རེ་རེར་མིང་རྟགས་བཀོད་དེ་ཡིག་ཆས་དང་ཤིང་སྒྲོམ་གྱི་ཚོང་ཁང་ཞིག་ཏུ་བཞག་སྟེ་བཙོང་རྒྱུ་བྱས། ཉིན་ཞིག་ཚོང་ཁང་དེའི་ནང་ནས་རི་མོ་སྒྱུ་རྩལ་པ་ཨི་རྗེ བྷོ་དྷན(Eugène-Boudin 1824-1898)དང་འཕྲད་ཅིང་། ཨི་རྗེ བྷོ་དྷན་གྱིས་ཁོང་ལ་ཕྱི་རོལ་ཡུལ་གྱི་ཁོར་ཡུག་གི་རྣམ་པ་རི་མོའི་ལམ་དུ་ཇི་ལྟར་འབྲི་དགོས་ལས་འཕྲོས་ཏེ། ཚོན་སྣ་སྡེབ་སྟངས་སོགས་ཀྱི་གདམས་པ་སྩལ། ཕྱིས་སུ་ཁོང་གིས‘‘བདག་ནི་རི་མོ་མཁན་ཞིག་ཏུ་གྱུར་པ་ནི་ཨི་རྗེ བྷོ་དྷན་གྱི་དྲིན་ཡིན’’ཞེས་གསུངས་ཡོད་དོ། །

སྤྱི་ལོ་༡༨༥༨ལོར་ཁོང་གིས་དགེ་རྒན་ཨི་རྗེ བྷོ་དྷན་དང་མཉམ་འབྲེལ་གྱིས་ཨ་བུ་ཝག་གྲོང་རྡལ་གྱི་འགྲེམས་སྟོན་ཁང་དུ་རི་མོ་གཅིག་འགྲེམས་སྟོན་ཐེངས་གཉིས་ཙམ་བྱས། རི་མོ་དེ་ནི‘‘ཝལ་ལུ་ནས་བལྟས་པའི་མཐོང་སྣང’’(Vue prise à Rouelles)ཞེས་པ་ཡིན་ཅིང་། ལྟད་མོ་བའི་དགའ་བསུ་ཐོབ། ལར་ནས་རི་མོ་དེར་སྒྱུ་རྩལ་པ་ཨི་རྗེ བྷོ་དྷན་གྱི་རི་མོའི་ཤུགས་རྐྱེན་ཐེབས་ཡོད་ཟེར། གང་ལྟར། ཨི་རྗེ བྷོ་དྷན་གྱིས་ཁུ་ལོ་ཌུ མོ་ནེ་ལ་རི་མོའི་ཐད་ལ་ཤེས་རབ་ཁྱད་དུ་འཕགས་པ་ཞིག་ཡོད་པ་ཚོར་བས། ཁུ་ལོ་ཌུ མོ་ནེ་ཨ་བུ་ཝག་ནས་སྡོད་མི་འོས་པར་རྒྱལ་ས་ཕེ་རེ་སིར་ཕྱིན་ཏེ་ཡུལ་དེ་ནས་རི་མོའི་སྐོར་སྦྱང་དགོས་ཤིང་། ད་དུང་སྒྱུ་རྩལ་པ་གཞན་དག་ལའང་འབྲེལ་འདྲིས་བྱེད་དགོས་ཚུལ་གླེང་།

གཉིས། ཕེ་རེ་སིར་ལོག་པ།

སྤྱི་ལོ་༡༨༥༩ལོར་ཁུ་ལོ་ཌུ མོ་ནེ་རང་གི་སྐྱེས་ཡུལ་རྒྱལ་ས་ཕེ་རེ་སིར་ལོག་ཅིང་། རྒྱལ་ས་ནས་སྒྱུ་རྩལ་པ་ཁ་ཤས་དང་མཉམ་དུ་གྲོགས་པོར་གྱུར། གྲོགས་པོ་རེ་ཟུང་གིས་ངོ་སྤྲོད་བྱས་པ་ལྟར། དང་ཐོག་ཁོང‘‘ཕུལ་བྱུང་གི་སྒྱུ་རྩལ་སློབ་གླིང’’(L’École des beaux-arts)དུ་ཞུགས་རྩིས་བྱས་མོད། ངོ་བཅར་རྒྱུགས་སྤྲོད་ཀྱི་སྐབས་སུ་ཁོང་གིས་དྲི་བ་དག་ལ་དྲིས་ལན་ཡག་པོ་མ་བཏབ་པས་སློབ་གླིང་དེའི་ནང་དུ་མ་ཚུད། སྤྱི་ལོ་༡༨༦༠ལོའི་ལོ་སྟོད་དུ་ཁོང‘‘སུད་སུའི་སློབ་གླིང’’(L’académie Suisse)ཞེས་པའི་རི་མོའི་སྒྱུ་རྩལ་གྱི་སློབ་གྲྭ་ཞིག་ཏུ་ཞུགས་ཏེ། སྒྱུ་རྩལ་པ་ཀ་མུས་ཡུ ཕིས་ཟ་ཝོ(Camille Pissarro 1830-1903)དང་འཕྲད། ཡང་། ལོ་དེར‘‘འབུར་བརྐོས་དང་རི་མོའི་ཁང་པ’’(Salon de peinture et de sculpture)ཞེས་པ་དེ་ནས་སྒྱུ་རྩལ་པ་ཨེས་རྗན་ནུ དྷུ་ལ་ཁོག་ཝ(Eugène Delacroix1789-1863)ཡི་རི་མོ་དང་། ལོ་དེའི་ཕྱི་ལོར་ཞག་ལི ཧྥང་སི་བ དྷོ་བྷས་ནོས(Charles-François Daubigny 1817-1878)ཀྱི་རི་མོ་ཁག་གསར་དུ་མཐོང་བས། རི་མོ་མཁན་འདི་གཉིས་ཀྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག་པར་བཤད་མོད། འོན་ཀྱང་། ཁོང་སུད་སུའི་སློབ་གླིང་དུ་ཞུགས་པའི་ལོ་དེར། ཁོང་གིས་ཐབས་ཤེས་རྩལ་སྤྲུགས་ཀྱིས་སློབ་སྦྱོང་བྱས་མེད་པར་གྲགས་ཏེ། དུས་ཚོད་མང་པོ་ཕངས་སེམས་མེད་པར་གློག་བརྙན་འཁྲབ་ཁྲིད་པ་དང་སྒྱུ་རྩལ་པ་འདུ་འཛོམས་བྱེད་སའི་འཚིག་ཇ་ཁང་ཞིག་སྟེ‘‘ལྷ་ཡི་འཇིག་རྟེན’’(Le Divan du Monde)ཞེས་པའི་ནང་དུ་གྲོན་པར་བྱས།

སྤྱི་ལོ་༡༨༦༡ལོར་ཁུ་ལོ་ཌུ མོ་ནེ་ཨ་བུ་ཝག་གྲོང་རྡལ་དུ་ལོག་སྟེ་ཡུལ་ཁྲིམས་ལྟར་དམག་ཁོངས་སུ་ཞུགས་དགོས་པར་གྱུར། དམག་ཁོངས་སུ་འཛུལ་སྐབས། ཁོང་གིས་ལོ་བདུན་ལ་དམག་ཁོངས་སུ་སྡོད་དགོས་པའི་རྒྱན་ཤོག་བླངས་པས། ལོ་དེའི་སྤྱི་ཟླ་བཞི་པའི་ནང་ཨར་རྗར་རེའུ(Algérie)ཡི་ཡུལ་དུ་ཕྱིན། སྤྱི་ལོ་༡༨༦༢ལོར་ཁོང་ལ་རྒྱུ་ཚད་ཀྱི་ནད་ཕོག་པ་ལ་བརྟེན་ནས་ཕྱིར་ཨ་བུ་ཝག་ལ་ལོག་དགོས་བྱུང་ཞིང་། རྒྱལ་ཁོངས་ཧོ་ལན་ཊི་ནས་ཡིན་པའི་སྒྱུ་རྩལ་པ་གཞོང་ཨན བྷར་ཊོ རྗོན་ཁན(Johan Barthold Jongkind 1819-1891)ངོ་ཤེས་ཏེ། སྒྱུ་རྩལ་པ་འདིས་ཁོང་ལ་དེང་རབས་ཀྱི་རི་མོའི་སྐོར་དམར་ཁྲིད་བྱས། སྐབས་དེར། ཁོང་གི་ཨ་ནེ་རྗན་ཎུ ལུ་ཀ་དྷུ་ཝུས་འབྲེལ་ཡོད་མི་སྣར་ཧྥ་སྒོར་རྙིང་པ་༣༠༠༠སྤྲད་དེ་ཁུ་ལོ་ཌུ མོ་ནེ་དམག་ཁོངས་ནས་ཕྱིར་འབུད་ཆོག་པ་དང་། མུ་མཐུད་དུ་རི་མོ་སློབ་སྦྱོང་བྱེད་ཆོག་པའི་ཐབས་ཤེས་བྱས་པས་འབྲས་བུ་སྨིན། ལོ་དེར་ཁོང་གིས‘‘ལས་ཤག་གི་གྲུ་ཟུར’’(Coin d’atelier)ཞེས་པ་དང་།  ‘‘བྱ་གོང་མ་སྲེག’’(Nature morte au faisan)སོགས་བྲིས་པའི་ལོ་རྒྱུས་ཡོད།

ལས་ཤག་གི་གྲུ་ཟུར།

སྤྱི་ལོ་༡༨༦༢ལོར་ཁུ་ལོ་ཌུ མོ་ནེ་ཡང་སྐྱར་ཕེ་རེ་སིར་ཕྱིན་ཅིང་། ཁོང་གི་ཚ་བོ་ཞིག་གི་རོགས་རམ་ལ་བརྟེན་ནས་ཁོང‘‘ཕེ་རེ་སིའི་ཕུལ་བྱུང་སྒྱུ་རྩལ་གྱི་སློབ་གླིང’’(ENSBA)དུ་ཞུགས་ཏེ་རི་མོ་སྦྱངས་ཤིང་། ཁོང་གི་དགེ་རྒན་ཞག་ལི གྷུ་ལེ་ཝུ (Charles Gleyre 1806-1874) ལ་སྒྱུ་རྩལ་ལས་གྲྭ་ཞིག་ཡོད་པ་ནས་རི་མོ་བྲིས། སྒྱུ་རྩལ་པ་ཨོ་ངྒོས་སི་ཌི ཝུ་ནོག་ཝ( Auguste Renoir 1841-1919)དང་། གཞང ཧྥེག་དྷུ་ཝས་ཁུ བྷ་ཛིས(Jean Frédéric Bazille1841-1870)སོགས་ལ་ཁ་ཐུག་སྟེ་བློས་ཐུབ་ཀྱི་གྲོགས་པོར་གྱུར། འོན་ཀྱང་། སྟབས་མ་ལེགས་པར་སྒྱུ་རྩལ་ལས་གྲྭ་དེ་སྒོ་རྒྱག་དགོས་བྱུང་བས། ཁོང་དང་ཁོང་གི་གྲོགས་པོ་གཞང ཧྥེག་དྷུ་ཝས་ཁུ བྷ་ཛིས་གཉིས་ཧྥ་རན་སིའི་བྱང་ཕྱོགས་སུ་ཁེལ་བའི་གྲོང་སྡེ་ཨང་ཧྥུ་ལོར(Honfleur)གནས་སྤོར་གྱིས་ཕྱིན་ཅིང་། ཡུལ་དེའི་རང་བྱུང་གི་ཁོར་ཡུག་པུར་སྨྱུག་གིས་འབྲི་འགོ་ཚུགས་པ་རེད།

སྒྱུ་རྩལ་པ་གཞང ཧྥེག་དྷུ་ཝས་ཁུ བྷ་ཛིས་ཡུལ་དེ་ནས་ཡུན་རིང་པོར་མ་བསྡད་མོད། ཁུ་ལོ་ཌུ མོ་ནེ་གྲོང་སྡེ་ཨང་ཧྥུ་ལོར་དང་། སན་ཊུ ཨ་དྷུ་ཝེ་ཟི(Sainte-Adresse)སོགས་སུ་གནས་སྡོད་ཀྱིས་རི་མོ་བྲིས་ཤིང་། སྐབས་དེར་ཁོང་གིས་བྲིས་པའི་རི་མོ་དག་ནི‘‘ཨང་ཧྥུ་ལོར་གྱི་མཚོ་འགྲམ’’(La Plage à Honfleur)དང་། ‘‘ཟླ་འོད་འོག་ཏུ་རྒྱ་མཚོའི་ཀློང་དུ་མཚོ་འགྲུལ་བྱེད་པ།’’(Marine, navigation au clair de lune) ‘‘ཨེ་བུའི་སྣེ་མོ’’(La Pointe de la Hève)   ‘‘ཨེ་བུའི་སྣེ་མོ་ན་ཡོད་པའི་རྟ་ཕོའི་ཚོགས’’(Chevaux à la pointe de la Hève) སོགས་ཡིན་ཞིང་། རི་མོ་ཕལ་མོ་ཆེའི་བརྗོད་བྱ་ནི་མཚོ་ངོགས་ཡིན་པ་རེད།

གསུམ། ཁུ་ལོ་ཌུ མོ་ནེའི་རི་མོ་དང་འགྲེམས་སྟོན་མཛད་སྒོ།

སྤྱི་ལོ་༡༨༦༤ལོར་ཁུ་ལོ་ཌུ མོ་ནེ་ཕེ་རེ་སིར་ལོག་སྟེ་རི་མོ་བྲིས་ནས་བསྡད་ཅིང་། སྤྱི་ལོ་༡༨༦༥ལོར་ཁོང་གིས་བྲིས་པའི‘‘ཨེ་བུའི་སྣེ་མོ’’དང་། ‘‘ཟེ་ནུའི་ཁ’’(L’Embouchure de la Seine)ཞེས་པའི་རི་མོ་གཉིས‘‘འབུར་བརྐོས་དང་རི་མོའི་ཁང་པ’’ཞེས་པའི་མཛད་སྒོའི་སྟེང་ཚུད་ཅིང་་། ལྟད་མོ་བས་དགའ་བསུ་ཐོབ། ‘‘འབུར་བརྐོས་དང་རི་མོའི་ཁང་པ’’ཞེས་པ་ནི་ཕེ་རེ་སིའི་སྒྱུ་རྩལ་སློབ་གླིང་ཁག་གི་བཀོད་སྒྲིག་འོག སྒྱུ་རྩལ་པ་འདྲ་མིན་གྱི་ཕུལ་བྱུང་བརྩམས་ཆོས་ཁག་འགྲེམས་སྟོན་བྱེད་ས་ཞིག་ཡིན། རི་མོའི་མཛད་སྒོའི་སྐབས་སུ་རི་མོའི་བཤེར་དཔང་ལྷན་ཚོགས་ཤིག་ཡོད་ཅིང་།  བཤེར་དཔང་བ་རྣམས་ཀྱིས་སྒྱུ་རྩལ་པ་དག་གི་བརྩམས་ཆོས་ཁག་ལ་བགྲོ་གླེང་གནང་སྟེ་བརྩམས་ཆོས་གསར་པ་གང་ཞིག་མཛད་སྒོའི་སྟེང་འགྲེམས་སྟོན་བྱེད་ཆོག་མིན་ཐག་གཅོད་བྱེད། སྒྱུ་རྩལ་པ་ཞིག་ལ་མཚོན་ན་མཛད་སྒོ་འདི་ནི་རང་ཉིད་ཀྱི་བརྩམས་ཆོས་ངོམ་ས་དང་བཙོང་སའི་སྡིངས་ཆ་གལ་ཆེན་ཞིག་ཡིན་ཞིང་། སྡིངས་ཆ་དེར་ལྟད་མོ་བལྟ་རུ་ཡོང་མཁན་གྱི་གྲངས་འབོར་ཀྱང་མང་བར་བཤད།

སྤྱི་ལོ་༡༨༦༥ལོར་ཁོང་གིས‘‘སྤང་ཐང་དུ་གུང་ཇར་རོལ་བ’’(LE DÉJEUNER SUR L’HERBE)ཞེས་པའི་རི་མོ་གྲགས་ཅན་ཞིག་བྲིས་ཡོད་ཅིང་། དེས་ལྟད་མོ་བ་མང་པོ་བཀུག་ཡོད། དེ་ནི་༡༨༦༣ལོར་ཧྥ་རན་སིའི་སྒྱུ་རྩལ་པ་གྲགས་ཅན་ཨས་ངྷོ་བ མཱ་ནེས(Édouard Manet1832-1883)བྲིས་པའི‘‘སྤང་་ཐང་དུ་གུང་ཇར་རོལ་བ’’ཞེས་པའི་རི་མོ་དེའི་ཁ་བྱང་གཡར་ནས་བྲིས་ཡོད་ཅིང་། རི་མོའི་སྟེང་གི་གྱོན་ཆས་དཀར་པོ་གྱོན་མཁན་གྱི་བུད་མེད་དེ་ནི། སྐབས་དེར་ཁོང་གི་མཛའ་གྲོགས་ཡིན་པའི་མིང་ལ་ཀཱ་མས་ཡུ དྷོང་ཞུ(Camille Doncieux1847-1879)ཟེར་བ་ཡིན་པ་རེད། སྤྱི་ལོ་༡༨༦༦ལོར་ཁོང་གིས་རང་ཉིད་ཀྱི་མཛའ་གྲོགས་བརྗོད་བྱར་བགྱིས་ཏེ‘‘གྱོན་གོས་སྔོན་པོ་མནབས་པའི་གཞོན་ནུ་མ’’(La Femme en robe verte)ཅེས་པའི་རི་མོ་ཞིག་བྲིས་ཏེ‘‘འབུར་བརྐོས་དང་རི་མོའི་ཁང་པ’’ཞེས་པའི་མཛད་སྒོའི་སྟེང་འགྲེམས་སྟོན་བྱས་པར། རི་མོ་འདི་འགྲེམས་སྟོན་བྱས་ནས་ཉིན་བཞི་ཙམ་ལས་མ་འགོར་བར་རི་མོ་འདི་ལ་ཉོ་བདག་ཅིག་བྱུང་བར་མ་ཟད། ཧྥ་རན་སིའི་རྟོག་སྒྲུང་བ་གྲགས་ཅན་ཨེས་མུ་ལེས ཛོ་ལས(Emile Zola1840-1902)་ཀྱང་གདེང་འཇོག་ཆེན་པོ་བྱས་ཡོད།

རྩྭ་ཡི་སྟེང་དུ་གུང་ཇར་རོལ་བ།
སྤང་་ཐང་དུ་གུང་ཇར་རོལ་བ།

ཁོང་གིས་རི་མོའི་ལམ་ནས་མཛའ་གྲོགས་ནས་ཆུང་མར་གྱུར་པའི་ཀཱ་མས་ཡུ དྷོང་ཞུ་བྲིས་པ་གཞན་ཡང་ཡོད་དེ། དཔེར་ན། ‘‘ཐྲོག་བེས་ལིའི་མཚོ་འགྲམ་གྱི་ཀཱ་མས་ཡུ’’(Camille sur la plage à Trouville)དང་། ‘‘རྐུབ་སྟེགས་རིང་མོའི་སྟེང་གི་ཀཱ་མས་ཡེས མོ་ནེ’’(Camille Monet sur un banc) ཀཱ་མས་ཡུས་ལས་ཀ་བྱེད་པ(Camille au métier) ‘‘ཨ་གཞང་ཊོའི་ལྡུམ་རྭའི་ནང་དུ་ཡོད་པའི་ཀཱ་མས་ཡུ  མོ་ནེ’’(Camille Monet dans le jardin à Argenteuil)སོགས་ཡོད་ཅིང་། ཁུ་ལོ་ཌུ མོ་ནེས་རང་ཉིད་ཀྱི་བཟའ་ཟླ་ཚེ་ལས་འདས་སྐབས‘‘འཆི་སའི་ཉལ་ཁྲི་སྟེང་གི་ཀཱ་མས་ཡུ མོ་ནེ’’(Camille Monet sur son lit de mort)ཞེས་པའི་རི་མོ་སྐད་གྲགས་ཅན་ཞིག་བྲིས་ཡོད་མོད། དེ་ནི་ཕྱིས་སུ་བྱུང་བའི་གནས་ཚུལ་ཞིག་རེད།

སྤྱི་ལོ་༡༨༦༧ལོར་ཁུ་ལོ་ཌུ མོ་ནེས‘‘ལྡུམ་རྭའི་ནང་གི་བུད་མེད་ཚོ’’(Femmes au jardin)ཞེས་པའི་རི་མོ་ཞིག་བྲིས་ཏེ‘‘འབུར་བརྐོས་དང་རི་མོའི་ཁང་པ’’ཞེས་པའི་མཛད་སྒོའི་སྟེང་འགྲེམས་སྟོན་བྱེད་འདུན་བྱུང་མོད།  བཤེར་དཔང་བ་རྣམས་ཀྱིས་ཁོང་གི་རི་མོའི་ཚོན་མདངས་ལ་བསྙད་དེ་ངོས་ལེན་བྱས་མེད། ལོ་དེར་ཁོང་གིས‘‘ཨང་ཧྥུ་ལོར་གྱི་གྲུ་གཟིངས་འབབ་ཚིགས’’(Le Port de Honfleur) ཞེས་པའི་རི་མོ་གཞན་ཞིག་བྲིས་ཏེ་ཡང་སྐྱར་འབུར་བརྐོས་དང་རི་མོའི་ཁང་པའི་མཛད་སྒོའི་བཤེར་དཔང་དག་གི་སྤྱན་སྔར་ཕུལ་ཡོད་མོད། ཁོང་ཚོས་སྔར་བཞིན་རི་མོའི་ཚོན་མདངས་ལས་འཕྲོས་པའི་རྒྱུ་མཚན་དྲངས་ཏེ་ངོས་ལེན་མ་བྱས། དེ་བས། རེ་ཞིག་ཁུ་ལོ་ཌུ མོ་ནེས་རང་ཉིད་ཀྱི་བརྩམས་ཆོས་བཙོངས་མ་ཐུབ་པའི་དབང་གིས་འཚོ་བའི་ཐད་ལ་དོ་ཕོག་བྱུང་།

བཞི། ཁུ་ལོ་ཌུ མོ་ནེའི་དཀའ་ངལ།

གྲོགས་པོ་གཞང ཧྥེག་དྷུ་ཝས་ཁུ བྷ་ཛིས་ཁུ་ལོ་ཌུ མོ་ནེ་ལ་རོགས་འདེགས་ཀྱི་ཚུལ་དུ་དངུལ་ཉར་བར་མ་ཟད། ‘‘སྐྱེད་མོས་ཚལ་གྱི་གཞོན་ནུ་མ’’(Femmes au jardin)ཞེས་པའི་རི་མོ་དེར་དངུལ་འབོར་ཆེན་སྤྲད་དེ་ཉོས། འོན་ཀྱང་། ཁོང་གིས་མུ་མཐུད་དུ་འཚོ་བ་རོལ་བར་དཀའ་ངལ་བྱུང་བས། ཐ་ན་རང་སྲོག་གཅོད་རྩིས་ཀྱང་བྱས་འདུག གཞང ཧྥེག་དྷུ་ཝས་ཁུ བྷ་ཛིས་ཁོང་ལ་སྔར་བཞིན་རོགས་རམ་བྱས་པར་མ་ཟད། མུ་མཐུད་དུ་རི་མོ་འབྲི་དགོས་པའི་སྐུལ་མ་གནང་མོད། ཁོང་གིས་ཕེ་རེ་སི་ནས་འཚོ་བ་རོལ་མ་ཐུབ་པར་རེ་ཞིག་ཕ་ཡུལ་དུ་ལོག་དགོས་བྱུང་།

ཁོང་གི་མཛའ་མོ་ཀཱ་མས་ཡེས དྷོང་ཞུ་རྒྱལ་ས་ཕེ་སེ་རིར་ཡོད་ཅིང་། ལོ་དེར་ཁོང་གཉིས་ཀྱི་བུ་གཞང མོ་ནེ་འཇིག་རྟེན་དུ་སླེབས། ཁོང་གིས་འཚོ་བ་བན་བུན་གྱི་ལོ་ཟླའི་ཁྲོད་ནས‘‘གཞང མོ་ནེ་ཁོང་གི་ཁྱོགས་སྒྲོམ་དུ་ཡོད་པ’’(Jean Monet dans son berceau)ཞེས་པ་དང་། ‘‘ཟན་ཊི ཨ་དྷུ་ཝེ་ཟིའི་མཚོ་འགྲམ’’(La plage de Sainte-Adresse)དང་། ‘‘ཟན་ཊི ཨ་དྷུ་ཝེ་ཟིའི་ཁྱམས་སྟེགས་’’(Terrasse à Sainte-Adresse) སོགས་བྲིས་ཏེ་རི་མོ་འབྲི་བར་སེམས་ཤུགས་མ་ལྷོད།

ལྕམ་སྐུ་གྷོ་དྷིས་བྷེལ་གྱི་འདྲ་རིས།

སྤྱི་ལོ་༡༩༦༨ལོར་ཁོང་དང་་མཛའ་མོ་གཉིས་ཡུལ་ལུང་ཁ་ཤས་སུ་ཕྱིན་ཏེ་འཚོ་བ་རོལ་ཐབས་བྱས་མོད། དཔལ་འབྱོར་གྱི་དཀའ་ངལ་གྱིས་གཉུག་མར་གནས་སའི་ཡུལ་ཞིག་མ་རྙེད། སྟབས་ལེགས་པ་ཞིག་ལ་ཨག་བུ་ཝག་གྲོང་རྡལ་དུ་ལོས་ཨས གཞོ་བ་ཁེམ གྷོ་དྷིས་བྷེལ(Louis-Joachim Gaudibert)ཕྱུག་པོ་ཞིག་དང་འཕྲད་ཅིང་། མི་འདིས་བདག་རྐྱེན་སྦྱར་ཏེ་ཁུ་ལོ་ཌུ མོ་ནེ་ལ་རི་མོ་ཁ་ཤས་མངགས། སྐད་གྲགས་ཅན་གྱི་རི་མོ‘‘ལྕམ་སྐུ་གྷོ་དྷིས་བྷེལ་གྱི་འདྲ་རིས’’( Portrait de Madame Gaudibert) ཞེས་པ་དེར་གདེང་འཇོག་བྱེད་མཁན་ཡོད་པར་གྱུར། དེའི་ལེགས་ཚོགས་ལྟ་བུར། ཨག་བུ་ཝག་གྲོང་རྡལ་གྱི་འགྲེམས་སྟོན་ཁང་དུ་ཁོང་གི་རི་མོ་གསར་པ་སྐོར་ཞིག་འགྲེམས་སྟོན་བྱེད་ཐུབ་པའི་གོ་སྐབས་ཐོབ།

ལོ་དེར་ཁོང་གིས་དམིགས་པ་བསྒྲིམས་ཏེ‘‘འབུར་བརྐོས་དང་རི་མོའི་ཁང་པ’’ཞེས་པའི་མཛད་སྒོའི་སྟེང་དུ་རི་མོ་གཉིས་བྲིས་པར། བཤེར་དཔང་བ་རྣམས་ཀྱིས‘‘གཞལ་ཊུ དྷེ ཨག་བུ་ཝག་ནས་གྲུ་གཟིངས་དག་རྡོག་ཐོན་བྱེད་པ’’(Navires sortant des jetées du Havre) ཞེས་པའི་རི་མོ་དེ་ངོས་ལེན་བྱས་ནའང་། ལྟད་མོ་དག་གི་དགའ་བསུ་མ་ཐོབ།

ལྔ་། མཐོང་སྣང་རིང་ལུགས་ཀྱི་རི་མོ།

གྷི་ཝས་ནོའུ་ཡེའི་ཁྲུས་རྗིང་།

སྤྱི་ལོ་༡༨༦༩ལོར་ཁུ་ལོ་ཌུ མོ་ནེས་མཛའ་མོ་མ་བུ་གཉིས་དང་ལྷན་དུ་རྒྱལ་ས་པེ་རེ་སི་དང་ཐག་ཉེ་བའི་གྲོང་སྡེ་བྷོ་རྗིས་བལ(Bougival)ཞེས་པར་གནས་སྡོད་ཀྱིས་འཚོ་བ་རོལ། ཡུལ་དེ་ནས་ཁོང་དང་ཁོང་གི་གྲོགས་པོ་སྒྱུ་རྩལ་པ་ཨོ་ངྒོས་སི་ཌི ཝུ་ནོག་ཝ་གཉིས་ཀྱིས་སྔར་མེད་རི་མོ་འབྲི་སྟངས་གསར་པ་ཞིག་བློས་བསླངས་བྱས་ཏེ‘‘གྷི་ཝས་ནོའུ་ཡེའི་ཁྲུས་རྗིང’’(Bain à la Grenouillère)ཞེས་པ་དང་། ‘‘གྷི་ཝས་ནོའུ་ཡེ’’( La Grenouillère)ཞེས་པའི་རི་མོ་གཉིས་བྲིས་ཤིང་། རི་མོ་གྲུབ་མཐའ་འདིའི་མིང་ལ་ཕྱིས་སུ‘‘མཐོང་སྣང་རིང་ལུགས’’(Impressionnisme )ཞེས་བཏགས། རི་མོ་དང་པོ་ནི་དེང་སང་ཨ་རིའི་ཉིག་ཡོར་གྲོང་ཁྱེར་གྱི་སྒྱུ་རྩལ་འགྲེམས་སྟོན་ལྟེ་གནས་ཁང( Métropolitain Museum of Art)དུ་ཡོད་ཅིང་། རི་མོ་གཉིས་པ་ནི་སི་བེ་ཊན་གྱི་རྒྱལ་ས་སི་ཀྲོ་ཀོམ(Stockholm)གྱི་རྒྱལ་སྤྱིའི་འགྲེམས་སྟོན་ཁང(National muséum)དུ་ཡོད་པར་བཤད། གང་ལྟར། སྐབས་དེ་ནས་བཟུང་། ཁུ་ལོ་ཌུ མོ་ནེའི་རི་མོར་ཐོད་རྒལ་གྱི་འགྱུར་བ་ཐེབས་འགོ་ཚུགས་ཤིང་། རི་མོ་གྲུབ་མཐའ་འདིའི་སྐོར་གྱི་གནས་ཚུལ་མདོར་བསྡུས་གཤམ་དུ་ཞུས་ཆོག་པ་ཞུ།

དྲུག ཁུ་ལོ་ཌུ མོ་ནེའི་འགྲུལ་བཞུད།

སྤྱི་ལོ་༡༨༧༠ལོར་ཁུ་ལོ་ཌུ མོ་ནེ་དང་ཀཱ་མས་ཡུ དྷོང་ཞུ་གཉིས་གཉེན་སྒྲིག་བྱས་ཏེ་ཡུན་རིང་མ་འགོར་བར། ཧྥ་རན་སི་དང་རྗར་མན་གཉིས(guerre de 1870)ཀྱི་བར་ལ་དམག་འཁྲུག་བྱུང་བས། རྒྱལ་ས་ཕེ་རེ་སིའི་སྤྱི་ཚོགས་ཟང་ཟིང་དུ་གྱུར། དེར་བརྟེན། ཁོང་དང་བཟའ་ཟླ་བུ་ཕྲུག་གསུམ་ཧྥ་རན་སིའི་བྱང་ཕྱོགས་ཀྱི་གྲོང་རྡལ་ཐྲོག་བེས་ལི(Trouville)ཞེས་པར་གནས་སྤོར་བྱས་མོད། བློས་ཐུབ་ཀྱི་གྲོགས་པོ་གཞང ཧྥེག་དྷུ་ཝས་ཁུ བྷ་ཛིས་སྐབས་དེར་འབྱུང་བཞིན་པའི་དམག་འཁྲུག་གི་ཁྲོད་དུ་གྲོངས་ཤིང་། ཁོང་དམག་འཁྲུག་དེར་ཞུགས་འདོད་མ་བྱུང་བས། ཁུ་ལོ་ཌུ མོ་ནེས་བཟའ་ཟླ་མ་བུ་གཉིས་ཀ་བསྐྱུར་ཏེ་རེ་ཞིག་ཉེན་གཡོལ་གྱི་ཚུལ་དུ་ཨིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཕྱིན།

ཁོང་ལོན་ཌོན་དུ་སླེབས་ནས་ཡུན་རིང་མ་འགོར་བར། རི་མོ་འགྲེམས་སྟོན་པ་དང་རི་མོ་སྣ་ཚོགས་ཉོ་འཚོང་བྱེད་མཁན་པའོ སྒྲི་རང སྒྲོལ(Paul Durand-Ruel 1831-1922)དང་ཁ་ཐུག་ཅིང་། ཚོང་པ་འདིས་ཁོང་གི་རི་མོ་ཁག་འགྲེམས་སྟོན་བྱེད་པའི་ཐད་ལ་རོགས་རམ་དང་། རི་མོ་སྐོར་ཞིག་ཉོས་པར་བརྟེན་ནས། ཁོང་གི་དཔལ་འབྱོར་དང་སྙན་གྲགས་ཐད་ལ་ཕན་ཐོགས་བྱུང་། སྐབས་དེར་ལོན་ཌོན་དུ་ཉེན་གཡོལ་དུ་ཕེབས་ཡོད་པའི་སྒྱུ་རྩལ་པ་གྲགས་ཅན་ཕིས་ཁ་ཟོ(Piccaso)དང་མཉམ་དུ་ཨིན་ཇིའི་རྒྱལ་སར་ཡོད་པའི་རི་མོ་འགྲེམས་སྟོན་ཁང་ཁག་ཏུ་ལྟ་སྐོར་དུ་ཕྱིན་ཏེ། ཁུ་ལོ་ཌུ མོ་ནེ་སྒྱུ་རྩལ་པ་འཇོན ཁང་ཟི་ཁྲེ་བྷལ(John Constable 1776-1837)དང་གཞོ་ཟེ་ཧྥུ མ་ལོར་ཌི བེལ་ལིམ ཁྲོ་ནེལ(Joseph Mallord William Turner 1775-1851) གཉིས་ཀྱི་རི་མོར་དགའ་མོས་བྱུང་ཞིང་། ལྷག་པར་དུ་སྒྱུ་རྩལ་པ་བེལ་ལིམ ཁྲོ་ནེལ་གྱི་རི་མོའི་བརྩམས་ཆོས་དག་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་རང་བྱུང་གི་འོད་སྣང་འབྲི་སྟངས་དེས་ཁོང་གི་མིག་དབང་ཕྱེས། འོན་ཀྱང་། སྐབས་དེར་ཁོང་གིས་རི་མོ་གང་དག་བྲིས་ཡོད་པའི་ལོ་རྒྱུས་བཙལ་འཚོལ་བྱེད་སྐབས། རི་མོ་མང་པོ་བྲིས་མེད་པར་མངོན་ལ། ཁོང་གི་བརྩམས་ཆོས་ཁྲོད་དུ་ལོན་ཌོན་གྱི་རྒྱུག་ཆུ་ཁྲེམ་སི(River Thames)བརྗོད་གཞི་བྱས་པའི་རི་མོ་གྲགས་ཅན་སྐོར་ཞིག་མཐོང་རྒྱུ་ཡོད་ནའང་། དེ་དག་ནི་ཕྱིས་སུ་ཁོང་ཡང་སྐྱར་ལོན་ཌོན་དུ་འབྱོར་སྐབས་བྲིས་པ་རེད།

ཛང་དྷམ་གྱི་ཆུ་འཐག་འཁོར་ལོ་ཞིག

སྤྱི་ལོ་༡༨༧༡ལོར་ཁོང་ཧྥ་རན་སིར་ཕྱིར་ལོག་ཅིང་། དེ་ནས་ཕིས་ཁ་ཟོ་ཡིས་སློབ་སྟོན་ལྟར་ཁོང་གིས་བཟའ་ཟླ་དང་བྱིས་པ་གཉིས་ཀ་ཁྲིད་དེ་ཧྥ་སྐད་དུ་པེ་བྷ(Pays-Bas)རྒྱལ་ཁབ་ཀྱི་ཛང་དྷམ(Zaandom)ཞེས་འབོད་པའི་གྲོང་རྡལ་ཆུང་ཆུང་ཞིག་ཏུ་ཕྱིན་ཏེ་ཟླ་ཤས་རིང་འཚོ་བ་རོལ། སྐབས་དེར་ཁོང་གིས་ཨག་ཊེ་ཛན་གྱི་དབྱར་ཁའི་ཁང་པ(Maison d’été à l’Achterzaan)དང་། ཛང་དྷམ་གྱི་ཁང་པ་སྔོན་པོ(La Maison bleue Zaandam) ཛང་དྷམ་གྱི་ཆུ་འཐག་འཁོར་ལོ་ཞིག(Un Moulin à Zaandam) སྲོད་དུས་ཀྱི་ཛང་དྷམ་གྱི་ཆུ་རྐ(Canal à Zaandam le soir)དང་། གཞན་ཡང་། ཟམ་པ་ཆུང་ངུ(Le Petit pont)ཞེས་པའི་རི་མོ་འདྲ་མཚུངས་ཅན་ཉེར་ལྔ་བྲིས་ཡོད་དོ། །

བདུན། མཐོང་སྣང་རིང་ལུགས་ཀྱི་རི་མོའི་མཛད་སྒོ།

སྤྱི་ལོ་༡༨༧༡ལོའི་དགུན་ཁར་ཁུ་ལོ་ཌུ མོ་ནེ་ཧྥ་རན་སིར་ཕྱིར་ལོག་གནང་སྟེ་རྒྱལ་ས་དང་ས་ཐག་ཉེ་བའི་ཨག་གཞང་དྲལ(Argenteuil)དུ་གནས་སྤར། སྐབས་དེར་ཁོང་ལ་ཁོང་གི་ཕ་རྒན་གྱི་ཤུལ་ལུས་རྒྱུ་ནོར་ཕྲན་བུ་ཡོད་པ་ཐོབ་པར་མ་ཟད། པའོ སྒྲི་རང སྒྲོལ་གྱིས་ཡང་སྐྱར་རི་མོ་མི་འདྲ་བ་ཉི་ཤུ་ལྷག་ཉོས། དེར་བརྟེན། ཁོང་གི་སྐྱ་ཟད་སྔོ་རྡུགས་ཀྱི་འཚོ་བའི་ཕོར་ཁར་སྣུམ་ཞག་འཁོར་འགོ་ཚུགས། དུས་སྐབས་དེར། ཁོང་གིས་རི་མོ་སྣ་ཚོགས་ཤིག་བྲིས་འདུག་མོད།  དེ་དག་ལས་གྲགས་ཆེ་བ་ནི‘‘མཐོང་སྣང་། ཉི་ཤར’’ (Impression, soleil levant)ཞེས་པའི་རི་མོ་འདི་ཡིན་པ་རེད། འདི་ནི་ཁོང་གི་ཚབ་མཚོན་བརྩམས་ཆོས་དང་མཐོང་སྣང་རིང་ལུགས་ཀྱི་ཚབ་མཚོན་བརྩམས་ཆོས་ལྟ་བུར་ངོས་འཛིན་བྱེད་དོ། །

སྤྱི་ལོ་༡༨༧༤ལོར་ཁུ་ལོ་ཌུ མོ་ནེ་དང་། ཨོ་ངྒོས་སི་ཌི ཝུ་ནོག་ཝ། ཕིས་ཁ་ཟོ། ཨ་ཧྥུ་ཝེ་དྷུ སེལ་སུ་ལེ(Alfred Sisley 1839-1889) ཨེ་གྷར དྷེ་གྷ(Edgar Degas 1834-1917) ལྕམ་སྐུ་བྷལ་ཊུ མོ་ཝས་རྫོ( Berthe Morisot 1841-1895 )སོགས་ཀྱིས་མཚོན་པའི་གྲོགས་པོ་སྐོར་ཞིག་གིས་མཉམ་འབྲེལ་བྱས་ཏེ་མཐོང་སྣང་རིང་ལུགས་ཀྱི་རི་མོའི་སྒྱུ་རྩལ་མཐུན་ཚོགས་ཤིག་བཙུགས། སྒྱུ་རྩལ་མཐུན་ཚོགས་དེ་ནི་ཁོང་ཚོའི་བརྩམས་ཆོས་དག‘‘འབུར་བརྐོས་དང་རི་མོའི་ཁང་པ’’ཞེས་པའི་མཐུན་ཚོགས་དེར་བརྒྱུད་ནས་འགྲེམས་སྟོན་བྱེད་མི་དགོས་པར། རང་དབང་གི་སྒོ་ནས་འགྲེམས་སྟོན་བྱེད་ཆོག་པའི་སྡིངས་ཆ་ཞིག་རེད། མ་གཞི་ནས‘‘འབུར་བརྐོས་དང་རི་མོའི་ཁང་པ’’ཞེས་པའི་སྒྱུ་རྩལ་ལྷན་ཚོགས་ཀྱིས་མཐོང་སྣང་རིང་ལུགས་ཀྱི་རི་མོ་ངོས་འཛིན་ཡག་པོ་བྱས་མེད།

སྤྱི་ལོ་༡༨༧༤ལོའི་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་ཁུ་ལོ་ཌུ མོ་ནེ་དང་ཁོང་གི་གྲོགས་པོ་ཚོས་མཐོང་སྣང་རིང་ལུགས་ཀྱི་རི་མོའི་སྒྱུ་རྩལ་མཐུན་ཚོགས་ཀྱི་མིང་ཐོག་ནས་རི་མོ་༡༦༥བཤམས་སྟོན་བྱས་ཏེ་མཛད་སྒོ་ཞིག་འཚོགས་ཤིང་། དེ་དག་གི་ཁྲོད་དུ་ཁུ་ལོ་ཌུ མོ་ནེའི་རི་མོ་བརྒྱད་ཡོད་དེ། སྐད་གྲགས་ཁྱབ་པའི་རི་མོ་ནི‘‘མཐོང་སྣང་། ཉི་ཤར’’ཞེས་པ་དེ་ཡིན། མཛད་སྒོའི་མིང་ལའང‘‘མཐོང་སྣང་། ཉི་ཤར’’ཞེས་བཏགས་ཡོད་ཅིང་། སྐབས་དེ་ནས་བཟུང‘‘མཐོང་སྣང་། ཉི་ཤར’’ལྟར་བྲིས་པའི་རི་མོ་དག་ལ‘‘མཐོང་སྣང་རིང་ལུགས’’ཞེས་པའི་མིང་འདི་སྤྱོད་འགོ་ཚུགས།

མཐོང་སྣང་། ཉི་ཤར།

‘‘མཐོང་སྣང་རིང་ལུགས’’ཞེས་པ་ནི་འབྲི་བྱའི་དངོས་པོ་དེ་ཉིད་རི་མོ་བའི་སེམས་ཀྱི་མཐོང་སྣང་ལྟར་རས་གཞི་ཆུང་ཆུང་ཞིག་གི་སྟེང་དུ་ཁ་དོག་སྣ་ཚོགས་འབྲི་དགོས་ཤིང་། པིར་སྨྱུག་གི་རྗེས་ཤུལ་མཐོང་རྒྱུ་ཡོད་པ་གང་ཞིག་ལ། འོད་ཀྱིས་དངོས་གཟིགས་ལ་ཐེབས་པའི་ཤུགས་རྐྱེན་མཚོན་དགོས་པ་ཞིག་ལ་ངོས་འཛིན་བྱེད། འོན་ཀྱང་། ‘‘མཐོང་སྣང་། ཉི་ཤར’’གྱི་རི་མོའི་མཛད་སྒོའི་སྐབས་སུ་མཐོང་སྣང་རིང་ལུགས་ཀྱི་རི་མོ་དང་རི་མོའི་གྲུབ་མཐའ་འདིའི་མིང་ལ་སྐྱོན་བརྗོད་བྱེད་མཁན་གྱི་མི་སྣ་མང་པོ་བྱུང་བས། མཛད་སྒོ་ཐོག་མ་དེ་ལེགས་འགྲུབ་ལེགས་པོ་བྱུང་མེད་མོད། མཐོང་སྣང་རིང་ལུགས་ཀྱི་རི་མོ་བ་དག་གིས་དེ་ལྟ་བུའི་མཛད་སྒོ་ཞིག་གོ་སྒྲིག་བྱེད་ཐུབ་པ་བྱུང་བ་ནི་དོན་བཟང་ཡིན་ལ། ཁོང་ཚོར་མཚོན་ན་ལོ་དེ་ནི་བཀྲ་ཤིས་དོན་འགྲུབ་ཀྱི་ལོ་ཞིག་རེད།

སྤྱི་ལོ་༡༨༧༢ལོར་ཁུ་ལོ་ཌུ མོ་ནེས་ནང་མི་ཁྲིད་དེ་ཨ་བུ་ཝག་གྲོང་རྡལ་དུ་བསྐྱོད་ཐེངས་ཤིག་ལ་སྐད་གྲགས་ཅན་གྱི་རི་མོ‘‘མཐོང་སྣང་། ཉི་ཤར’’ཞེས་པ་བྲིས་ཤིང་། རི་མོ་འདི་ནི་ཉི་ཤར་གྱི་དུས་སུ་བཟོ་གྲྭ་ལས་མཆེད་འོངས་པའི་དུད་སྤྲིན་གྱིས་མཆོ་ངོས་སུ་གྲུ་ཁེམ་གཡུག་བཞིན་པའི་གྲུ་པ་དག་བཏུམས་ཡོད་པའི་སྣང་བརྙན་ཞིག་བྲིས་པ་ཞིག་རེད། རི་མོ་དཔྱད་བརྗོད་པ་རེ་ཟུང་གིས་བརྗོད་དོན། ཁུ་ལོ་ཌུ མོ་ནེས་ཀྱིས་‘‘མཐོང་སྣང་། ཉི་ཤར’’ཞེས་པ་ནི་ཨིན་ཇིའི་རི་མོ་སྒྱུ་རྩལ་པ་གཞོ་ཟེ་ཧྥུ མ་ལོར་ཌི བེལ་ལིམ ཁྲོ་ནེལ་གྱིས་བྲིས་པའི‘‘དམར་སེར་གྱི་ཉི་ནུབ ’’(The Scarlet Sunset )དང་། སྒྱུ་རྩལ་པ་གཞོང་ཨན བྷར་ཊོ རྗོན་ཁན་གྱིས་བྲིས་པའི‘‘ཨོ་བར་ཞིས་ཀྱི་ཉི་ནུབ ’’(Coucher de soleil à Overschie)ཞེས་པའི་རི་མོ་གང་རུང་ཞིག་ལ་ལད་ཟློས་བྱས་ཏེ་བྲིས་པ་ཞིག་རེད་ཟེར།

གང་ལྟར། སྤྱི་ལོ་༡༨༧༤ལོར་ཁུ་ལོ་ཌུ མོ་ནེའི་གྲོགས་པོ་ཨག་ནེ་སི་ཊི ཨོ་ཞི་དྷེས(Ernest Hoschedé 1837-1891) ‘‘མཐོང་སྣང་། ཉི་ཤར’’ཞེས་པ་འདི་ལ་ཧྥ་སྒོར་རྙིང་པ་༨༠༠སྤྲད་དེ་ཉོས་མོད། ཕྱིས་སུ་ཁོང་གི་དཔལ་འབྱོར་བརྡིབས་པས་རི་མོ་གཞན་ལག་ཏུ་ཤོར། འོན་ཀྱང་། ད་ལྟ་རི་མོ་འདི་རྒྱལ་ས་ཕེ་རེ་སིའི་མག་མོ་ཊན་འགྲེམས་སྟོན་ཁང(Musée Marmottan )དུ་ཡོད་པ་རེད།

དེ་ནས་སྤྱི་ལོ་༡༨༧༦ལོའི‘‘མཐོང་སྣང་། ཉི་ཤར’’གྱི་མཛད་སྒོ་ཐེངས་གཉིས་པའི་སྐབས་སུ། ཁུ་ལོ་ཌུ མོ་ནེས་རི་མོ་གསར་པ་བཅོ་བརྒྱད་བྲིས་ཏེ་འགྲེམས་སྟོན་བྱས། སྤྱི་ལོ་༡༨༨༦ལོར་ཁོང་གིས‘‘ཉི་གདུགས་གཡས་སུ་བསྐོར་བའི་གཞོན་ནུ་མ་’’(Femme à l’ombrelle tournée vers la droite  )དང་། ‘‘ཉི་གདུགས་གཡོན་དུ་བསྐོར་བའི་གཞོན་ནུ་མ’’(Femme à l’ombrelle tournée vers la gauche )ཞེས་པའི་རི་མོ་འདྲ་མཚུངས་ཅན་གཉིས་བྲིས།  ཡང་། སྤྱི་ལོ་༡༨༧༧ལོར་ཁོང་གིས་ཕེ་རེ་སིའི་མེ་འཁོར་འབབ་ཚིགས་ཤིག་སྟེ‘‘ལ གྷར ཟན་ལ་ཛར’’(La Gare Saint-Lazare)ཞེས་པ་བརྗོད་བྱར་བྱས་ཏེ་རི་མོ་འདྲ་མཚུངས་ཅན་བཅུ་གཉིས་བྲིས་ཏེ། ‘‘མཐོང་སྣང་། ཉི་ཤར’’གྱི་མཛད་སྒོ་ཐེངས་གསུམ་པའི་སྟེང་འགྲེམས་སྟོན་བྱས། སྐབས་དེར‘‘མཐོང་སྣང་རིང་ལུགས་པ’’ཞེས་པའི་གསར་ཤོག་ཅིག་འདོན་སྤེལ་གྱིས་མཐོང་སྣང་རིང་ལུགས་ཀྱི་གྲུབ་མཐའ་དེ་ངོ་སྤྲོད་བྱས།

ཁུ་ལོ་ཌུ མོ་ནེ་དང་ཨག་ནེ་སི་ཊི ཨོ་ཞི་དྷེས་གཉིས་མཛའ་མཐུན་གྱི་གྲོགས་པོ་ཡིན་མོད། རིམ་གྱིས་ཁུ་ལོ་ཌུ མོ་ནེ་དང་ཁོང་གི་གྲོགས་པོའི་བཟའ་ཟླ་ཨ་ལེས་སི (Alice)གཉིས་ཀྱི་བར་ལ་བརྩེ་དུང་བྱུང་། འོན་ཀྱང་། སྐབས་དེར་ཨག་ནེ་སི་ཊི ཨོ་ཞི་དྷེས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་གྱུར་པས། ཁུ་ལོ་ཌུ མོ་ནེའི་འཚོ་བ་ལ་ཡང་སྐྱར་དོ་ཕོག་བྱུང་། ལྷག་པར་དུ་ཁུ་ལོ་ཌུ མོ་ནེའི་བཟའ་ཟླ་ལ་བུ་གཞན་ཞིག་སྐྱེས་ཏེ་ཡུན་རིང་མ་འགོར་བར། བཟའ་ཟླ་ཀཱ་མས་ཡུ་ནད་ལྕི་མོ་ཞིག་གི་དབང་གིས་གྲོངས་པ་སོགས་ལ་རྐྱེན་བྱས་ཏེ། གནས་སྐབས་ཤིག་ལ་ཁོང་གིས་ཁང་གླ་ཙམ་ཡང་སྤྲོད་མི་ནུས་པའི་ཚད་དུ་སླེབས།

སྤྱི་ལོ་༡༨༨༡ལོར་ཁུ་ལོ་ཌུ མོ་ནེས་ཁོང་གི་གྲོགས་པོའི་བཟའ་ཟླ་ཨ་ལེས་སི་དང་མཉམ་དུ་ཕོ་བ་སེས(Poissy)ཞེས་པར་གནས་སྤོར་གྱིས་འཚོ་བ་རོལ། འཚོ་བ་ངན་ངོན་ཡིན་རུང་དགའ་བྲོད་དང་བཅས་མུ་མཐུད་དུ་རི་མོ་བྲིས་ཤིང་། མཛད་སྒོ་འདྲ་མིན་གྱི་སྟེང་དུ་ཞུགས་ཏེ་བརྩམས་ཆོས་ཀྱིས་ལྟོ་གོས་བཙལ་ཐབས་བྱས།

གཉིས་པ། སྐུ་ཚེའི་སྨད་ཀྱི་ལོ་རྒྱུས།

གཅིག རྗས་བེར་ཉུས (Giverny)སུ་གཞིས་ཕབ་པ།

སྤྱི་ལོ་༡༨༨༣ལོར་ཁུ་ལོ་ཌུ མོ་ནེས་ཧྥ་རན་སིའི་ལྷོ་བྱང་གི་མཚམས་སུ་ཁེལ་བའི་རྗས་བེར་ཉུས (Giverny) ཞེས་པའི་ཡུལ་དུ་ཁང་པ་ཞིག་གླས་ཏེ་གཞིས་ཕབ་ཅིང་། མཛེས་ཤིང་སྡུག་པའི་མེ་ཏོག་སྣ་ཚོགས་དང་། བྱ་བྱིའུ་ཡི་གྲེ་འགྱུར་སྙན་མོ། སྣ་མང་ཤིང་ནགས་ཀྱིས་བརྒྱན་པའི་ཡུལ་ལུང་འདིས་ཁོང་ལ་བདེ་བ་བླུད། ཡུལ་ལུང་འདི་ནི་ཁོང་གི་སེམས་ནས་ཡུན་རིང་བློས་བསླངས་བྱས་ཤིང་། ཡུན་རིང་བཙལ་བའི་ཡུལ་གྲུ་ཞིག་ཀྱང་ཡིན་ཞེས་གྲགས། 

སྤྱི་ལོ་༡༨༨༣ལོ་ནས་བཟུང་། ཁུ་ལོ་ཌུ མོ་ནེ་ཡུལ་ལུང་འདྲ་མིན་དུ་བགྲོད་བཞིན་བལྟ་ན་སྡུག་པའི་ཡུལ་ལྗོངས་དེ་དག་རི་མོའི་ལམ་དུ་བྲིས། ཁོང་གིས་གྲོང་རྡལ་མང་དོང(Menton)གི་མཐའ་འཁོར་དུ་ཡོད་པའི་ ཟ་ཟོ(Sasso)དང་ནེར་བཱ(Nervia)ཞེས་པའི་རི་བོ་གཉིས་བརྗོད་བྱར་བྱས་པའི་རི་མོ་བཞི་བཅུ་ལྷག་བྲིས་པར་མཐོང་ཞིང་། སྐབས་དེའི་བརྩམས་ཆོས་ཕལ་མོ་ཆེ་ནི་ཁོང་གི་གྲོགས་པོ་པའོ དྷོས་ཝང ཝེལ(Paul Durand-Ruel)གྱིས་ཉོས་པ་མ་ཟད། གྲོགས་པོ་འདིའི་རོགས་རམ་ལ་བརྟེན་ནས་སྤྱི་ལོ་༡༨༨༦ལོར་ཨ་རིའི་ཉིག་ཡོར་གྲོང་ཁྱེར་གྱི་ཨ་མི་རི་ཀའི་སྒྱུ་རྩལ་འགྲེམས་སྟོན་ཁང(American Art Gallery)དུ་ཁོང་གི་རི་མོ་བཞི་བཅུ་ལྷག་འགྲེམས་སྟོན་བྱས། ལོ་དེར་ཁོང་བྷལ་ལེས་ལུ(Belle Île)ཡུལ་དུ་ཕྱིན་ཏེ་རྒྱ་མཚོ་དང་། རྦ་རླབས། རླབས་ཀྱིས་འདེགས་པའི་བྲག་རྡོ་སོགས་བྲིས། ལྷག་དོན་ཡུལ་དེ་ནས་རི་མོ་སྒྱུ་རྩལ་སྐོར་གྱི་གསར་འགོད་པ་གྷ་སི་ད་བུ རྗེ་ཧྥུ་ཝ་དང་འཕྲད། གསར་འགོད་པ་དེས་ཁུ་ལོ་ཌུ མོ་ནེར་བཅར་འདྲི་ཞིག་བྱས་ཏེ་གསར་ཤོག་ཅིག་ཏུ་སྤེལ། དེའི་ལེགས་ཚོགས་ལ་བརྟེན་ནས་ཁོང‘‘དྲང་བདེན’’ཞེས་པའི་གསར་ཤོག་རྩོམ་སྒྲིག་པ་རྗོར་རྗི ཁེ་ལེ་མང་སོ(Georges Clémenceau 1841-1929)དང་ཐུག་ཅིང་། སྐྱེས་བུ་འདི་ནི་ཁོང་གི་རི་མོ་སྒྱུ་རྩལ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྣ་གལ་ཆེན་ཞིག་ཏུ་གྱུར།

ཨ་བལ་གྱི་གཡང་གཟར།

སྤྱི་ལོ་༡༨༨༨ལོར་ཁོང་ཨང་ཁྲས་བྷས(Antibes)ཡུལ་དུ་བསྐྱོད་དེ། ཡུལ་དེའི་མཐོང་སྣང་བརྗོད་བྱར་བྱས་ཏེ་རི་མོ་མི་འདྲ་བ་སུམ་བཅུ་ལྷག་བྲིས་པར། རི་མོ་སྐོར་ཞིག་སྒྱུ་རྩལ་པ་ཊོའོ་དྷོ་ཝོས་སི བང་གྷོ་གྷི(Théodorus van Gogh)ཟེར་བས་ཉོས་ཤིང་། སྐྱེས་བུ་འདིའི་རོགས་རམ་བརྒྱུད་དེ་ཁུ་ལོ་ཌུ མོ་ནེའི་རི་མོ་སྐོར་ཞིག་འགྲེམས་སྟོན་བྱས་ཤིང་། རི་མོ་མང་པོ་བྲིན། སྤྱི་ལོ་༡༨༨༩ལོར་ཁོང་ཁུ་ཝུ་ཛུ(Creuse)ཕྱོགས་སུ་ཕྱིན་ཏེ་རི་མོ་མི་འདྲ་བ་ཉི་ཤུ་ལྷག་བྲིས། ལོ་དེར་ཁོང་གི་གྲོགས་པོ་དང་བརྐོས་རིས་སྒྱུ་རྩལ་པ་ཨོ་གྷི་སི་ཊི ཝོ་དྷན(Auguste Rodin 1840-1917)དང་མཉམ་འབྲེལ་གྱིས་རི་མོ་འགྲེམས་སྟོན་ཞིག་བྱས་ཤིང་། རིམ་གྱིས་ཁོང་གི་བརྩམས་ཆོས་ཉོ་མཁན་དང་དོ་སྣང་བྱེད་མཁན་གྱི་མི་སྣ་ཇེ་མང་དུ་གྱུར། དེ་བས། སྤྱི་ལོ་༡༨༩༠ལོར་ཁུ་ལོ་ཌུ མོ་ནེས་ཀྱིས་རྗས་བེར་ཉུས་གྱི་གླ་བཞིན་པའི་ཁང་པ་དེ་ཉོ་ཐུབ་པ་བྱུང་།

ཁུ་ལོ་ཌུ མོ་ནེས་ཁང་པ་ཉོས་ནས་ཅང་མ་འགོར་བར། ཁོང་གི་མཛའ་གྲོགས་ཀྱི་ཁྱོ་ག་དང་གྲོགས་པོ་ཨག་ནེ་སི་ཊི ཨོ་ཞི་དྷེས་གྲོངས་པས། ཁོང་དང་ཨ་ལེས་སི་གཉིས་ཆང་ས་བརྒྱབ་ཅིང་། ཁོང་ནི་ཨག་ནེ་སི་ཊི ཨོ་ཞི་དྷེས་དང་ཨ་ལས་སི་གཉིས་ཀྱི་བྱིས་པ་དྲུག་དང་རང་ཉིད་ཀྱི་བྱིས་པ་གཉིས་བཅས་ཁྱོན་བསྡོམས་ཕྲུ་གུ་བརྒྱད་བདག་སྐྱོང་བྱེད་མཁན་གྱི་ཕ་རྒན་དུ་གྱུར།

གཉིས། རི་མོ་འདྲ་མཚུངས་ཅན་བཤད་པ།

༡ ཚར་ལྕོག

ཚར་ལྕོག

སྤྱི་ལོ་༡༨༨༦ལོར་ཁུ་ལོ་ཌུ མོ་ནེས‘‘རྗས་བེར་ཉུས་ཀྱི་ཚར་ལྕོག’’(Meule à Giverny)དང་། སྤྱི་ལོ་༡༨༨༧ལོར‘‘རྩྭ་ཕོན’’(Meule de foin)ལྟ་བུའི་རི་མོ་འགའ་བྲིས་ཡོད་མོད།  འོན་ཀྱང་།  སྤྱི་ལོ་༡༨༨༩ནས་སྤྱི་ལོ་༡༩༩༡ལོའི་བར་དུ‘‘ཚར་ལྕོག’’(Les Meules)ཞེས་པའི་རི་མོ་འདྲ་མཚུངས་ཅན་ཉེར་ལྔ་བྲིས་འདུག རི་མོ་འདི་དག་ནི་ཁོང་སྡོད་ས་དང་ཐག་ཉེ་བའི་གྲོང་རྡལ་ཨུ་ཝུ(Eure)ཡུལ་གྱི་ཞིང་ཁའི་མཐོང་སྣང་གཞི་ལ་བཞག་སྟེ་བྲིས་པར་བཤད། སྤྱི་ལོ་༡༨༩༡ལོར་གྲོགས་པོ་པའོ དྷོས་ཝང ཝེལ་གྱི་རོགས་འདེགས་འོག རྒྱལ་ས་ཕེ་རེ་སི་ནས‘‘ཚར་ལྕོག’’ལས་རི་མོ་བཅོ་ལྔ་འགྲེམས་སྟོན་བྱས་པར། རི་མོ་འདི་དག་ལ་དགའ་མོས་བྱེད་མཁན་མང་དུ་བྱུང་སྐད།

‘‘ཚར་ལྕོག’’ཞེས་པའི་རི་མོ་འདྲ་མཚུངས་ཅན་ཉེར་ལྔ་ནི་འགྲེམས་སྟོན་ཁང་ག་གེ་མོ་ཞིག་གིས་བདག་གིར་བྱས་མེད་པར། དེང་སང་ཧྥ་རན་སི་དང་། ཨ་རི། ཨོ་སི་ཀྲི་ལེ་ཡ། སུད་སི། ཨིན་ཇི་རྒྱལ་ཁབ་ཁག་གི་འགྲེམས་སྟོན་ཁང་ཁག་ཏུ་ཡོད་པའི་གནས་ཚུལ་མཐོང་ཞིང་། སྤྱི་ལོ་༢༠༡༦ལོར་ཨ་རིའི་ཉིག་ཡོར་དུ་ཡོད་པའི་ཁུ་ཟི་ཊེ་སི( Christie’s)ཞེས་པའི་ཨིན་ཇིའི་རིན་སྤར་ཚོང་སྒྱུར་ཁང་གིས‘‘ཚར་ལྕོག’’གི་རི་མོ་གཅིག་ལ་ཨ་སྒོར་ས་ཡ་༨༠ལྷག་སྤྲད་དེ་ཉོས་པར་མ་ཟད། ཡང་། སྤྱི་ལོ་༢༠༡༩ལོར་ཨ་རིའི་ཉིག་ཡོར་དུ་རྟེན་གཞི་བྱས་པའི་ཟོ་ཋུ་བྷེ་ཛུ(Sotheby’s)ཞེས་པའི་འགྲེམས་སྟོན་ཁང་གིས་ཀྱང‘‘ཚར་ལྕོག’’གི་རི་མོ་གཅིག་ལ་ཨ་སྒོར་ས་ཡ་༡༡༠ལྷག་སྤྲད་དེ་ཉོས་འདུག

༢ སྦྱར་ལྕང་དང་དེ་ལས་འཕྲོས་པའི་རི་མོ།

སྦྱར་ལྕང་།

སྤྱི་ལོ་༡༨༩༡ལོར་ཁུ་ལོ་ཌུ མོ་ནེས‘‘ཚར་ལྕོག’’ཡོངས་སུ་བྲིས་ཚར་རྗེས། ཁོང་གིས་རང་ཉིད་སྡོད་ས་དང་ཐག་ཉེ་ས་ན་བཞུར་བའི་ཨེབ་ཊི(Epte)ཞེས་པའི་རྒྱུག་ཆུ་འགྲམ་གྱི་ཤིང་སྡོང‘‘སྦྱར་ལྕང’’(Les Peupliers)ཞེས་པའི་རི་མོ་འདྲ་མཚུངས་ཅན་ཉེར་ལྔ་བྲིས་ཡོད་ཅིང་། དེང་སང་རི་མོ་འདི་དག་ཧྥ་རན་སི་དང་། ཉི་ཧོང་། ཨ་རི། ཨིན་ཇི་རྒྱལ་ཁབ་སོགས་ཀྱི་འགྲེམས་སྟོན་ཁང་ན་ཡོད།

ཁུ་ལོ་ཌུ མོ་ནེས‘‘སྦྱར་ལྕང’’གི་རི་མོ་ཁག་འབྲི་སྐབས། ཁོང་གིས‘‘སྦྱར་ལྕང’’གི་བདག་པོ་ལ་དངུལ་སྤྲད་དེ་གནས་སྐབས་ཤིག་ལ‘‘སྦྱར་ལྕང’’དག་མི་གཅོད་པའི་རེ་བ་ཞུས་པའི་ལོ་རྒྱུས་ཡོད་མོད་བྲིར་མི་ལང་ངོ་། ། གང་ལྟར།  རི་མོ་དཔྱད་བརྗོད་པ་རེ་ཟུང་གིས་བརྗོད་དོན། སྤྱི་ལོ་༡༩༩༡ལོར་ཁུ་ལོ་ཌུ མོ་ནེས་ཧ་ལམ་ལོ་གཅིག་གི་དུས་ཚོད་སྤྱད་དེ་བྲིས་པའི‘‘སྦྱར་ལྕང’’གི་རི་མོ་ཁག་ནི་ཉི་ཧོང་གི་རི་མོ་བ་གྲགས་ཅན་ཁཱ་ཚོ་ཤས་ཁ ཧོ་ཁེ་སི(Katsushika Hokusai1760-1849)ཡིས་བྲིས་པའི‘‘ཧྥོལ་རྗེ་གངས་རིའི་མཐོང་སྣང་སུམ་ཅུ་སོ་དྲུག’’(Trente-six vues du mont Fuji)ལས་ཨང་གྲངས་ཉེར་གསུམ་པར་ལད་ཟློས་བྱས་མེད་དམ་སྙམ་ཟེར།

ཕྲན་གྱིས་མ་འོངས་པར་དུས་ཚོད་བགོས་ཏེ་ཉི་ཧོང་གི་རི་མོ་བ་གྲགས་ཅན་ཁཱ་ཚོ་ཤས་ཁ ཧོ་ཁེ་སི་ངོ་སྤྲོད་བྱེད་མིན་མི་ཤེས་པས། ན་ནིང་དབྱར་ཁར་ཁོང་གི་སྐོར་ལས་འཕྲོས་ཏེ་ཚིག་དུམ་སྐོར་ཞིག་བྲིས་ཡོད་པ་མཚམས་འདིར་འགོད་ཆོག་པར་ཞུ།

དེ་ནི་འདི་ལྟར། དེ་རིང་གུང་ཇ་འཐུངས་རྗེས། མཚོ་འགྲམ་གྱི་རྐུབ་སྟེགས་རིང་མོ་ཞིག་གི་སྟེང་བསྡད་ནས་རྒྱང་རིང་ལ་བལྟས། སྐབས་རེར་ཉི་ཕོག་ཕོག་པའི་རྦ་རླབས་འོད་ཆེམ་ཆེམ་བྱེད་ཅིང་། མཚོ་ལས་ཉ་རིགས་རྔོན་པའི་མཚོ་བྱ་སྐོར་ཞིག་གིས་གཤོག་པ་བསྐུམས་ནས་གསེག་འཕུར་གྱིས་མཚོ་ལ་འཛུལ། གྲུ་གཟིངས་ཆེན་པོ་རེ་ཟུང་གིས་རླབས་གཤགས་ནས་རྒྱང་ཐག་སྐྱེད། ཉ་པའི་གྲུ་ཆུང་དག་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་གཡོ་བ་མཐོང་། མཚོ་འགྲམ་ན་ཆུར་རྐྱལ་བའི་མི་དག་རླབས་ཕྲེང་དཀར་པོས་དེད་ནས་ཡོང་། མི་རྣམས་སླར་ཡང་རྒྱ་མཚོའི་ནང་འཛུལ། རྐྱལ་མགོ་ཚུགས། རླབས་ཆེན་པོ་ཞིག་གིས་ཡང་བསྐྱར་མི་དེ་དག་དེད་ནས་ཡོང་། ་་་ ་་་

དེ་ལྟར་རྒྱ་མཚོའི་རྦ་རླབས་ལ་ལྟ་བཞིན་ཕྲན་གྱིས་གློ་བུར་དུ་རི་མོ་ཞིག་དྲན་བྱུང་། དེ་ནི་ཉི་ཧོང་གི་རི་མོ་བ་གྲགས་ཅན་ཁཱ་ཚོ་ཤས་ཁཱ ཧོ་ཁེ་ཟེ ( Katsushika Hokusai 1760-1849) ཡིས་སྤྱི་ལོ༡༨༣༡ནས་སྤྱི་ལོ་༡༨༣༢བར་ལ་བྲིས་པའི་རི་མོ་སྟེ་ཡོངས་གྲགས་སུ‘‘རྦ་རླབས’’ཞེས་པ་དེ་རེད། རི་མོ་དེ་ནི་འཛམ་གླིང་གི་རྦ་རླབས་ཀྱི་རི་མོ་དག་ལས་གྲགས་ཆེ་ཤོས་ཡིན་སྐད་ཅིང་། གངས་རི་དང་། གྲུ་ཆུང་། རྒྱ་མཚོ། རྦ་རླབས་བཅས་ཀྱིས་གྲུབ་པ་ཞིག་རེད། སྔར་ཧྥ་རན་སི་དང་། ཨིན་ཇིའི་འགྲེམས་སྟོན་ཁང་དུའང་འགྲེམས་སྟོན་བྱས་པའི་ལོ་རྒྱུས་འདུག

ནུབ་ཕྱོགས་ཀྱི་རི་མོ་དཔྱད་བརྗོད་པ་རེ་ཟུང་གིས་རི་མོ་བ་ཁཱ་ཚོ་ཤས་ཁཱ ཧོ་ཁེ་ཟེ་ཡིས་བྲིས་པའི་རི་མོའི་ཤུགས་རྐྱེན་དེ་ནུབ་ཕྱོགས་ཀྱི་རི་མོ་བ་གྲགས་ཅན་དཔེར་ན་བན་སང བང གྷོ་གྷུས(Vincent Van Gogh1853-1890)དང་། ཁུ་ལོ་ཌུ མོ་ནེ(Claude Monet1840-1926) པོ གྷོ་གྷན(Paul Gauguin 1848-1903)སོགས་ལ་ཐེབས་པར་བཤད་ཡོད།

༣ ཝོང་གི་ལྷ་ཁང་ཆེན་མོ།

ཝོང་གི་ལྷ་ཁང་ཆེན་མོ།

སྤྱི་ལོ་༡༨༩༢ལོར་ཁུ་ལོ་ཌུ མོ་ནེ་ཧྥ་རན་སིའི་གྲོང་རྡལ་ཝོང(Rouen)ཞེས་པར་འགྲོ་ཐེངས་ཤིག་ལ། དེ་ན་བརྗིད་ཉམས་ལྡན་པའི་ཡེ་ཤུའི་ལྷ་ཁང་ཆེན་མོ་ཞིག་ཡོད་པ་མཇལ། ཁོང་གིས་ལྷ་ཁང་ཆེན་མོའི་མདུན་ནས་ཁང་པ་ཞིག་གླས་ཏེ་ལྷ་ཁང་དེ་རི་མོའི་ལམ་ནས་འབྲི་འགོ་བརྩམས་མོད། ཁོང་གིས་ལྷ་ཁང་གི་འདྲ་རིས་གཉིས་བྲིས་རྗེས། གློ་བུར་དུ་ཁོང་གིས་གླ་བཞིན་པའི་ཁང་པ་ཞིག་གསོ་བྱེད་དགོས་བྱུང་བས། ཁོང་རྗས་བེར་ཉུས་སུ་ལོག་དགོས་བྱུང་།  སྤྱི་ལོ་༡༨༩༣ལོར་ཁོང་ཡང་སྐྱར་ཝོང་ལ་ཕྱིན་ཏེ་ལྷ་ཁང་ཆེན་མོའི་འདྲ་རིས་མི་འདྲ་བ་རེ་འབྲི་འགོ་བརྩམས་ཏེ། སྤྱི་ལོ་༡༨༩༢ནས་སྤྱི་ལོ་༡༨༩༤ལོའི་བར་དུ་ཁོང་གིས་ལྷ་ཁང་ཆེན་མོའི་འདྲ་རིས་མི་འདྲ་བ་བཞི་བཅུ་བྲིས་ཤིང་། སྤྱི་ལོ་༡༨༩༥ལོར་ཁོང་གི་གྲོགས་པོ་པའོ དྷོས་ཝང ཝེལ་གྱི་འགྲེམས་སྟོན་ཁང་དུ་ཁུ་ལོ་ཌུ མོ་ནེའི‘‘གསར་བྲིས་བརྩམས་ཆོས’’ཀྱི་མིང་ཐོག་ནས་རི་མོ་ཉི་ཤུ་ལྷག་འགྲེམས་སྟོན་བྱས་ཏེ། རི་མོ་གཅིག་ལ་ཧྥ་སྒོར་རྙིང་པ་༡༢༠༠༠བྱས་ཏེ་བཙོངས། གྲོགས་པོ་རྗོར་རྗི ཁེ་ལེ་མང་སོས‘‘ལྷ་ཁང་ཆེན་མོའི་གསར་བརྗེ’’ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཏེ་ཁོང་གི་བརྩམས་ཆོས་གསར་པའི་སྐོར་ངོ་སྤྲོད་བྱས།

དེང་སང་རི་མོ་འདི་དག་ནི་ཧྥ་རན་སི་དང་། ཨ་རི། ཉི་ཧོང་། ཨུ་རུ་སུ་སོགས་ཀྱི་འགྲེམས་སྟོན་ཁང་དང་། ཕྱུག་བདག་ཁ་ཤས་ཀྱི་ལག་ཏུ་ཡོད་པའི་ལོ་རྒྱུས་ཡོད་ཅིང་། ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིའི་ངྷོག་སེ་འགྲེམས་སྟོན་ཁང་དུ་ཝོང་གི་ལྷ་ཁང་ཆེན་མོའི་རི་མོ་ཁ་ཤས་ཡོད་པའི་གནས་ཚུལ་ཀྱང་མཐོང་། འོན་ཀྱང་། ལོ་ཤས་ཀྱི་སྔོན་ལ་ཕྲན་འགྲེམས་སྟོན་ཁང་དེར་ཕྱིན་ཏེ་རི་མོ་སྐོར་ཞིག་ལ་ཞིབ་ལྟ་བྱས་པའི་ཁུལ་ཡིན་མོད། ཁུ་ལོ་ཌུ མོ་ནེའི་བརྩམས་ཆོས་ཀྱིས་ཡིད་སེམས་དྲངས་པའི་ཚོར་བ་དྲན་ཡུལ་ན་མི་འདུག

༤ ལོན་ཌོན་གྱི་རི་མོ།

ལོན་ཌོན་གྱི་ཁྲིམས་བཟོ་ལྷན་ཁང་།

སྤྱི་ལོ་༡༨༩༣ལོར་ཁུ་ལོ་ཌུ མོ་ནེས་རྗས་བེར་ཉུས་ཀྱི་ཁང་པའི་ཐག་ཉེ་ནས་ས་སྟོང་ཞིག་ཉོས་ཡོད་ཅིང་། སྤྱི་ལོ་༡༨༩༦ནས་སྤྱི་ལོ་༡༨༩༧ལོའི་བར་ཁོང་གིས་རི་མོ་འབྲི་བའི་ལས་ཀ་རེ་ཞིག་བསྐྱུར་ཏེ། ནུས་ཤུགས་ཡོད་ཚད་སྔར་ས་སྟོང་ཞིག་ཉོས་པ་དེ་ནས་ལྡུམ་རྭ་ཉམས་དགའ་བ་ཞིག་གསར་སྐྲུན་བྱེད་པའི་ཐད་ལ་བཏང་།

སྤྱི་ལོ་༡༨༩༩ལོར་ཁོང་དང་བཟའ་ཟླ་གཉིས་ལོན་ཌོན་དུ་འཚོ་སྡོད་བྱེད་པའི་བུ་ལ་བལྟ་རུ་བསྐྱོད་སྐབས། ‘‘ཟ་བེལ་མགྲོན་ཁང’’(Savoy Hôtel)ཞེས་པ་དེའི་ཁང་མིག་ཅིག་ནས་ལོན་ཌོན་གྱི་རྒྱུག་ཆུ་ཁྲེམ་སི་དང་ལོན་ཌོན་གྱི་ལྷོ་ཕྱོགས་ཐམས་ཅད་ཤེལ་གྱི་རྒྱང་མཐོང་ལས་མཐོང་བ་ལྟར་ཡོད་པ་ཤེས། དེ་བས། སྤྱི་ལོ་༡༨༩༩ལོར་ཁོང་ཡང་སྐྱར་ལོན་ཌོན་དུ་ཕྱིན་ཏེ་ཟ་བེལ་མགྲོན་ཁང་དུ་བསྡད་དེ། ཞོགས་པ་ཞིག་ལ‘‘བ་ཁྲེལ་ལོའི་ཟམ་པ’’( Le Pont de Waterloo )ཞེས་པའི་རི་མོ་འབྲི་འགོ་བརྩམས་རྗེས། དེ་ནས་རི་མོ་དེ་དང་འདྲ་མཚུངས་ཅན་བཞི་བཅུ་བྲིས། ཟམ་པ་དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་གཏོར་བཅོམ་ཐེབས་ཤིང་། དེང་སང་མཐོང་ཆོས་སུ་ཡོད་པ་དེ་ཕྱིས་སུ་ཞིག་གསོ་བཏང་བར་བཤད། ཡང་། ལོ་དེར་ཁོང་གིས་ཞ་རན་ཁུ་རོ་སི་ཟམ་པ(le pont de Charing)ཞེས་པའི་རི་མོ་འདྲ་མཚུངས་ཅན་སོ་བདུན་ཀྱང་འབྲི་འགོ་བརྩམས།

སྤྱི་ལོ་༡༨༩༠ལོ་ནས་སྤྱི་ལོ་༡༩༠༤ལོའི་བར་ཁོང་གིས་ལོན་ཊོན་གྱི་ཁྲིམས་བཟོ་ལྷན་ཁང(série des Parlements de Londres)ཞེས་པའི་རི་མོ་འདྲ་མཚུངས་ཅན་བཅུ་དགུ་བྲིས་ཚར་བར་བྱས། སྤྱི་ལོ་༡༩༠༤ལོར་ཁོང་གི་གྲོགས་པོ་ པའོ དྷོས་ཝང ཝེལ་གྱི་འགྲེམས་སྟོང་ཁང་དུ་ལོན་ཌོན་བརྗོད་བྱར་བགྱིས་པའི་རི་མོ་སྐོར་ཞིག་འགྲེམས་སྟོན་བྱས་པས། ཁུ་ལོ་ཌུ མོ་ནེའི་རི་མོ་བརྩམས་ཆོས་ལ་དོ་སྣང་བྱེད་མཁན་སྔར་ལས་འཕེལ་བར་གྱུར།

ཡང་གཅིག་བཤད་ན། ཁོང་གིས་ལོན་ཌོན་གྱི་ཁྲིམས་བཟོ་ལྷན་ཁང་དང་། བ་ཁྲེལ་ལོའི་ཟམ་པ་སོགས་འབྲི་སྐབས་ཏེ།  སྤྱི་ལོ་༡༩༠༠ལོར་ཁོང་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིར་འཚོགས་པའི‘‘སྤྱི་ལོ་༡༩༠༠ལོའི་འཛམ་གླིང་ཡོངས་ཁྱབ་ཀྱི་འགྲེམས་སྟོན’’(L’Exposition universelle de 1900 à Paris)དུ་ཞུགས་པའི་ལོ་རྒྱུས་ཡོད་མོད། འོན་ཀྱང་། ལོ་དེ་ནས་བཟུང་ཁོང་གི་མིག་གིས་ཕྱི་རོལ་གྱི་བྱ་དངོས་ཡོད་ཚད་རབ་རིབ་ཅན་དུ་མཐོང་བའི་ན་ཚ་དེ་ཇེ་སྡུག་ཏུ་འགྲོ་འགོ་ཚུགས་ཤིང་། ཁོང་གིས་བྲིས་པའི་རི་མོ་སྐོར་ཞིག་རབ་རིབ་ཅན་ཡིན་པའི་རྒྱུ་མཚན་དེ་ཡང་ཐད་ཀར་སྐྱ་འགྲིབ་ཀྱི་ནད་དེར་འབྲེལ་བ་ཡོད་པ་ཤེས་བྱུང་།

༥ ཆུ་སྐྱེས་ཀུ་མུད།

ཆུ་སྐྱེས་ཀུ་མུད།

སྤྱི་ལོ་༡༨༩༧ལོ་ནས་བཟུང་ཁུ་ལོ་ཌུ མོ་ནེས‘‘ཆུ་སྐྱེས་ཀུ་མུད’’(Les Nymphéas)ཀྱི་རི་མོ་འབྲི་འགོ་བརྩམས་ཡོད་མོད། ལོ་ནས་ལོར་མཐུད་དེ་ཆུ་སྐྱེས་ཀུ་མུད་མང་པོ་བྲིས་མེད། འོན་ཀྱང་། སྤྱི་ལོ་༡༩༠༣ལོ་ནས་སྤྱི་ལོ་༡༩༢༤ལོའི་བར་དུ་ཆུ་སྐྱེས་ཀུ་མུད་ཀྱི་རི་མོ་འདྲ་མཚུངས་ཅན་༢༥༠བྲིས་ཤིང་། རི་མོ་ཕལ་མོ་ཆེ་ནི་ཁོང་གི་མེ་ཏོག་ལྡུམ་རྭའི་རྣམ་པ་ཕྱོགས་སྣ་ཚོགས་ཀྱི་ངོས་ནས་བྲིས་པ་ཞིག་རེད། སྤྱི་ལོ་༡༩༠༡ལོར་ཨ་རིའི་ཉིག་ཡོར་ནས་ཆུ་སྐྱེས་ཀུ་མུད་སྐོར་ཞིག་འགྲེམས་སྟོན་བྱས་པས། རི་མོ་དེ་དག་དུས་ཡུན་ཐུང་ཐུང་ཞིག་གི་ནང་བྲིན་པར་གྱུར། སྤྱི་ལོ་༡༩༠༩ལོར་ཕེ་རེ་སི་ནས་འགྲེམས་སྟོན་གྱི་ཁ་བྱང་ལ‘‘ཆུ་སྐྱེས་ཀུ་མུད། འདྲ་མཚུངས་ཅན་གྱི་ཆུ་ཡི་ཡུལ་ལྗོངས’’(Les Nymphéas, séries de paysages d’eau)ཞེས་བཏགས་ཏེ་རི་མོ་བཞི་བཅུ་ལྷག་འགྲེམས་སྟོན་བྱས་ཤིང་། དེས་ཁོང་གི་སྙན་གྲགས་མུ་ནས་མུ་ལ་བསྲིངས།

དེང་སང་རི་མོ་དེ་དག་ནི་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིའི་ཨོ་ཝང་འཇུ་ཝས་འགྲེམས་སྟོན་ཁང(Musée de l’Orangerie)དང་། མ་མམ་ཊན་འགྲེམས་སྟོན་ཁང (Musée Marmottan ) ངྷོག་སེ་འགྲེམས་སྟོན་ཁང་(Musée D’orsay)སོགས་སུ་ཡོད།

༦ བུ་ནེས་ཟིའི་རི་མོ།

བུ་ནེས་ཟིའི་རི་མོ།

སྤྱི་ལོ་༡༩༠༩ལོར་ཁུ་ལོ་ཌུ མོ་ནེས་བཟའ་ཟླ་ཨ་ལེས་སི་ཁྲིད་དེ་ཨི་ཊ་ལིའི་གླིང་ཕྲན་བུ་ནེས་ཟིར་སྤྲོ་འཆམ་དུ་ཕྱིན་ཅིང་། ཁོང་གིས་ཡུལ་དེའི་མཐོང་སྣང་སྐོར་ཞིག་རི་མོའི་ལམ་ནས་མཚོན་པར་བྱས་ཡོད་པ་དཔེར་ན‘‘དྷོ་རྗིའི་ཕོ་བྲང’’(Palais des Doges)དང་། ‘‘ཆུ་རྐ་ཆེན་པོ’’(Le Grand Canal) ‘‘ཕི་ལ་ཛ དྷ མོལ་ལ’’(Palazzo da Mula) ‘‘ཟན་རྗོར་རྗི མ་རྗོར་གྱི་ས་སྲོད’’(Saint-Georges Majeur au crépuscule) ‘‘བུ་ནེས་ཟིའི་གོན་གྲི་ལ’’(Gondole à Venise)སོགས་ལྟ་བུའོ། །

གསུམ། ཚེ་མཇུག་གི་གནས་ཚུལ་མདོར་བསྡུས།

སྤྱི་ལོ་༡༩༠༩ལོར་ཁུ་ལོ་ཌུ མོ་ནེའི་བཟའ་ཟླ་ཨ་ལེས་སི་ལ་ནད་ཅིག་བྱུང་བས་ཚེ་ལས་འདས་པར་མ་ཟད། སྤྱི་ལོ་༡༩༡༢ལོར་ཁོང་གི་བུ་ཆེ་བའང་གྲོངས་པས། རེ་ཞིག་ཁོང་སྐྱོ་སྡུག་གིས་མནར་ཞིང་། མིག་གི་ན་ཚ་སྔར་ལས་ཇེ་སྡུག་ཏུ་གྱུར། སྐབས་དེར། རྗོར་རྗི ཁེ་ལེ་མང་སོས་ཁོང་ལ་སེམས་གསོ་དང་འབྲེལ་ཏེ་རི་མོ་རྒྱུན་འཁྱོངས་བྱེད་དགོས་སྐོར་ཨུ་ཚུགས་བྱས་པས། ཁུ་ལོ་ཌུ མོ་ནེས‘‘ཆུ་སྐྱེས་ཀུ་མུད’’ཀྱི་རི་མོ་འདྲ་མཚུངས་ཅན་དག་བསྟར་ཆགས་སུ་བསྒྲིགས། སྤྱི་ལོ་༡༩༢༢ལོར་ཁོང་གིས‘‘ཆུ་སྐྱེས་ཀུ་མུད’’ཁག་ལས་རི་མོ་གཅིག་གྲོགས་པོ་རྗོར་རྗི ཁེ་ལེ་མང་སོ་ལ་ལེགས་སྐྱེས་སུ་ཕུལ་ཞིང་། རི་མོ་བཅུ་དགུ་ཧྥ་རན་སིའི་རྒྱལ་ཁབ་ལ་ཕུལ།

ཉི་ཧོང་གི་ཟམ་པ།

ཁོང་གིས་ཚེ་མཇུག་ཏུ་རི་མོ་མང་པོ་བྲིས་མེད་པར་མངོན། དེ་ནི་ཁོང་གི་དགུང་ལོའི་བབ་དང་མིག་ནད་ལ་སོགས་ཀྱི་དབང་གིས་ཡིན་པ་སྨོས་མ་དགོས། སྤྱི་ལོ་༡༩༢༠ནས་༡༩༢༢ལོའི་བར་དུ་བྲིས་པའི་རི་མོ་ཞིག་སྟེ‘‘ཉི་ཧོང་གི་ཟམ་པ’’(Le pont japonais  )ཞེས་པ་དང་། སྤྱི་ལོ་༡༩༢༢ནས་སྤྱི་ལོ་༡༩༢༤ལོའི་བར་བྲིས་པའི་རི་མོ‘‘རྒྱ་སེ་མེ་ཏོག་གི་ལྡུམ་རྭ་ནས་མཐོང་བའི་སྒྱུ་རྩལ་པའི་ཁང་པ’’( La maison de l’artiste vue de la roseraie) ཞེས་པ་གཉིས་ནི་ཁོང་གི་ཆེས་མཐའ་མཇུག་གི་རི་མོ་གཉིས་ཡིན་ནོ། ། སྤྱི་ལོ་༡༩༢༢ལོར་ཁོང་གི་མིག་ལ་གཤག་བཅོས་བྱས་པའི་གནས་ཚུལ་ཞིག་མཐོང་བ་ལྟར་ན། གོང་གི་རི་མོ་གཉིས་ནི་ཁོང་གི་མིག་གཤག་བཅོས་མ་བྱས་སྔོན་ལ་འབྲི་འགོ་ཚུགས་ཤིང་། མིག་གཤག་བཅོས་བྱས་རྗེས་མཇུག་གྲུབ་པའི་རི་མོ་གཉིས་རེད་ཡིན་པ་རྟོགས་ནུས།

སྤྱི་ལོ་༡༩༢༥ལོར་ཁུ་ལོ་ཌུ མོ་ནེ་མཆིན་པའི་སྐྲན་ནད་ཀྱི་དབང་གིས་གྲོངས་ཤིང་། ཁོང་གི་པུར་སྒམ་རྗས་བེར་ཉུས་ཀྱི་ཡེ་ཤུའི་ལྷ་ཁང་གི་ལྡུམ་རྭའི་ནང་དུ་སྦས། དེ་རྗེས། ཁུ་ལོ་ཌུ མོ་ནེའི་ཁང་པ་ནི་བུ་ཆེ་བའི་བཟའ་ཟླས་བདག་པོ་བརྒྱབ་ཡོད་ནའང་། སྤྱི་ལོ་༡༩༤༧ལོར་བུད་མེད་དེ་ཚེ་ལས་འདས་པས། ཁུ་ལོ་ཌུ མོ་ནེའི་བུ་ཆུང་བ་ནི་ཤུལ་འཛིན་པར་གྱུར། འོན་ཀྱང་། སྤྱི་ལོ་༡༩༦༦ལོར་ཁོང་གི་ཚེ་ཡང་རྗོགས་པས། ཁོང་གིས་ཕ་རྒན་གྱི་ཁང་པ་ནི་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར་དགོས་ཚུལ་གྱི་ཁ་ཆེམས་ཡི་གེ་ཞིག་བྲིས་ཡོད་པར་བརྟེན་ནས། དེང་སང་ཁང་པ་དེ‘‘ཁུ་ལོ་ཌུ མོ་ནེའི་ཐེབས་རྩ་ཁང’’( La Fondation Claude Monet)གི་ངོ་བོར་བསྒྱུར་ཡོད། གཞན་ཡང་།  ཁུ་ལོ་ཌུ མོ་ནེའི་བུ་ཆུང་བས་ཁོང་མ་གྲོངས་པའི་སྔོན་ལ་ཕ་རྒན་གྱི་རི་མོ་སྐོར་ཞིག་ཕེ་རེ་སིའི་མག་མོ་ཊན་འགྲེམས་སྟོན་ཁང་ལ་ཞལ་འདེབས་སུ་ཕུལ་ཡོད་པས། ཕྱིས་སུ་ཁུ་ལོ་ཌུ མོ་ནེའི་རི་མོ་སྐོར་ཞིག་འགྲེམས་སྟོན་ཁང་དེར་ཐོབ་ཅིང་། དེང་སང་མག་མོ་ཊན་འགྲེམས་སྟོན་ཁང་དེ་ཁུ་ལོ་ཌུ མོ་ནེའི་འགྲེམས་སྟོན་ཁང( Musée Marmottan Monet)དུ་བསྒྱུར་ཡོད་དོ། །

བཞི། ཁུ་ལོ་ཌུ མོ་ནེའི་བརྩམས་ཆོས།

ཁུ་ལོ་ཌུ མོ་ནེའི་བརྩམས་ཆོས།

མཚམས་འདིར་ཐོན་སྐབས། ད་ནི་སེམས་ལ་དྲན་པ་ནི་ཁུ་ལོ་ཌུ མོ་ནེའི་བརྩམས་ཆོས་སྐོར་ཡིན་ལ། མཇུག་མཐར་ཁོང་གི་བརྩམས་ཆོས་ཀྱི་སྐོར་ལ་ཚིག་འགའ་ཞུས་ཏེ་རྩོམ་ཡིག་འདིའི་མཇུག་བསྡུ་རྒྱུ་ཡིན།

ཁུ་ལོ་ཌུ མོ་ནེའི་ལོ་རྒྱུས་ཡིག་ཚགས་ཕར་སློག་ཚར་སློག་བྱས་པ་ལྟར་ན། ཁོང་གིས་རི་མོ་མི་འདྲ་བ་ཉིས་སྟོང་ལྷག་བྲིས་ཡོད་པར་བཤད་ཅིང་། ཁོང་གི་རི་མོ་ཕལ་མོ་ཆེར་མིག་བཤེར་བྱས་ཚེ་རི་མོ་དེ་དག་ནི་ཁོང་གིས་རང་ཉིད་ཀྱི་མཐོང་སྣང་ཁོ་ནར་གཞིར་བཞག་སྟེ་བྲིས་པ་ཤེས་ཐུབ་ཅིང་། རི་མོ་དེ་དག་ལས་ཁོང་གང་དུ་ཕེབས་པའི་རྗེས་ཤུལ་དག་ཀྱང་གསལ་པོར་མངོན་འདུག རི་མོ་དེ་དག་ནི་གྲོང་གསེབ་ཀྱི་ཡུལ་ལྗོངས་དང་། མེ་ཏོག་སྣ་ཚོགས། ལམ་ཕྲན། མཚོ་ངོགས། རྒྱ་མཚོ། གཡོར་གྲུ། རྦ་རླབས། བཟའ་ཟླ། གྲོགས་པོ། བྱིས་པ། ཆུ་ཐག་འཁོར་ལོ། ཟམ་པ། སིལ་ཏོག མཚེའུ། མེ་འཁོར། ཞིང་ཁ། བྲག་རྡོ། ཤིང་སྡོང་། ལུང་གཤོང་། ལྡུམ་རྭ་སོགས་ཡིན་པ་རེད།

སྔར་ཁུ་ལོ་ཌུ མོ་ནེས་གསུངས་དོན། བདག་ལ་སྒྱུ་རྩལ་ལས་གྲྭ་ཟེར་བ་ཞིག་མེད། རི་མོ་སྒྱུ་རྩལ་པ་སྐོར་ཞིག་གིས་སྒྱུ་རྩལ་ལས་གྲྭ་རུ་འཛུལ་ཏེ་རི་མོ་འབྲི་བཞིན་འདུག་མོད། དེའི་རྒྱུ་མཚན་ནི་རྟོགས་མ་སོང་། བདག་གི་སྒྱུ་རྩལ་ལས་གྲྭ་ནི་ཕྱི་རོལ་ཡིན་ཟེར། དེས་ན། ཁོང་ཕྱི་རོལ་དུ་བསྡད་དེ་ཕྱི་རོལ་གྱི་འཇིག་རྟེན་འབྲི་དགོས་དོན་ཀྱང་ང་ཚོས་རྟོགས་ཐུབ་པ་ཞིག་རེད།

ཕྱོགས་གཞན་ཞིག་བཤད་ན། ཁོང་གི་རི་མོ་ཁག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་འོད་སྣང་རེད། རི་མོ་རེ་རེ་འབྲི་ཡུལ་མི་གཅིག་པར་མ་ཟད། དུས་ཚོད་ཀྱང་མི་གཅིག་སྟབས་རི་མོ་རེ་རེའི་འོད་སྣང་ཀྱང་གཅིག་མཚུངས་ཤིག་མ་ཡིན། ཁོང་གིས་བྲིས་པའི་རི་མོ་རེ་རེའི་འོད་སྣང་ནི་རང་བྱུང་གི་འོད་སྣང་དང་ཐག་ཉེ་བར་ཡོད་ཅེས་སྨྲ། འོན་ཀྱང་། སྔར‘‘འབུར་བརྐོས་དང་རི་མོའི་ཁང་པ’’ཞེས་པའི་སྒྱུ་རྩལ་ལྷན་ཚོགས་དང་། རི་མོ་དཔྱད་བརྗོད་པ་སྐོར་ཞིག་གིས་ཁོང་གི་རི་མོ་ལས་མངོན་པའི་འོད་སྣང་ལ་ངོས་འཛིན་ཡག་པོ་བྱས་མེད་ནའང་། དེང་སང་ཁུ་ལོ་ཌུ མོ་ནེ་ནི་མཐོང་སྣང་རིང་ལུགས་པའི་ཡབ་ཆེན་གཅིག་ཏུ་ངོས་འཛིན་བྱེད་ཅིང་། པིར་སྨྱུག་གི་རྗེས་ཤུལ་མངོན་པའི་རི་མོ་ཕལ་མོ་ཆེ་ནི་མཐོང་སྣང་རིང་ལུགས་ཀྱི་ཚབ་མཚོན་རི་མོར་ངོས་འཛིན་བྱེད་དོ། །

(གསལ་བཤད། རྩོམ་སྒྲིག་པ་དང་རྩོམ་པ་པོའི་ཆོག་མཆན་མེད་པར་རྩོམ་ཡིག་འདི་འཕྲིན་སྟེགས་དང་དྲྭ་རྒྱ་གཞན་དུ་མི་སྤེལ་བའི་རེ་བ་ཡོད།)