སྐྱབས་རྗེ་རྫོང་སར་རིན་པོ་ཆེས་དབྱིན་ཡིག་ཏུ་བརྩམས་གནང་བའི་ནང་ཆོས་སྐོར་གླེང་བའི་དེབ་མཆོག་གང་དེ་རྒྱ་ཡིག་གི་འགྱུར་མ་རིམ་བརྒྱུད་ཀྱིས་ད་ལྟའི་ཆར་རོང་བོ་གངས་དཀར་གྱིས་བོད་ཡིག་ཏུ་ལོ་ཙཱ་གནང་བ་ཞིག་རེད། དཔེ་ཆ་གང་དེས་ནང་ཆོས་ཀྱི་ལྟ་བ་དེ་ཕྱག་རྒྱ་བཞིའི་སྒོ་ནས་བཤད་ཐུབ་པ་བྱས་ཤིང་། ཕྱག་རྒྱ་བཞི་པོ་དེ་ནང་ཆོས་ཀྱི་ཆོས་སྐད་ནས་ཕྱིར་བུད་ཀྱང་བརྗོད་སྙིང་གི་གོ་ཐོབ་ལས་འདའ་བ་མེད་པར་མི་ཚེའི་ཐབས་ཚུལ་ཞིག་དང་སྦྱར་ཏེ་བརྩམས་གནང་བ་ཞིག་གོ།

ལོ་འདི་གར་མངོན་པ་མཛོད་དང་ཤེར་ཕྱིན་མངོན་རྟོགས་རྒྱན་གཉིས་ལ་ཞིབ་བཅར་གྱིས་བདག་མེད་དང་ཟག་བཅས། སྡུག་བསྔལ་དང་མྱང་འདས་ཞེས་པ་སོགས་ལ་བསམ་གཞིག་གི་མྱོང་བ་ཨེན་ཙམ་ཡོད་པས་བརྗོད་དོན་གྱི་ཆ་ནས་སོ་སོའི་ཐོས་ཚོད་ལས་བརྒལ་མེད་ཀྱང་སྲིད་དེ་གཙུག་ལག་རིག་གཞུང་གི་ཆོས་སྐད་བརྗིད་པོ་དེ་དག་གིས་རང་སྣང་གི་བག་ཚ་བའི་སྣང་བ་ཡང་རེ་ཞིག་ཧད་པར་བྱས་ནས་འདིར་ཐོན་པ་ཡིན།  འོན་ཀྱང་འཚོ་བའི་ཐབས་ཚུལ་དང་མཐུན་པའི་འགྲེལ་བཤད་གནང་རྒྱུ་ལས་སླ་པོ་མ་རེད་དྲན།  སྤྱིར་ཕྱག་རྒྱ་བཞི་པོ་དེ་ཉན་ཐོས་བྱེ་བྲག་སྨྲ་བ་ནས་སྔགས་རྫོགས་པོ་ཆེན་པོའི་བར་གཞི་རྒྱ་དང་རྒྱུ་སྤུས་མི་མཚུངས་པའི་ལྟ་བའི་ལམ་དུ་འཁྱེར་རྒྱུ་ཡོད་ཀྱང་། མི་རྣམས་ཀྱི་བསམ་གཞིག་གི་ཟས་སུ་འགྲོ་བའི་འཆད་ཐབས་སམ། མི་ཚེའི་མྱོང་བ་དང་སྦྱར་ཏེ་འགྲེལ་བཤད་རྒྱག་རྒྱུ་ཧ་ཅང་དཔེ་གལ་ཆེན་རེད་བཞག

ང་ཚོས་གང་བཤད་པ་དེ་བསམ་པའི་རྒྱགས་ཕྱེ་རུ་འགྱུར་བའི་ཕྱིར་ནང་ཆོས་ཀྱི་ཟབ་དོན་གླུ་རུ་ལེན་ཆོག་ཀྱང་། རྒྱུན་ལྡན་འཚོ་བའི་ཁྲོད་མངོན་པའི་སྤྱོད་ལམ་དང་འདྲེས་སུ་གཞུག་དགོས། གོ་རྟོགས་བསྐྱེད་པ་དང་བསམ་གཞིག་གི་སྒོ་མོ་ཇེ་ཡངས་སུ་གཏོང་བའི་བརྗོད་རིམ་གྱིས་ཕྱུག་ཐུབ་དགོས།  སྔོན་དགེ་ལྡན་གྱི་གྲྭ་ས་ཞིག་ནས་བསྡུས་གཞུང་ལ་སློབ་སྦྱོང་བྱ་སྐབས། ལྷ་རམས་པ་ཞིག་གི་ཞལ་ནས། སྐད་ཅིག་མ་མི་རྟག་པའི་མཚན་ཉིད། མཚན་གཞི་བྱེད་རྩོལ་གྱི་སྒྲ་འདི་བཞིན། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད། མཚན་གཞི་བུམ་པ་འདི་བཞིན་ཞེས་བསྡུས་གཞུང་རྩོད་ཁྲིད་བགྱི་སྐབས། མཚན་གཞི་དེ་གཉིས་ཕན་ཚུན་གྱི་མཚན་གཞིར་རུང་ཡང་། སོ་སོའི་ཐབས་ཚུལ་སྤྱད་དེ་བསྡུས་གྲྭ་མཁན་པོ་རྣམས་ཀྱིས་བརྩམས་ཡོད་པ་སློབ་ཕྲུག་ཚོས་མཁྱེན་གྱི་ཡོད་དམ། ཅེས་གསུང་པ་དེ་དྲན་བྱུང་།  གང་ཐོས་པ་དེ་བསམ་པ་དང་། བསམ་པ་དེ་བསྒོམ་བྱུང་ངམ། སྤྱོད་ལམ་གྱི་རྐང་སྟེགས་སུ་འཁྲིད་ཐུབ་པའི་ཐབས་ཚུལ་གནང་བ་འདི་ཀུན་གྱི་རྩ་བར་གྱུར་ཡོད།  དེ་སྟེ་རྫོང་སར་གྱི་གསུང་རྣམས་ནི་འཚོ་བའི་ཟུར་ངོས་མི་འདྲ་བ་ནས་འཚོ་བའི་ཉམས་མྱོང་བསགས་པའི་གྲུབ་འབྲས་སམ་རང་ཉིད་ཀྱི་གཉུག་མའི་སེམས་ལ་ཐེར་འདོན་བྱ་ཐབས་ཤིག་ཏུ་རྟོགས་ཐུབ།  

མཉམ་མེད་ཇོ་བོ་རྗེས། སྐྱབས་འགྲོ་དེ་ནང་པ་ཡིན་མིན་འབྱེད་བྱེད་ཀྱི་རྒྱ་མ་ལྟ་བུར་གསུངས་ཤིང་། མཚན་ཉིད་རིག་གཞུང་རྣམས་སུ་ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞི་འདི་ནང་པའི་གྲུབ་མཐའ་སྨྲ་བའི་ཚད་ཐིག་འཛིན་བྱེད་དུ་ཡོངས་སུ་གྲགས་པ་བདེན་མོད། འདིར་ནང་ཆོས་ཞེས་པ་ལྷ་ཆོས་དང་མ་འབྲེལ་ཞིང་སྲོལ་རྒྱུན་གྱི་ཆོ་གའི་ཤན་ཡང་མ་ཞུགས་པའི་དོན་ཀུན་གྲུབ་པའི་ནང་སེམས་ཀྱི་ཐུགས་བཀོད་ཅིག་ནས་དབུ་བརྩམས་ཡོད་པ་དང་། དེའི་བརྗོད་སྙིང་ཡང་བསམ་བློའི་བཅུད་ཅིག་ཏུ་གྲུབ་པ་དང་། ལྷག་ཏུ་ཐབས་ཤེས་གཉིས་ལས་ཤེས་རབ་ཀྱི་བསྐྱེད་སྟོབས་རྫོགས་པའི་ལྟ་བ་ཞིག་ལ་ངོས་འཛིན་བྱས་ཡོད། 

གྲུབ་མཐའ་དང་ཐེག་པ་གོང་འོག་ལྟར་ན། དེབ་འདིར་བྲིས་པའི་ཕྱག་རྒྱ་བཞིའི་ཚུལ་ཉམས་སུ་ལེན་སྟངས་འདི་ཐེག་པ་ཐུན་མོང་གི་བསྒོམ་པའི་ལམ་དུ་སྦྱར་འདུག་པས་ཐེག་ཆེན་གྱི་ཉམས་ལེན་ཐུན་མོང་མ་ཡིན་པ་ཞིག་མིན་ཡང་འདི་ལས་བདེན་བཞིའི་གནས་ཚུལ་ལ་འཇུག་ལྡོག་གི་རིམ་པ་ནས་དབུ་ཚུགས་དགོས་ཤིང་། མཐར་“མྱ་ངན་ལས་འདས་པ་ཞི་བར་”བསྒོམ་པའི་རྟོགས་པའི་གདེང་འདི་ནས་སེམས་ཀྱི་གནས་ཚུལ་ངོ་མཐོང་བའི་གྲུབ་འབྲས་མངོན་དུ་གྱུར་ནས་གཞི་ལམ་འབྲས་གསུམ་གྱི་ཉམས་ལེན་རྫོགས་པར་སྡུད་ཐུབ།

ཐེག་ཆེན་གྱི་གཞུང་དུ། སྐྱབས་འགྲོ་འདི་ཡང་རྒྱུ་དང་འབྲས་བུ་གཉིས་སུ་ཕྱེས་པའི་ཕྱི་མར་གཟུང་དགོས་དོན་དེ་དང་། སྒྲིབ་གཉིས་བག་ཆགས་དག་པ་དང་། རྣམ་མཁྱེན་མངོན་དུ་བྱས་པ་སོགས་གཞུང་ལུགས་ཀྱི་གྲུབ་དོན་འདི་དག་མཐར་གཏུགས་ན་སེམས་ངོ་ཟིན་ཚུལ་ཞིག་ཏུ་འདུས་ཡོད་ཅིང་སེམས་ཀྱི་གཤིས་འདི་ལ། རིག་གཞུང་དུ་རིགས་ཁམས་བདེ་གཤེགས་སྙིང་པོ་དང་ས་བོན་ཞེས་སྐབས་སོ་སོ་ནས་ཐ་སྙད་ཅི་རིགས་ཀྱིས་བརྗོད་ཀྱང་གྲུབ་དོན་འདི་ལས་འདའ་ཐུབ་མེད་པ་ནི་ཕྱག་རྒྱ་བཞི་པ་འདིའི་ངོས་ན་ཡོད་པར་དོན་གྱིས་གསུངས་ཡོད།

ང་ཚོས་རིགས་ལམ་གྱི་རྟོག་ཞིབ་དང་གཏན་ཚིགས་ཀྱི་བརྒྱུད་རིམ་ཁྲོད། ཕྱག་རྒྱ་བཞི་པོ་ནན་ནན་ཏིག་ཏིག་གིས་བསྒྲུབ་དགོས་པ་ཞིག་རེད་སྙམ་གྱིན་ཡོད། དོན་དུ་འདི་རིགས་པའི་ར་བར་བཅུད་དེ་ཡིད་དཔྱོད་ཀྱི་བདེན་ཁ་སྟེར་རྒྱུ་ཁག་པོ་དེ་འདྲ་རང་མིན་པར། མི་རྟག་པའི་སྣང་ཚུལ་གྱིས་བསྐྲུན་པའི་མཇུག་འབྲས་ཅི་ཞིག་ཡིན་པ་དང་། འདུས་བྱས་ཀྱི་རྟག་བརྟན་མེད་པའི་འགུལ་སྐྱོད་ལ་ཡིད་བརྟན་མི་རུང་བར་རྟོགས་ཐུབ་པ་བྱུང་ན། མཐར་ཅི་ཞིག་རྙེད་དམ་ཞེ་ན། དེའི་ཚེ་སེམས་ངོ་མཐོང་བར་བར་ཐག་ཉེ་བར་གདམས་ཡོད། བར་ཐག་མེད་པར་ཕྱིན་པའི་སྐབས་དེར། ཁྱོད་ཀྱིས་ཆོས་ཀུན་གྱི་ཡང་སྙིང་དུ་གྱུར་བའི་གནས་ལུགས་རྙེད་པ་ཡིན་པས་ཆགས་སྡང་སོགས་སེམས་དང་སེམས་བྱུང་གི་འགྱུ་འཁྲི་སྣ་ཚོགས་ལ་སྟངས་འཛིན་བྱས་ཡོད། དེ་ཁྱོད་ཀྱི་ལྟ་བ་དངོས་དེ་ཡིན། དེའི་ཕྱི་རོལ་ཏུ་གྱུར་པའི་སྣང་བ་ཀུན་སྡུག་བསྔལ་དུ་ཤེས་ཡོད། དེ་ནི་ཁྱོད་ཀྱི་ལྟ་བ་དངོས་དེ་མིན། སླར་ཡང་། ཁྱོད་ཀྱིས་སྡུག་བསྔལ་ལ་ཡིད་འབྱུང་བའི་ངང་ལྟ་བ་དངོས་མ་དེའི་རྒྱུན་བསྐྱངས་ཏེ་སྟོང་བ་འོད་གསལ་གྱི་དབྱིངས་འདིར་བསྙེགས་དགོས། དོན་ངོ་མར་བྱ་བྱེད་བྲལ་བའི་གསལ་རིག་སེམས་འདིའི་རྒྱུན་མ་ལྡོག་པར་མཉམ་པར་བཞག་པའོ།། དེ་ནི་མྱ་ངན་ལས་འདས་པ་ཞེས་ངོ་བོ་སྟོང་ལ་རང་བཞིན་འོད་གསལ་གྱི་སེམས་འདི་ལས་མཛུབ་མོ་འཛུགས་ས་གཞན་ཡོད་པ་མ་ཡིན། ཉམས་ལེན་དངོས་གཞིར་འབྱོར་སྐབས་ཕྱག་རྒྱ་བཞི་པོ་རིམ་གྱིས་པ་མིན་པར་དཀྱུས་ཐོག་གཅིག་ཏུ་བསྒོམ་ཆོག་པ་ཞིག་གོ།

དཔེ་ཆ་འདི་ལས་བརྗོད་པ་བཞིན། ནང་ཆོས་ཀྱི་དགོངས་པ་དངོས་ནི། ཀུན་སྤྱོད་ཀྱི་ཚད་གཞི་དང་དགེ་སྡིག་གི་དབྱེ་འབྱེད་མིན་པར་ཤེས་རབ་བཞུས་པའི་ཞུན་ཐིགས་ཏེ་བདེན་པའི་གནས་ཚུལ་ལ་ཞུགས་པའི་འཚོ་བཅུད་ལྡན་པའི་ཤེས་རབ་དངོས་དེ་ཡིན་པར་གདམས་པས། “འདི་ནས་ནང་པས་ཤེས་རབ་མཆོག་ཏུ་བརྩི་ཞིང་ཀུན་སྤྱོད་དང་སྒྲིག་གཞི་ཕལ་བར་འཛིན་པའི་གནད་ཀྱང་ཕྲན་ཙམ་ཤེས་ངེས། ”

ང་ཚོ་ཕལ་བའི་ཀུན་རྟོག་ནི་འཁྲེབ་ཏོར་གྱུར་པའི་ལྕགས་སྐམ་ཞིག་དང་འདྲ་བར་ཉོན་མོངས་ཀྱི་ཡམས་སྣ་ཚོགས་བརྒྱུད་པར་སྣང་དོགས་མི་འདུག་ཅིང་། ཆགས་སྡང་གི་སྦུབས་སུ་ལངས་ཤོར་དུ་གནས་ཡོད། ང་ཚོས་ནང་ཆོས་ཀྱི་དགོངས་པ་འཚོལ་ཕྱིར་མིག་མདུན་གྱི་སྣང་ཚུལ་ལ་འཇིགས་སྣང་ཤོར་ཞིང་། མི་རྟག་པ་དང་སྟོང་བའི་གྲམ་ཁ་ནས་ཡོད་ཚད་ཞི་འཇགས་སུ་གཏོང་ཐུབ་དགོས། མི་རྟག་པ་ནི་ཁོ་ཆད་པའི་སྣང་ཚུལ་མིན་པར་གནས་ཚུལ་ལ་གཤིས་ཀྱི་ལྟ་བ་བཟུང་ནས་སེམས་ཁམས་ཀྱི་བདེ་ཐང་བསྙེགས་པའི་ཐབས་ལམ་ཞིག་གྲུབ་ཡོད།

དཔེ་ཆ་འདི་ཀློག་སྐབས་རིག་གཞུང་གི་བརྡ་སྐད་དང་ཤིན་ཏུ་ཉེ་ཡང་གཅིག་གྱུར་མིན་པ་རེ་ཟུང་མཆིས་ཀྱང་ཧ་ཅང་ཟོར་ཡངས་པའི་ངང་ནས་བསམ་གཞིག་གི་ལོ་ཏོག་སྨིན་པར་བྱས་ཆོག་པས་ཐ་སྙད་རེ་རེར་གསེད་བཀྲོལ་འོས་འཚམས་མིན་པ་འདྲ། ལོ་ཙཱ་པ་གང་གི་ཕྱག་ལས་བརྒྱུད་ནས་དཔེ་ཀློག་གི་རིམ་པ་གཞན་ཞིག་འཕར་བར་ང་ཚོས་ཡིད་ཆེས་བྱས་ནས་མྱོང་བ་བསགས་དགོས། 

གནས་ལུགས་འཚོལ་རྒྱུ་རྒྱང་རིང་བ་མིན་ལ། གནས་ལུགས་རྙེད་པ་ནི་ཁབ་མིག་སྤྲད་པ་ལྟ་བུ་ཞིག་མིན། ནང་ཆོས་ཀྱིས་གནས་ལུགས་རིགས་ཤིག་བསྡུས་བརྗོད་བྱེད་པ་མིན་པར། གནས་ཚུལ་གཅིག་གི་ངོ་བོ་བསྙེགས་ནས་འཐུས་ཚང་རང་བཞིན་གྱི་ལྟ་བ་བཟུང་ཡོད།  ལགས་སོ།། ང་ཚོས་དཔེ་ཆ་འདི་ལས་མཐོང་བ་ཇི་བཞིན།  གང་ཐོས་པ་དང་བསམ་པ་དེ་སེམས་ངོ་རྙེད་པ་དང་ཞི་འཇགས་ཀྱི་ཐབས་ཚུལ་ཞིག་ཏུ་སྤྱད་ཐུབ་པར་ཤོག་ཅིག །།     

༢༠༢༠ ༡ ༢ མཚན་མོར་སྦྱར།