དེ་ལྟ་མོད། གར་སྟེགས་འདིའི་སྟེང་དུ་བྲོ་འཁྲབ་དགོས་པའི་འཁོར་བ་བ་རང་ཅག་ལ་མཚོན་ན། དོན་དུ་སྨིག་རྒྱུ་དང་རྨི་ལམ་བཞིན་མཐོང་ཡང་དེ་ལྟར་སྡོད་ཐབས་དང་བྲལ་བས།  རྐང་ལག་རེངས་པར་གྱུར་ཀྱང་ཟློས་གར་བའི་ལད་མོ་བྱེད་དགོས།

དུས་ཚོད་ནི་རླུང་དང་འདྲ་ཞིང་། རླུང་བུ་ནི་ཡུད་ཙམ་གྱིས་ཤོར་འགྲོ  གུས་པོར་མཚོན་ན་འཕྲལ་གྱི་འཁྲུལ་རྒྱུས་བསླུས་པའི་བྱིས་པ་དང་མཚུངས་ཤིང་། དེང་གི་བྱིས་པ་ལས་ཀྱང་བསམ་མི་ཤེས་པའི་ཚོད་དུ་ལུས། འཚོ་བ་ནི་བཅའ་བཅོས་མེད་པའི་རང་བྱུང་ཁམས་ཆེན་མོ་དང་མི་འདྲ་བར། བཙན་ཕྱུག་དབུལ་གསུམ་གྱིས་གང་སར་འཁྲིད་པའི་ལོང་བ་ཞིག་དང་འདྲ། སྟབས་བསྟུན་གྱི་གོམ་པ་འདོར་ཤེས་མ་བྱས་པ་ཡིན་ན་གཤོང་དུ་འདྲེད་ཅིང་། དྲན་དང་ཤེས་བཞིན་གྱིས་སོ་ཉུལ་མ་བྱས་པ་ཡིན་ན་རྩབ་ཧྲལ་དུ་གཏོང་ངེས། 

    དེའི་ཕྱིར༢༠༡༩ལོའང་གར་སྟེགས་ཤིག་ཏུ་ངོས་བཟུང་བ་ཡིན་ན། དོན་ལ་འཁྲུལ་བ་མེད་ཅིང་། སོ་སོའི་ངོར་བལྟས་ན་ཡང་འགལ་བ་ཆེར་མེད། ཟླ་བ་བཅུ་གཉིས་ནི་སྤོ་ལོ་ཞིག་དང་མཚུངས་ཤིང་། རྩེད་མོའི་ཁྲོད་འདས་ཏེ་མཇུག་མཐའི་ཉི་མ་འདིར་སླེབས་སྐབས། གུས་པོ་རང་གི་རྩིས་གཞི་གང་ལའང་ཡིད་མི་མགུ་ཞིང་། ཡིད་མགུ་བའི་ཆེད་དུ་རྩོལ་བ་ཡང་མ་བསྐྱེད་དོ།། 

    འོན་ཀྱང་རང་ལ་བསོད་ནམས་ཆེ་བར་ངོམ་དུ་རི་བ་ནི་ཕ་མ་གཉིས་ཀ་སྐུ་གཟུགས་བདེ་ཐང་ཡིན་ཞིང་། ཁྱད་པར་དུ་ཕ་དམ་པས་རྗེ་བློ་བཟང་གྲགས་པའི་བཞུགས་གནས་བྱིན་ཅན༼འོལ་ཁ་ཆོས་ལུང༽ནས་ཟླ་ངོ་གཉིས་ཀྱི་རིང་དགེ་སྒྲུབ་མཛད་པ་སོགས་རྣམ་དཀར་ཆོས་ལྡན་གྱི་བགྱི་བ་ཟམ་མི་ཆད་དུ་གནངས་དང་གནང་མུས་ཡིན་པ་ནི་སེམས་ཀྱི་ཟས་མཆོག་ཅིག་ཏུ་བཟུང་ཡོད་དོ།།

       ལོ་ཚོད་དང་བསྟུན་ནས་འགྱུར་བ་ཅུང་ཟད་ཐོན་པ་ནི། གཞན་ལ་ཁ་འཐབ་བྱེད་པ་སྔར་ལས་ཉུང་ཞིང་། ཀུན་ལ་གཞི་མེད་སྐུར་འདེབས་བྱེད་པའང་ཉུང་ངུར་སྣང༼མི་གཞན་དང་ཁ་བསྡོངས་ནས་ངན་བཤད་པ་ཡོད་ཀྱང་། མ་དགའ་བ་ཙམ་གྱིས་ངན་བཤད་པ་མེད་པའི་ཚུལ་ནི་སྔོན་དང་བསྡུར་ན་ཡར་རྒྱས་ཤིག་ཏུ་བསམས་ཡོད།༽

    ༢༠༠༠ལོ་ནས་བཟུང་སུམ་རྟགས་དག་གསུམ་གྱི་སྔོན་འགྲོ་ཙམ་རེ་གཞན་ལ་བཤད་པའི་ཁུར་བླངས་པ་ཡིན་མོད། ལོ་རེ་བཞིན་དེ་ཙམ་པོ་ཡང་བཤད་པ་ལ་འཚེར་སྣང་ཆེ་ནས་ཆེ་རུ་འགྲོ་བཞིན་འདུག གལ་ཏེ་གཞན་ལ་ལོག་བཤད་བྱེད་པ་དང་། རང་གི་བསམ་ཚུལ་ཙམ་པས་གཞན་རྒྱུད་ཆུད་ཟོས་སུ་བཏང་བ་ཡིན་ན་དེ་ལས་ལྷག་པའི་ཉེས་པ་ཞིག་གང་ན་ཡོད།

   ད་རུང་འདོར་མི་ཐུབ་པའི་བྱིས་བློ་འགའ་ཞིག་ཡོད་པ་ནི། སྙན་ངག་འབྲི་ཀློག་ལ་དགའ་བ་དང་། གཏམ་གསར་བ་ལ་དགའ་བ། དཔེ་ཆ་ཉོ་བར་དགའ་བ། རང་གི་དགའ་ཕྱོགས་དང་མཐུན་པའི་གྲོགས་དང་ངོ་ཤེས་ལ་ཇ་ཁང་སོགས་ནས་ཐུག་རྒྱུར་དགའ་བ་བཅས་སོགས་སོ།།

     མུ་མཐུད་དུ་རྒྱུན་འཛིན་འདོད་པ་ནི། གྲོགས་པོ་དག་གིས་དཔེ་དེབ་བརྩམས་པ་དང་། རྩོམ་ཡིག་འབྲི་བ་སོགས་ཀྱིས་མཚོན་པའི་བགྱི་བ་བཟང་པོ་རེ་འགྲུབ་པ་ཡིན་ན། ཁ་མིན་དོན་གྱིས་དགའ་བ་དང་རྒྱབ་སྐྱོར་བྱ་རྒྱུར་འབད་པར་འདོད་པ་དང་། དཔེ་ཀློག་ཙམ་པོ་དང་། རྩོམ་འབྲི་ཙམ་པོ་ཚེ་མཐའ་ལ་ཐུག་ཀྱང་མི་བསྐྱུར་བར་འདོད་པ། སྒེར་གཞུང་གང་གི་ཚོགས་འདུ་ངོ་བོ་དཀར་ནག་ཅི་ཡིན་རུང་། རང་གི་དགའ་ཕྱོགས་དང་འབྲེལ་བ་གཏན་ནས་མེད་ཚེ་ཞུགས་མི་འདོད་པའི་འདོད་པ་དེ་རྒྱུན་བསྲིང་བར་འབད་འདོད།

      སྨོན་པའི་ཡིད་དུ་གྱུར་བ་ནི། རིང་ནས་ཡིད་ལ་བརྣགས་པའི་འདོད་པའི་དོན་འགྲུབ་ཅིང་། དྲིན་ཆེན་དགེ་རྒན་རྣམས་དང་ཕ་མ་མིང་སྲིང་གྲོགས་པོ་དག་གི་སྐུ་ཚེ་བརྟན་པ། ལུགས་གཉིས་ཀྱི་བྱ་བ་ཕྲ་རགས་འགྲུབ་པ། གུས་པོ་རང་གིས་དགྲ་གཉེན་བར་མའི་འགྲོ་བ་དག་ལ་ཁས་བཤད་པ་ཙམ་མ་ཡིན་པར་བསམ་པ་དྲང་མོ་རེ་འཛིན་ཐུབ་པ་དང་། རྒྱུ་ཅན་དང་དཔོན་ལས་ཐོབ་ཅན་ལ་སྲེད་པ་མི་སྐྱེ་བར་ཤོག་ཅིག་གུ།

ཟུར་ཞུ།༼རྡུལ་འཛིན་པའི་མེ་ཏོག༽༼རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྙན་ངག་གི་ཟིན་ཐོ༽དེབ་གཉིས་དང་།༼སྐྱོ་སྐྱོ༽དེབ་ཏུ་ལོངས་ལ་ཉེ་བ་ཞིག་བྲིས་ཟིན།