(1)   མཚན་བྱང་དང་འགྱུར་བྱང་།

ངེད་ཚང་གི་ད་ལོའི་སྐུ་རིམ་དུ་ཏིང་འཕགས་བསྐལ་གསུམ་ཚར་རེ་འདོན་དགོས་གསུངས་པ་ལྟར།  ཏིང་འཛིན་དང་བརྒྱད་སྟོང་པ་གཉིས་ངས་འདོན་རྒྱུ་ཁས་བླངས་པ་ཡིན། ངས་བཏོན་པའི་ཏིང་འཛིན་གྱི་ཁ་བྱང་ལ།《བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུས་ཞུས་པའི་མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་བཞུགས་སོ།།》ཞེས་གསལ།   《མདོ་ཏིང་འཛིན》་ནི་དེ་སྔ་ཡང་གུས་པས་བཏོན་མྱོང་བས།    ཁ་བྱང་ནི་འདི་འདྲ་ཞིག་མིན་པའི་དོགས་པ་བྱུང་སྟེ་སྦྱར་བྱང་ལ་བལྟས་པ་ན།  སྤར་བྱང་སྨོན་ཚིག་སོགས་མི་འདུག་པས་གང་གི་སྤར་མ་ཡིན་པ་མ་ཤེས།《སྡེ་དགེ་བཀའ་འགྱུར》་དང་།《ལྷ་ས་བཀའ་འགྱུར》་སོགས་ན་བཞུགས་པའི་མདོ་ཏིང་འཛིན་གྱི་ཁ་བྱང་ལ། 《འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ》་ཞེས་འཁོད་འདུག  འགྱུར་བྱང་ལོ་པཎ་གསུམ་པོ་གཅིག་རེད།     རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་།    ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་ཞུས་ཏེ།    སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ། ཅེས་གསལ།   འདི་ལ་བསྡོམས་པས་བམ་པོ་བཅོ་ལྔ་དང་ལེའུ་སུམ་ཅུ་རྩ་བརྒྱད་བཞུགས་སོ།། སྤྱིའི་ཆ་ནས་བལྟས་ན། 《མདོ་ཏིང་འཛིན》་ནི་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ཞེས་པ་དེས་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཞུས་ནས་གསུངས་པ་ཞིག་རེད།   ཞུ་ཡུལ་ནི་བྱ་རྒོད་ཕུང་པོའི་རི་ཡིན་ལ།  ཟླ་འོད་གཞོན་ནུ་ནི་ཧ་ལམ་རྒྱལ་པོའི་ཁབ་ཀྱི་མི་ཞིག་ཡིན་ནམ་སྙམ།     སངས་རྒྱས་ཤཱཀྱ་ཐུབ་པས་ཟླ་འོད་གཞོན་ནུ་ལ་དྲི་བ་ག་རེ་ཡོད་ན་དྲིས་ཤོག་དང་།  ང་ནི་སངས་རྒྱས་ཡིན་པས་མི་མཁྱེན་པའམ། མི་གཟིགས་པའམ། མི་གསན་པའམ། ཐུགས་སུ་མ་ཆུད་པ་གང་ཡང་ཡོད་མ་རེད་ཅེས་གསུངས་ཡོད་དོ།།

གོང་གི་ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དྷརྨ་ཏཱ་ཤཱི་ལ་བྱ་བ་ནི་བོད་སྐད་དུ་ལོ་ཙྪ་བ་ཆོས་ཉིད་ཚུལ་ཁྲིམས་ཞེས་པ་དེ་ཡིན་པར་མངོན། འདི་བས་ལོ་ཙཱ་བ་བནྡེ་རིན་ཆེན་འཚོ་དང་བསྡེབས་ནས་《འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ》་ཡང་བསྒྱུར། གཞན་《འཕགས་པ་དྲི་མེད་ཀྱི་མདོ》་ཡང་ཁོང་གི་འགྱུར་ཡིན་ནོ།།《ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསན་ཡིག》་ཏུ། བཅུ་གཉིས་པ་འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པའི་མདོ་བམ་པོ་ཉི་ཤུ། ལེའུ་བཅུ་གཉིས་སྐད་གསར་བཅད་ཀྱིས་བཅོས་པ་ཞུང་ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། ཞེས་པའང་ལོ་ཙཱ་བ་དྷརྨ་ཏཱ་ཤཱི་ལ་ཡིན་པར་གདའ་སྟེ།   ཞུང་བྱ་བ་ནི་ཁོང་གི་གདུང་རུས་ལ་གོ་དགོས་པར་སེམས་སོ།།    ལོ་ཙཱ་བ་ཆོས་ཉིད་ཚུལ་ཁྲིམས་ཀྱི་འཁྲུངས་ཡུལ་གང་ཡིན་མ་ངེས།《འཇང་བཀའ་འགྱུར》་དུ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་སིད་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་དྷརྨ་ཏཱ་ཤཱི་ལ་སོགས་པས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ། ཅེས་པ་དང་། ཡང་《འཕགས་པ་མེ་ཏོག་གི་ཚོགས་ཤེས་བྱ་བའི་མདོ》་དང་།《འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ་ཞེས་པ་ཐེག་པ་ཆེན་པོའི་མདོ།》ཞེས་པ་དེའི་འགྱུར་བྱང་དུ།  རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་།  ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་དྷརྨ་ཏཱ་ཤཱི་ལ་དང་། རྒྱའི་ལོ་ཙྪ་བ་བན་དྷེ་ཏོང་ཨ་ཙ་ལ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཅེས་པར་དཔགས་ན་ལོ་ཙཱ་བ་ཆོས་ཉིད་ཚུལ་ཁྲིམས་འདི་རྒྱ་ནག་གི་སྐད་ཀྱང་མཁྱེན་རྒྱུ་ཡོད་འདྲ་བ་ཞིག་བསམ་ཡང་ལོ་རྒྱུས་ཞིབ་ཆ་མ་ངེས་སོ།།

(2)ཆོས་སྐུའི་རང་བཞིན་དང་སྤྱི་ཚོགས་ཀྱི་གནས་སྟངས།

ལྡེབ་མ་22སྟེང་། གང་དག་ཆོས་ཀྱི་སྐུ་ལ་གནས་གྱུར་པ།། དེ་ནི་དངོས་པོ་ཐམས་ཅད་དངོས་མེད་ཤེས།། དེ་ཡིས་དངོས་པོའི་འདུ་ཤེས་རྣམ་བཤིག་ནས།། རྒྱལ་བའི་དབང་པོ་གཟུགས་ཀྱི་སྐུར་མི་ལྟ།། ལྡེབ་མ་120སྟེང་། དཔའ་བོ་ཆེན་པོ་ཆོས་ཀྱི་སྐུ།། སྐུ་ནི་ཆོས་ལས་སྐྱེས་པ་སྟེ།། གཟུགས་ཀྱི་སྐུར་ནི་ནམ་དུ་ཡང་།། རྒྱལ་བ་གདགས་པར་ཡོང་མི་ནུས། ལྡེབ་མ་121སྟེང་། དེ་ལྟ་སངས་རྒྱས་སྐུ་དག་ནི།། ཚད་མེད་བསམ་གྱིས་མི་ཁྱབ་པ།། ཚད་མེད་པ་ཡི་ཆོས་ངག་གིས།། དེ་ལ་ཚད་ནི་བརྟག་ཏུ་མེད།། ཅེས་གོང་འཁོད་ཀྱི་ཤོ་ལོ་ཀ་གསུམ་ནི་《མདོ་ཏིང་འཛིན》ནང་གི་རེད།   ཐད་ཀར་བལྟས་ན། གོང་དུ་དྲངས་པའི་ལུང་དོན་གསུམ་གྱི་ནང་དོན་གཙོ་བོ་ནི་སྐུ་གསུམ་ལས་ཆོས་སྐུའི་ངོ་བོའམ་རང་བཞིན་བརྗོད་པའི་གནས་ཚུལ་ཞིག་རེད་སྙམ་སྟེ། རྒྱལ་བའི་སྐུ་ལ་ཚད་གཟུང་བར་མི་བྱ་བ་དང་། མཚན་མ་ལ་སོགས་པ་གང་ཡང་མེད་པའི་ཆོས་སྐུ་ལ་དམིགས་ནས་གསུངས་པ་ཡིན་པར་མངོན་ཡང་། དེང་སང་སྤྲུལ་སྐུ་ལ་གཞིར་བཞག་ནས་འགྲེལ་བཤད་བྱས་པའང་ཡོད་པས་བརྟག་པར་བྱ། དུས་རབས་དང་པོའི་སྔོན་དུ་རྒྱལ་བའི་སྐུ་གཟུགས་ལ་སོགས་པ་མཐོང་དུ་མེད་པའི་རྒྱུ་མཚན་ཡང་། སྐབས་དེར་ཆོས་སྐུའི་ཡོན་ཏན་དང་དགོས་པ་གཙོ་བོར་བྱས་པའི་རྒྱུ་མཚན་གྱིས་ཨེ་ཡིན་ནམ། དཔེར་ན། གནམ་བདག་ཆོས་ལུགས་དང་། མུའུ་སུ་ལན་ཆོས་ལུགས་ལྟར་གཟུགས་སྐུའི་སྣང་བརྙན་གང་ལའང་ཕྱག་མི་འཚལ་ཞིང་སྐྱབས་སུ་མི་འཛིན་པའི་གནས་སྟངས་ཤིག་ཆགས་ཡོད་དམ་སྙམ། དེ་མིན་དུས་རབས་དང་པོའི་སྔོན་གྱི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་བརྙན་གཅིག་ཀྱང་མཇལ་རྒྱུ་མེད་པ་ནི་མི་སྲིད་པ་ཞིག་རེད། དུས་ཕྱིས་སུ་ཀ་ནིས་ཀའི་རྒྱལ་པོས་གྷི་རིག་སེའི་གོམས་སྲོལ་ལྟར་སངས་རྒྱས་ཤཱཀྱ་ཐུབ་པ་དང་། བྱམས་པ་སོགས་ཀྱི་སྐུ་བརྙན་ཅི་རིགས་བཞེངས་པ་དེ་ནས་བཟུང་སངས་རྒྱས་ཆོས་ལུགས་པ་ཚོས་སྐུ་བརྙན་ལ་ཕྱག་འཚལ་ཞིང་སྐྱབས་སུ་འཛིན་པའི་ལུགས་སྲོལ་བྱུང་བ་ཡིན་ཞེས་བཤད་པ་དེ་བདེན་ཤོས་ཆེ་བར་སེམས། (རང་རེའི་མ་ཎི་བཀའ་འབུམ་དུ་བཤད་པའི་བིཤྭ་ཀརྨས་སྟོན་པའི་སྐུ་བརྙན་གསུམ་བཞེངས་པའི་གཏམ་རྒྱུད་དེ་ལོ་རྒྱུས་བྱིངས་དང་མི་བསྲེ་བར་ཞུ།)

(3)ལུང་ཁུངས་གསལ་བཤད།

ལྡེབ་མ་23སྟེང་། ངས་ནི་རབ་ཏུ་བཟང་བའི་ཆོས་བཤད་ཀྱང་།། ཁྱེད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ན།། ནད་པ་སྨན་གྱི་རྐྱལ་པ་ཐོགས་པ་དག།བདག་གི་ནད་ནི་གསོ་བར་མི་ནུས་བཞིན།། ཞེས་སོ།། འདི་ཡང་《མདོ་ཏིང་འཛིན》་ནང་གི་ཚིགས་བཅད་ཅིག་རེད།  དེ་སྔོན་དཔེ་ཆ་གཞན་དུ་དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱི་སྐབས་སུ།  ཚིགས་བཅད་འདི་ལུང་འདྲེན་བྱས་པ་མང་མོད་ཀྱི།   མདོ་ལས་དང་།    ཇི་སྐད་དུ་ཟེར་བ་ལྟ་བུ་ཙམ་ལས། མདོ་གང་ཡིན་གྱི་གནས་ཚུལ་གསལ་བོར་འཁོད་པ་དཀོན་པས། འདིར་དམིགས་བཀར་གྱིས་ལུང་ཚིག་འདི་ནི་《མདོ་ཏིང་འཛིན》ནང་གི་རེད་ཅེས་ངོ་སྤྲོད་ཞུས་པ་ཡིན།

(4)ཆང་གིས་བསྐྱེད་པའི་འཕྲུལ་སྣང་།

ལྡེབ་མ་42སྟེང་། ཇི་ལྟར་མི་དག་ཆང་གིས་མྱོས་ནས་ནི།། ས་འདི་ཀུན་ཏུ་འཁོར་སྙམ་བྱེད་མོད་ཀྱི།། ས་འདི་འགུལ་ཞིང་གཡོས་པའང་མེད་པ་ལྟར།། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། གལ་ཏེ་《མདོ་ཏིང་འཛིན》་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པའི་བཀའ་དངོས་ཡིན་པ་ཁས་བླངས་པ་ཡིན་ཚེ།    འདིར་ཆང་དང་འབྲེལ་བའི་གནད་དོན་ཞིག་ཡོད་པ་དེས་སངས་རྒྱས་ཀྱིས་ཆང་གི་སྐོར་ཡང་དངོས་སུ་གསུངས་ཡོད་པ་ང་ཚོས་གསལ་བོར་ཤེས་ནུས་པ་དེ་རེད།  དེས་ན་ཤོ་ལོ་ཀ་འདི་ནི་སངས་རྒྱས་ཤཱཀྱ་ཐུབ་པས་ཆང་གི་སྐོར་གསུང་ཡོད་མེད་ཐད་ནས་དོན་གནད་ཆེ་བ་ཞིག་ཡིན་པ་བཤད་མ་དགོས་སོ།། ལུང་ཚིག་འདིས་ད་རུང་ང་ལ་དོན་དག་གཞན་ཞིག་ཀྱང་དྲན་དུ་བཅུག་སོང་། དེ་ནི་1996ལོའི་དགུན་ཁ་ཞིག་ལ། ང་ཟི་ལིང་དུ་ཡོད་ལ།    སྐབས་དེར་མཚོ་སྔོན་མི་རིགས་སློབ་གླིང་གི་དགེ་རྒན་(འདས་ཚར)ཞིག་དང་ངེད་གཉིས་མཉམ་དུ་ཆང་འཐུང་བ་ཡིན།   ཉིན་དེ་ངས་ཆང་དཀར་འཐུང་བ་ཐེངས་དང་པོ་ཡིན་ཙང་། ཉམས་མྱོང་གང་ཡང་མེད་པའི་ཐོག་ལ་གང་འདོད་འདོད་ཅིག་བཏུང་བས་རྦད་དེ་བཟི་ནས་ང་ཚོའི་ཁང་པ་དང་ཕྱི་རོལ་གྱི་ནམ་མཁའ་ལ་སོགས་པ་ཡོད་ཚད་འཁོར་བཞིན་པའི་སྣང་བ་བྱུང་བས། ངས་དངངས་སྐྲག་དང་བཅས་ཨ་རོགས་གྲོགས་པོ་ཁང་པ་འདི་འདི་འདྲ་ཞིག་འཁོར་དོན་ཅི་རེད་ཅེས་དྲིས་པ་ན།  གྲོགས་པོ་ཁོང་གིས། ཁང་པ་འཁོར་བ་མ་རེད། ཁྱོད་རང་བཟི་དྲགས་ནས་མགོ་བོ་འཁོར་བ་རེད། འཕྲུལ་སྣང་རེད། སྐྱོན་ཡོད་པ་མ་རེད་ཟེར་བས་སེམས་ཅུང་བདེ་ལ་བབས་ཐུབ་པ་བྱུང་ངོ།།

(5)རྩོད་གཞི་དང་དེའི་རྒྱབ་ལྗོངས།

ལྡེབ་མ་43སྟེང་། ཡོད་དང་མེད་ཅེས་བྱ་བ་རྩོད་པ་སྟེ།། གཙང་དང་མི་གཙང་འདི་ཡང་རྩོད་པ་ཡིན།། རྩོད་པར་གྱུར་པ་སྡུག་བསྔལ་ཞི་མི་འགྱུར།། རྩོད་པ་མེད་པར་གྱུར་པ་སྡུག་བསྔལ་འགག།  སྤྱིར་འདིར་བཤད་པ་ནི། རྩོད་པ་ནི་སྡུག་བསྔལ་གྱི་གཞི་རྩ་ཡིན་པར་བསྟན་པའི་ནང་དོན་ཞིག་རེད་མོད། ཡིན་ནའང་། ཚིགས་བཅད་འདི་ལ་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་པར་བསམ། སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་འདིར་མ་བྱོན་སྔོན་དུ། རྒྱ་གར་དུ་རིགས་རུས་ཀྱི་མཐོ་དམན་བརྩི་བའི་ལུགས་སྲོལ་དེ་ཤིན་ཏུ་ཛ་དྲག་ཡིན་པས། ཐ་ན་རིགས་དམའ་བའི་ལག་ནས་ཆུ་ལ་སོགས་པའང་མི་འཐུང་སྟེ། དེ་ནི་མི་གཙང་བ་ཞིག་ལ་བརྩི་བས་ཡིན་ནོ།། སངས་རྒྱས་ཤཱཀྱ་ཐུབ་པ་བྱོན་པའི་རྗེས་སུ་རྒྱ་གར་གྱི་སྤྱི་ཚོགས་ལ་རྦད་དེ་འཕོ་འགྱུར་ཆེན་པོ་ཞིག་བྱུང་བ་ནི་ནང་པ་ཡིན་ན་རིགས་རུས་མི་གཙོ་བསླབ་པ་གཙོ་བོར་བྱེད་པའི་ལྟ་བ་ཞིག་རིམ་གྱིས་ཆགས་འོང་བ་རེད།     འདས་པའི་ལོ་རྒྱུས་ལ་དཔྱད་ན། ལྟ་བ་དེ་རྒྱ་གར་དུ་ཐོག་མར་སྤེལ་མཁན་ནི་གཅེར་བུ་པའི་སྟོན་པ་ཡིན་པར་བཤད། སྟོན་པ་ཤཱཀྱ་ཐུབ་པ་མ་རེད།    ཡིན་ནའང་སྟོན་པ་ཤཱཀྱ་ཐུབ་པས་ཀྱང་ལྟ་བ་དེ་རྩལ་འདོན་བྱས་པ་ཡིན་ཕྱིར། སྐབས་དེར་རྒྱ་གར་ནང་དུ་རིགས་དམའ་བའི་སྤྱི་ཚོགས་མང་ཤོས་ཀྱིས་གློ་བུར་དུ་ནང་པར་ཞུགས་ནས་ནང་པའི་ལྟ་བ་ལ་རྒྱབ་སྐྱོར་འབོར་ཆེན་བྱུང་བ་ཡིན་འདུག རྒྱུ་རྐྱེན་དེའི་དབང་གིས་ནང་པ་དང་སྔོན་གྱི་བྲམ་ཟེ་ཆོས་ལུགས་སོགས་ཀྱི་བར་ལ་རིམ་གྱིས་འགལ་ཟླའི་རྩོད་པ་བྱུང་བས། རྩོད་པའི་རྒོལ་བ་མང་དུ་བཤམས་པའི་རྒྱུ་མཚན་དེ་རེད། ཤུགས་རྐྱེན་དེས་དུས་ཕྱིས་སུའང་ནཱ་ལེནྡྲ་དང་། བྲི་ཀ་མ་ལ་ཤཱི་ལ་སོགས་སུའང་དར་ནས་སློབ་དཔོན་ཨརྱ་དེ་བ་དང་། སློབ་དཔོན་རྟ་དབྱངས་སོགས་ཀྱིས་རྩོད་པ་ཐུག་པའང་རྒྱབ་ལྗོངས་དེ་འདྲ་ཞིག་ལ་ཐུག་པར་གསལ།   

གང་ལྟར་རྩོད་པ་དེ་དག་བྱུང་བའི་དབང་གིས་དུས་ཕྱིས་སུ་ནང་ཆོས་དང་། བྲམ་ཟེ་ཆོས་ལུགས་དང་། གཅེར་བུ་པ་སོགས་ཀྱི་བར་ལ་འགལ་ཟླ་ཆེན་པོར་ལངས་ནས། རྗེས་འཇུག་པ་ཚོས་ཕན་ཚུན་ལ་དགྲ་ལྟར་འཛིན་པའི་འདུ་ཤེས་ཤིག་རིམ་གྱིས་ཆགས་པའི་མཐར། ཕྱི་ནས་འོངས་པའི་ཀླ་ཀློའི་ཆོས་ལུགས་པ་ཚོས་གོ་སྐབས་དེ་དམ་འཛིན་བྱས་ནས་ཆོས་ལུགས་གཞན་པ་རེ་རེ་ནས་བཅོམ། གཙུག་ལག་ཁང་རྣམས་བསྲེགས། བཙན་གྱིས་རྒྱ་གར་ཡོངས་ལ་ལས་སླ་བོའི་སྒོ་ནས་དབང་བསྒྱུར་བའི་རྗེས་སུ་ནང་པ་དེ་རྩ་བ་ནས་ཉམས་ཏེ་མཐར་མིང་གི་ལྷག་མར་གྱུར་ཏོ།།

གཙང་མི་གཙང་གི་རྩོད་པ་དེ་ཡང་རྒྱ་གར་དུ་རྩོད་གཞི་ཤིན་ཏུ་ཆེ་ཡང་། བོད་དུ་དེ་ཙམ་མི་ཆེ། དེ་ཡང་གཙོ་བོ་གཙང་སྦྲ་དང་འབྲེལ་བའི་ལྟ་བའི་ཆོས་བརྒྱུད་རྣམས་བོད་ལ་མ་བསྒྱུར་བའི་རྒྱུ་མཚན་གྱིས་ཡིན་པར་མངོན་ཏེ།  《རྦ་བཞེད》་ལས།    ཀྲི་ཡ་བྲམ་ཟེ་དགེ་བ་ལ་འཇུག་པའི་དོན་དུ་གསུངས་པས་བོད་གཙང་སྦྲ་ཆུང་བས་མ་བསྒྱུར། ཞེས་པ་སོགས་ལས་ཀྱང་དོན་དག་མང་པོ་ཞིག་ཤུགས་ནས་རྟོགས་ཐུབ་བོ།།

(6)གཟི་ཡིག་དང་འབྲེལ་བའི་མིང་བརྡ།

ལྡེབ་མ་21སྟེང་། བསྙེན་པར་དཀའ་བ་དང་། གཟི་ཆེན་པོ་དང་། བདག་ཤེས་པ་དང་། ཞེས་དང་། ལྡེབ་མ་62སྟེང་། ཀླུ་ཡི་རྒྱལ་པོ་རྒྱ་མཚོ་འཁོར་ལོས་བསྒྱུར། ། བྱེ་བ་གསུམ་སྙེད་ཀླུ་ཡི་འཁོར་གྱིས་བསྐོར། ། ཆུ་ལྷ་གཟི་ཅན་རིན་ཆེན་དོ་ཤལ་ཐོགས། ། བཅོམ་ལྡན་འདས་ལ་མཆོད་ཕྱིར་ཉེ་བར་འོངས། ། གོང་འཁོད་ཀྱི་ནང་དོན་ལྡེབ་མ་མི་འདྲ་བ་གཉིས་ལས་འདིར་བརྗོད་པར་འདོད་པ་ནི། སྔ་མའི་“གཟི་ཆེན་པོ་དང་”།     ཕྱི་མའི་“ཆུ་ལྷ་གཟི་ཅན་རིན་ཆེན་དོ་ཤལ་ཐོགས།།” ཞེས་“གཟིའི”་མིང་བརྡ་དང་འབྲེལ་བའི་ནང་དོན་གཉིས་ཡོད་པས་རེད། སྤྱིར་ན་གཟི་ཆེན་པོ་ཞེ་ན། ནོར་བུ་རིན་པོ་ཆེ་གཟི་ཧ་ཅང་ཆེ་བ་ལ་གོ་བ་དང་། ཡང་ཀླུ་རྒྱལ་མ་དྲོས་པའམ་གཟི་ཆེན་མ་ཞེས་པ་ལ་གོ་བ་གཅིག་དང་། རྒྱལ་པོ་རཱ་མ་ཎའི་བཙུན་མོ་གཟི་ལྡན་མའམ་སཱི་ཏཱའམ་རོལ་རྙེད་མར་གོ་བ་དང་། ཚངས་པ་གཟི་ཆེན་ལ་བཤད་པ་དང་། ཕྱག་ན་རྡོ་རྗེ་ལ་གོ་བ་དང་། བྱ་རྒྱལ་ཁྱུང་ཆེན་ལ་གོ་བ་སོགས་ནང་དོན་ཅི་རིགས་ཤིག་མཆིས་ལ། འདིར་གཟི་བྱིན་ནམ་གཟི་བརྗིད་ཆེན་པོ་ལ་གོ་དགོས་སོ་སྙམ། ཆུ་ལྷ་གཟི་ཅན་བྱ་བ་ནི།  མཚོ་མ་དྲོས་སམ་མ་ཕམ་གཡུ་མཚོའི་བདག་མོ་ཡིན་པར་བཤད་དེ།《དྲིལ་དཀར་ཟླ་བ》་ལས་ཀྱང་། མ་དྲོས་གཟི་ཆེན་ཞེས་བཤད་དོ།།   《མདོ་རྒྱ་ཆེར་རོལ་པ》ལས། ཀླུ་རྒྱལ་ཆུ་ལྷ་དང་ནི་གཟི་ཅན་དང་།། མ་དྲོས་པ་དང་དེ་བཞིན་རྒྱ་མཚོ་ཡང་།། ཞེས་པ་ལ་དཔྱད་ན་གཟི་ཅན་དང་ཀླུ་མ་དྲོས་པ་གཉིས་གཅིག་ཡིན་མིན་བརྟག་དགོས་པར་སེམས་སོ།།

(7)དྲང་སྲོང་རྒྱས་པ་དང་གྲོག་མཁར་བ།

ལྡེབ་མ་62སྟེང་། དྲང་སྲོང་རྒྱས་པ་ཀུད་ཙ་ཨང་འགི་ར། ། ཤེད་ཅན་ངན་སྤོང་བད་ཙ་གནས་འཇོག་རྣམས། ། དེ་དག་སངས་རྒྱས་ཕྱག་འཚལ་ཉེ་བར་ལྷགས། ། འཛའ་མན་བཱ་མན་བེའི་ཤམ་བཱ་ཡ་དང་། ། འཛའ་མག་ནཱི་དང་གྲོག་མཁར་དྲང་སྲོང་མཆོག ། དཀར་བར་གནས་དང་མིའུ་ཐུང་སྤེན་པ་རྣམས། ། འདྲེན་པ་བལྟ་ཞིང་གྲོང་ཁྱེར་མཆོག་ཏུ་ལྷགས། ། དྲང་སྲོང་མཐོང་ནས་དེ་ཚེ་དྲང་སྲོང་དགའ། ། ཐུབ་རྒྱལ་ཞབས་མཆོག་ལ་ནི་ཕྱག་འཚལ་ཞིང་། ། གོང་འཁོད་ཀྱི་ནང་དོན་འདི་ཡང་《མདོ་ཏིང་འཛིན》་ནང་གི་རེད། ནང་དོན་ནི་ཕྱིར་རོལ་པའི་དྲང་སྲོང་གྲགས་ཅན་ཏེ་དྲང་སྲོང་རྒྱས་པ་དང་། དྲང་སྲོང་གྲོག་མཁར་སོགས་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བར་བཞུགས་པ་དེར་ཕྱག་འཚལ་དུ་བསླེབས་པར་བཤད་དེ། སྤྱིར་རྒྱ་གར་གྱི་ལོ་རྒྱས་རྣམས་ལས་བཤད་པ་ཡིན་ན། དྲང་སྲོང་རྒྱས་པ་ནི་སྤྱི་ལོ་སྔོན་གྱི་ལོ་སུམ་སྟོང་ཡས་མས་སུ་འཁྲུངས་པར་བཤད།《མ་ཧཱ་བྷ་ར་ཏ》་ཞེས་པའི་རྒྱ་གར་གྱི་སྒྲུང་རིང་དེ་འདི་བས་བཤད་པ་དང་། མཚན་ལས་དྲངས་ཏེ་བྷ་ར་ཏ་ཟེར་བ་བོད་སྐད་དུ་རྒྱས་པ་བྱ་བའི་དོན་ཡིན་པ་ལ། རྒྱས་པ་ཟེར་ན་དོན་གཞན་ལའང་འཇུག་པས་དྲང་སྲོང་རྒྱས་པ་ཞེས་བླ་དྭགས་སུ་འབོད་པ་ཡིན་འདུག གྲོག་མཁར་ལ་སེར་སྐྱའི་གྲོག་མཁར་དང་དྲང་སྲོང་གྲོག་མཁར་སོགས་ཅི་རིགས་སུ་སྣང་ཡང་།   ཁ་ཅིག་དེ་གཉིས་གང་ཟག་སོ་སོར་བཞེད་པ་དང་། ལ་ལས་གཅིག་ཡིན་པར་བཤད་དོ།། རཱ་མ་ཎའི་གཏམ་རྒྱུད་ཅེས་གྲགས་པའི་གཞུང་སྟོང་ཕྲག་བཅུ་གཉིས་པར་གྲགས་པ་དེ་ཡང་ཐོག་མའི་གསུང་ནི་དྲང་སྲོང་གྲོག་མཁར་བས་མཛད་པར་གྲགས། གལ་ཏེ།  《མདོ་ཏིང་འཛིན་》ལས་བཤད་པའི་དྲང་སྲོང་རྒྱས་པ་དང་གྲོག་མཁར་གཉིས་ནི་མ་ཧཱ་བྷ་ར་ཏ་སྟེ་དྲང་སྲོང་རྒྱས་པ་དང་། རཱ་མ་ཎའི་སྒྲུང་མཛད་མཁན་དྲང་སྲོང་གྲོག་མཁར་ཡིན་ཚེ། དེ་གཉིས་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་དུས་སྐབས་ཀྱི་མི་ཡིན་ཚུལ་ལོ་ཚིགས་རགས་ཙམ་རྟོགས་ནུས་ལ། གལ་ཏེ་གཞན་ཞིག་ཡིན་ན་ཅི་འཚལ།

(8)རྣམ་ཐར་གྱི་གོ་དོན།

ལྡེབ་མ་99-100བར། སྐྱེས་མཆོག་འཇིག་རྟེན་ཕན་ཞིང་ཐུགས་བརྩེ་བས། ། སངས་རྒྱས་ཆོས་རྣམས་རབ་ཏུ་བསྟན་པའང་ཡིན། ། སངས་རྒྱས་དག་གི་སྲས་ཀྱིས་འདི་བཟུང་སྟེ། ། འདི་ནི་རྣམ་ཐར་འདོད་པའི་ལམ་དུ་བསྟན། ། ཏིང་འཛིན་ཞི་བ་མཐོང་དཀའ་འདི་ཐོས་ནས། ། དེ་ལ་བདེ་གཤེགས་སྲས་པོ་དགའ་བར་འགྱུར། ། སངས་རྒྱས་ཡེ་ཤེས་ཡོངས་སུ་རྫོགས་པ་དང་། ། བྱང་ཆུབ་སེམས་དཔའ་མཁས་པ་ཚོལ་བ་འདི། ། རྣམ་དག་སེམས་གཙང་ཉོན་མོངས་མེད་པ་ཡིས། ། ཏིང་འཛིན་ཞི་བ་འདི་ལ་བསྟེན་པར་གྱིས། ། རྒྱལ་བ་བཞིན་དུ་དེ་ཡི་ལུས་དག་སྟེ། ། རྣམ་པར་ཐར་དང་ཡེ་ཤེས་རྣམ་གྲོལ་མཐོང་། ། གོང་དུ་དྲངས་པའི་ནང་དོན་འདི་ནི། རྣམ་ཐར་ཞེས་པའི་མིང་གི་གོ་དོན་དང་འབྲེལ་བའི་གནད་ཚིག་ཅིག་རེད། འདིར་བཤད་པ་ནི་རྣམ་ཐར་གྱི་བརྗོད་བྱ་དངོས་སུ་བསྟན་པར་མ་ཟད་དེ་ལྟར་ལམ་དུ་ཞུགས་ན་ཡེ་ཤེས་མཐོང་གྲོལ་གྱི་གོ་འཕང་ཐོབ་པར་བཤད་ཡོད།     

(9)ཏིང་འཛིན་གྱི་རྩ་བའི་འཇུག་སྒོ་བཅུ།

ལྡེབ་མ128སྟེང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བམ་པོ་དགུ་པ། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོན་པར་གནས་པ་ལྷུར་བྱེད་པ་དག་གི་ཕན་ཡོན་ནི་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བྱ་བ་ཉུང་བར་གནས་པ་དང་འདུ་འཛི་རིང་བ་ནས་ཀྱང་རིང་དུ་སྤོང་བ་དང་དེ་ལ་རྩོད་པ་མེད་པར་འགྱུར་བ་དང་། གནོད་པ་མེད་པར་གནས་པ་དང་ཟག་པ་འཕེལ་བར་མི་བྱེད་པ་དང་རྩོད་པའི་གཞིར་མི་བྱེད་པ་དང་ཤིན་ཏུ་ཞི་བར་སྤྱོད་པ་དང་ཤིན་ཏུ་བསྡམས་པར་གནས་པ་དང་ཐར་པ་དང་འཐུན་པའི་སེམས་ཀྱི་རྒྱུད་དུ་འགྱུར་བ་དང་། མྱུར་དུ་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པ་སྟེ། གཞོན་ནུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོན་པར་གནས་པ་ལྷུར་བྱེད་པའི་ཕན་ཡོན་ནོ། ། གོང་འཁོད་ཀྱི་ནང་དོན་འདི་ནི།《མདོ་ཏིང་འཛིན》་ཞེས་པའི་བརྗོད་བྱ་དང་ཁ་བྱང་སོགས་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་སྟེ།     བསྡུས་ན་དགོན་པར་གནས་པའི་ཕན་ཡོན་བཅུ་ཟེར་ཆོག་གོ།《མདོ་ཏིང་འཛིན》་གྱི་བརྗོད་གཞི་གཙོ་བོ་ནི་སེམས་རྩེ་གཅིག་གིས་ཞི་བར་གནས་པ་དེ་རེད། ཞི་བར་གནས་སྟངས་ལ་རིམ་པ་འདྲ་མིན་དང་ཉམས་ལེན་དང་ཐམས་ལམ་མི་འདྲ་བ་ཅི་རིགས་ཤིག་ཡོད་ནའང་། རྩ་བའི་རྨང་གཞི་ལྟ་བུ་ནི་གོང་དུ་བཤད་པའི་དགོན་པར་གནས་པའི་ཕན་ཡོན་བཅུ་ཟེར་བ་འདི་ལ་ཐུག་ཡོད། ང་ཚོས་ཅིས་ཀྱང་རབ་བྱུང་བསྒྲུབས་ནས་དགོན་པར་བཞུགས་པ་ཡང་འདི་ལ་ཐུག་པ་དང་། རི་ཁྲོད་འགྲིམས་དགོས་པའང་འདིར་ཐུག་ཡོད། མདོར་ན་འདི་ལ་བརྟེན་ནས་སྒྲུབ་ཐབས་དང་ཆོ་ག་སྣ་ཚོགས་ཀྱང་བྱུང་ངོ་།། ཕྱི་རོལ་མུ་སྟེགས་པ་ཚོས་ནང་པ་རྣམས་ཀྱིས་བཤད་པའི་ཞི་བར་གནས་པའི་ཐབས་ལམ་སོགས་ནི། རིག་བྱེད་ཀྱི་གཞུང་ན་བཤད་པའི་ཨུཔནིཤད་(ནགས་ལྡན་གྱི་ཆ་ལ་ཉེར་བར་མཁོ་བ་)བྱ་བ་དེའི་ཆ་ཤས་འགའ་ཞིག་བསྒྱུར་ནས་བཤད་པ་ཙམ་ཡིན་པ་ལས།   སངས་རྒྱས་དང་ཀླུ་སྒྲུབ་ཀྱི་ལྟ་བ་ནི་ཟུར་པ་ཅི་ཡང་མ་ཡིན་ནོ་ཟེར་ཞེས་《གསེར་ཐང》་དུ་བཤད་པས། དེ་དག་ལ་དགོངས་ནས་སངས་རྒྱས་ཀྱིས་འདི་ལྟར་《མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ》་ཞེས་དགོན་པར་གནས་པའི་སྐོར་རྒྱ་ཆེར་དུ་འཆད་པ་ཞིག་ཡིན་འདུག་སྙམ། ལར་བཤད་ན།   མདོ་འདི་བཀའ་བར་མ་དང་མཐའ་མ་གང་ཡིན་ཐད་ནས་བཤད་ཚུལ་འདྲ་མིན་སྣང་ཡང་། རྒྱས་པར་འཆད་པར་བལྟོས་ན་བཀའ་ཐ་མ་ཡིན་པར་བཤད་པ་འདི་བདེན་ངེས་སོ།།

(10)རྒྱལ་བའི་སྐུ་གཟུགས་དང་དོགས་སློང་།

ལྡེབ་མ་155-156བར། སངས་རྒྱས་སྐུ་གཟུགས་ཤིན་ཏུ་མཛེས་པ་དག ། རིན་ཆེན་བྱི་དོར་ལེགས་པར་བྱས་པ་ཡང་། ། བལྟ་ན་སྡུག་ཅིང་ཤིན་ཏུ་བཟང་པོ་གྱིས། ། རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། ། དེ་བཞིན་གསེར་དག་དང་ནི་དངུལ་དག་དང་། ། ཙན་དན་གྱི་ནི་སྐུ་གཟུགས་བཟང་པོ་དག ། མཛེས་ཤིང་ཤིན་ཏུ་བལྟ་ན་སྡུག་པ་གྱིས། ། རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། ། འཇི་བ་དང་ནི་དེ་བཞིན་རྡོ་བ་དང་། ། ཤིང་དང་རི་མོར་བྲིས་པའི་སྐུ་གཟུགས་དག ། མཛེས་ཤིང་ཤིན་ཏུ་བལྟ་ན་སྡུག་པ་གྱིས། ། གོང་འཁོད་ཀྱི་ནང་དོན་འདི་ནི།    ལྷ་རིས་སྒྱུ་རྩལ་ཐད་ནས་གལ་ཆེན་ཞིག་རེད་བསམ། སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཚོ་གཞེས་ཀྱི་སྐབས་སུ་ལྷ་སྐུ་བཞེངས་སྲོལ་ཡོད་མེད་ཐད་ནས་རྩོད་གཞི་ཆེ་ནའང་། འདིར་བཤད་པའི་གསེར་དང་། དངུལ་དང་། ཙན་དན་གྱི་སྐུ་གཟུགས་དག་མཛེས་ཤིང་བལྟ་ན་སྡུག་པ་ཞིག་བཞེངས་ན་དེའི་ཕན་ཡོན་གྱིས་ཏིང་འཛིན་ཐོབ་པ་ཡིན་ནམ། ཡང་ན་དེ་ལྟར་བགྱིས་པ་ནི་ཏིང་འཛིན་ཐོབ་པའི་རྒྱུ་རུ་འགྱུར་བ་གང་རུང་ཡིན་ཞེས་པའི་དོན་ཡིན་འདུག ཙན་དན་ཇོ་བོའི་ལོ་རྒྱུས་ལ་བརྟགས་ན། སྐུ་བརྙན་དེ་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐབས་ནས་བཞེངས་པར་བཤད། ཡ་མཚན་པ་ཞིག་ནི་འདིར་ཡང་ཙན་དན་གྱི་སྐུ་གཟུགས་ཞེས་གསལ། དེ་གཉིས་གཅིག་རེད་ཟེར་བ་མིན་ཡང་། ནང་དོན་འདིས་ང་ལ་དོགས་པ་ཞིག་སྟེར་བྱུང་། ཡང་སྙིང་《མདོ་ཏིང་འཛིན》་འདི་རྒྱ་གར་གྱི་སྐད་ནས་བསྒྱུར་བ་ཡིན་ནམ།  ཡང་ན་རྒྱ་ནག་གི་སྐད་ནས་བསྒྱུར་བ་ཡིན། རྒྱ་ནག་གི་སྐད་ནས་བསྒྱུར་བའི་རྒྱལ་བའི་བཀའ་དག་ལ་བསྟན་བཅོས་དང་བསྲེས་ནས་འགྱུར་ཡོད་པའང་འདུག་པས། གང་ནས་བསྒྱུར་བ་དེ་ཤིན་ཏུ་གལ་ཆེན་པོ་རེད།    དཔེར་ན། རྒྱ་ནག་ནས་བསྒྱུར་བའི་《ལང་ཀར་གཤེགས་པའི་མདོ》་ད་ལྟ་བཀའ་འགྱུར་གྱི་གྲས་སུ་བཞུགས་པ་དེ་ནི། བཀའ་བསྟན་བསྲེས་པའི་གསུང་ཡིན་པར་བཤད་པ་བཞིན་གཞན་དག་ལའང་གནད་དོན་ཡོད་མེད་བརྟག་པར་ཞུ།    

(11)ལུས་སྦྱིན་མཆོད་འབུལ་གྱི་གཏམ་རྒྱུད།

ལྡེབ་མ་186སྟེང་། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བས་བྱིན་ལྷག་པའི་བསམ་པ་ལ་ཞུགས་པ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ཤིང་། བྱང་ཆུབ་ཡོངས་སུ་ཚོལ་བའི་ལག་པ་གཡས་པ་དེ་ལྟར་འབར་ཡང་སེམས་དང་བཞིན་གྱི་མདོག་འགྱུར་བ་མེད་དོ། ། གཞོན་ནུ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བས་བྱིན་གྱི་ལག་པ་གཡས་པ་བསྲེགས་ནས་རབ་ཏུ་འབར་ཞིང་མེར་གྱུར་ཏེ། མེ་ལྕེ་གཅིག་ཏུ་འབར་བར་གྱུར་མ་ཐག་ཏུ་དེའི་ཚེ་ས་ཆེན་པོ་འདི་ཡང་རབ་ཏུ་གཡོས་པར་གྱུར་ཏོ། ། དེའི་ལག་པ་གཡས་པ་འབར་བར་བྱས་པའི་འོད་དེས་མར་མེ་ཡོན་དུ་ཕུལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རྣམས་མོག་མོག་པོར་བྱས་པར་གྱུར་ཏེ། ཕྱོགས་ཐམས་ཅད་དུའང་སྣང་བ་ཆེན་པོ་བྱུང་ངོ་། ། འདི་ཡང་《མདོ་ཏིང་འཛིན》་ནང་གི་རེད། སྔོན་ཞིག་ལ་གྲྭ་བ་ག་གེ་མོ་ཞིག་གིས་རང་གི་དཀྱིལ་མཛུབ་མེར་བསྲེགས་ནས་མཆོད་འབུལ་བྱས་པ་རེད་ཅེས་ཐོས་མྱོང་ཞིང་། ཡང་ལ་ལས་དེ་ནི་ཕྱི་རོལ་མུ་སྟེགས་པའི་ལུགས་སྲོལ་ཡིན་པས་ནང་པའི་གཞུང་ན་དེ་དགག་བྱ་ཡིན་ཡང་ཟེར།《རྦ་བཞེད》་དུ། དྲང་སྲོང་བཟོད་པར་སྨྲ་བས་ལུས་ལ་མེ་བཏང་ནས་ཀྱང་མཆོད་པ་ཕུལ་བས་སེམས་ཅན་ལ་བརྩེ་བའི་བསམ་པས་ཚོགས་བསགས་པ་གལ་ཆེ་ཟེར་བས། རྒྱལ་པོ་ན་རེ་ལུས་ལ་མེ་གཏོང་བའི་བརྩེ་བ་དེ་ཡང་ཆོས་མིན་ནམ་བྱས་པས་རྩེ་མིན་པ་བྱ་བར་གྲགས། སྤྱིར་ལྟ་བ་དང་སྤྱོད་པ་འཛོམ་པའི་ཆོས་གཅིག་ཡིན་པར་རྩེ་མིན་པའི་ལྟར་ཡིན་ནམ་གསུང་པས། སྟོན་མིན་པ་ཡི་ཆད་པ་ལྟར་བྱས་ནས། མ་ཧཱ་ཡ་ནའི་སློབ་མ་ལས། མྱང་ཤ་མིས་རང་གི་ཤ་བཏུབས། སྙ་བྱེ་མ་ལ་དང་། རྔོགས་རིན་པོ་ཆེས་རང་གི་ཕོ་མཚན་བརྡུངས། རྒྱའི་སྟོན་པས་རང་གི་མགོ་ལ་མེ་བཏང་། ཞེས་གསལ་ཞིང་། དེས་ན་རྒྱ་ནག་ཧཱ་ཤང་མ་ཧཱ་ཡཱ་ནའི་ལུགས་ཀྱི་ལུས་དང་སོར་མོ་ལ་སོགས་པ་མེར་བཏང་ནས་མཆོད་འབུལ་བྱེད་པའི་ཁུངས་ནི་འདི་འདྲ་ཞིག་ལ་བརྟེན་ནས་བྱུང་བ་ཡིན་པར་མངོན། གཞན་འབྲུག་པ་པདྨ་དཀར་པོ་སོགས་ཀྱི་བཞེད་སྲོལ་ལྟར་ན་ཧཱ་ཤང་མ་ཧཱ་ཡཱའི་ཅིག་ཅར་གྱི་ལྟ་བ་ཡང་《མདོ་ཏིང་འཛིན》་ལ་ཐུག་པར་བཤད་པས། སྔོན་རྒྱ་ནག་ཏུ་《མདོ་ཏིང་འཛིན》་གྱི་ལྟ་བ་དེ་ཤུགས་ཆེན་པོར་དར་རྒྱུས་བྱུང་བ་ཡིན་འདུག གང་ལྟར། ལུགས་སྲོལ་དེ་ནི་མུ་སྟེགས་པའི་ལུགས་འབའ་ཞིག་ཏུ་ངོས་བཟུང་བ་ནི་མི་འགྲིག་པ་ཞིག་ཡིན་པ་གོང་གི་ནང་དོན་དེས་བདེན་དཔང་ར་སྤྲོད་བྱས་ཡོད།

(12)སྨན་དང་གྲྭ་བ།

ལྡེབ་མ་193སྟེང་ལ། དགེ་སློང་ཞིག་ལ་འབྲུམ་བུ་མེ་དབལ་ནག་པོ་བྱ་བའི་ནད་སྨན་པ་རྣམས་ཀྱིས་ཀྱང་གསོ་དཀའ་བྱུང་སྟེ།    དེ་ནས་ཡུལ་དེའི་རྒྱལ་པོ་དང་བཙུན་མོ། སྲས་དང་སྲས་མོ་སོགས་ཐམས་ཅད་ཀྱིས་དགེ་སློང་དེ་ན་བ་ཤེས་ནས་སྡུག་བསྔལ་བྱེད། སྐབས་དེར་རྒྱལ་པོའི་རྨི་ལམ་དུ། “གལ་ཏེ་དགེ་སློང་འདི་ལ་མིའི་ཤ་དང་ཁྲག་གསར་པ་མ་རུལ་བས་འབྲུམ་བུ་མེ་དབལ་ནག་པོ་འདི་ལ་བྱུགས་ཏེ།    མིའི་ཤ་གསར་པ་མ་རུལ་བ་ལས་རོ་སྣ་ཚོགས་སུ་གཡོས་བྱས་ཏེ་བྱིན་ན་དགེ་སློང་འདི་ནད་འདི་ལས་འཚོ་བར་འགྱུར་རོ་ཞེས་ཟེར་རོ།།” རྒྱལ་པོའི་སྲས་མོ་ཡེ་ཤེས་ལྡན་བྱ་བ་དེས། “རང་གི་གནས་སུ་སོང་ནས་མཚོན་རྣོན་པོ་ཐོགས་ཏེ་ཆོས་ལ་ཞུགས་པའི་ཡིད་ཀྱིས་བདག་གི་བརླ་ལས་ཤ་བཅད་ནས། རོ་སྣ་ཚོགས་དང་ལྡན་པ་གྱ་ནོམ་པར་གཡོས་བྱས་ནས། ཁྲག་ཀྱང་ཐོགས་ཏེ་འཕགས་པ་དེའི་དྲུང་དུ་སོང་ནས་རྒྱལ་པོ་ཡེ་ཤེས་སྟོབས་ཀྱི་མདུན་དུ་འདུག་སྟེ། ཁྲག་གིས་འབྲུམ་བུ་མེ་དབལ་ནག་པོ་དེ་བྱུགས་ནས། གཡོས་ལེགས་པར་བྱས་པའི་ཟས་དེ་དགེ་སློང་དེ་ཟར་བཅུག་སྟེ། འདྲངས་པར་བྱེད་ཅིང་ལེགས་པར་བསྟབས་སོ། །དེ་ནས་དགེ་སློང་དེ་མི་ཤེས་མ་རིག་མ་དོགས་པས་ཟས་དེ་ཟོས་སོ། །ཟས་དེ་ཟོས་མ་ཐག་ཏུ་དགེ་སློང་དེའི་ན་ཚ་ཐམས་ཅད་མེད་པར་གྱུར་ཏེ་ནད་དེ་ཐམས་ཅད་ཀྱང་སོས་སོ། །”ཞེས་གསལ། འདིར་བཤད་པའི་གཏམ་རྒྱུད་འདི་ཡང་《མདོ་ཏིང་འཛིན》ནང་ལས་དྲངས་པ་ཞིག་ཡིན། ནང་དོན་ནི་ཧ་ཅང་གསལ་བས་འགྲེལ་བཤད་ཀྱི་ངལ་བ་མི་དགོས་སོ་སྙམ། འོན་ཏེ།    ནང་དོན་འདིས་དོན་དག་གཞན་ཞིག་གསལ་འདོན་བྱེད་ཀིན་འདུག་བསམ། དེ་ནི་ང་ཚོའི་བོད་སྨན་རེད། བོད་ཡུལ་གྱི་སྨན་པ་ཚོས་མཁྱེན་གསལ་ལྟར།   བོད་སྨན་ལ་ལའི་རྫས་སྦྱོར་དུ་ཤ་ཆེན་ལྔ་ལས་གང་རུང་ཞིག་བསྲེས་ཡོད་པ་གསལ་བོ་རེད། དེས་ན་དེ་ལྟར་བསྲེས་པའི་སྨན་རྣམས་རབ་བྱུང་དགེ་སློང་ཚོས་གསོལ་ཆོག་མི་ཆོག་ཐད་ནས་རྩོད་གཞི་ཡོད་པ་རེད། དགེ་བཤེས་ལ་ལས་ཆང་དང་མི་ཤ་གཉིས་ཀུ་ཤའི་རྩེ་མོ་ཙམ་ཡང་རེག་མི་ཉན་ཟེར། ཁ་ཅིག་གིས་སྨན་དུ་སྤྱོད་པ་ལ་ཉེས་པ་མི་འབྱུང་ཟེར། གང་ལྟར་སྤྱི་ཚོགས་ཐོག་ལ་ད་ལྟའི་བར་བཤད་ཚུལ་འདྲ་མིན་ཡོད་རེད།    དེས་ན་གོང་གི་《མདོ་ཏིང་འཛིན》་ལས་བཤད་པའི་གཏམ་རྒྱུད་དེར་དཔགས་ན་ཟ་ཆོག་པར་འདོད་དེ། ཡིན་ནའང་། ཟ་མཁན་གྱིས་ཅི་ཞིག་གི་ཤ་ཡིན་པ་མ་ཤེས་པའི་ངང་ནས་ཡིན་དགོས་ས་རེད། གཞན་དུ། ཤ་ཆེན་བདུད་རྩིའི་སྦྱོར་བ་ནི། ། རྣལ་འབྱོར་ལྡན་པ་རྣམས་ཀྱིས་བཟའ། ། ཞེས་སྔགས་ཀྱི་ཆོ་ག་རྣམས་ལས་བཤད་པ་དག་ཀྱང་བདུད་རྩི་དངོས་གྲུབ་ཀྱི་ཚུལ་དུ་ཟ་ཆོག་པ་ཞིག་པ་ལས་དེ་མིན་མི་རུང་བར་བཤད་པས། བླང་དོར་གྱི་དབྱེ་བ་འབྱེད་ཤེས་རྒྱུ་གལ་ཆེའོ།།

དེ་ལྟར་ཟིན་ཐོ་འདི་ནི་ཉིན་གཉིས་ཀྱི་རིང་ལ་《བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུས་ཞུས་པའི་མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་བཞུགས་སོ》་ཞེས་པ་སྐུ་རིམ་ལ་དམིགས་ནས་ཀློག་འདོན་བྱེད་སྐབས། ནང་དོན་འགའ་རེ་མིག་ལ་ཐོགས་པའི་ཚོར་བ་བན་བུན་ཙམ་ལ་རྐྱེན་བྱས་ཏེ་ཟིན་ཐོའི་ཚུལ་དུ། ཚངས་དབང་དགེ་འདུན་བསྟན་པས་སྤྱི་ལོ་2020ལོའི་སྤྱི་ཟླ་2པའི་ཚེས་15ཉིན་ལ་བྲིས་པ་དགེའོ།།