ཡོངས་སུ་གྲགས་པའི་མཚན། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། / མཚན་གཞན། དགེ་བཤེས་སྟོན་པ། དགེ་བསྙེན་ཆོས་འཕེལ། ཨུ་པ་སི་ཀ / རྒྱ་ཡིག་གི་མཚན། 仲敦巴尊者 / འཁྲུངས་ལོ། རབ་བྱུང་དང་པོའི་གོང་གི་ལོ་སྐོར་མཐའ་མའི་ཤིང་འབྲུག(ཕྱི་ལོ1004) / འདས་ལོ། རབ་བྱུང་དང་པོའི་ཤིང་འབྲུག(ཕྱི་ལོ1064) / འཁྲུངས་ཡུལ། བྱང་གི་གཉན་ཆེན་ཐང་ལྷའི་འོག་རྩ་སྒྱེ་མོ། (དིང་སང་འདམ་གཞུང་རྫོང་ཁོངས་སུ་གཏོགས།) / གདུང་ངམ་རུས། ཡག་གཞེར། / ཡབ། རྟ་གསུམ་སྐུ་གཤེན། / ཡུམ། ཁུ་འོད་བཟའ་ལན་གཅིག་མ། / གྲུབ་མཐའ། བཀའ་གདམས་པ། / རྟེན། དགེ་བསྙེན། / བསྟེན་པའི་བླ་མ། གཡུང་ཆོས་མགོན། རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག ཇོ་བོ་སེ་བཙུན། ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཀིརྟི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ / གདན་ས། རྭ་སྒྲེང་དགོན་དགེ་འཕེལ་གླིང་།(དིང་སང་ལྷུན་འགྲུབ་རྫོང་ཁོངས་སུ་གཏོགས།) / སློབ་མ། པོ་ཏོ་བ་རིན་ཆེན་གསལ། སྤྱན་སྔ་བ་ཚུལ་ཁྲིམས་འབར། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་སོགས། / བརྩམས་ཆོས། 《མི་ཆོས་གནད་ཀྱི་ཕྲེང་བ》སོགས། / མཛད་རྗེས། རྭ་སྒྲེང་དགོན་པ་ཕྱག་འདེབས་མཛད་པ། བཀའ་གདམས་བསྟན་པའི་སྲོལ་ཕྱེས་པ་སོགས།

དེ་ཡང་མཁས་གྲུབ་བྱེ་བའི་གཙུག་རྒྱན། སྒྲ་སྒྱུར་སྟོང་གི་ཡ་གྱལ། བཀའ་གདམས་བསྟན་པའི་ནོར་བུ། དགེ་བཤེས་སྟོན་པ་ཆེན་པོ་ཁོང་གི་སྐུ་ཚེའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆུ་ཟིལ་ཐིགས་གཅིག་ལྟ་བུའི་ཆ་ཤས་ཕྲ་མོའི་རྩི་བཤུས་ཏེ་བྲི་བར་བྱ་ན་འདི་ལྟ་སྟེ། ཇི་སྐད་དུ“གངས་རིའི་ཕྲེང་བས་ཡོངས་བསྐོར་ས་ཡི་གཞི། །ལྷ་ཆེན་ཟུར་ཕུད་ལྔ་པས་བསྟེན་པའི་འདབས། །རྗེའུའི་རིགས་ལས་འབྲོམ་ཞེས་རབ་གྲགས་པར། །གཙོ་བོའི་རིགས་སུ་འཁྲུངས་ལ་ཕྱག་འཚལ་ལོ། །”ཞེས་གསུངས་པ་ལྟར། རབ་བྱུང་དང་པོའི་གོང་གི་ལོ་སྐོར་ཐ་མའི་ཤིང་ཕོ་འབྲུག་སྟེ་ཕྱི་ལོ༡༠༠༤ལོར་ཡབ་རྟ་གསུམ་སྐུ་གཤེན་ཡག་གཞེར་འཕེན་དང་། ཡུམ་ཁུ་འོད་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་དབུ་རུ་བྱང་ཕྱོགས་ཀྱི་སྟོད་ལུང་ཕུའི་གཉན་ཆེན་ཐང་ལྷའི་འོག་རྩ་སྒྱེ་མོར(དིང་སང་འདམ་གཞུང་རྫོང་ཁོངས་སུ་གཏོགས། འཁྲུངས་ཤུལ་དུ་མཆོད་རྟེན་དཀར་པོ་ཁ་བྱང་ཤར་ཕྱོགས་སུ་འཁོར་བ་ཞིག་བཞེངས་ཡོད་པར་ཐོས།) སྐུ་འཁྲུངས།

བཅོམ་ལྡན་འདས་ཀྱིས《སྙིང་རྗེ་པད་དཀར》དུ། “བྱང་ཕྱོགས་སུ་བསྟན་པ་ལ་དད་པ་ལྟར་སྐྱེ་ཞིང་། རབ་བྱུང་ཆོས་བཞིན་མི་སྤྱོད་པ་ལོག་པར་ལྷུང་། དེར་དགེ་བསྙེན་ཆོས་འཕེལ་ཞེས་པ་རྫུ་འཕྲུལ་དང་ལྡན་པ་འབྱུང་།” ཞེས་དང་། 《མདོ་ཕལ་པོ་ཆེ》རུ། “བྱང་ཕྱོགས་སུ་དགེ་བསྙེན་ཆོས་འཕེལ་བྱ་བ་འབྱུང”ཞེས་ལུང་བསྟན་པ་དེ་བཞིན་ཁོང་གི་བྱིས་དུས་ཀྱི་མཚན་ལ་ཆོས་འཕེལ་ཞེས་བཏགས་སོ། །

ཁོང་སྐུ་ཆུང་ངུའི་དུས་ནས་མ་ཡུམ་གཤེགས་པས། མ་ཡར་གྱིས་ཁོང་ཉིད་སྡང་པོ་བྱས་རྐྱེན། ཁམས་སུ་ཞང་བོའི་སར་བྲོས་བྱོལ་བྱས། དེ་རུ་ལོ་ངོ་བཅུ་གསུམ་གྱི་རིང་ལ་དུས་བཞི་དབྱེར་མེད་དུ་ངལ་ལས་ཅི་རིགས་བྱས་ནས་དུས་འདའ་བར་མཛད་པ་དང་། དེ་རྗེས་ལོ་ངོ་བཞིའི་རིང་ལ་དགེ་བཤེས་གཡུང་ཆོས་མགོན་གྱི་མདུན་དུ་བཅར་ཏེ་ཡེ་གེ་སྦྱོར་ཀློག་ལ་བསླབས་ཤིང་བྱང་བར་གྱུར།

ཁོང་གི་རྣམ་ཐར་དག་ཏུ་ཁམས་སུ་ལོ་ངོ་བཅུ་གསུམ་གྱི་རིང་ལ་ངལ་ལས་མཛད་ཅིང་། ལོ་ངོ་བཞིའི་རིང་ལ་སྦྱོར་ཀློག་བསླབས། དེ་ནས་དགུང་གྲངས་བཅུ་བདུན་པ་བཞེས་ཚེ་ནས་ཁམས་ཀྱི་བླ་མ་སེ་བཙུན་བསྟེན་རབས་གསལ་མོད། དེ་ནི་དོགས་པ་ཅན་ཞིག་སྟེ། ཁོང་ཉིད་ཁམས་སུ་བྲོས་རྐྱེན་རང་གི་མ་ཡར་དང་མ་འཆམས་པས་ཡིན་ལ། གོང་གི་ལོ་ཚིགས་ལྟར་ན་ཁོང་ཉིད་དགུང་གྲངས་གཅིག་ལ་མ་སོན་པ་ནས་མ་ཡར་དང་མ་འཆམས་པ་དགོས་ཤིང་། དགུང་གྲངས་གཅིག་ལ་མ་སོན་པ་ནས་ཁམས་ཀྱི་ཚོང་པ་དག་དང་འགྲོགས་ཏེ་བྲོས་བྱོལ་དུ་གྱུར་དགོས་པས། དེ་ལྟའི་སྐུ་ན་མ་སོན་གོང་ནས་མ་ཡར་དང་མ་འཆམས་ཤིང་ཁམས་སུ་བྲོས་པའི་ནུས་ཤུགས་ཡོད་སྲིད་དམ་སྙམ། དྲན་དབང་དགེ་ཆོས་ལགས་ཀྱིས“སྤྲུལ་པའི་སེམས་དཔར་སྙིང་ནས་ཡིད་ཆེས་པ་དག་ལ་ནི། སངས་རྒྱས་ཕར་ཟད། ས་ཐོབ་འཕགས་པ་གཅིག་གིས་ཀྱང་། དུས་གཅིག་ལ་མཛད་པ་མི་འདྲ་བ་གསུམ་དུ་མ་ཟད། མི་འདྲ་བ་བརྒྱ་ཕྲག་སྟོན་པ་ལ་ཡང་། འགལ་བ་ཅུང་ཟད་ཀྱང་འོངས་པའི་དོན་མེད”ཅེས་གསུངས་པ་ལྟར། འབྲོམ་གྱིས་ཀྱང་སྐུ་ན་མ་སོན་གོང་ནས་སྤྲུལ་བའི་མཛད་པ་བསྟན་ནི་ཡིན་ན་ཅི་ཆ་སྟེ། འཇིག་རྟེན་མི་ལུགས་ལྟར་ན་དགུང་གྲངས་གཅིག་ལ་མ་སོན་ཙམ་ནས་མ་ཡར་དང་མ་འཆམས་ཤིང་ཁམས་སུ་བྲོས་པའི་ནུས་ཤུགས་མེད་སྙམ་མོ། །

ད་རྣམ་ཐར་གྱི་དཀྱུས་སུ་བབས་ན། དེ་ནས་དགུང་གྲངས་བཅུ་བདུན་པ་བཞེས་ཙ་ན་ཕྱི་ལོ༡༠༢༠ཙམ་དུ་ཁམས་ཀྱི་བླ་མ་ཇོ་བོ་སེ་བཙུན་གཞོན་ནུ་གྲུམ་གྱི་མཁན་བུ་ཆེན་པོ་བལ་ཡུལ་སོགས་སུ་ཕེབས་ནས་ཕྱིར་བྱོན་པ་དང་གདན་འཛོམས་བྱུང་སྟེ། ཇོ་བོ་སེ་བཙུན་ལ་ཤིན་ཏུ་དད་པར་གྱུར་ཏེ་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གདམས་པ་སོགས་གསན་ཅིང་། ཁོང་ཉིད་ཇོ་བོ་སེ་བཙུན་དང་མཉམ་དུ་རྒྱ་གར་སོགས་སུ་ཕེབས་འདོད་སྐྱེས་ཏེ། ཇོ་བོ་སེ་བཙུན་ལ་ཕྱག་ཕྱིར་འཁྲིད་པར་ཞུས་མོད་ཀྱང་། ཇོ་བོས“སང་ཕོད་ཚོང་པ་དང་འགྲོགས་ལ་ཤོག ད་རེས་ཁྲིད་ན་བྱིས་པ་བརྐུས་ནས་ཁྲིད་ཟེར་དུ་འོང”ཞེས་གསུངས་ནས་མ་ཁྲིད། དེ་ཙམ་ཞིག་ནས་ཀླུ་མེས་ཀྱི་སློབ་བུ་རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཤིང་མཚན་ལ་རྒྱལ་བའི་འབྱུང་གནས་ཞེས་གསོལ།

དགུང་གྲངས་བཅུ་དགུ་པ་བཞེས་པ་ཕྱི་ལོ༡༠༢༢ཙམ་དུ་ཁམས་འདན་མའི་ཡུལ་དུ་ཚོང་པའི་ཚོགས་དང་འགྲོགས་ཏེ་བྱོན་ནས་ཇོ་བོ་སེ་བཙུན་གྱི་མདུན་སར་བཅར་ཏེ་ཉིན་མོར་བླ་མའི་ནང་གཡོག་བྱེད་བཞིན་རྟ་ཕྱུགས་གསོ་བ། ཀོ་བ་མཉེད་པ། འོ་མ་དཀྲོག་པ། ཕྱེ་རྩམ་འཐག་པ་སོགས་ཀྱི་ལས་ལ་རྩོལ་བས་ཁོང་གི་ཕྱག་མཐིལ་གླང་རྒན་གྱི་མཇིང་པ་ལྟར་སྐྲང་། མཚན་མོར་ཞིང་ཁར་མེལ་ཚེ་སོགས་མཛད་པའི་ཞར་དུ་དཔེ་ཆ་འཐག་ཁྲིའི་སྟེང་དུ་བཞག་སྟེ་བརྩོན་པ་ཆེན་པོའི་རྒྱུན་བསྐྱངས་ནས་བླ་མར་ཞབས་ཞུ་དང་རང་ཉིད་ཀྱི་སློབ་གཉེར་འཐུས་ཤོར་མེད་པ་བྱས། ཁོང་གིས་ཇོ་བོ་སེ་བཙུན་གྱི་སྐུའི་སྤྱོད་པ་གང་ལ་ཡང་མ་དད་པ་སྐད་ཅིག་ཙམ་ལའང་མ་སྐྱེས་ཤིང་། བཤེས་གཉེན་བསྟེན་པའི་ཚུལ་ལ་བསྔགས་འོས་པ་ཞིག་མཛད་པས། ཇོ་བོ་སེ་བཙུན་གྱིས“འབྲོམ་རིན་པོ་ཆེ་འདི་བྱང་ཆུང་སེམས་དཔའ་རྟག་ཏུ་ངུས་བཤེས་གཉེན་བསྟེན་ཚུལ་དང་ལུས་ཀྱི་རྐང་བཏང་མ་བཏང་གི་ཁྱད་ལས་མེད་པ་ཞིག་བྱུང”ཞེས་ཡང་ཡང་གསུངས། སྐབས་དེར་ཁོང་གིས་བླ་མའི་ཞབས་གཡོག་སོགས་མཛད་པའི་ཞར་དུ་ཇོ་བོ་སེ་བཙུན་གྱི་མདུན་ནས་མདོ་སྔགས་རྒྱ་མཚོ་ལྟ་བུའི་གཞུང་ལ་བསླབས་ཤིང་། ཁྱད་པར་དུ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་སྐོར་དང་། ཐོགས་མེད་སྐུ་མཆེད་ཀྱི་གཞུང་སྤྱོད་ཕྱོགས་རྣམས་ལ་བྱང་ཆུབ་པར་བསླབས་པ་དང་། ད་དུང་སྔགས་རྙིང་མ་སོགས་ལ་སྦྱངས་པ་ཕུལ་ཕྱིན་པ་མཛད་དེ། ཆོས་གྲྭར་དགེ་འདུན་པ་བྱིངས་དང་ཆོས་ཀྱི་བགྲོ་གླེང་བྱས་ཀྱང་ལན་འདེབས་ཐུབ་པའི་སྤོབས་པ་ཅན་སུ་ཡང་མ་བྱུང་སྟེ། དེ་གའི་དགེ་འདུན་རྣམས་ཀྱིས“མཁས་པ་ཆེན་པོ་འདི་ལྟ་བུ་རྟ་བོང་གི་རྫི་བོ་དང་། ཡོས་འཐག་པ་སོགས་ངན་ལས་ལ་བཀོལ་དུ་ཕངས་པས། ད་ཕྱིན་ངན་ལས་བགྱི་མི་དགོས་པར་ཆོས་གྲྭར་ཕེབས་ཆོག་པ་དགོས”ཞེས་ཇོ་བོ་སེ་བཙུན་ལ་ཞུས་ཏེ་གནང་། དེའི་ཚེ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་རྔོག་ལེགས་པའི་ཤེས་རབ་གཉིས་ཀྱང་ཆོས་གྲྭ་དེར་བཞུགས་པས“ཁུ་རྔོག་འབྲོམ་གསུམ”ཞེས་མཁས་པའི་མཚན་སྙན་གནམ་ས་ལྡིར་བ་ལྟ་བུ་ཞིག་བྱུང་།

དེ་རྗེས་རྒྱ་གར་གྱི་པཎྜི་ཏ་སྒྲའི་ཚེར་མ་ཞེས་བྱ་བའམ་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཀིརྟི་ཁམས་སུ་བྱོན་པ་དང་འཕྲད་དེ། དེ་ལས་སྒྲ་རིག་པ་དང་། སཾསྐྲྀ་ཏའི་སྐད་སོགས་ལ་ལེགས་པར་བསླབས་ཤིང་མཐིལ་ཕྱིན་པ་མཁྱེན། ཁོང་གི་ཐུགས་དགོངས་ལ་དལ་འབྱོར་མི་ལུས་ལན་གཅིག་ཐོབ་པ་འདིར་ཆོས་རྣལ་མ་ཞིག་བཅའ་དགོས་ན་ཆོས་འདི་ཙམ་གྱིས་ཆོག་གམ་མི་ཆོག རྒྱ་གར་གྱི་པཎ་གྲུབ་ཅིག་ལ་གཏུག་དགོས་སྙམ་སྟེ། ཇོ་བོ་སྨྲྀ་ཏི་ལ“རྒྱ་གར་ན་ད་ལྟ་པཎྜི་ཏ་ཆེ་བ་ཇི་སྐད་བྱ་བ་ཡོད”དྲིས་པས། ཇོ་བོས“ཆེ་བགྲེས་ནཱ་རོ་པ་དང་ཤཱནྟི་པ་བྱ་བ་ཡོད། ད་ལྟ་པཎྜི་ཏ་དཱི་པཾ་ཀ་ར་བྱ་བ་རྒྱལ་རིགས་སུ་འཁྲུངས་པ་ཞིག་ཡོད་དེ། དེ་རང་ཆེ་བར་འོང”ཞེས་གསུངས་པས། ཁོང་གིས་དེའི་མཚན་ཐོས་མ་ཐག་ཏུ་སྔོན་གྱི་བག་ཆགས་སད་པ་ལྟར་དད་པ་རབ་ཏུ་སྐྱེས་ཏེ་པཎྜི་ཏ་དེ་དང་ངེས་པར་མཇལ་དགོས་སྙམ་པ་བྱུང་། མདོར་ན་ཁམས་སུ་ཇོ་བོ་སེ་བཙུན་དང་ཇོ་བོ་སྨྲྀ་ཏི་སོགས་ཀྱི་མདུན་སར་བཅར་ཏེ་ལོ་ངོ་ཉི་ཤུ་ཙམ་ལ་བཞུགས་རིང་མདོ་སྔགས་རིག་གནས་དང་བཅས་པར་བསླབ་པ་དཔྱིས་ཕྱིན་པར་མཛད་པས་དགེ་བསྙེན་ཆོས་འཕེལ་ཞེས་མཁས་པའི་སྙན་པ་རྒྱས།

དགུང་གྲངས་སོ་བརྒྱད་པ་བཞེས་ཐོག་ཕྱི་ལོ༡༠༤༢ཙམ་དུ་ཁོང་གིས་མངའ་རིས་སུ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཕེབས་པ་གསན་ཅིང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཚན་ཐོས་པ་ཙམ་གྱིས་ཁོང་གི་ཐུགས་རང་དབང་མེད་པར་གཡོས་ཏེ་དད་གུས་བསམ་གྱིས་མི་ཁྱབ་པ་འཁྲུངས། དེ་མ་ཐག་ཏུ་མངའ་རིས་སུ་ཕེབས་འདུན་སྐྱེས་ནས་བླ་མ་སེ་བཙུན་ལ་མངའ་རིས་སུ་འགྲོ་བར་གནང་བ་ཞུས། བླ་མས་ཀྱང་ཐུགས་དགྱེས་ཞལ་སྤྲོས་ངང་སྐྱེལ་མ་མཛད། དེ་རྗེས་ཁམས་ནས་སྟོད་མངའ་རིས་སུ་ཞབས་ཐང་གིས་ཕེབས། ལམ་དུ་སོག་ཆུ་ཁ་ཞེས་པའི་ས་ཆ་དེར་འཕྲང་ཁ་བེར་ཆུང་གིས་དམག་རྒྱག་པ་དང་འཕྲད་དེ། ཁོ་དང་ཆོས་ཀྱི་གཏམ་གླེང་མང་པོ་མཛད་པས། འཕྲང་ཁ་བེར་ཆུང་གིས“ཁམས་མ་གི་ན་འབྲོམ་སྟོན་པ་ཟེར་བའི་དགེ་བསྙེན་ཆོས་མཁན་ཞིག་ཡོད་ཟེར། དེ་ཁྱོད་ཡིན་ནམ”ཞེས་དྲིས། ཁོང་གིས“ཡིན་པའང་སྲིད”གསུངས་པས། འཕྲང་ཁ་བེར་ཆུང་འབྲོམ་ལ་དད་དེ་འབུལ་བ་དང་བཅས་ཁོང་ངའི་མཆོད་གནས་སུ་བཞུགས་དགོས་ཞེས་ཞུས་ཀྱང་གནས་སྐབས་སུ་ཞལ་བཞེས་མ་གནང་། ཡིན་ཡང་ཁོང་གི་ཞལ་ནས། “ཕོད་མདོའི་མཁར་འདི་བཤིགས་ལ་གཙུག་ལག་ཁང་ཞིག་བཞེངས། ཤ་ཟན་དང་རྩམ་ཟན་གྱི་འཁྲུག་པ་ནི་བསྡུམས། ངའི་ཕྱི་ནས་ཡར་ལ་རྔོག་ལེགས་པའི་ཤེས་རབ་བྱ་བ་འོང་གི་དེ་ལ་ཆོས་ཚུགས། དེ་མ་བྱུང་ན་གཡོན་རུ་ན་ཁུ་སྟོན་བློ་རྣོན་པོ་བྱ་བ་ཡོད། དེ་སྤྱན་དྲངས་ལ་ཆོས་ཚུགས”ཞེས་རྩིགས་གསུམ་གྱི་བཀའ་ཕབ་པས། འཕྲང་ཁ་བེར་ཆུང་གིས་རྩིགས་གསུམ་པོ་ཁས་བླངས། དེ་ནས་འཕྲང་ཁ་བེར་ཆུང་གིས་ཆིབས་རྟ་སོགས་ཀྱི་མཐུན་རྐྱེན་སྦྱར་ཏེ་ཁོང་ཉིད་སྟོད་མངའ་རིས་ཁ་གཏད་དེ་ལམ་དུ་ཞུགས། ཁོང་འབྱོན་བར་དུ་ལམ་ནོར་ཤོར་བ་ལ། ཤ་ཡུ་མོ་ཞིག་གི་རྗེས་དེད་ནས་བྱོན་པས་ལམ་རྙེད་པ་བྱུང་། ཤ་ཡུ་མོ་དེ་ཇོ་མོ་སྒྲོལ་མའི་སྤྲུལ་བ་ཡིན་པར་གྲགས།

སྐབས་དེར་ཇོ་བོ་རྗེ་ཨ་ཏི་ཤ་པུ་ཧྲེངས་རྒྱ་ཞིང་ཟེར་བའི་སར་བཞུགས་ཤིང་། ཕྱིར་རྒྱ་གར་དུ་ཉིན་གཉིས་གསུམ་ཙམ་ནས་ལོག་འདང་ཡིན་མོད་དང་འཕགས་མ་སྒྲོལ་མས“ད་ནི་ཞག་གསུམ་དྲོས་དང་བཞིའི་ཉིན་པར་བོད་ཀྱི་ཨུ་པ་སི་ཀ(ཨུ་པ་སི་ཀ་ནི་དགེ་བསྙེན་གྱི་དོན།)འབྱོན་པས་དེ་ལ་བྱིན་གྱིས་རློབས་ཤིག”ཅེས་པའི་ལུང་བསྟན་བྱུང་བ་དང་། ཇོ་བོ་རང་ཉིད་ཀྱིས་ཀྱང་དེ་བཞིན་དུ་དགོངས་ཏེ། “ད་ཞག་གསུམ་དྲོས་དང་བཞི་ན་ཁོ་བོའི་སྐྱེ་བ་སྔ་མའི་སློབ་མ་ཨུ་པ་སི་ཀ་ཆེན་པོ་ཞྭ་སྤྱི་རིང་རྒྱང་ངེ་བ་གསོལ་བ་ཞིག་འོང་བར་འདུག”གསུངས་ནས་རེ་བས་སྒུག དེ་ནས་ཞག་གསུམ་དྲོས་བཅས་འདས་ཀྱང་ད་དུང་མ་བྱོན་པས། ཇོ་བོ་རྗེས་ཏཱ་རེ་སྒྲོལ་མས་རྫུན་ནི་གསུང་བ་སྲིད་དམ་སྙམ་ནས་པུ་ཧྲེངས་ཀྱི་གྲོང་གསེབ་ཅིག་ཏུ་ཆོས་སྟོན་ལ་བྱོན། ཇོ་བོ་བྱོན་ཤུལ་དུ་ཁོང་ཉིད་སླེབས། ཇོ་བོ་མི་བཞུགས་པ་ཚོར་ནས་ཁོང་གིས“ང་ཐེག་པ་ཆེན་པོའི་བླ་མ་དང་མཇལ་བ་སྐད་ཅིག་སྔ་མ་དང་ཕྱི་མ་གཉིས་ཀྱང་སྔ་མ་འདེམས་པ་ཡིན”གསུངས་ནས་གྲོང་གསེབ་ཏུ་ཇོ་བོ་འཚོལ་དུ་ཕེབས་ཤིང་ཇོ་བོ་དང་སྲང་བར་ཞིག་ཏུ་མཇལ་བའི་སྐལ་བ་ལྡན། ཁོང་གཉིས་མཇལ་མ་ཐག་ཚེ་རབས་སྔོན་གྱི་ཕ་བུ་འཕྲད་པ་བཞིན་སྤྱན་ཆབ་ཀྱང་མང་པོ་གསིལ། ཇོ་བོས་ཕྱག་ལག་འབྲོམ་གྱི་དབུ་ཐོག་ཏུ་བཞག་སྟེ། སཾསྐྲྀ་ཏའི་སྐད་ཀྱིས་ཤིས་བརྗོད་མཛད་དེ་བྱིན་གྱིས་བརླབས།

དེ་རྗེས་ཁོང་རྣམ་གཉིས་ཇོ་བོ་རྗེའི་གཟིམ་སྤྱིལ་དུ་ཕེབས་ཏེ་མཚན་ཐུན་གསུམ་གྱི་རིང་ཕན་ཚུན་གླེང་མོལ་མཛད་དེ་བཞུགས། ཁོང་གིས་ཇོ་བོ་ལ། “རྒྱ་གར་ན་པཎྜི་ཏ་ཇི་ལྟ་བུ་ཡོད། ངའི་སྔ་མའི་ཆོས་དེ་ལམ་དུ་སོང་ངམ། བླ་མ་ཉིད་ཀྱི་སྤྱན་སྔར་བསྡད་ན་ཇི་ལྟར་མཆི”ཞེས་དྲི་བ་གསུམ་མཛད། ཇོ་བོས“རྒྱ་གར་ན་པཎྜི་ཏ་མཁས་པ་མང་པོ་ཡོད། ང་བོད་དུ་འོང་ཙ་ན་ཤར་ཕྱོགས་བྷངྒ་ལ་ནའང་ཉིན་རེ་བཞིན་གྲུབ་ཐོབ་རེ་འབྱོན་གྱི་ཡོད། ཁྱོད་ཀྱི་སྔ་མའི་ཆོས་དེ་ལམ་དུ་ཡེ་མ་སོང་། བླ་མའི་ཞབས་ཏོག་ལམ་དུ་སོང་། ད་ཁྱོད་འདིར་རང་དུ་སྡོད། ང་ལ་ལྷ་མོ་སྒྲོལ་མས་ཁྱོད་ལུང་བསྟན་པ་ཡིན་གྱི་ངའི་བཀའ་བརྒྱུད་འདི་ལ་བྱིན་རླབས་ཡོད”གསུངས། སྤྱིར་འབྲོམ་ཉིད་ཇོ་བོར་མཇལ་ཕྱིན་རྒྱ་གར་སོགས་སུ་ཕེབས་འཆར་ཡིན་མོད་ཀྱང་། ཇོ་བོ་རྗེའི་བཀའ་བཞིན་ཁོང་ཉིད་གར་ཡང་མ་ཕེབས་པར། ཇོ་བོའི་མདུན་ནས་སྐྱབས་སེམས་ནས་དབུ་འདྲེན་ཏེ་བཀའ་ཆོས་མང་དུ་གསན་ཅིང་ལུང་དང་རྟོགས་པའི་བདག་ཉིད་ཆེན་པོར་གྱུར།

དེ་རྗེས་འབྲོམ་གྱིས་དབུས་གཙང་གི་དགེ་བཤེས་ཚོར་ཇོ་བོ་ལྟ་བུའི་པནྜི་ཏ་བོད་དུ་ཕེབས་པ་ཐེངས་གཅིག་ཡིན་པས། བོད་དབུས་གཙང་དུ་གདན་འདྲེན་ཞིག་ངེས་པར་དུ་ཞུ་དགོས་ཞེས“གཞན་ཡང་བདག་གིས་དགྲར་རྟེན་སྔགས་དང་འཁྲུལ་པའི་རྒྱུ་གཞན་གྱིས། །ཚུལ་ཁྲིམས་ཉམས་སོགས་ཉེས་མཐོང་དེའི་ཕྱིར་བདག་གིས་ཕན་བསམ་སྤྲིངས། །མོས་པ་སྣ་ཚོགས་མཆིས་པས་འདི་ལ་མི་དགེ་གང་། །རང་འདོད་གཙོ་བོར་མ་འཛིན་ཐུགས་གཞིགས་གཟོད་པར་མཛོད། །དོན་ལྡན་ཡོན་ཏན་བརྗོད་པའི་མཚན་གྱི་སྔོན་འགྲོ་པ། །ཤཱཀྱའི་དགེ་སློང་དགེ་འདུན་རྣམས་ཀྱི་སྤྱན་ལམ་དུ། །ཀུན་ལ་ཕན་བསམ་དགེ་བས་ཡི་གེ་འདི་བསྡེབས་པའི། །དགེ་བའི་དགོངས་གྲུབ་ལེགས་པའི་དཔལ་འབྱུང་དོན་ལྡན་ཆེར་རྒྱས་སྨོན། །” ཞེས་པའི་མཚོན་ཆབ་ཤོག་ཅིག་བོད་དབུས་གཙང་གི་དགེ་བཤེས་དང་མི་ཆེན་དག་གི་ཕྱག་ཏུ་བརྫངས། ཡང་ཐབས་ཤེས་ཀྱི་སྒོ་ནས་ཇོ་བོ་རྗེ་ལ་ལྷ་ས་དང་བསམ་ཡས་སོགས་སུ་རྒྱ་དཔེ་མང་དག་བཞུགས་རབས་དང་། དགེ་འདུན་པའང་སྟོང་ཕྲག་དུ་མ་བཞུགས་པས་ཁྱེད་ཉིད་ཐེངས་གཅིག་འབྱོན་ན་འགྲོ་དོན་ཤིན་ཏུ་ཆེ་རབས་སོགས་ཞུས་པས་ཇོ་བོས་ཀྱང་དེ་བཞིན་དུ་ཕེབས་པར་ཐུགས་དགྱེས་མཛད། ཇོ་བོས“སྙིགས་མའི་དུས་སུ་ཚངས་པར་སྤྱོད་པ་གྲངས་མང་བ་དེ་ཙམ་པ་རྒྱ་གར་ནའང་མི་བཞུགས། དེ་ཙམ་བཞུགས་ན་ངེས་པ་ཁོ་ནར་དགྲ་བཅོམ་པ་ཡང་བཞུགས་ཏེ་མཆི”གསུངས།

དེ་ནས་ཇོ་བོ་དབུས་གཙང་དུ་གདན་དྲངས་ཤིང་དབུས་གཙང་གི་དགེ་བཤེས་དང་མི་ཆེན་རྣམས་ཀྱིས་ཚགས་ཞུ་དང་བེར་གྱོན། རྟ་ལ་ཆིབས་ཏེ་ཇོ་བོ་བསུ་བར་ཐོན་པ་ཇོ་བོས་གཟིགས་མ་ཐག་ཏུ“ཨུ་པ་སི་ཀ མི་མ་ཡིན་པ་མང་བོ་བྱུང་ངོ”ཞེས་གསུངས་ནས་ཐུགས་ཤིན་ཏུ་མ་དགྱེས་ཏེ་དབུ་རིལ་གྱིས་བཏུམ། དེ་ནས་བོད་ཀྱི་དགེ་བཤེས་དང་བླ་གྲྭ་ཡོངས་ཀྱིས་ཆོས་གོས་གྱོན། སེར་སྦྲེང་མཛད། ཕྱག་རྟེན་ཕུལ་བས་ཇོ་བོ་ཡང་ཐུགས་དགྱེས་ནས་ཕྱག་ལན་མང་བོ་གནང་། དེ་ནས་ཇོ་བོས་བོད་ཀྱི་དད་ལྡན་ལས་འཕྲོ་ཅན་དག་ལ་ཆོས་བཀའ་རྒྱ་ཆེན་པོ་བསྩལ།

དེ་རྗེས་ཁོང་བུ་སློབ་གཉིས་སྙེ་ཐང་དུ་ཕེབས་སྐབས་བོད་པ་རྣམས་སྔགས་ལ་དགའ་ཞིང་དེར་ཆོས་ལོག་པ་མང་དུ་ཁྱབ་ཡོད་པ་མཐོང་བས། འབྲོམ་གྱིས་ཇོ་བོ་ཆེན་པོར“བོད་དུ་འདི་མི་ལེགས། བསྐལ་བ་སྙིགས་པས་སྡོམ་པ་བསྲུང་བ་དང་ཚོགས་གསོག་པ་མི་མཆི། ལས་རྒྱུ་འབྲས་ལ་སོགས་པ་བསྟན་པ་སྤྱི་ལ་ཕན་པའི་ཆོས་གསུང་བར་ཞུ”ཞེས་ཞུས་པར་བརྟེན། ཇོ་བོ་རྗེ་ཡང་ཤིན་ཏུ་མཉེས་ཏེ། “སེམས་ཅན་ཆེན་པོ་ཁྱེད་ལྟ་བུ་བོད་ན་བཞུགས་པ། བོད་འདི་བསོད་ནམས་ཆེ་ཡི། ཁོ་བོས་ཁྱོད་རྒྱ་གར་དུ་ཐོས་ན། ང་བོད་དུ་འོང་མི་དགོས་པ་འདུག”ཅེས་གསུངས་ཤིང་། སྐབས་དེ་ནས་ཇོ་བོ་རྗེས《བྱང་ཆུབ་ལམ་སྒྲོན་གྱི་རང་འགྲེལ》མཛད་པར་གྲགས།

དེ་ལྟར་ཇོ་བོ་རྗེ་བོད་དུ་ལོ་ངོ་དགུ་ལ་བཞུགས་རིང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་ཇོ་བོ་རྗེ་ཡར་ཀླུངས་ཐང་པོ་ཆེར་གདན་དྲངས་ཏེ་ཟླ་གཅིག་བཞུགས་པ་དང་། ཁོང་གིས་གསེར་འཚོལ་དུ་ཕེབས་པའི་ཟླ་གཅིག་སྟེ། ཁྱོན་ཟླ་དེ་གཉིས་པོ་མ་གཏོགས་འབྲོམ་ཁོང་གིས་ཇོ་བོ་རྗེ་མཉེས་པ་གསུམ་ཀྱི་སྒོ་ནས་མཉེས་པར་མཛད་ཅིང་སྐུ་གཡོག་གཙོ་བོར་མཛད། ཇི་སྐད་དུ“བླ་མའི་ཕྱོགས་སུ་སྒོ་གསུམ་གུས་པ་མཛོད། །མདོར་ན་མཐོ་བ་ཐམས་ཅད་ཞྭ་བཞིན་ཁུར། །”ཞེས་གསུངས་པ་བཞིན། ལྷག་པར་ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་ལོ་གསུམ་གྱི་རིང་ཇོ་བོ་རྗེ་ལ་རྙེད་པ་དང་བཀུར་སྟི་ཚད་མེད་པ་བྱས་ནས། ཉིན་རེ་བཞིན་དུ་བྱང་ཆུབ་ལམ་གྱི་རིམ་པའི་མགོ་བཤེས་གཉེན་བསྟེན་ཚུལ་ནས་མཐར་འབྲས་བུ་མི་སློབ་པའི་ཟུང་འཇུག་གི་བར་ལམ་སོ་སོའི་ངོ་བོ་གང་ཡིན་ཞུས་ཤིང་། དྲི་གཏུགས་དང་བརྒལ་བརྟག་མང་དུ་མཛད་དེ་གཏན་ལ་ཕབ། སྐབས་དེ་ཤེད་ཅིག་ཏུ་འཕྲང་ཁ་བེར་ཆུང་གིས་ཀྱང་འབྲོམ་སྤྱན་འདྲེན་པར་མི་གཉིས་མངགས་ཀྱང་། ཁོང་གིས་ཇོ་བོ་སྐུ་ན་བགྲེས་ཤིང་བསྙུན་ཆེ་བར་རྐྱེན་བྱས་ཏེ་འཕྲང་ཁ་བེར་ཆུང་ལ“ཚེ་ལ་བར་ཆད་མ་བྱུང་ན་ཁྱོད་ཀྱི་མཆོད་གནས་ངས་བྱེད་པ་ཡིན”ཞེས་པའི་ཞལ་འཕྲིན་བསྐུར་ཏེ་གནས་སྐབས་སུ་སྤྱན་འདྲེན་པ་ཞལ་གྱིས་མ་བཞེས།

ཉིན་གཅིག་གི་ཚེ་ཇོ་བོས་བྱིས་པ་ལྟར་མཛད་ནས། བཞུགས་ཤག་ཏུ་ཕྱི་ས་ཆུང་ངུ་རེས་བཀང་ནས་བཞག ཁོང་གིས་དེ་མཐོང་ནས་མ་དད་པ་སྐད་ཅིག་ཙམ་ཡང་མ་སྐྱེས་པར་གཙང་ཕྱགས་བྱས། ཇོ་བོས“སྐུའི་སྤྱོད་པ་ལ་མ་དད་པ་མ་སྐྱེས་པས། བྱ་རྒོད་ཀྱིས་ཉིན་ལམ་བཅོ་བརྒྱད་ཀྱི་བར་དུ་གཞན་གྱི་སེམས་མངོན་པར་ཤེས་པ་སྐྱེས”ཞེས་ཁོང་ལ་གསུངས། ཁོང་གིས་ཇོ་བོ་རྗེ་ལ། “ཁོ་བོས་ཟབ་མོ་དབུ་མའི་ལྟ་བ་འདི་ལྟར་འཛིན”ཞེས་སློབ་དཔོན་ཟླ་བ་གྲགས་པའི་ལུགས་ཀྱི་ལྟ་བའི་རྟོགས་པ་ཕུལ་བས། ཇོ་བོས་ཕྱག་ཐལ་མོ་ཤར་ཕྱོགས་སུ་སྦྱར་ནས“ད་ལྟ་རྒྱ་གར་ཤར་ཕྱོགས་ནའང་ལྟ་བ་འདི་ཁོ་ན་འཛིན་པ་ཡིན། ཁྱོད་ལྟ་བུའི་སེམས་དཔའ་ཆེན་པོ་བོད་ན་འདུག་པ་བོད་འདི་བསོད་ནམས་ཆེ། ཁོ་བོ་བོད་དུ་འོང་དགོས་པ་མི་འདུག ཁྱོད་ང་དང་མཉམ་ཞིང་འགྲན་ཟླ་དང་བྲལ”ཞེས་བསྔགས་པ་ཡང་ཡང་མཛད།

དེ་དུས་ཤིག་ལ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་ལ་རྟེན་མཎྜལ་དང་བཅས་ཕུལ་ཏེ་འབྲོམ་ཆོས་ཀྱི་རྒྱལ་པོའི་སྐྱེས་རབས་ཤིག་གསུང་བར་ཞུ་ཞེས་པས། ཇོ་བོས་ཀྱང་ཞལ་བཞེས་གནང་སྟེ《འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་བཀའ་གདམས་བུ་ཆོས་ལེའུ་ཉི་ཤུ་པ་བཞུགས་སོ》བྱ་བ་ཞིག་མཛད་དོ། །

དེ་ནས་ཇོ་བོ་སྐུ་ན་བགྲེས་ཤིང་བསྙུན་དྲགས་པས་ཇོ་བོའི་སློབ་མ་རྣམས་ཀྱིས“ཇོ་བོ་རིན་པོ་ཆེ། ཁྱེད་ཉིད་ཞིང་གཞན་དུ་གཤེགས་པར་གྱུར་ན། གདན་ས་སུས་འཛིན། རྒྱལ་ཚབ་སུས་བྱེད”ཅེས་ཞུས་པ་ན། ཇོ་བོ་རྗེས“ད་ཕྱིན་ཆད་ཐམས་ཅད་ཀྱིས་འབྲོམ་ལ་བརྟེན”གསུངས། དེ་ལ་དགེ་བཤེས་དགོན་པ་བས“དེ་ཅི་ལགས”ཞེས་ཞུས་པས། ཇོ་བོས“ཁོང་ནི་ངས་བྱིན་གྱིས་བརླབས་པ་ཡིན། བཀའ་བརྒྱུད་བླ་མ་དང་། རྗེ་བཙུན་སྒྲོལ་མ། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཀྱང་ཁོང་ཇོ་བོའི་ཆོས་བརྒྱུད་འཛིན་པའི་བདག་པོར་མངལ་གསོལ་ཟིན”ཅེས་གསུངས། དེ་ནས་རབ་བྱུང་དང་པོའི་ཤིང་ཕོ་རྟའི་ལོ་དབྱུག་པ་ཟླ་བའི་ཚེས་བཅོ་བརྒྱད་དེ་ཕྱི་ལོ༡༠༥༤ལོར་ཇོ་བོ་རྗེ་སྙེ་ཐང་དུ་དགོངས་པ་རྫོགས། དེ་ནས་འབྲོམ་ཁོང་གིས་ལུག་གི་ལོ་ལ་ཇོ་བོ་ལ་འདད་ཆེན་པོས་འདས་མཆོད་བསྒྲུབས་ཤིང་གདུང་རུས་སོགས་ཇོ་བོའི་སློབ་མ་དག་ལ་རྟེན་སྐལ་ཅི་དགོས་བགོ་བར་མཛད།

དགུང་གྲངས་ང་གསུམ་པ་བཞེས་ཙ་ན་རབ་བྱུང་དང་པོའི་མེ་ཕོ་སྤྲེའུ་ལོ་སྟེ་ཕྱི་ལོ༡༠༥༦གི་ལོ་གསར་མཚམས་ལ་ཁོང་གིས་གདུང་དང་ཕྱག་དཔེ་སོགས་བསྣམས་ཏེ་རྭ་སྒྲེང་དུ་ཐེགས། དགུང་གྲངས་ང་བཞི་པ་བཞེས་ཐོག་རབ་བྱུང་དང་པོའི་མེ་བྱ་ཕྱི་ལོ༡༠༥༧ལོར་རྭ་སྒྲེང་དུ་རྒྱབ་ན་བྲག་རི་རྡོ་རྗེ་འདྲ་བ། མདུན་ན་མཚོ་མོ་གཡུང་དྲུང་འཁྱིལ་འདྲ་བཅས་ས་དཔྱད་མཛད་ནས་དགོན་སར་གཟིགས་ཤིང་དགོན་པ་འདེབས་པར་ཐུགས་ཐག་བཅད་ནས་ས་འདུལ་ལ་བརྒྱད་སྟོང་འགྲེལ་ཆེན་གསུངས། ས་ཆོག་པཎྜིཏ་ཤྲཱིསྠ་ར་ལ་ཞུས་པས་མ་གནང་། དགེ་བཤེས་དགོན་པ་བ་ལ་ཞུས་པས་ཀྱང་མ་གནང་། ད་དགེ་བཤེས་གསང་ཕུ་བ་ལ་ཞུ་སྙམ་པ་ལ་རྣལ་འབྱོར་པའི་ཞལ་ནས“མི་ཀུན་ཇོ་བོའི་ཡོན་ཏན་ཁྱོད་ལ་ཡོད་ཟེར། ཁྱོད་འདི་འདྲ་བ”ཟེར་བས། འབྲོམ་ཁོང་གིས། “ངས་ཤེས་པ་ཡིན་ཏེ་ང་ནི་གཅིག་ཏུ་རྟེན་དམན། གཉིས་སུ་ཁྱེད་གོང་མ་རྣམས་ཀྱིས་ཁྲེལ་གྱིས་དོགས། གསུམ་དུ་མི་མ་ཡིན་ལ་འཚེར་བས་ལན། ད་ངས་མི་བྱེད་ཀ་མེད་དུ་ཡིན”གསུངས་ནས། ཇོ་བོའི་སྐུ་དང་འཇམ་དཔལ་རྡོ་རྗེ་གཉིས་སྤྱན་དྲངས། གསོལ་བ་བཏབ་ནས་ཆུ་མིག་བསུབས། སྐྱེར་ཕུང་རྩ་བ་ནས་བཏོན་པ་ལ་སྦྲུལ་མང་བོ་བྱུང་བས་ཇི་སྙམ་དུ་ཡང་མ་བསམས་པར། འཕྲང་ཁ་བེར་ཆུང་སོགས་ཀྱིས་སྦྱིན་བདག་བྱས་ཏེ་ཇོ་བོའི་གདུང་ཁང་དང་། གཙུག་ལག་ཁང་སོགས་ཀྱི་ཐིག་བཏབ་སྟེ་རྭ་སྒྲེང་དགོན་པ་ཕྱག་འདེབས་མཛད།

དེ་ནས་ཇོ་བོའི་སྐུ་གདུང་ལ་དངུལ་གྱི་མཆོད་རྟེན་བཞེངས་ཤིང་ཇོ་བོའི་སློབ་མ་རྣམས་ཁོང་གི་ཞབས་ཀྱིས་བསྐྱངས། ཁོང་གིས་བཀའ་གདམས་བསྟན་པའི་སྲོལ་ཕྱེས་ཏེ་བཀའ་གདམས་བསྟན་པའི་བདག་པོར་གྱུར། སྐུ་མཆེད་གསུམ་སོགས་མཁས་གྲུབ་གཉིས་ལྡན་གྱི་སློབ་བུ་མང་པོ་འདུས། རྣལ་འབྱོར་བ་ཆེན་པོས་ཀྱང་ཁོང་ལ་སྲུང་སྡོམ་རྣམ་པར་དག་པའི་སྟངས་ཕུལ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པའི་རྟོགས་པ་ཕུལ་བས། ཁོང་གི་ཞལ་ནས“ཁྱོད་སྲུང་སྡོམ་རྣམ་པར་དག་སྟེ་བསྡམ་པར་བྱ་བའི་ཉེས་བྱས་ཕྲ་མོས་ཀྱང་མ་གོས། ཏིང་ངེ་འཛིན་བཟུང་སྟེ་རྣ་རྩར་རྔ་བོ་ཆེ་བརྡུངས་ཀྱང་མི་ཚོར་བ་ཡོད་ཀྱང་། དེ་བས་ངའི་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་ན་ཉིན་མཚན་དུ་བཤགས་པ་བྱ་དགོས་པའི་སར་སྐྱེ་དོགས་ཡོད་དོ”ཞེས་གསུངས། དེ་བཞིན་དུ་ཁོང་གི་མཛད་འཕྲིན་གྱི་སྙན་པ་ཀུན་ལ་ཁྱབ་པས་ཕྱོགས་བཞི་མཚམས་བརྒྱད་ནས་ཁོང་གི་སར་ཇོ་བོའི་གདམས་པ་ཞུ་བའི་གདུལ་བྱ་དཔག་མེད་ཐོན་པས། ཁོང་གི་ཞལ་ནས“མི་རྟག་པ་དང་ལས་འབྲས། ཁས་བླངས་པའི་སྡོམ་པ་དག་པར་བསྲུང་བ། སྙིང་རྗེ་མང་དུ་བསྒོམ་པ། བྱང་ཆུབ་ཀྱི་སེམས་བརྟན་པོར་བྱ་བ། ཚོགས་སྒོ་སྣ་ཚོགས་ནས་གསོག་ཅིང་། སྡིག་པ་སྒོ་སྣ་ཚོགས་ནས་སྦྱོང་བ་དེ་ངའི་བླ་མའི་མན་ངག་ཡིན་པས། སང་ཉིན་ཇོ་བོ་རྗེ་དང་ཕྲད་སྙམ་ནའང་དེ་ལས་ལྷག་པ་གསུང་རྒྱུ་མེད། ང་དགེ་བསྙེན་རྒད་པོ་དེ་དང་མ་ཕྲད་སྙམ་ནའང་དེ་ལས་མེད”ཅེས་གསུངས། དེར་བརྟེན་དགེ་བཤེས་པོ་ཏོ་བས་ཀྱང“ངའི་དོན་གྱི་མཁན་པོ་དེ་རྭ་སྒྲེང་གི་དགེ་བསྙེན་རྒན་པོ་དེར་སྣང”ཞེས་འཁོར་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་རོ། །

ཁོང་གི་འཁོར་དག་པ་ལྷའི་ཚོགས་ལྟ་བུ་ནི། ཐུགས་རྒྱུད་ཏིང་ངེ་འཛིན་གྱིས་གཏམས་ཤིང་། ཚུལ་ཁྲིམས་རྣམ་པར་དག་པ། ཡི་དམ་ལྷའི་ཞལ་གཟིགས་པ། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་རིག་པ་གྲོལ་ཏེ་ཤེས་རབ་ཕུན་ཚོགས་མངའ་བས། དེའི་མཚམས་ཤིག་ཏུ་ནུབ་ཕྱོགས་ཨོ་རྒྱན་དང་འདྲ་བའི་གྲུབ་ཐོབ་དུ་བ་སྤུང་ངེ་བ་ཞིག་བྱོན་ཏེ། “མཚོ་ལ་པདྨས་བརྒྱན་པ་འདྲ་བའི་འཁོར་སྐད་པ་དེ་དགེ་བཤེས་སྟོན་པའི་འཁོར་དེ་ཀུན་ལ་ཟེར་བ་ཡིན། དེ་བས་ན་མང་ཁ་ན་མེད། གྲུང་གཙོ་བོ་ཡིན”ཞེས་གསུངས་པ་ལྟར་རོ། །

དེ་ནས་བློ་སྦྱོང་གི་གདམས་ངག་དགེ་བཤེས་པོ་ཏོ་བ་ལ་གསུངས། ཕུ་ཆུང་བ་ལ་ཐིག་ལེ་བཅུ་དྲུག་སོགས་དང་། སྤྱན་སྔ་བ་ལ་ཇོ་བོ་རྗེའི་མན་ངག་མང་པོ་གསུངས་ཤིང་། འཁོར་རྣམས་ལ་བརྒྱད་སྟོང་འགྲེལ་ཆེན་གནང་སྐབས་ཤིག་ལ་སྐུ་ཅུང་ཟད་བསྙེན་པའི་ཚུལ་གྱིས་མཐར་དགུང་གྲངས་རེ་གཅིག་པ་བཞེས་ཐོག་རབ་བྱུང་དང་པོའི་ཤིང་ཕོ་འབྲུག་གི་སྣྲོན་ཟླ་བའི་ཚེས་ཉི་ཤུ་སྟེ་ཕྱི་ལོ༡༠༦༤ལོར་རྭ་སྒྲེང་དགོན་དུ་དགེ་བཤེས་པོ་ཏོ་བའི་པང་དུ་དབུ་བཞག་སྟེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །

ཁོང་ཉིད་སྐུ་ཚེ་གཅིག་གི་རིང་རྟེན་དགེ་བསྙེན་དུ་བཞུགས་པ་ལས་རབ་བྱུང་མ་མཛད་ཀྱང་བསླབ་ཁྲིམས་དགེ་སློང་ལས་ཀྱང་ལྷག་པ་མཛད་དོ། །ཁོང་ནི་ཇི་སྐད་དུ“རང་ཉིད་ཀུན་གྱིས་ཚད་མར་ཁུར་ན་ཡང་། །ངའོ་སྙམ་པའི་ང་རྒྱལ་ཆུང་བར་མཛོད། །རང་ཉིད་ཀུན་ལས་ཁྱད་པར་འཕགས་ན་ཡང་། །ཆེ་བའི་ང་རྒྱལ་ཅུང་ཟད་མེད་པར་མཛོད། །”ཅེས་ཁོང་རང་གིས་གསུངས་པ་ཇི་བཞིན་ཞི་དུལ་ཚུལ་མཐུན་གྱི་སྤྱོད་པ་ལྷུར་གྱིས་བླངས་ཤིང་། བྱམས་སེམས་བག་ཡོད་ཀྱི་མཛད་རྗེས་རབ་ཏུ་ཆེ་བའི་དམ་པའི་མཆོག་ཅིག་གོ །ཁོང་གིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཡོན་ཏན་མ་ལུས་པ་ཐུགས་སུ་ཆུད་དེ་ར་སྒྲེང་དུ་ལོ་དགུར་བསྟན་པའི་མངའ་བདག་མཛད་བཞིན་འཕྲིན་ལས་རྒྱ་ཆེར་བསྐྱངས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ། སྒོས་སུ་བོད་གངས་རིའི་ལྗོངས་ཀྱི་བསྟན་པའི་གཙུག་ལག་ཆེན་པོ། ཉིང་སྒོས་རྒྱལ་བ་བཀའ་གདམས་པའི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད། ཁོང་ནི་རང་རེའི་བོད་ཀྱི་ཁྱིམ་པའི་ཁྲོད་དུ་བསྟན་པ་དང་སེམས་ཅན་ལ་མཛད་རྗེས་ཆེས་ཆེ་བ་དང་། བཀའ་གདམས་པའི་མེས་པོ་ཡིན་པ་མ་ཟད། ང་ཚོ་སྟེ་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་རིས་སུ་མེད་པ་ཚང་མས་ངེས་པར་དུ་དྲན་དགོས་པའི་རླབས་ཆེ་བའི་སྐྱེས་བུ་དམ་པ་ཞིག་ཡིན།

ཁོང་གི་ཞབས་ཀྱིས་བསྐྱངས་པའི་སློབ་མ་གྲགས་ཆེ་བ་ནི་པོ་ཏོ་བ་རིན་ཆེན་གསལ་དང་། སྤྱན་སྔ་བ་ཚུལ་ཁྲིམས་འབར། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་བཅས་ཏེ་བཀའ་གདམས་སྐུ་མཆེད་གསུམ་དང་། རྣལ་འབྱོར་བ་ཆེན་པོ་བྱང་ཆུང་རིན་ཆེན། རྣལ་འབྱོར་བ་ཆེན་པོ་དགེ་བཤེས་དགོན་པ་བ་དབང་ཕྱུག་རྒྱལ་མཚན། རྣལ་འབྱོར་བ་ཆེན་པོ་ཤེས་རབ་རྡོ་རྗེ། རྣལ་འབྱོར་བ་ཆེན་པོ་ཕྱག་དར་སྟོན་པ་སྟེ་རྣལ་འབྱོར་རྣམ་པ་བཞི། གཞན་ཡང་ཁམས་ལུང་བ་ཆེན་པོ་ཤཱཀྱ་ཡོན་ཏན། དགེ་བཤེས་གསང་ཕུ་བ་ཆེན་པོ་ལེགས་པའི་ཤེས་རབ། དགེ་བཤེས་ཀ་བ་ཆེན་པོ། ཡེར་པའི་དགེ་བཤེས་ཇོ་བོ་ལེགས་སོགས་སློབ་བུ་རྟོགས་པ་ནམ་མཁའ་དང་མཉམ་པ་མང་པོ་བཞུགས་ཀྱང་འདིར་ཡི་གེའི་ཁུར་གྱིས་འཇིགས་པས་འདི་ཙམ་གྱིས་འཐུས་པར་བྱས་སོ། །

ཁོང་གི་གསུང་རྩོམ་ལ། 《མི་ཆོས་གནད་ཀྱི་ཕྲེང་བ》ལྟ་བུའི་བསླབ་བྱའི་སྐོར་དང་། 《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ》ལྟ་བུའི་བསྟོད་ཚོགས་ཀྱི་སྐོར་དང་། 《ཇོ་བོ་རྗེའི་རྣམ་ཐར་ཆོས་ཀྱི་འབྱུང་གནས》ལྟ་བུའི་རྣམ་ཐར་གྱི་སྐོར། ད་དུང《གླེགས་བམ་གྱི་བཀའ་རྒྱ》དང་། ས་དཔྱད། ལོ་རྒྱུས། བཅའ་ཡིག འཕྲིན་ཡིག་བཅས་བསྟན་བཅོས་མང་པོ་བཞུགས། ཁོང་གིས་འགྱུར་བཅོས་དང་ཞུས་དག་མཛད་པའི་སྐོར་ནི། 《བརྒྱད་སྟོང་པ།》 《བརྒྱད་སྟོང་འགྲེལ་ཆེན།》 《བརྒྱད་སྟོང་འགྲེལ་ཆུང་།》 《ཉི་ཁྲི་སྣང་བ》སོགས་མདོ་ཕྱོགས་དང་། 《ཡེ་ཤེས་གྲུབ་པ》སོགས་སྔགས་ཕྱོགས་ཀྱི་སྐོར་མང་དུ་བཞུགས། ཁོང་གི་མཚན་གྱི་རྣམ་གྲངས་ནི། དགེ་བསྙེན་ཆོས་འཕེལ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནང་། དགེ་བཤེས་སྟོན་པ་སོགས་སོ། །

ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ལ་མི་མཐུན་པ་དུ་མ་ཞིག་མཆིས་ཀྱང་། འདིར་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《བཀའ་གདམས་ཆོས་འབྱུང》ལྟར་དུ་བྲིས་པ་ལགས་པས། འགལ་འཁྲུལ་སོགས་ཅི་མཆིས་ཐམས་ཅད་དཔྱོད་ལྡན་སྐྱེ་བོ་ཚོགས་ཀྱིས་དགོངས་ཡངས་གནང་མཛོད་ཅེས་ཛམ་ཐང་བ་ངེས་དོན་རྒྱ་མཚོའམ་འོད་འཛིན་དུ་འབོད་པས་ཕྱི་ལོ༢༠༡༨/༧/༡༣སྟེ་ས་ཕོ་ཁྱིའི་ལོ་ཧོར་ཟླ༥པའི་གནམ་སྟོང་གི་ཉིན་མོར་གུས་པ་དང་བཅས་སྦྱར་བ་དགེའོ། །