གཅིག

དཔའ་ཞིང་རྟུལ་ཕོད་པ། གཞུང་རྒྱུད་མདའ་ལྟར་དྲང་བ། བློ་དང་སྤོབས་པ་ཅན་གྱི་མེས་པོ་ཚོའི་གྲིབ་གཟུགས་བདག་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་། མིག་གིས་མཐོང་ཚད་ཅིག་ན་མུན་པོ་ཤིན་ཏུ་སྟུག་པོ་ཞིག་གིས་ས་ཆེན་འགེབ་པར་ངེས་པ་ལྟར་ཚུར་ཕྱོགས་སུ་རིམ་གྱིས་ཁྱབ་ནས་འོང་གིན་འདུག ཚུལ་དེ་ནི་སྙིང་ལ་འཇིགས་སྣང་བརྒྱ་ཕྲག་དུས་གཅིག་ཏུ་སྟེར་བའི་སྣང་ཚུལ་སྐྱི་གཡའ་བ་ཞིག་རེད། ཐབས་ཤེས་ཙམ་ལྷག་པ་ནི་ཏག་ཏག་རྒྱང་རིང་དུ་བཞུད་ཚར་བའི་མེས་པོ་དྲིན་ཅན་ཚོ་སྐད་གསེང་མཐོན་པོས་ལན་འགར་འབོད་རྒྱུ་དེ་ཡིན་ན་ཡང་། གསལ་ལ་མི་གསལ་བའི་ཨ་ལན་ལྟ་བུ་ཞིག་ལས་གང་ཡང་ཐོས་རྒྱུ་མེད་པ་དེས་འཇིགས་སྣང་ལྷག་པར་དྲག་ཏུ་ཕྱིན། མུན་པོ་སྟུག་པོ་དེ་ཉིད་ཇེ་ཉེ་ནས་ཇེ་ཉེར་ཕྱིན་པ་དང་མཉམ་དུ། སྔར་ཐོས་མ་མྱོང་བའི་ལྷ་འདྲེ་གང་རུང་གི་སྐད་བརྡ་སྣ་ཚོགས་ཤིག་ཀྱང་བྲེད་ཤ་ལངས་པའི་གདངས་དབྱངས་ཤིག་ལ་དྲངས་ཏེ་རིམ་གྱིས་རྣ་ལམ་དུ་སོན། སྙིང་ཆུང་མཚམས་མི་ཆད་པར་སྟིག་སྟིག་ལྡང་ཞིང་ཐ་ན་སྐྲ་རྩེ་རེ་རེ་ནས་ཀྱང་རྔུལ་ཆུ་ཐིགས་པ་ལྟ་བུའི་ཚོར་སྣང་བྱུང་། ཅི་བྱ་ཅི་བྱ། ད་ནི་ཅི་ཞིག་བྱེད་དགོས་སམ། གློ་བུར་དུ་གཉིད་ལས་སད་བྱུང་། འཇིག་རྟེན་དཀར་ནག་གཉིས་ཀྱི་མཚམས་སུ་འདས་ལོག་ཐེངས་གཅིག་བྱས་པ་ལྟར་ཡུད་ཙམ་ལ་མགོ་བོ་བསྐྱོར་ནས་སྡོད་དགོས་པ་ཞིག་བྱུང་ཞིང་། མིག་གཉིས་ཕུར་ཞོར་དུ་དུས་ཚོད་དང་ཟླ་ཚེས་ལ་ལྟ་སྐབས་ཏག་ཏག་གཉིད་དུ་ཤོར་ནས་ཉིན་ཞག་ཁ་ཤས་ལྷག་སོང་འདུག དྲན་པ་ནི་རབ་རིབ་འབའ་ཞིག་ཏུ་གྱུར་བས། རང་ཉིད་གང་ནས་འོངས་ཤིང་སུ་ཞིག་ཡིན་མིན་ཡང་འཕྲལ་དུ་ཡིད་ལ་ཤར་དཀའ་ཞིང་། སྨྲ་སྒོ་ཆུང་ཆུང་དེ་ཡང་བསྡམས་དྲགས་ནས་ཡུན་རིང་སོང་བས་ད་ལྟ་རང་ཉིད་ལྐུགས་པ་ཞིག་ཏུ་འགྱུར་ལ་ཉེ་བའང་གཞི་ནས་ཚོར། ད་ནི་སེམས་པ་རྣལ་དུ་ཕབ་ནས། ཁྱེད་ནི་སུ་ཞིག་ཡིན། གང་ནས་འོངས། ཅི་ལ་དགའ། ཇི་ལྟར་འཚོ་ཟེར་བ་ལྟ་བུའི་དྲི་བ་གནད་འགག་ཅན་འདི་དག་ལ་ལན་འཁྲུལ་མེད་ཅིག་འབུལ་འདོད་གཏིང་ནས་སྐྱེས། 

གཉིས། 

ང་ནི་མཚོ་བོད་མཐོ་སྒང་ནས་སྐྱེས་པའི་ངོ་གདོང་སྨུག་པོ་ཅན་དེ་ཡིན་ལ། ངའི་རྐང་ལག་སྙི་མོ་ཐོག་མར་བདར་ནས་གོག་བགྲོད་བྱེད་ས་ནི་མཐའ་ཡས་པའི་རྩྭ་ཐང་ཆེན་མོ་དང་། ངའི་མིག་ཟུང་འདིས་ཐོག་མར་མཐོང་བའི་རྒྱང་རིང་ནི་གནམ་མཐའི་སྤྲིན་དཀར། གཡང་དཀར་ལུག་ཁྱུ། སྒོ་ཁྱི་བཙན་པོ། སྦྲ་ནག་གྲུ་བཞི། ད་དུང་ནོར་ནག རྟ་དང་རྟེའུ། ན་དང་སྤང་གི་དཀྱིལ་དུ་འབབ་པའི་ཆུ་ཕྲན་གཙང་མ་སོགས་རེད། ངའི་རྣ་ཅོག་ཟུང་གི་ཡུལ་དུ་ཐོག་མར་སླེབས་པ་ནི། ཉི་འོད་འོག་གི་ལུག་ཁྱུ་དང་ལུ་གུའི་འབའ་སྐད། འབྲི་གཡག་གི་ངུར་སྒྲ། སྐབས་རེར་རྟ་ཕོའི་མཚེར་སྐད། སུ་ཞིག་གི་གྲིབ་མ་མཐོང་འཕྲལ་བྲེལ་འཚུབ་ཀྱིས་ཡར་ལངས་འོང་བའི་སྒོ་ཁྱིའི་ཟུག་སྐད། ད་དུང་མཚན་མོར་ཡང་སྒོ་ཟོག་རྣམས་ཀྱིས་ལྷས་ར་ན་ཅི་ཞིག་ཧྲུག་ཧྲུག་ཧྲུག་ལྡད་ཀྱིན་པ་དང་། ནངས་དགོང་རྟག་པར་ཨ་ཕའི་བསང་འབོད་དང་ཨ་མས་སྒོ་ཕྱི་ཁྱིམ་བར་ན་ཆད་མེད་དུ་ཟློ་བའི་མ་ཎིའི་མགུར་དབྱངས་སོགས་རེད། ང་ནི་གནས་ཡུལ་འདི་འདྲ་ཞིག་ནས་སེམས་ཅན་འདི་དག་དང་མཉམ་པོར་ནར་སོན་པས། ང་ཚོར་ཐུན་མོང་གི་འདྲ་མཚུངས་ཀྱི་ཆའང་ཤིན་ཏུ་མང་པོ་ཞིག་ཡོད་དེ། བདག་བློ་ཁོག་ཆེ་བ་ནི་ཡངས་པའི་རྩྭ་ཐང་དུ་སྡོད་དྲགས་པས་ཡིན་ཞིང་། གཞུང་རྒྱུད་དྲང་བ་ནི་གཡང་དཀར་ལུག་ཁྱུ་དང་འགྲོགས་ཡུན་རིང་བས་ཡིན། ཞུམ་མེད་ཀྱི་སྙིང་སྟོབས་ཡོད་པ་ནི་ནོར་ནག་གི་རྫི་བོར་ཡུན་རིང་སོང་བས་ཡིན་ལ། སུ་ཡིན་ཡིན་ལ་བློ་གཏོད་མི་བྱེད་པའང་འབྲོག་ཁྱི་རྒྱ་སྟག་ཚོ་དང་མཉམ་དུ་ནར་སོན་པས་ཡིན། འོ། ངས་བརྗེད་འདུག ད་དུང་མང་། དཔེར་ན། དབྱར་དགུན་སྟོན་དཔྱིད་ཀྱི་དབྱེ་བ་མེད་པར། ཞོགས་པར་མལ་ལས་སད་མ་ཐག་མར་ཕྱུར་རྩམ་གསུམ་དང་འོ་ཇ་ལྷད་མེད་འདོད་འདོད་དུ་ཡོད་ཅིང་། ཉལ་ཁར་རྒྱུན་དུ་འབྲི་ཞོ་ལ་སེར་སྣ་བྱེད་མི་དགོས་པར་བཏུང་རྒྱུ་ཡོད། མཚོ་བོད་མཐོ་སྒང་ཞེས་པ་ནི་འདི་འདྲ་ཞིག་སྟེ། ད་ལྟ་རྩྭ་ཐང་དུ་རྨི་ལམ་གཏོང་བའི་ཞག་གཅིག་ཀྱང་ང་ལ་མཚོན་ན་ཆེས་དོན་སྙིང་ཟབ་པའི་བདེ་སྐྱིད་ཅིག་རེད། འདི་དག་ནི་བདག་ཁོ་ནའི་མི་ཚེ་གཅིག་ཙམ་ལ་ཐོབ་ཅིང་རྙེད་པའི་ལོངས་སྤྱོད་ཅིག་མིན་པར། བདག་གི་འདས་ཟིན་པའི་མེས་པོ་ཁོང་ཚོ་ཚང་མའང་འདི་ལྟར་རྩྭ་ཐང་ནས་སྐྱེས་ཤིང་རྩྭ་ཐང་ནས་འགྲེངས། རྩྭ་ཐང་ནས་བགྲངས་ཤིང་རྩྭ་ཐང་ནས་བསྡད། རྩྭ་ཐང་ནས་དར་ཞིང་རྩྭ་ཐང་ནས་རྒས། རྩྭ་ཐང་ལ་འཁྲེང་བཞིན་རྩྭ་ཐང་ནས་ཆས་སོང་བ་རེད། 

གསུམ། 

བྱིས་དུས་སུ་ཨ་ཕས་དབྱར་གཞུང་གི་མཚན་མོ་རེ་རེར་ང་རང་སྒོའི་ཕྱི་རོལ་ཏུ་ཁྲིད་ནས་སྐར་མ་མང་པོ་བརྩི་རུ་བཅུག་མྱོང་། མཐོ་སྒང་གི་མཚན་མོའི་རོལ་མྱོང་ཆེས་ཕུན་སུམ་ཚོགས་པ་ནི་མིག་གཉིས་མཁའ་དབྱིངས་སུ་གཏད་དེ་ཟླ་བའི་དབྱིབས་འདྲ་མིན་ལ་ཞིབ་རྟོག་དང་སྐར་མ་སོ་སོའི་ཆེ་ཆུང་། རྒྱུ་སྐར་གཅིག་ལས་གཅིག་གི་མཚར་སྡུག་ལ་བསམ་བློ་གཏོང་བཞིན་སྡོད་པ་དེ་ཡིན། ང་ནི་གོམ་གང་མ་སྤོས་ཀྱང་འཇིག་རྟེན་ཁམས་ཆེན་མོའི་མཛེས་སྡུག་ཡིད་དབང་འཕྲོག་པ་དེར་རྟག་ཏུ་རོལ་ཆོག འདི་ནི་མཐོ་སྒང་ཁོ་ནར་ད་གཟོད་གཞན་དང་མི་འདྲ་བའི་ཚོར་སྣང་ཞིག་ཡོད་དེ། ཁུ་སིམ་སིམ་ངང་མིག་ཟུང་ནམ་མཁར་གཏད་དེ་སྡོད་སྐབས། ཚ་གདུག་གིས་ཉིན་གང་བོར་ངལ་བའི་རྩྭ་ཐང་དང་རྟ་ནོར་ལུག་གསུམ་གཉིད་དུ་ཡུར་བའི་སྔུར་བ་ཡང་མོ་ཞིག་ག་ལེར་ཚོར་ཡོང་ཞིང་། རླུང་བུ་འཇམ་པོ་ཞིག་ཀྱང་གཡས་གཡོན་གང་རུང་ནས་ངོ་གདོང་བརྒྱུད་དེ་འགྲོ་སྐབ། འཁྲུག་ཉེན་ཆེ་བའི་སེམས་པ་དེ་ཡང་འཕྲལ་དུ་བག་ཕེབས་དང་ཁུ་སིམ་སིམ་ཞིག་ཏུ་འགྱུར་ཡོང་། ངས་བརྗོད་འདོད་པ་ནི་མདོར་བསྡུས་ན། རྩྭ་ཐང་དུ་བྲེལ་བ་མེད། རྩྭ་ཐང་དུ་སྐྲག་སྣང་མེད། རྩྭ་ཐང་དུ་གོ་མ་མྱོང་བའི་སྐད་སྒྲ་གཞན་ཡང་མེད། སྒོ་ཁྱིས་ཞག་གང་བོར་ཟུག་པ་དང་ལྷས་ར་ནས་ཚོད་ཚོད་ལ་སྒོ་ཕྱུག་ཚོས་འབའ་སྒྲ་རེ་སྒྲོག་སྐབས་གཉིད་ལས་བསླངས་ཡོང་ནའང་། འདི་དག་ཡོད་ཚད་ནི་ང་ལ་ཆ་རྒྱུས་མེད་པའི་སྐད་སྒྲ་ཞིག་གཏན་ནས་མིན་སྟབས། རྩྭ་ཐང་ཁོ་ནར་ད་གཟོད་ང་རང་སེམས་བདེ་བག་ཕེབས་ཀྱིས་གཉིད་དུ་ཡུར་ཆོག རྩྭ་ཐང་ནི་བདག་ཅག་ལ་རིང་མོ་ཞིག་ནས་བཀའ་དྲིན་ཤིན་ཏུ་ཆེ་སྟབས། ནམ་ཞིག་བདག་མིག་ཟུང་ཀེམ་ཀེམ་ངང་འཇིག་རྟེན་འདིར་གྱེས་དུས་ཀྱང་། བདག་གི་ཡིད་ལ་ཆེས་ཐོག་མར་འཁོར་འོངས་པ་ནི་རྩྭ་ཐང་འདི་ཡིན་ཞིང་། བདག་བློ་ཆེས་མི་བདེ་བར་བྱེད་མཁན་ཡང་རྩྭ་ཐང་འདི་ལས་གཞན་གང་ཡང་མིན། ངས་དུས་རྒྱུན་དུ་ང་དང་རིགས་མཐུན་གྱི་སྤུན་ཟླ་རྣམས་སྔར་བཞིན་རྩྭ་ཐང་དུ་འཚོ་ཐུབ་པའི་སྨོན་ལམ་འདེབས་བཞིན་ཡོད་ལ། བདག་གི་མི་རབས་རྗེས་མའི་རྗེས་མ་རྣམས་ནི་སྔར་བཞིན་རྩྭ་ཐང་གི་མ་འོངས་པའི་བདག་པོར་འེ་འགྱུར་གྱི་རེ་བ་ཤུགས་ཆེར་བྱེད་བཞིན་ཡོད། 

བཞི། 

ཡིད་ཆེས་ཕངས་པ་ཞིག་ནི། ད་ལྟ་ངའི་རྩྭ་ཐང་རྒས་ཀྱིན་འདུག མིག་ཟུང་ཕྱོགས་བཞིར་གཏད་དེ་ཡུན་རིང་བསྡད་ཀྱང་སྔོན་ཆད་ལྟ་བུའི་གཡང་དཀར་ལུག་ཁྱུ་མཐོང་རྒྱུ་མི་འདུག འབྲི་གཡག་རྔ་རྩིད་ཅན་དེ་ཚོའང་གང་ན། འབྲོག་ཁྱི་སེང་གེ་འདྲ་བ་དེ་ཚོའང་གང་ཞིག་ཏུ་ཆས་སོང་། ད་ལྟ་རྩྭ་ཐང་གི་རླུང་བུ་བསིལ་འཇམ་འཇམ་དེ་ཡང་གང་ཞིག་ལ་བྲེལ་འཚུབ་ཀྱིས་རྒྱུ་བ་འདྲ་ཞིང་། རྩྭ་ཐང་གི་ཕང་བར་འཁྱིལ་བའི་མཚེའུ་དྭངས་མོ་དེ་དག་ཀྱང་སྐོར་དང་སྐོར་བྱས་ཏེ་གང་ཞིག་ལ་བྲེལ་བས་བཞུར་གྱིན་པའི་སྣང་བ་སྟེར། དུས་རྒྱུན་དབྱར་གཞུང་ལ་སླེབས་པ་ན་སྦྲ་ནག་གི་སྒོ་ཁར་ཙོག་བུར་བསྡད་དེ། འོ་ཇ་ལྟེམས་ལྟེམས་རེ་འཐུང་ཞོར་ཁ་བརྡ་གློད་མཁན་གྱི་རྒད་པོ་དེ་ཚོའང་མཐོང་ཐོས་བྲལ། རྩྭ་ཐང་གི་སྣོད་བཅུད་ལ་བག་ཕེབས་ཀྱི་ཚོར་སྣང་ངང་གིས་སྟེར་བའི་གླུ་སྐད་དེ་དག་ཀྱང་གོ་ཐོས་བྲལ། ཀྱེ་མ། ད་ནི་བདག་གི་མ་ཡུམ་ལྟ་བུའི་རྩྭ་ཐང་དངོས་གནས་ཁེར་རྐྱང་དུ་ལུས་འདུག ལོ་དེའི་དབྱར་གཞུང་ཞིག་ལ་ང་རང་ཕ་ཡུལ་གྱི་དབྱར་ས་གོས་གདན་འདྲ་བར་བལྟ་རུ་སོང་། སྤྲིན་པ་ཐར་ཐོར་ཞིག་དང་ཉི་འོད་འཇམ་པོ་ཞིག་ལས་གཞན་ཅི་གང་ཡང་ཚོར་རྒྱུ་མི་འདུག་པས། སྐད་ཅིག་དེར་ངས་ཁེར་རྐྱང་གི་སྡུག་ཡུས་ཤིག་ག་ལེར་ཐོས་ཤིང་ལུས་པོ་ས་ལ་གླན་ཏེ་རྩྭ་ཐང་གི་མིག་ཆུ་རེ་རེ་ཧུབ་ཀྱིས་མིད། ཚེ་རབས་ནས་ཚེ་རབས་སུ་དྲིན་གྱིས་བསྐྱངས་པའི་མ་ཡུམ་སྡུག་བསྲན་ཅན་དེ་ད་ལྟ་དངོས་གནས་ཁེར་རྐྱང་དང་སྤྲང་བོར་གྱུར་འདུག མཐའ་ཡས་ཁོད་ཡངས་ཀྱི་རང་ཁྱིམ་གོས་གདན་འདྲ་བ་འདི་བཞག་ནས། ཁོ་ཚོ་གང་ཞིག་ལ་བསམ་བཞིན་འཚང་ཁ་རྒྱག་ཏུ་བུད་སོང་། རྩྭ་ཐང་གི་བྱམས་སྐྱོང་དང་བྲལ་བ་ནས་བཟུང་། ཁོ་ཚོའི་གཞུང་དྲང་གི་གཤིས་ཀ་དང་ངང་རྒྱུད། བཟོད་བསྲན། དཀྱེལ་ཡངས། བློ་དཀར། འཛུམ་མདངས། དམར་སྨུག་གི་ངོ་གདོང་ཞིག་ལས་རྟག་ཏུ་མཐོང་ཐུབ་པའི་མཛེས་པ་འདི་དག་ཀྱང་འཚང་ཁའི་ཁྲོད་ནས་བོར་ཟིན། གོ་ཐོས་སུ་ཕྱི་རོལ་གྱི་འཚོ་བ་ནི་སྤྱང་གྲུང་དང་གཡོ་ཇུས། ཁེ་བཟང་ཁོ་ནའི་རིག་པ་སྤྱད་དེ་ལོངས་སུ་སྤྱོད་དགོས་པ་ཞིག་ཡིན་ཙང་། ཁོ་ཚོའང་རིམ་བཞིན་དེ་ལ་ལོབས་ཤིང་རང་ཉིད་ཁོ་ནར་བདག་པ་རྣམས་ཀྱང་དེ་ལྟར་ཕངས་མེད་དུ་བསྐྱུར། ད་ལྟ། ཁོ་ཚོས་འགྲུལ་བ་བརྒྱ་སྟོང་ལ་སྒོ་ཆེན་གཅིག་ལས་མེད་པའི་ཁང་མིག་དོག་པོ་རེ་རེ་ན་འཚོ་བ་རོལ་བཞིན་ཡོད། སྡུག་གྱོང་། རྩྭ་ཐང་གིས་ཁྱེད་རང་བསྡད་མི་ཆོག་པར་བཤད་མ་མྱོང་ལ་སུ་ཞིག་གིས་ཁྱེད་རང་བཙན་གྱིས་ཁྲིད་མྱོང་མེད། ད་ལྟ། ཁོ་ཚོས་ནངས་མོ་རེ་རེར་རྫས་ངན་ཀྱིས་བསླད་པའི་འོ་མ་དང་མར་ཕྱུར་ཉོ་བཞིན་ཡོད། སྡུག་གྱོང་། འོ་ཞོ་དང་འབྲི་མར་སོགས་ལ་དེ་འདྲའི་དགའ་བོ་ཡོད་ན་ཁྱེད་ཀྱིས་རང་གི་སྒོ་ཕྱུགས་རྣམས་ཅིའི་ཕྱིར་རྩ་མེད་དུ་བཏང་བ་ཡིན། ད་ལྟ། ཁོ་ཚོས་སྐམ་ཤ་དང་ལུག་ཤའང་ཉོ་བཞིན་ཡོད་ཅིང་དོགས་པ་དང་རྣམ་རྟོག་གིས་ཟ་བཞིན་ཡོད། ངོ་མས་སྡུག་གྱོང་རེད། འདི་དག་ཡོད་ཚད་སུ་ཞིག་གིས་ཁྱེད་ལ་བཙན་གྱིས་བཀོད་སྒྲིག་བྱས་པ་མ་རེད། ཨུ་ཧུ་ཧུ། 

ད་ནི་ང་ལ་མེས་པོ་ངོ་མ་ཞིག་ཡོད་དམ། ད་ནི་ང་ལ་ཕ་ཡུལ་ཞིག་ལྷག་གམ། ད་ནི་ང་རང་དུད་ནག་གིས་གཡོགས་ཤིང་མི་ཚོགས་ཀྱིས་ཁེངས་པའི་གྲོང་ཁྱེར་འདི་བསྐྱུར་ནས། བྲེལ་བ་དང་རྔམས་པས་བསྙེགས་ཏེ་སོང་ཆོག་པའི་རང་ཡུལ་ཞིག་ཡོད་དམ། ད་ནི་ཉིན་རེ་བཞིན་མཐོང་མ་མྱོང་བའི་ངོ་གདོང་ཁྲི་ཕྲག་འཚོས་ནས་ཅི་ཙམ་ཞིག་སུན་ཡང་། མགོ་བོ་མལ་ཐུལ་གྱིས་བཀབ་སྟེ་འདུག་པ་ལས་རྟ་ནོར་ལུག་གསུམ་བརྒྱ་སྟོང་གི་རྫི་བོར་འགྲོ་ས་ཞིག་ང་ལ་ཡོད་དམ། ད་ནི་ཁོག་པ་དང་ཁོག་པ་འདྲི་ཞིང་གནོད་སེམས་ཀྱིས་དྲངས་པའི་འཛུམ་མདངས་རལ་གྲི་འདྲ་བ་དག་ལ་ཅི་ཙམ་ཞིག་ཞེད་ཀྱང་། མ་དགའ་ན་ཐད་ཀར་ཟུག་ཅིང་དགའ་ན་རྟག་ཏུ་འཁྲིས་སུ་སྡོད་པའི་འབྲོག་ཁྱི་རྒྱུད་དྲང་དེ་ཚོབསྙེགས་ནས་འགྲོ་ས་ཞིག་ཡོད་དམ། ད་ནི་ཐེངས་གཅིག་བལྡད་ཅིང་བཏུང་ན་སླར་ཡང་ཡི་ག་མེད་པའི་གྲོང་ཁྱེར་གྱི་བཟའ་བཏུང་འདི་དག་ལ་དོགས་སྣང་ཅི་ཙམ་ཞིག་ཆེ་ཡང་། སུ་ཞིག་གི་ཁ་རླངས་ཀྱང་ཕོག་མ་མྱོང་བའི་མར་ཕྱུར་རྩམ་གསུམ་སོགས་ཡིད་ལ་གནག་བཞིན་འགྲོ་ས་ཞིག་ཀྱང་ཡོད་དམ། མེད། གང་ཡང་མེད། གཅིག་ཀྱང་མེད། འོ། འདི་ང་མ་རེད། ང་གཅིག་པུ་མ་རེད། ང་ཚོ་ཚང་མ་འདི་ལྟར་ལོག་ཆོག་པའི་ཕ་ཡུལ་ཞིག་ད་ནི་མེད། 

ལྔ། 

སྔོན་ཆད་ངས་མཚོ་བོད་མཐོ་སྒང་གི་ཡིད་དབང་འཕྲོག་པའི་འདྲ་པར་དེ་དག་ལ་མཛུབ་མོས་བཙུགས་ནས། དེ་ནི་ངའི་ཕ་ཡུལ་རེད་ཅེས་ང་རྒྱལ་དང་སྤོབས་པས་མི་རིགས་གཞན་དག་ལ་བཤད་མྱོང་། སུམ་རྩེན་ལྷ་ཡི་སྐྱེད་ཚལ་མི་ཡུལ་དུ་བབས་པ་འདྲ་བའི་མཐོ་སྒང་གི་དབྱར་ཁའི་རྣམ་པ་དེས། ཁོ་ཚོའང་འགའ་ཞིག་ཧམ་པ་དང་འགའ་ཞིག་ཡིད་སྨོན། རེ་འགའ་བྲེལ་ཤ་ལངས་ཡོད་པར་ང་ལ་དོགས་པ་མི་འདུག སྔོན་ཆད་ང་རང་མི་རིགས་གཞན་དང་གཞན་ལ་འཕྲད་དུས་མཛུབ་མོ་འཛུག་ས་མང་པོ་ཡོད། དཔེར་ན། དེ་ནི་ངའི་ཕ་ཡུལ་རེད། ང་རང་དེ་ནས་འཚར་ལོངས་བྱུང་ཟེར་བ་ལྟ་བུ་དང་། དེ་ནི་ངའི་སྒོ་ཟོག་རེད། མར་ཕྱུར་འོ་ཞོ་ཆད་མེད་དུ་གནང་སྟེ་ང་རང་སྐྱོང་མཁན་ཁོ་ཚོ་ཡིན། དེ་ནི་ངའི་སྤུན་ཟླ་རེད། ཅང་ཤེས་རྒོད་པོར་བཅིབས་ནས་དཔའ་རྩལ་ངོམས་རྒྱུ་ཁོ་ཚོའི་དགའ་ཕྱོགས་ཡིན། གདོང་བ་སྨུག་པོ་ཅན་གྱི་ཁོ་ཚོ་ནི། སྙིང་རྗེ་ཆེ་ལ་དད་པ་བརྟན། གཞུང་རྒྱུད་དྲང་ལ་བློ་ཁོག་ཡངས། ཧམ་པ་ཆུང་ལ་ཆོག་ཤེས་ལྡན། འཚོ་བ་སྡུག་པོ་ཡོད་རུང་མེད་རུང་སེམས་པ་ནི་རྟག་ཏུ་སྤྲོ་སྣང་གིས་ཁེངས་ཡོད། ད་དུང་མང་། ཁྱེད་ཚོར་མཉན་འདོད་ཡོད་ཚེ་ངས་རང་གི་ཕ་ཡུལ་གྱི་གཏམ་རྒྱུད་སྐོར་ཞིག་བཤད་ཆོག ང་ཚོར་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཀྱིས་རྨང་འདིངས་པའི་རིག་གཞུང་ངོ་མཚར་བས་སྣེ་ཁྲིད་དེ་ཤེས་རིག་སྣ་མང་དར་ཡོད་ལ། དེ་བཞིན་འཕྲོད་བསྟེན་སོགས་ལའང་རང་གི་འཚོ་གནས་དང་འཕྲོད་པའི་བཟའ་བཏུང་དང་ལག་ཆའི་སྐོར་གནའ་མི་ཚོས་མང་པོ་དར་བར་བྱས་ཡོད། དཔེར་ན། བོད་ཇ་ཞེས་པ་ང་ཚོས་བཏུང་བྱ་ཤིན་ཏུ་ཡག་པོ་ཞིག་ལ་བརྩི་བཞིན་ཡོད་ཅིང་། དེ་ལ་འོ་ཇ་དང་དཀྲུགས་ཇ། མངར་ཇ། ཇ་ཐང་ཟེར་བ་སོགས་སྣ་མི་འདྲ་བ་མང་པོ་ཡོད་པར་མ་ཟད། སྤྱིར་ཞིམ་ལ་མངར་བ་དང་དེང་གི་ནུས་རྫས་འདྲ་མིན་གྱིས་ཅུང་ཟད་ཀྱང་བསླད་ཞུགས་མེད་པས་རྒྱུན་དུ་བཏུང་རུང་ལུས་ཀྱི་འཕྲོད་བསྟེན་ལ་གནོད་པ་བཟོ་དོགས་གང་ཡང་མེད། བོད་ཇ་ནི་མཚོ་བོད་མཐོ་སྒང་དུ་འཚོ་བའི་མི་རྣམས་ལ་ལྷག་ཏུ་འཕྲོད་ཅིང་ས་མཐོའི་གནམ་གཤིས་ཀྱི་གྲང་ངར་སོགས་རང་བྱུང་གི་ཆ་རྐྱེན་གྱིས་གཙེས་པའི་མི་རྣམས་ཀྱིས་འདི་འཐུང་ན་ལུས་ཀྱི་ཤ་དྲོད་རྒྱས་ཤིང་། ཁ་ཟས་ཀྱི་ཞུ་སྟོབས་གསོ་བ། ཆམ་རིམས་དང་གྲུམ་བུ་རུས་གཟེར་གྱི་ནད་སོགས་ཀྱང་སྔོན་འགོག་བྱེད། བོད་མིའི་མེས་པོ་རྣམས་སྔ་མོའི་དུས་ནས་བཟུང་འོ་ཇ་འཐུང་བར་གོམས་པ་དང་དེ་ལ་དགའ་ཞེན་ཆེན་པོ་ཡོད་པའང་བོད་རིགས་འཚོ་སྡོད་བྱེད་པའི་ས་བབ་གནམ་གཤིས་སོགས་དང་འབྲེལ་བ་ཤིན་ཏུ་ཡོད་པའི་རྐྱེན་ཡིན་པར་གླེང་། འོ་ཞོ་འབྲི་མར་སོགས་ཀྱི་ཁྱད་ཆོས་དེ་དག་དེང་སང་མི་ཤེས་པ་ཕལ་ཆེར་མེད་པས་ངས་བཤད་དགོས་དོན་མེད། དེ་མིན་སྔོན་ཆད་རྒྱུན་དུ་སྤྱོད་ཀྱིན་པའི་ལག་ཆའང་གྲི་ལྟ་བུར་མཚོན་ན་གློ་གྲི་དང་སྐེད་གྲི་རུམ་གྲི་སོགས་ཡོད་ལ། ལ་ལ་ནི་ཤ་བཟའ་བྱེད་དང་ལ་ལ་ནི་རང་སྲུང་གི་མཚོན་ཆ་ཡིན། དེ་བཞིན་འབྲོག་པ་རྣམས་མེ་མདར་ཡང་ཤིན་ཏུ་དགའ་བོ་ཡོད་ལ། བོད་མདའ་ཞེས་པའི་མིང་ཟུར་བ་ཞིག་ཀྱང་ཕྱིས་སུ་བྱང་འབྲོག་མང་ཚོགས་ཁྲོད་ཡོངས་སུ་ཁྱབ་ཡོད། བོད་མདའ་ལ་སྔོན་ཆད་དུས་ཟིང་སྣ་ཚོགས་ཁྲོད་ཀྱི་དམག་འཐབ་ནུས་པ་དང་རྒྱུན་ལྡན་གྱི་རྔོན་རྒྱག་སོགས་ལ་གྲི་ལས་ཀྱང་ལྷག་པའི་ནུས་པ་ཡོད་པས་བོད་མི་ཚོས་བོད་མདར་ཤིན་ཏུ་གཅེས་སྤྲས་དང་དགའ་བོ་བྱེད་བཞིན་ཡོད་ཅིང་། བོད་མདའི་དབྱིབས་དང་མཆུ། ཁ་མདོག་སོགས་ལའང་མིང་གི་བཤད་པ་སྣ་ཚོགས་བྱས་ཡོད། མཚོན་ཆ་འདི་དག་གིས་ནི་གནའ་རབས་མཐོ་སྒང་བ་རྣམས་ཀྱི་འཚོ་བའི་ཟུར་གཅིག་གསལ་བར་མཚོན་ཡོད་པས། ད་ལྟ་དགོས་མཁོ་ཡོད་མེད་གང་ལྟར་ཡང་ང་ཚོ་གླེང་རྒྱུར་དགའ་བ་ལ་ནི་ཁག་ཅི་ཡོད། ད་དུང་བོད་མིའི་ལག་ཆ་ཆེས་སྙིང་རྗེ་བོ་ཞིག་ནི་འུར་རྡོ་ཡིན། སྔོན་ཆད་ཅིག་ལ། དམངས་གཞས་སྙན་མོ་ཞིག་བོད་ཡུལ་གང་སར་ཁྱབ་ཡོད་ཅིང་། དེ་ནི། འཇམ་པོ་བལ་གྱིས་བཟོས་པའི། ། འུར་རྡོ་ཆུ་མིག་དགུ་སྒྲིལ། ། ཆུ་སྨད་གཞུང་ལས་བརྒྱབ་པས། ། དབྱིན་ཇིའི་སྣ་ལ་ཐེབས་སོང་། ། ཞེས་པ་དེ་ཡིན། འདི་ལས་ཤེས་ཐུབ་པ་ནི་འུར་རྡོ་ཡིས་མདའ་གཞུ་མདུང་གསུམ་དང་བོད་མདའི་དཔུང་རོགས་བྱས་ནས་བོད་ཀྱི་ལོ་རྒྱུས་ཐོག་གི་རྒྱལ་གཅེས་དབྱིན་འགོག་དམག་འཁྲུག་གི་ནང་དུ་ནམ་ཡང་གསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད་པ་དེ་ཡིན། འུར་རྡོ་ནི་མ་རྩ་ཆུང་ཞིང་སྤྱོད་བདེ་ལ། སྤྱོད་སྒོ་རྒྱ་ཆེ་བའི་བོད་མིའི་ཐོན་རྫས་དམིགས་བསལ་བ་ཞིག་ཀྱང་རེད། དེ་ནི་ཕྱུགས་རྫིས་ཕྱུགས་རིགས་འཚོ་སྐྱོང་གི་ཡོ་བྱད་དང་ལུག་ཁྱུར་འཇིགས་སྣང་སྟེར་བའི་སྤྱང་ཀིའི་ཀླད་པ་གཏོར་བྱེད། ད་དུང་ཡངས་པའི་རྩྭ་ཐང་དུ་གཞོན་ནུ་ཕོ་མོ་ཟུང་གིས་ཕན་ཚུན་མི་འགྱུར་མཛའ་བཤེས་མཚོན་པའི་ལག་རྟགས་ཀྱང་ཡིན། ལྷོད་ཀྱིས་མཉན་ཚེ་སེམས་འགུལ་དབང་མེད་ཐེབས་པའི་མཚོ་བོད་མཐོ་སྒང་གི་རིག་གནས་དང་གཏམ་རྒྱུད་ཤིན་ཏུ་མང་ཡང་ད་ལྟ་མི་རིགས་དང་ཡུལ་བ་གཞན་གྱི་མི་རྣམས་ལས་རང་རིགས་རྣམས་ནི་འདི་དག་ལ་སུན་ཞིང་སྡང་མིག་བལྟ་བའི་ཚོད་ཀྱང་ཡིན་པས་ང་ལ་བཤད་འདོད་ཀྱི་ཡི་གའང་མི་འདུག བསམ་གྱིན་བསམ་གྱིན་སེམས་ཕམ་ཡོང་། སྔོན་གྱི་རྩྭ་ཐང་སྣུམ་པོ་དེ་ད་ལྟ་གང་སར་ལྕགས་དྲ་འཐེན་ཞིང་ཨ་བྲ་དང་རི་དྭགས་ལྡོམ་པོ་འགའ་ལས་མེད་པའི་ཐང་སྟོང་ཞིག་ཏུ་གྱུར་ཚར་བས། དེ་ནི་ངའི་ཕ་ཡུལ་རེད་ཅེས་བཤད་འདོད་མི་འདུག སྔོན་གྱི་སྐར་ཚོགས་ས་ལ་བཀྲམས་པ་ལྟ་བུའི་རྟ་ནོར་ལུག་གསུམ་ཡང་ད་ལྟ་རྒྱ་སྲང་གི་འགྲུལ་བ་ཇི་བཞིན་འཕྲུལ་འཁོར་སྣ་ཚོགས་ཀྱིས་ཡར་འདྲུད་མར་འདྲུད་བྱས་ཏེ་སྡུག་སྦྱོང་དང་མནར་གཅོད་ཀྱིས་སྟོང་ལ་ཉེ་བས།     དེ་ནི་ངའི་སྦྲ་ནག་གི་འདབས་སུ་ལྷོད་ཀྱིས་གཡེང་བའི་སྒོ་ཟོག་རེད་ཅེས་ཀྱང་བཤད་མི་འདོད།  སྔོན་གྱི་རྫི་གླུ་སང་སིང་ལེན་ཞོར་ཅང་ཤེས་རྟ་ཡིས་རྩྭ་ཐང་ལ་སྐོར་བ་ལན་གསུམ་རྒྱབ་མཁན་གྱི་ཆོས་ལྡན་བོད་པ་གཞུང་དྲང་ཅན་རྣམས་ཀྱང་། ད་ལྟ་རྡོ་ཁང་དོག་མོ་རེ་དང་གྲོང་ཁྱེར་རྒྱུས་མེད་རེ་ན་འདར་སིག་སིག་མི་རིགས་གཞན་དང་མཉམ་འདྲེས་སུ་གྱུར་ཏེ་ཕ་བུའང་ངོ་འཕྲོད་དཀའ་བའི་ཚོད་དུ་སླེབས་པས། དེ་ནི་ངའི་སྙིང་ཁོང་གི་སྤུན་ཟླ་རེད་ཅེས་ཀྱང་འབོད་འདོད་མི་འདུག ཀྱེ་མ། ངས་རང་གི་ཕ་ཡུལ་མི་རྙེད། རང་གི་སྤུན་ཟླ་མི་རྙེད། རང་གི་འཚོ་གནས་མི་རྙེད། ངའི་ཕ་ཡུལ་ནི་དོན་ངོ་མར་གང་ཞིག་ན་ཡོད། གཞན་ཞིག་གིས་ང་ལ་ཁྱེད་ཀྱི་ཕ་ཡུལ་སྟོན་རོགས་ཟེར་ན་ངས་ལན་དུ་ཅི་ཞིག་སྨྲ་དགོས། གཅིག་རྒྱབ་གཅིག་དང་གཅིག་གཞོགས་གཅིག་གིས་བཙིར་བའི་སོ་ཕག་གི་སྡེ་གསར་བསྟར་མ་དེ་ཚོ་ད་གཟོད་ངའི་ཕ་ཡུལ་རེད་ཅེས་བཤད་དགོས་སམ། ཡང་ན་གྲོང་ཁྱེར་གྱི་ཁང་བརྩེགས་གཅིག་ཐོག་གཅིག་གིས་མནན་པའི་བསྟར་མ་དེ་ཚོ་ད་གཟོད་ངའི་ཕ་ཡུལ་རེད་ཅེས་བཤད་དགོས་སམ། ངས་འདི་ལྟར་གཏན་ནས་བཤད་འདོད་མེད། ངས་རང་གི་ཕ་ཡུལ་ནི་རབ་རིབ་མག་མོག་ཅིག་ལ་ངོས་འཛིན་མི་འདོད། དེ་ལས་ད་དུང་ང་ལ་ཕ་ཡུལ་མེད་ཅེས་བརྗོད་ན་ལོས་དྲག་སྙམ། ཡང་ན་ངས་རང་གི་ཕ་ཡུལ་དང་སྤུན་ཟླ་མི་རྙེད་ཟེར་ན་འདོད། དེ་མིན་ཚེ་ང་ལ་ཕ་ཡུལ་དང་སྤུན་ཟླ་མེད་ཟེར་སྙིང་འདོད། མདོར་ན་ངས་རང་གི་སྤུན་ཟླས་ཕ་ཡུལ་བསྐྱུར་ཏེ་རྒྱང་རིང་ཞིག་ན་ཡོད་པ་གཞན་ལ་ཤེས་སུ་འཇུག་མི་འདོད། ཤུ། སྤུན་ཟླ་ལགས།  ཁྱེད་ཀྱིས་ཀྱང་འདི་ལྟར་དྲན་ནམ། 

དྲུག

ཕྱིར་ཕེབས་རོགས་བདག་གི་སྤུན་ཟླ། རང་ཅག་ནི་མཐོ་སྒང་དུ་མི་ལོ་སྟོང་ཕྲག་དུ་མར་འཚོ་བ་རོལ་བས་གཞན་སུ་ལ་ཡང་མཐོ་སྒང་དུ་འཚོ་བའི་ཆ་རྐྱེན་དང་ཉམས་མྱོང་འུ་ཚོ་ལྟ་བུ་ཞིག་མེད། འུ་ཚོ་ནི་ད་གཟོད་མཐོ་སྒང་གི་དྲོད་སྣང་ཡིན་ཞིང་མཐོ་སྒང་གི་བདག་པོ་དང་ཡང་ན་གཅེས་ཕྲུག་ཡིན། ང་ཚོས་སླར་ཡང་སྦྲ་གུར་ཕབ། ལུག་ཁྱུ་འཚོ། འབྲི་ཞོ་དང་འབྲི་མར་འདོད་འདོད་དུ་ལོངས་སུ་སྤྱོད། བདེ་མོའི་སྤང་ཐང་ལ་གཡས་འཁོར་གཡོན་འཁོར་གྱིས་ཁ་བརྡ་དང་ཁ་མཚར་བཤད། ཚེ་གང་བོར་དཀའ་སྡུག་གིས་དངུལ་ལོ་བསགས་བསགས་ཏེ་རྡོ་ཁང་གཡར་མ་འདྲ་བའི་ཁང་ཆུང་དོག་དོག་དེ་ཉོ་མི་དགོས། ཕ་ཡུལ་དུ་སླེབས་དང་ཉི་འོད་དང་སྤྲིན་དཀར། ཆུ་ཕྲན། བསིལ་རླུང་སོགས་གཅིག་ཏུ་འཛོམས་པའི་གནས་ཁང་ཁྱེད་ལ་རིན་མེད་དུ་ཡོད། འདི་ནི་མེས་པོ་ཚོས་ཁྱེད་ལ་སྔ་མོ་ནས་བྱིན་ཡོད་ཅིང་རྩྭ་ཐང་གིས་ཀྱང་ཁྱེད་ལ་སྔ་མོ་ནས་གནང་ཡོད། ཕྱིར་ཕེབས་རོགས་བདག་གི་སྤུན་ཟླ། དེང་ཡུལ་གྲུ་གཞན་དང་གཞན་དུ་རང་རེའི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་སོང་ཞིང་སྙན་པ་ཤར་ནུབ་ལ་ཁྱབ་འདུག་པས། གདོད་མའི་རིག་གནས་ལ་ངོ་གནོང་བཞིན་ལ་ལུང་གཞན་གྱི་རིག་པ་གསར་བ་ཞིག་འེ་རྙེད་ཀྱི་དཀའ་ལས་དེ་མྱོང་མི་དགོས། ང་ཚོར་ཚན་རྩལ་དང་ཁེ་ལས་ཀྱི་རིག་པ་དར་མེད་པ་བདེན་ཡང་ང་ཚོས་རྩྭ་ཐང་བསྐྱུར་དགོས་དོན་གང་ཡང་མེད། ང་ཚོས་སླར་ཡང་རང་ལ་རྟག་བརྟན་གྱི་ཕ་ཡུལ་ཞིག་གཏན་འཁེལ་བཟོས་རྗེས་དེང་རབས་རིག་གནས་སྣ་ཚོགས་ཀྱང་ག་ལེར་བསླབ་ཆོག སེམས་མ་ཕམ། ང་ཚོར་དགོས་པ་ནི་དུས་ཚོད་ཡིན་ཞིང་ང་ཚོ་གཏུགས་ནས་ཡོང་བཞིན་པའང་དུས་ཚོད་ཡིན་ཏེ། ད་ལྟ་ནི་འགོར་འགྱངས་ཅུང་ཟད་ཀྱང་མི་བྱེད་པར་ང་ཚོ་སྐར་ཆ་རེ་རེ་བཞིན་ཕ་ཡུལ་ལ་བསྙེག་དགོས་ཤིང་ཕ་ཡུལ་དྲན་ནས་ཐོན་དགོས། ཕ་ཡུལ་ནི་ཆེས་མངར་བའི་བུ་རམ་གོར་མོ་དེ་ཡིན་པས། མགྲོན་པོ་རྒྱུས་མེད་དག་གིས་འཇིབས་ནས་ཚར་ལ་ཉེ། ཕ་ཡུལ་ནི་ཆེས་མཛེས་པའི་རྒྱན་ཆ་གོར་མོ་དེ་ཡིན་པས། མགྲོན་པོ་རྒྱུས་མེད་ཚོས་བསྒོས་ནས་ཚར་ལ་ཉེ། ཕ་ཡུལ་ནི་ཆེས་མཁྲེགས་པའི་གསེར་གྱི་བྲང་མགོ་དེ་ཡིན་པས། མགྲོན་པོ་ཧམ་ཅན་ཚོས་གཏུབ་ནས་ཚར་ལ་ཉེ། བདག་གི་སྤུན་ཟླ་ལགས། ད་ལྟ་ཁྱེད་རང་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་གང་དུ་ཡོད་ཀྱང་། བྱ་བ་དང་ལས་སྣེའི་བྲེལ་བ་ཅི་ཙམ་ཞིག་ཆེ་ཡང་། རླངས་པ་ཐོལ་ཐོལ་གྱི་བདག་གི་རེ་བ་དང་འབོད་པ་འདི་དག ཁྱེད་ཀྱིས་ཅིས་ཀྱང་ཚར་གཅིག་གསན་རོགས།

༢༠༡༩ལོའི་ཟླ་བ་བདུན་པར། ཆབ་ཆ་རུ་བྲིས།