ཡ་གླིང་རིག་པའི་དཀོར་མཛོད་འཕགས་ཡུལ་གྱི། །མཁས་དགུའི་ཆུ་འཛིན་དཀྲིགས་པའི་མཁའ་ཀློང་ན། །གྲགས་སྙན་ས་གསུམ་ལྡིར་བའི་སྒྲ་བརྒྱ་པ། །སྙན་ངག་སྨྲ་བ་ནག་མོའི་ཁོལ་པོ་རྒྱལ། ། གང་གི་སྙན་དབྱངས་སྙན་པ་བསྟར་བ་རིག་བྱེད་རོལ་པའི་བསིལ་རླུང་གིས། །སྲིད་ཀྱི་སྐྱེ་འགྲོའི་ཡིད་ཀྱི་མདངས་འཕྲོག་ཞི་བ་སྙིང་གི་ཐིག་ལེ་སྐྱོང་། །ས་ལ་དབྱངས་ཀྱི་བྱིན་རླབས་དགའ་བས་ཡང་ནས་སིལ་སིལ་གླུ་སྒྲ་བཅས། །གཅིག་ནས་གཅིག་ཏུ་འཕོས་པའི་གདངས་ཀྱིས་འཇིག་རྟེན་མཛེས་པའི་སྐལ་བཟང་བསྒྲོན། །                               

དེའང་འཕགས་ཡུལ་སྙན་ངག་སྨྲ་བའི་དབང་པོ། འཛམ་གླིང་མཛེས་པར་བྱེད་པའི་མགྲིན་རྒྱན། ཟླ་མེད་སྨྲ་བའི་དབང་ཕྱུག་སློབ་དཔོན་ཀཱ་ལི་དཱ་སའམ་རང་རེའི་སྐད་དུ་ནག་མོ་ཁོལ། མཁས་པ་གཞན་དང་གཞན་གྱིས་སྙན་ངག་མཁན་པོའི་རིགས་ཀྱི་ཡབ་ཅེས་དང་། སྒྲོན་མེའི་ཕུལ་བྱུང་ནག་མོའི་ཁོལ་ཞེས་མཚན་སྙན་གྲགས་པ་འབར་བ་འདི་བའི་ལོ་རྒྱུས་ནི་རང་རེའི་བསྟན་བཅོས་གླེགས་བམ་རྣམས་སུ་ཉུང་ངུ་ཐོར་བུ་ལས་མེད་ཅིང་། འཕགས་ཡུལ་སྐྱེ་བོའི་ངག་རྒྱུན་དུའང་ཁོང་དུས་སྐབས་གང་གི་མཁས་པ་ཡིན་མིན་དང་། གནས་ཡུལ་གང་གི་མི་ཡིན་མིན། འཁྲུངས་འདས་སྤྱོད་ཚུལ་སོགས་རབ་རིབ་མག་མོག་ཅིག་ལས་ཡོངས་གྲགས་ཞལ་མཐུན་བྱུང་མེད་པ་ནི་ཡུལ་དེ་གའི་སྐྱེ་བོའི་ངག་སྒྲོས་དང་མཁས་པའི་ཞལ་རྒྱུན་སོགས་སུ་གསལ་ལ། དེའི་རྒྱུ་མཚན་ཡང་སློབ་དཔོན་ཁོང་གི་གསུང་རྩོམ་རྣམས་སུ་ཁོང་གི་མཚན་ཙམ་ལས་བཀོད་མེད་པར་བཤད་ཅིང་། དེ་ཉིད་སྐབས་དེ་དུས་ཀྱི་མཁས་པའི་ལུགས་སུ་ཨེ་ཡིན་ཞེས་ཀྱང་སྨྲ་བར་བྱེད། གཞན་འཛམ་གླིང་ཤར་ནུབ་གང་དུའང་མཁས་པ་འདི་ཡི་ལོ་རྒྱུས་ནི་རང་རེའི་ཡིག་ཆར་གསལ་བའི་ལོ་རྒྱུས་དམ་དུམ་དེ་དག་ལས་གཞན་དུ་གྱུར་པའི་ཞིབ་ཕྲ་གསལ་དག་གང་ཡང་ཡོད་ཚོད་མི་འདུག་གོ །                               

༡   

ད་ལྟ་ང་ཚོར་སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས་དམ་དུམ་མཐོང་དུ་ཡོད་པའི་རང་རེའི་ཡིག་ཆ་ནི། འཇུ་བ་ཆོས་དཔལ་དར་དཔྱངས་ཀྱི«ཆོས་རྗེ་ཆག་ལོ་ཙཱ་བའི་ལམ་ཡིག»དང་། ཇོ་ནང་ཏཱ་ར་ནཱ་ཐའི«རྒྱ་གར་ཆོས་འབྱུང» བཙུན་པ་རིན་ཆེན་དཔལ་གྱི«ལེགས་བཤད་རིན་པོ་ཆེའི་གཏེར་ཞེས་བྱ་བའི་འགྲེལ་བ» མཁས་དབང་དགེ་ཆོས་ཀྱི«གཏམ་རྒྱུད་གསེར་གྱི་ཐང་མ» རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱི«སྙན་ངག་མཁན་ནག་མོ་ཁོལ་གྱི་ལོ་རྒྱུས» མཁས་དབང་དོར་ཞིའི«སྙན་ངག་སྤྲིན་གྱི་ཕོ་ཉའི་འགྲེལ་བ་ཀུན་དའི་ཟླ་ཟེར» དགེ་རྒན་རྒྱ་ཡེ་བཀྲ་བྷོ་ལགས་ཀྱི«རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན» ཨོ་རྒྱན་གྱིས་བསྒྱུར་པའི«བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར»སོགས་ཡོད་པ་ལས་ཕྱི་མ་འདི་འདྲེན་བྱེད་ཀྱི་ལམ་དུ་མ་གྱུར།    དེ་དག་ཀྱང་ལོ་རྒྱུས་ཕྱི་མ་ཕྱི་མས་གཙོ་བོ་སྔ་མའི་སྔ་མ་གཞི་རུ་བཟུང་ཏེ་བྲིས་པ་ལྟར་སྣང་ཡང་། རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱི«སྙན་ངག་མཁན་ནག་མོ་ཁོལ་གྱི་ལོ་རྒྱུས»ནི། རྗེ་ཏཱ་ར་ནཱ་ཐའི་བཞེད་པ་དང་མཁས་དབང་དགེ་ཆོས་ཀྱི་གསུང་ཚན་ལས་གཞན་ཕྱིས་ཀྱི་རྒྱ་གར་མཁས་པའི་བཞེད་ཚུལ་དང་ཡུལ་དེའི་སྐྱེ་བོའི་ངག་རྒྱུན་སོགས་དྲངས་ཏེ་བཀོད་པ་ཞིག་ཡིན་པས་ལོ་རྒྱུས་བཤད་སྟངས་ཅུང་ཟད་སྣེ་མང་ཞིང་ཁོངས་ཡངས་པ་ཞིག་དང་། གཞན་ཡང་ཉེ་ཆར་ཟླ་བ་གཞོན་ནུ་ཞེས་པ་ཞིག་གིས«སྤྲིན་གྱི་ཕོ་ཉ་དང་འབྲེལ་བའི་སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས་ཤིག» འདི་ནི་ཨཱཙཱརྱ་ཤྲཱི་ཙརཎ་ཏཱིརྠ་མ་ཧཱ་རཱ་ཛས་རྒྱ་གར་གྱི་ནུབ་བྱང་སྟེ་མུཾབྷཻ་ཕྱོགས་ཀྱི་ཉེ་རབས་ཀྱི་ལེགས་སྦྱར་མཁས་པའི་དབང་བོ་གསུམ་གྱིས་ནག་མོ་ཁོལ་དང་འབྲེལ་ཏེ་བཀའ་མོལ་གནང་བ་ཞིག་ཇི་ལྟར་ཐོས་པ་བཞིན་བྲིས་པ་ཞིག་སྟེ། ཞེས་པ་ཞིག་བཀོད་འདུག་པ་དེའང་རང་རེའི་སྔོན་གྱི་ཡིག་ཆར་ཡོངས་གྲགས་དག་དང་བཤད་སྟངས་ཅུང་ཟད་ཟུར་མི་འདྲ་བ་ཞིག་ཏུ་མངོན།                               

༢   

དེ་དག་ལས«སྤྲིན་གྱི་ཕོ་ཉ»དང་ནག་མོ་ཁོལ་གྱི་ལོ་རྒྱུས་སྐོར་གྱི་ཡིག་ཆ་མང་པོར་གཟིགས་ཞིབ་མཛད་ནས་ནག་མོ་ཁོལ་གྱི་ལོ་རྒྱུས་དང་། «སྤྲིན་གྱི་ཕོ་ཉའི»སྒྱུ་རྩལ་རིན་ཐང་། དེས་རང་རེའི་རྩོམ་རིག་ཁྲོད་ཤུགས་རྐྱེན་ཇི་ལྟར་བྱུང་ཚུལ་སོགས་སྒོ་ཀུན་ནས་དཔྱད་བརྗོད་ཕྲ་ཞིབ་མཛད་དེ་རང་རེར་སྐྱེས་སུ་གནང་བ་ནི། དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱི«རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན»ཞེས་པའི་ལེའུ་ལྔ་བ། «སློབ་དཔོན་ནག་མོ་ཁོལ་དང་བོད་ཀྱི་རྩོམ་རིག»ཅེས་པ་འདི་ལས་ལྷག་ཅིག་ད་སྔ་མ་བྱུང་ཞིང་། དགེ་རྒན་ཁོང་གིས་གསུངས་པ་ལྟར་ནའང་། སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས་སྐོར་འཛམ་གླིང་ནུབ་ཕྱོགས་དང་ཤར་ཕྱོགས་ཉི་ཧོང་གི་མཁས་པ་སོགས་ལའང་། གོང་དུ་དྲངས་པའི་རང་རེའི་མཁས་པ་རྣམས་ཀྱི་ལོ་རྒྱུས་དེ་དག་ལས་ལོགས་སུ་མེད་པར་བཤད།    དགེ་རྒན་ཁོང་གི«སྤྲིན་གྱི་ཕོ་ཉའི»སྐོར་གྱི་དཔྱད་རྩོམ་རིང་མོ་དེས་ད་གཟོད་འུ་ཚོས་སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས་ཕལ་ཆེ་བ་ཞིག་ངོས་འཛིན་སླ་བར་བྱས་ཡོད་ཅིང་། ཁོང་གིས་ནག་མོ་ཁོལ་གྱི་ལོ་རྒྱུས་ཀྱི་གཙོ་བོའི་གཞི་འཛིན་ས་དང་ཁུངས་སུ་བྱེད་ས་ནི་རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱི«སྙན་ངག་མཁན་ནག་མོ་ཁོལ་གྱི་ལོ་རྒྱུས»ལས་འཕགས་ཡུལ་གྱི་མཁས་པའི་གསུང་ཚུལ་དེ་དག་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི«གསེར་གྱི་ཐང་མ»རུ་གསུངས་པའི་ནག་མོ་ཁོལ་གྱི་ལོ་རྒྱུས། ད་དུང་ནག་མོ་ཁོལ་དུས་རབས་གང་གི་མཁས་པ་ཡིན་མིན་ཐད་ནུབ་གླིང་དང་ཉི་ཧོང་སོགས་ཕྱིའི་མཁས་པའི་དཔྱད་གཏམ་སོགས་ཀྱིས་ཟུར་བརྒྱན་ཏེ་ཞིབ་དཔྱད་མཛད་པ་ཡིན་ཚུལ་གསལ།    མཁས་དབང་དགེ་ཆོས་ཀྱིས་འདིའི་ལོ་རྒྱུས་ཡོངས་གྲགས་རང་རེ་ལ་ཡོད་པ་དེ་དང་མཐུན་སེ་བ་འདི་འདྲ་ཞིག་མཆིས་གསུངས་པ་ལྟར་གཙོ་བོ་ནག་མོ་ཁོལ་དུས་སྐབས་གང་གི་མི་ཡིན་མིན་དང་ཡུལ་གང་གི་ཡིན་མིན་ཐད་མཁས་པའི་བཞེད་པ་མི་འདྲ་བ་འགའ་ཞིག་བྱུང་བ་ལས། ནག་མོ་ཁོལ་ཆུང་དུས་གནག་རྫི་བླུན་རྨོངས་ཤིག་ཡིན་པ་དང་། བྲམ་ཟེ་མཆོག་སྲེད་ཀྱི་མགོ་སྐོར་འོག་རྒྱལ་པོའི་བུ་མོའི་ཁྱོ་བོ་རུ་གྱུར་པའི་ཚུལ། དཔྱིད་ལྡན་མས་བརྙས་ཐབས་ལས་ནགས་སུ་ལྷ་མོ་ནག་མོར་སྐྱབས་སུ་སོང་ཏེ་ལྷ་མོ་ལས་མཆོག་གི་དངོས་གྲུབ་བརྙེས་པ། དེ་ནས་ཆུང་མའི་བརྩེ་བ་ཐོབ་ཅིང་རང་ཉིད་སྙན་ངག་སྨྲ་བའི་ཏོག་དང་མཁས་པའི་གྲགས་པ་འབར་ཚུལ། ཕྱིས་རྐྱེན་དབང་ཅི་ཞིག་གིས་རྗེ་བོས་ཡུལ་དུ་སྤྱུག་པ་སོགས་ནག་མོ་ཁོལ་གྱི་ལོ་རྒྱུས་སྤྱི་བབ་ནས་འཕགས་བོད་ཤར་ནུབ་ཀུན་ལ་མི་མཐུན་པ་ཆེར་མེད་པར་སྣང་ངོ་། །    གང་ལྟར་ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་ཇི་ལྟར་སློབ་དཔོན་འདི་དང་འདིའི་སྐུ་ཚེའི་བྱུང་བ་ཡང་དེ་ལྟ་དེ་ལྟར་དུས་ཀྱི་སྔ་ཕྱི་སྦྲེལ་ནས་བྱུང་བའི་མཁས་པའི་གསུང་རྩོམ་དང་སྐྱེ་བོའི་ངག་རྒྱུན་ཁྲོད་ཀྱི་བཤད་སྲོལ་དག་གུང་བསྒྲིགས་ཏེ་སྨྲ་བ་ལས་ཐབས་ཤེས་གཞན་མེད་སྟབས། སློབ་དཔོན་ཁོང་གི་སྐོར་ལ་དཔྱད་པ་མཛད་མཁན་དང་ཟིན་ཐོ་འདེབས་མཁན་སྔ་ཕྱིའི་མཁས་པ་ཀུན་གྱིས་ཀྱང་། རྒྱས་བསྡུས་ཙམ་ལས་རང་རང་གི་གསན་གཟིགས་ཡུལ་དུ་གྱུར་པའི་ཡིག་ཆ་དག་ལས་བཏུས་ཏེ་སྨྲས་པ་འབའ་ཞིག་ཏུ་ཟད།                                 

༣ 

གོང་དུ་གླེང་བླངས་པ་ལྟར་སློབ་དཔོན་ནག་མོ་ཁོལ་དུས་སྐབས་ནམ་ཞིག་ཏུ་འཁྲུངས་མིན་སྐོར་ལ་བཤད་སྲོལ་མང་དུ་འདུག་པ་ལས། ཀུན་མཁྱེན་ཇོ་ནང་པས་བྲམ་ཟེ་མཆོག་སྲེད་ནི་འཕགས་པ་ཀླུ་སྒྲུབ་ནཱ་ལེནྡྲའི་མཁན་པོ་མཛད་པའི་ཚེ་མཛའ་བཤེས་སུ་གྱུར་པ་ཞིག ཕྱིས་ཡུལ་ཝཱ་རཱ་ཎ་སིར་འོངས་པའི་ཚེ། བར་སྐབས་དེར་བྱུང་བའི་རྒྱལ་པོ་བྷི་མ་ཤུ་ཀ་ལ་ཞེས་བྱ་བའི་ཡུལ་དུའང་སེམས་ཅན་གྱི་དོན་རྒྱ་ཆེར་བྱས་ཏེ། སྐབས་དེར་ཀཱ་ལཱི་དཱ་སའི་ལོ་རྒྱུས་སྦྱར། ཞེས་ནག་མོ་ཁོལ་རྒྱལ་པོའི་བུ་མོའི་ཁྱོ་བོར་འགུགས་མཁན་གྱི་བྲམ་ཟེ་མཆོད་སྲེད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱི་མཛའ་བཤེས་ཤིག་ཡིན་ཚུལ་གསུངས་འདུག་ཅིང་། དེའི་གཤམ་ནས་སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས་བཀོད་དེ་སློབ་དཔོན་ནག་མོ་ཁོལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟན་པ་སྐྱོང་བའི་དུས་སུ་འཁྲུངས་པར་བཤད་ཀྱང་། སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུ་ཚེ་ཇི་ཙམ་འཚོ་བ་ལ་ཁོང་གི་རྣམ་ཐར་དག་ན་ལོ་སྟོང་དང་དྲུག་བརྒྱ་སོགས་སུ་བཤད་པས་དེར་གཞི་བཟུང་ཏེ་ནག་མོ་ཁོལ་དུས་ནམ་ཞིག་བྱོན་པའི་ཚད་བཟུང་བྱར་མེད་སྙམ་ན། གོང་དུ་གསལ་བའི་རྒྱལ་པོ་བྷི་མ་ཤུ་ཀ་ལ་ཞེས་པ་ནི་ནག་མོ་ཁོལ་དུས་ནམ་ཞིག་བྱུང་བའི་གཞི་འཛིན་ས་རུ་བྱ་དགོས་སྙམ།    རྗེ་ཏཱ་ར་ནཱ་ཐའི«རྒྱ་གར་ཆོས་འབྱུང»དུ་བྲམ་ཟེ་མཆོག་སྲེད་དེ་ཉིད་ནང་པ་ཞིག་ཡིན་པ་དང་། རྒྱལ་བོ་བདེ་བྱེད་ཀྱི་མདུན་ན་འདོན་ཡིན་ཚུལ་སོགས་ཀྱི་ལོ་རྒྱུས་ཐོ་རེ་བ་ཞིག་ཀྱང་མཇལ་དུ་ཡོད།    རིགས་གཞན་གྱི་མཁས་པའི་གསུང་ཚིག་དང་སྐྱེ་བོའི་ངག་རྒྱུན་སོགས་ལས་བཤད་ཚུལ་ནི། ལ་ལས་སློབ་དཔོན་ནག་མོ་ཁོལ་སྤྱི་ལོ༦༣༠ཙམ་གྱི་སྔོན་དུ་འཁྲུངས་ཏེ། སྤྱི་ལོ༦༣༠ལོར་སྙན་ངག་མཁན་ནགས་ཀྱི་རྗེ་བོ་བྱ་བས་བརྩམས་པའི«དགའ་བ་ལྷའི་སྤྱོད་པ»ཞེས་པར་ནག་མོ་ཁོལ་གྱི་སྙན་ངག་ལ་བསྔགས་པ་བརྗོད་འདུག་པས་སོ་ཞེས་དང་། སློབ་དཔོན་ནག་མོ་ཁོལ་འཚོ་བཞེས་ཀྱི་དུས་སྤྱི་ལོ༤༧༣ལས་མི་འཕྱིས་ཏེ། «མནྡསཽ་རའི་རྡོ་རིང་ཡི་གེའི»ཚིགས་བཅད་བཅུ་པ་དང་བཅུ་གཅིག་གཉིས་ནི«སྤྲིན་གྱི་ཕོ་ཉའི»ཚིགས་བཅད་གཅིག་དང་ཆ་མཐུན་ཞིང་། མནྡ་སོ་རའི་རྡོ་རིང་དེ་སྤྱི་ལོ༤༧༣ལ་བསླངས་པའི་ཕྱིར་རོ་ཞེས་སུ་སྨྲ།    ཡོངས་གྲགས་གཅིག་ནི་ནག་མོ་ཁོལ་སམུདྲགུབྟའི་བུ་ཙནྡ་གུབྟ་གཉིས་པའམ་བིཀྲམདིཏྱའི་མདུན་སར་རིན་ཆེན་དགུ་ཞེས་པའི་མཁས་པ་ཡོད་ཅིང་དེ་གྲལ་གྱི་གཅིག་ཡིན་པས། བིཀྲམདིཏྱ་ནི་རྒྱ་གར་གུབྟའི་རྒྱལ་རབས་ཀྱི་རྒྱལ་པོ་གསུམ་པ་དང་། རྒྱལ་པོ་དེས་སྲིད་སྐྱོང་བའི་དུས་ནི་ཕལ་ཆེར་སྤྱི་ལོ༣༨༠ནས༤༡༥ཙམ་ལ་ཡིན་པར་བཤད་ནས། སློབ་དཔོན་ནག་མོ་ཁོལ་སྐབས་དེ་ཙམ་གྱི་མཁས་པ་ཡིན་པར་བྱེད། དེ་ལ་མཁས་པ་མང་དག་ཅིག་གིས་སློབ་དཔོན་འདི་རྒྱལ་པོ་ཙནྡ་གུབྟ་གཉིས་པའི་སྐབས་སུ་ཡིན་པའི་སྒྲུབ་བྱེད་གཞན་དང་གཞན་ཡང་བཀོད་དེ་སློབ་དཔོན་ནག་མོ་ཁོལ་ཙནྡ་གུབྟ་གཉིས་པའི་དུས་ཀྱི་མཁས་པ་ཡིན་ཅིང་། སིངྒ་ལའི་ཡུལ་གྱི་ངག་རྒྱུན་ལས་བྱུང་བའི་སློབ་དཔོན་ནག་མོ་ཁོལ་གྱི་བྱུང་བ་རྣམས་ཀྱང་དུས་སྐབས་དེ་དང་མཐུན་པས། ངེས་པར་སློབ་དཔོན་ནག་མོ་ཁོལ་སྐབས་དེ་དུས་སུ་བྱུང་བའི་སྙན་ངག་མཁན་ཞིག་ཏུ་སྨྲའོ། །    སིངྒ་ལའི་ཡུལ་གྱི་ངག་རྒྱུན་དེ་དག་མཁས་དབང་དགེ་ཆོས་ཀྱི་སིངྒ་ལའི་གླིང་གི་ལོ་རྒྱུས་སུ་གསལ། དེ་བཞིན་མཁས་པའི་དབང་པོ་དགེ་ཆོས་ཞབས་ཀྱིས་ཀྱང་རྒྱལ་པོ་རྣམ་གནོན་དང་། སློབ་དཔོན་ནག་མོ་ཁོལ། སློབ་དཔོན་ཕྱོགས་གླང་གསུམ་དུས་སྐབས་གཅིག་གི་ཡིན་པར་བཞེད། གཞན་ཉེ་རབས་ཀྱི་ལེགས་སྦྱར་མཁས་པའི་དབང་བོ་གསུམ་གྱིས་ནག་མོ་ཁོལ་དང་འབྲེལ་བའི་བཀའ་མཆིད་ཅེས་པ། «སྤྲིན་གྱི་ཕོ་ཉ་དང་འབྲེལ་བའི་སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས»ཞེས་པར་ཡང་སློབ་དཔོན་ནག་མོ་ཁོལ་རྒྱལ་བོ་རྣམ་གནོན་གྱི་མདུན་ན་འདོན་མཁས་པ་རིན་ཆེན་དགུའི་གྲལ་དུ་བྱས་འདུག་ཅིང་། རྒྱལ་བོ་རྣམ་གནོན་ཉི་མ་ནི་ཙནྡ་གུབྟ་གཉིས་པའམ་བིཀྲམདིཏྱ་དེ་ཉིད་ཡིན་ནོ། །    དེས་ན་ད་ལྟ་མཁས་པ་ཕལ་ཆེ་བས་ཀྱང་ནག་མོ་ཁོལ་དུས་སྐབས་དེ་ཙམ་གྱི་མཁས་པ་ཞིག་ཡིན་པར་བཞེད་པ་གཅིག་མཐུན་དུ་བྱུང་ཡོད་པར་བཤད། ཡང་མཁས་པ་འགའ་ཞིག་གིས་ནི་སློབ་དཔོན་ནག་མོ་ཁོལ་སྤྱི་ལོའི་དུས་རབས་དང་པོའི་སྔོན་གྱི་ལོ་བརྒྱ་སྐོར་དུ་བྱུང་བར་བྱེད་ཅེས་བཤད་ཀྱང་འདོད་ཚུལ་དེར་མཐུན་ཕྱོགས་འཛིན་མཁན་དེ་ཙམ་མ་བྱུང་བར་སྣང་།                               

༤   

སློབ་དཔོན་འདིའི་ལོ་རྒྱུས་ལས་གསལ་ཁ་མ་ཐོན་ཅིང་བཞེད་ཚུལ་ཐ་དད་དུ་བབ་པ་གཅིག་ནི་ཁོང་གང་དུ་འཁྲུངས་ཤིང་ཡུལ་གང་གི་ཡིན་པ་དེ་ལ་བྱེད་ཅིང་། དེའི་ཐད་ནས་ཀྱང་འཕགས་བོད་ཀྱི་མཁས་པ་ཚོའི་འདོད་ཚུལ་མི་མཐུན་པ་འགའ་ཞིག་འདུག་པ་ནི། ཀུན་མཁྱེན་ཇོ་ནང་པའི«རྒྱ་གར་ཆོས་འབྱུང»དུ་མ་ག་དྷཱའི་གནག་རྫི་གཟུགས་བཟང་བ་ཞིག་ཤིང་གི་ཡལ་གའི་རྩེ་མོ་ལ་གནས་ནས། ཡལ་གའི་རྩ་བ་ལ་སྟེའུ་སྣུན་པར་བྱེད་པ་མཐོང་ནས་ཤིན་ཏུ་བླུན་པར་ཤེས་ཏེ། ཞེས་སློབ་དཔོན་འདི་ཡུལ་མ་ག་དྷཱའི་ཡིན་པར་བཤད་ཡོད་པ་དང་། འགའ་ཤས་ཀྱིས་སློབ་དཔོན་འདི་སིངྒ་ལའི་རྒྱལ་པོ་གཞོན་ནུའི་ཁོལ་ཞེས་པའི་ཕོ་བྲང་ནང་གི་རྒྱལ་པོས་བཀུར་པའི་མཁས་པ་དང་། རྗེས་སུ་སྨད་འཚོང་མའི་ཁྱིམ་དུ་གཤེགས་སོ་ཞེས་སིངྒ་ལའི་ཡུལ་གྱི་མཁས་པ་རུ་འདོད་མཁན་ཀྱང་ཡོད་ཚོད་སྣང་ལ། མཁས་པ་དགེ་ཆོས་ཀྱི་སིངྒ་ལའི་ལོ་རྒྱུས་ནང་། ཏཱམིལའི་རྒྱལ་པོ་དྷཱཏུསེན་ཞེས་བྱ་བས་སིངྒ་ལ་དབང་བསྒྱུར་ཏེ། དེའི་བུ་འོད་སྲུང་ཞེས་བྱ་བ་དེ་གཉིས་ནག་མོ་ཁོལ་དང་དུས་མཚུངས། ཞེས་སོགས་ནག་མོ་ཁོལ་སིངྒ་ལའི་ཡུལ་དང་འབྲེལ་བའི་གཏམ་མང་དུ་ཡོད་ཀྱང་ཁོང་གིས་ཡི་གེར་བགྱི་མ་ཐུབ་ཚུལ་བཤད།    ལ་ལས་སློབ་དཔོན་འདིའི་གསུང་རྩོམ་དུ་གྲོང་ཁྱེར་ཨུཛྫ་ཡ་ནའི་བསྔགས་པ་བརྗོད་ཅིང་། སློབ་དཔོན་འདི་རྒྱལ་པོ་རྣམ་གནོན་ཉི་མའམ་ཙནྡ་གུབྟ་གཉིས་པའི་ཕོ་བྲང་ནང་གི་མཁས་པ་རིན་པོ་ཆེ་དགུའི་ཡ་གྱལ་ཡིན་པས། གྲོང་ཁྱེར་ཨུཛྫ་ཡ་ནའམ་འཕགས་རྒྱལ་དུ་སྐྱེས་པར་བཤད་པ་དང་། དེ་བཞིན་མཁས་པ་ལ་ལས། སློབ་དཔོན་ཁོང་གི་བརྩམས་ཆོས་སུ་ཧི་མ་ལ་ཡའི་བསྔགས་པ་མང་བ་དང་། གུར་གུམ་གེ་སར་རྣམས་དང་ལྷུམས་གཅིག་པ། །ངེས་པར་སྙན་ངག་ལ་ནི་རྣམ་པར་བརྩོན། །ཚངས་པའི་བུ་མོའི་ཡུལ་ལས་བརྒལ་ནས་ནི། །གཞན་དུ་གང་དེ་རབ་སྐྱེས་མཐོང་མི་འགྱུར། །ཞེས་སོགས་ཀྱི་ཚིག་བྱུང་ཞིང་། གུར་གུམ་ནི་ཀསྨི་ལས་གཞན་དུ་མི་སྐྱེ་བས། འདི་པའི་འཁྲུངས་ཡུལ་ཀསྨིར་ཡིན་པར་ཡང་བྱེད་ཅིང་། འགའ་ཤས་ཀྱིས་འདིས་ལྷ་མོ་ནག་མོ་ལ་མཆོད་པས་བྷངྒ་ལའི་ཡུལ་ནས་ཡིན་ནམ་ཞེས་ཇོ་ནང་ཏཱ་ར་ནཱ་ཐའི་གསུང་ཚུལ་དང་མཐུན་པར་སྨྲ་བ་སོགས་འདོད་ཚུལ་ཐ་དད་པ་བཞི་ལྔ་ཙམ་བྱུང་འདུག་གོ །    གོང་དུ་སོང་བ་ལྟར་སློབ་དཔོན་ནག་མོ་ཁོལ་སྐུ་ན་ཆུང་དུས་ཀྱི་ལོ་རྒྱུས་བཤད་ཚུལ་ལ་མི་མཐུན་པ་ཆེར་མ་བྱུང་ཡང་། ཅི་ཡིན་གསལ་ཁ་མེད་པ་ཞིག་ནི་སློབ་དཔོན་འདི་རྒྱུ་རྐྱེན་ཅི་ཞིག་གིས་ཡུལ་དུ་སྤྱུགས་པ་དང་། སྤྱུག་མཁན་སུ་ཞིག་ཡིན་མིན་སོགས་ལ་མཁས་པ་རྣམས་ཀྱི་དགོངས་པ་ལེན་ཕྱོགས་དང་ངག་རྒྱུན་རེ་འགའ་བྱུང་འདུག་སྟེ། «ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ»བར། ནམ་ཞིག་ན་རི་མོ་མཁས་ཅན་ཞིག་གིས་རྒྱལ་བོའི་བཙུན་མོ་རི་མོར་བྱས་པ་རྒྱལ་པོས་སློབ་དཔོན་འདི་པའི་སྤྱན་དུ་བསྟར་བ་ན། སློབ་དཔོན་གྱིས་རི་མོ་ལེགས་ཀྱང་བཙུན་མོའི་སྐྱེ་གནས་ཐད་ཀྱི་སྨེ་བ་ཡོད་པ་མ་བྲིས་ཚུལ་བརྗོད་པས། རྒྱལ་པོས་འདིས་ངེས་པར་འདོད་ལོག་སྤྱོད་པ་ལ་ཞུགས་སོ་ཟེར་ནས་སྤྱུགས་སོ་ལྟ་བུ་ཞིག་འཁོད་ཡོད་ཚུལ་དང་། «སྤྲིན་གྱི་ཕོ་ཉ་དང་འབྲེལ་བའི་སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས»ཞེས་པ་རུ། སློབ་དཔོན་འདི་རྒྱལ་པོ་རྣམ་གནོན་གྱི་རིན་ཆེན་དགུའི་གྲས་ཀྱི་གཅིག་ཡིན་པས། དུས་དུས་སུ་རྒྱལ་པོའི་དམག་ཇུས་དང་། བློ་འདོན་པ་སོགས་ཀྱི་ཁུར་ཁྱེར་དགོས་པ་དང་། རྒྱལ་པོས་ཀྱང་མཁས་པ་རྣམས་ལ་རྒྱལ་བོ་དང་རྒྱལ་བོ་ཆེན་པོ་གཞན་ལས་ཀྱང་བཀུར་བསྟི་ཆེ་བར་མཛད་ཅིང་། དུས་སྐབས་དེར། རྒྱལ་བོ་ཞིག་གི་སྟོབས་འབྱོར་དེ་ཁོང་གིས་སྦྱིན་བདག་བྱེད་སའི་པཎྜི་ཏ་རྣམས་ཀྱི་གོ་ཐོབ་དང་། རྒྱུ་འབྱོར། མཚན་མཐོང་སོགས་ཀྱིས་འབྱེད་པར་བཤད། སློབ་དཔོན་འདི་ལ་ཆུང་མ་སྔ་ཕྱི་གཉིས་བྱུང་ཞིང་། སྔ་མ་འདས་ནས་ཕྱི་མ་བླངས་ཟིན་པའི་རྗེས་ཙམ་ན་གཅིག་ནས་འདོད་ཡོན་ལ་ཆེས་ཆགས་ཤིང་། གཉིས་ནི་རྒྱལ་སྲིད་ཀྱི་བྱ་བ་སོགས་ལ་སྒྱིད་ལུག་པར་གྱུར་པ་དང་ལས་འགན་ཡང་དུས་ཐོག་ཏུ་ཁུར་མ་ཐུབ་པ་ལན་མང་བྱུང་། ལྷག་པར་དུས་སྐབས་དེ་ཙམ་ན། རྒྱལ་བོ་རྣམ་གནོན་གྱི་སྲས་ཆེ་བ་གློ་བུར་དུ་གྲོངས་པ་དང་། ཕྱོགས་ཀྱིས་ངོ་ལོག་པ་འགའ་ཞིག་བྱུང་བ་སོགས་ཀྱང་རྒྱལ་བོ་རང་ཉིད་ཀྱི་ཞོད་འཇགས་སུ་བཏང་བ་ལས། སློབ་དཔོན་འདིས་ཁ་ཡ་གང་ཡང་བྱེད་མ་བཏུབ་པའི་དབང་གིས། མཐར་རྒྱལ་བོ་ཁོང་ནས་ཁྲོས་ཏེ་ནག་མོ་ཁོལ་ལོ་གཅིག་ལ་རྒྱང་ཕུད་གཏོང་བའི་བཀའ་བབ་པར་བཤད།    མཁས་དབང་དགེ་ཆོས་ཀྱི«གཏམ་རྒྱུད་གསེར་གྱི་ཐང་མ»རུ། ནག་མོ་ཁོལ་སྐྱོ་སྟེ་ནགས་སུ་ཕྱིན་ཅིང་ཀཱལིའི་སྐུ་བརྙན་ཞིག་གི་མདུན་སྲོག་འདོར་བར་བརྩམ་པ་ན། ལྷ་མོས་རྗེས་སུ་བཟུང་ནས་རིག་པའི་མཆོག་ཐོབ། ཕྱིས་རྒྱལ་པོའི་བུ་མོས་འཚོལ་དུ་སོང་བ་ན་ཤིང་གི་ཤུན་པར«སྤྲིན་གྱི་ཕོ་ཉའི»ཚིགས་བཅད་བྲིས་པ་དག་མཐོང་ནས་ངོ་མཚར་ཏེ་བཙལ་བས་རྙེད་ཚུལ་སོགས་བཀོད་འདུག་པས། དེ་ལ་བརྟེན་ནས་ལ་ལས་སློབ་དཔོན་འདི་ཆུང་མས་སྤྱུགས་པ་ཡིན་མིན་ལའང་དོགས་པའི་གཞི་རུ་བཞག་འདུག་གོ །                               

༥ 

སློབ་དཔོན་འདིའི་ལོ་རྒྱུས་ལ་རྟོག་སྐབས། གོང་གི་གནས་ཚུལ་དེ་དག་དང་འབྲེལ་ནས་བར་སྐབས་འདིར་སློབ་དཔོན་ཁོང་གི་བརྩམས་ཆོས་གྲགས་ཅན། «སྤྲིན་གྱི་ཕོ་ཉའི»བརྗོད་བྱ་ལའང་བསམ་དགོས་པ་ཡིན་ཏེ། སློབ་དཔོན་ཁོང་གི་བརྩམས་ཆོས་དེའི་བརྗོད་བྱའི་གནས་ཚུལ་ནི་ཁོང་རང་གི་སྐུ་ཚེའི་བྱུང་བ་དང་ཤིན་དུ་འདྲ་ཆེ་བས་སོ། །    དེ་བས་ན་ད་ལྟ་མཁས་པ་ཕལ་ཆེ་བས་ཀྱང«སྤྲིན་ཀྱི་ཕོ་ཉ»ནི་སློབ་དཔོན་ནག་མོ་ཁོལ་རང་ཉིད་ཡུལ་གཞན་དུ་སྤྱུགས་སྐབས་སུ་ཆུང་མ་དྲན་དྲགས་ཏེ་མ་བཟོད་ནས་མཁའ་ལ་རྒྱུ་བའི་ཆུ་འཛིན་ལའང་གདུང་སེམས་ཀྱི་ཞུ་འཕྲིན་སྐུར་བའི་ཚུལ་དུ་བྲིས་པ་ཞིག་ཡིན་པ་ལས། སློབ་དཔོན་དེས་རང་གི་འཚོ་བ་དང་མ་འབྲེལ་བའི་བརྗོད་གཞི་ཞིག་བཙལ་ནས། མ་ན་བཞིན་དུ་ན་ཚུལ་སྟོན་པ་དེ་འདྲ་ལར་ནས་མ་ཡིན་ཞེས་ཀྱང་སྨྲ་བར་བྱེད།    འོ་ན«སྤྲིན་གྱི་ཕོ་ཉའི»བརྗོད་བྱ་ཅི་ཞིག་ཅེ་ན། དེ་ནི་རིག་བྱེད་ཀྱི་ལྷ་སྒྲུང་ཞིག་སྟེ། ལྷ་ཆེན་པོ་དབང་ཕྱུག་གི་འཁོར་དུ་གཏོགས་པའི་གནོད་སྦྱིན་ནོར་ལྷ་ཀུ་བཱེ་ར་ལ་སྲི་ཞུ་བྱེད་མཁན་གྱི་ཁོལ་པོ་ཞིག་རང་གི་རྗེ་བོའི་མེ་ཏོག་གི་ཚལ་སྲུང་བ་ལ། དུས་ནམ་ཞིག་ན་དེ་རང་གི་ཁྱིམ་ཐབ་བསུས་ནས་ཡུན་རིང་མ་ལོན་པའི་ཆུང་མའི་མཛེས་པ་ལ་ཆགས་ནས། མེ་ཏོག་སྲུང་བའི་ལས་གཡེལ་བར་གྱུར་པའི་དུས་ཤིག་ན། མི་སྲུན་པའི་གླང་པོའི་ཁྱུ་གཅིག་གིས་མེ་ཏོག་ཚལ་ཀུན་ནས་བརྫིས་པས། རྗེ་བོ་ཀུ་བཱེ་ར་རབ་ཏུ་ཁྲོས་ཏེ་ཉེས་ཆད་དུ་སྣོད་སྦྱིན་དེ་ཡུལ་དུ་སྤྱུགས་པར་གྲགས། གནོད་སྦྱིན་ཡུལ་དུ་སྤྱུགས་དགོས་བྱུང་བའི་ཚུལ་འདི་རྒྱའི་མཁས་པ་ལིའུ་ཨན་བིའི་ཞེས་པ་ཞིག་གིས་བྲིས་པར་བཤད་ཅིང་། དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱི་དཔྱད་རྩོམ་དུ་དྲངས་འདུག་ཀྱང་། མཁས་པ་དེས་རང་གི་གསུང་དེའི་ཁུངས་མ་དྲངས་ཞེས་ཕངས་སེམས་ཆེར་བྱེད་ཅིང་མཆིས།    དེ་ནས་གནོད་སྦྱིན་གྱི་ཁོལ་པོ་དེ་རཱ་མའི་རི་བོར་ཆད་པ་ཁུར་ནས་སྡོད་པའི་ཚེ། ཆུ་སྟོད་ཟླ་བ་རྫོགས་པའི་དུས་ཙམ་ན་ཕྱོགས་ནས་རྒྱུ་བའི་སྤྲིན་དཀར་གྱི་གླང་པོ་དང་། ཆར་ཟིམ་གྱི་བསིལ་བ། ནགས་ཀྱི་གཡོ་འགུལ། མེ་ཏོག་གི་མཛེས་པ། བྱ་བྱིའུའི་གསུང་སྙན་སོགས་སྣང་ཡུལ་ཐམས་ཅད་མཛའ་མོ་ལྷག་ཏུ་དྲན་པའི་གདུང་བའི་རྐྱེན་དྲག་པོར་སོང་སྟེ། གནོད་སྦྱིན་དེས་དབང་མེད་དུ་རཱ་མའི་རི་བོའི་མདུན་ཐད་ཀྱི་སྤྲིན་དཀར་པོ་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕྱོགས་སུ་དལ་གྱིས་རྒྱུ་བ་ཞིག་ལ་རང་གི་དགའ་མར་འཕྲིན་བཏང་བ་དང་། དེ་ཡང་འཕྲིན་ཁྱེར་བར་བྱེད་པའི་སྤྲིན་དཀར་གྱི་ཕོ་ཉ་གང་དེ་ལམ་གང་ནས་གང་དུ་བགྲོད་པའི་ཡུལ་གྱི་བཀོད་པ་དང་། གནས་ཀྱི་ཆེ་བ། རི་ལུང་གྱི་ཆགས་དབྱིབས། མཚོ་དང་མཚེའུའི་མཛེས་ཉམས། བྱ་དང་རི་དྭགས་ཀྱི་འཕུར་འགྲོས། གྲོང་དང་གྲོང་ཁྱེར་གྱི་གཟི་བརྗིད། གྲུབ་རིག་དང་བུད་མེད་ཀྱི་སྒེག་ཉམས། དགའ་མའི་སྐྱིད་སྡུག་གི་འཚོ་བ་དང་རྣམ་འགྱུར་སོགས་སྣོད་བཅུད་ཉམས་སྣང་ཡོད་ཚད་གདུང་སེམས་འོ་མའི་རླབས་རྒྱུན་འབའ་ཞིག་ལ་དྲངས་ཏེ། མུ་འབྲེལ་སྣུམ་ཚོན་གྱི་རི་མོ་ལྟར་དུ་སྦྱར་བ་ཞིག་གོ །                               

༦   

གཞན་སློབ་དཔོན་འདིའི་སྐུ་ཚེ་མཐའ་མའི་ལོ་རྒྱུས་སམ་འདས་ཚུལ་སྐོར་གྱི་གཏམ་ཐོར་བུ་དེའང་འདི་བའི་ལོ་རྒྱུས་ཀྱི་ལྷུ་ལག་གལ་ཆེན་ཞིག་ཡིན་པས། དྲན་དབང་དགེ་ཆོས་ཀྱི«གཏམ་རྒྱུད་གསེར་གྱི་ཐང་མ»རུ་ཡོད་པ་ཞིག་འདིར་དྲངས་ན། ཡང་ནག་མོའི་ཁོལ་གྱི་གྲོགས་པོ་ཀུམཱརདཱ་སས་སྐྱེད་བྱེད་མ་འཕྲོག་པ་བྲིས་ནས། སིངྒ་ལ་ནས་ཛམྦུའི་གླིང་དུ་བསྲིངས་པས་གླང་ཆེན་གྱི་རྒྱབ་ཏུ་བཞག་ནས་བཀུར་བསྟི་བྱས། དུས་ཕྱིས་ཤིག་ན། སིངྒ་ལའི་རྒྱལ་པོ་གཞོན་ནུའི་ཁོལ་གྱིས་ཚིགས་བཅད་གོ་དཀའ་བ་ཞིག་བྲིས་ནས། འདིའི་དོན་ཤེས་ན་གསེར་གྱི་རྙེད་སྦྱིན་ནོ། །ཞེས་སྨྲས་པས། སྨད་འཚོང་མ་ཞིག་གིས་ནག་མོ་ཁོལ་ལ་དོན་དེ་དྲིས་ནས། གསེར་འདོད་པས་སློབ་དཔོན་བསད་དེ། རོ་བསྲེགས་པ་ན། རྒྱལ་པོ་ཡང་མེ་ལ་མཆོངས་ནས་ཤིའོ་སོགས་གྲགས། ཞེས་གསུངས། ཞེས་དང་། རང་ཉིད་བོད་དུ་འཇལ་བའི་ས་སྐྱ་ལེགས་བཤད་ཀྱི་དཔེ་འགྲེལ་དུ། གོང་དུ་གསལ་བ་ལྟར་གྱི་ལོ་རྒྱུས་ཕལ་ཆེར་འདྲ་བ་ལ། རྒྱལ་པོ་སྙན་དངགས་མཁན་ཞིག་གིས་ཚིགས་བཅད་རྐང་པ་ཕྱེད་པ་ཞིག འདི་ལྟར། ཉི་མ་ནུབ་ཚེ་པད་མོ་ནི། །འདར་བར་བྱེད་པའི་རྒྱུ་ཅི་ཞིག །ཅེས་དྲིས་ཏེ་དེའི་ལན་ཚུལ་བཞིན་དུ་འདེབས་ནུས་ན། བྱ་དགའ་ཆེན་པོ་སྟེར་རོ་ཞེས་གྲལ་བསྒྲགས་པས། པཎ་ཊི་ཏ་མང་པོས་པོ་ཏི་ལོངས་པའི་ལན་བྲིས་ཀྱང་། རྒྱལ་པོ་མ་མགུ་ཞིང་། མཐར་ནག་མོའི་ཁོལ་པོ་ཆང་ཁང་དུ་གཞོན་ནུ་མ་མང་པོ་དང་དགའ་བས་མྱོས་ཏེ་གནས་སྐབས། ཚིགས་བཅད་རྐང་པ་ཕྱེད་ཀྱི་ལན་པོ་ཏི་ལོངས་པ་བྲིས་སོ་ཞེས་གཏམ་གླེང་བ་ན། ནག་མོ་ཁོལ་པོས། དེའི་ལན་ནི་འདི་ཡིན་ཏེ། ཉི་མ་ནུབ་ཚེ་བུང་བ་ཞུགས། །དེ་ནི་པད་མོ་འདར་བའི་རྒྱུ། །ཞེས་སྨྲས་པས། དེ་ཆང་མཁན་མས་ཡི་གེར་བྲིས། ནག་མོའི་ཁོལ་བསད་དེ། ལན་དེ་རྒྱལ་བོ་ལ་ཕུལ་ནས་བྱ་དགའ་ལེན་འདོད་ཀྱང་། རྒྱལ་པོ་འདོད་ཡིད་མ་ཚིམས་པར་ཕོ་ཉ་ལ་ཆང་ཁང་ཉུལ་དུ་བཅུག་པས། ཐབ་འོག་ནས་ནག་མོའི་ཁོལ་གྱི་ཕུང་པོ་རྙེད་དོ། །ཆང་མཁན་མ་ཆད་པ་བཅད། ཅེས་འདུག་པ། འདི་ཡང་རྒྱ་གར་ནས་བྱུང་བའི་ལོ་རྒྱུས་ཡིན་པ་ཐེ་ཚོམ་བྱེད་མི་དགོས་པར་སྣང་ལ། ཚིགས་བཅད་འདིའི་རྒྱ་དཔེ་ཡང་མ་མཐོང་། ཞེས་པ་འདིའོ། །                               

༧   

ད་ནི་གོང་གི་ལོ་རྒྱུས་ཀྱི་ཡིག་ཆ་མཐའ་དག་ལ་བརྟགས་ནས་སློབ་དཔོན་ནག་མོ་ཁོལ་འདིའི་ལོ་རྒྱུས་ཉུང་ངུ་ཁ་ཚང་བ་ཞིག་དགོད་པར་བྱ་སྟེ། སློབ་དཔོན་འདི་སྤྱི་ལོའི་དུས་རབས་བཞི་བའི་དུས་མཇུག་ཙམ་ན་རྒྱ་གར་གྱི་གྲོང་ཁྱེར་ཨུཛྫ་ཡ་ནའམ་འཕགས་རྒྱལ་ཞེས་བྱ་བའི་ཡུལ་དུ་འཁྲུངས་ཤིང་། གཟུགས་བྱད་བཟང་ཡང་དབང་པོ་ཤིན་ཏུ་རྟུལ་བ་ཞིག་ཡིན་པ་ལ། དུས་ཕྱིས་ཡུལ་དེའི་རྒྱལ་པོ་རྣམ་གནོན་ཉི་མའི་མཆོད་གནས་སུ་བྲམ་ཟེ་མཆོག་སྲེད་ཅེས་པ་ཞིག་ཡོད་ཅིང་། དེས་རྒྱལ་བོའི་བུ་མོ་བློ་རྣོ་ཞིང་སྒྲ་ལ་མཁས་པ་དཔྱིད་ལྡན་མར་འབོད་པ་དེ་རང་གི་ཆུང་མར་དགུག་པར་འདོད་ཀྱང་། དཔྱིད་ལྡན་མས་ང་རང་ལས་ཡོན་ཏན་དམན་པའི་སྐྱེ་བོའི་ཁྱིམ་ཐབ་མི་བྱ་ཞེས་མ་ཉན་པ་ན། དེ་ལ་བྲམ་ཟེ་མཆོག་སྲེད་མ་དགའ་ནས་འོ་ན་ངས་མཁས་པ་ཤེས་རབ་ཆེ་བ་ཞིག་རྒྱལ་བོའི་བུ་མོའི་ཁྱོ་བོ་རུ་བཙལ་ལོ་ཞེས་གཤེགས་སོ། །    དེ་ལྟར་མཆོག་སྲེད་ལམ་དུ་འགྲོ་བ་ལ་ཉིན་ཞིག་གནག་རྫི་ཞིག་རང་ཉིད་ཤིང་གི་ཡལ་གར་ཞོན་ནས་ཤིང་གི་རྩ་བར་སྟ་རེས་གཅོད་པ་མཐོང་བ་ན། དེ་ཤིན་ཏུ་བླུན་པར་མཐོང་ནས་བསླུས་ཏེ། རྒྱལ་པོའི་བུ་མོའི་མག་པ་བྱེད་ཐུབ་ཅེས་བྲམ་ཟེའི་ཆ་བྱད་དུ་བཅོས། བག་སྟོན་གྱི་ཉིན་གྱི་ཤིས་ཚིག་ༀ་སྭ་སྟི་ཞེས་པ་ཡུན་རིང་དུ་བསླབས་ནས་ཤེས་ཙམ་ན། རྒྱལ་པོ་ལ། འདི་ངའི་སློབ་དཔོན་ཡིན། བུ་མོ་དེ་ལ་སྟེར་དགོས་ཟེར་ནས་དེ་ལྟར་བག་སྟོན་བྱ་རྒྱུ་གཏན་ཁེལ་བར་བྱས་སོ། །    ནམ་རྟེན་འབྲེལ་གྱི་ཉིན་མོ་ཤར་བ་ན། མེ་ཏོག་གཏོར་ཅིང་ཤིས་པ་བརྗོད་པའི་དུས་སུ། གནག་རྫིས་སྔར་གྱི་ཚིག་དེ་བརྗེད་ནས་ཨུ་ཤ་ཊ་ར་ཞེས་ལོག་པར་བརྗོད་པས། དེ་མ་ཐག་མཆོག་སྲེད་ཀྱིས་སྒྲ་བཤད་བྱས་ཏེ། ཨུ་མ་དང་བཅས་དྲག་པོ་དང་། །བདེ་བྱེད་དང་ནི་ཁྱབ་འཇུག་དང་། །ཊཾ་ཚུལ་ཕྱག་ན་མདུང་ཐུང་ཡང་། །ཞི་བས་རྟག་ཏུ་བསྲུང་གྱུར་ཅིག །ཅེས་སྡེབ་སྦྱོར་གྱི་མིང་ནི་དབྱངས་ཅན་གྱི་མགུལ་རྒྱན་བྱ་བ་ཡིན་ཟེར་ནས་བཅོས། དེ་ནས་རྒྱལ་པོའི་བུ་མོས་སྒྲའི་སྐོར་གྱི་དྲི་བ་འགའ་ཞིག་བྱས་ཀྱང་ལན་མ་བཏབ་པ་ལ། བྲམ་ཟེ་མཆོད་སྲེད་ཀྱིས་ཁོང་པཎྜི་ཏ་ཆེན་པོ་བུད་མེད་ཀྱི་དྲི་བར་ལན་ཅི་ལ་འདེབས་ཞེས་གནས་སྐབས་དེར་མགོ་རྨོངས་པར་བྱས་ནས་བྲམ་ཟེ་རང་ཉིད་ཡུལ་གཞན་དུ་བྲོས་སོ། །    དེ་ནས་རྒྱལ་པོའི་བུ་མོས་དེ་ལྷ་ཁང་སོགས་སུ་ཁྲིད་ནས་བརྟགས་པས། རང་ཉིད་བྲམ་ཟེས་བསླུས་པ་ཤེས་ཀྱང་ཅི་བྱ་བྲལ། དེ་ལ་སྒྲ་བསླབས་ཀྱང་མ་ཤེས་པས་རྒྱུན་དུ་བརྙས་བཅོས་དང་སྡང་པོ་བྱས་པས། གནག་རྫི་ཡི་མུག་ནས་རྟག་པར་རི་ལ་ཕྱིན་ཅིང་ལྷ་མོ་ནག་མོའི་སྐུ་བརྙན{ཡུལ་མ་གདྷ་ན་མུ་སྟེགས་ཀྱི་ལྷ་དེ་བཱི་ཀཱ་ལཱི་ལྷ་མོ་ནག་མོ་ཞེས་གྲགས་པ་རྡོ་སྐུ་མི་ཙམ་པ། མཆོད་ཁང་མདུན་ན་ཁྲོན་པ་སྐམ་པོ་རྡོའི་ཀྱོར་ཀྱོར་ཡོད་པ། འདུག་པའི་སྒོ་ཤར་དུ་གཏད་པ་ཡོད། ཅེས་ཆོས་རྗེ་ཆག་ལོ་ཙཱ་བས་གདྷ་རུ་ལྷ་མོའི་སྐུ་བརྙན་དེ་དངོས་སུ་གཟིགས་པར་གསུངས་འདུག་གོ}ཞིག་གི་མདུན་དུ་གསོལ་བ་འདེབས་ནས་འདུག་པ་ལ། ནམ་ཞིག་གཡོག་མོ་ཞིག་གིས་ལྷ་མོའི་སྐུ་བརྙན་གྱི་རྒྱབ་ནས་རང་གི་གོ་ལ{གོ་ལ་ཞེས་པ་ཁ་དོག་དམར་པོ་རོ་སྐྱུར་སེང་ངེ་བ། སོ་ལ་ཕན་པ་ཞིག་ཡོད་པར་བཤད། འདིའི་སྐོར་ཆག་ལོའི་ལམ་ཡིག་གི་ལེའུ་བཅུ་པ། ནཱ་ལནྡྲ་གཟིགས་པ་ཞེས་པའི་མཇུག་དུམ་ན་གསལ}མུར་འཕྲོ་ཞིག་གནག་རྫའི་ཕྱོགས་སུ་གཏོར་བ་ལ། གནག་རྫི་ཤིན་ཏུ་འགའ་ཞིང་དད་དེ་འདི་ནི་ལྷ་མོས་གནང་བ་ཡིན་སྙམ་ནས་ཡིད་གཉིས་མེད་པར་ཟོས་པ་ན། དེ་མ་ཐག་ལྷ་མོ་ལས་དངོས་གྲུབ་ཐོབ་ཅིང་ཤེས་རབ་ཀྱི་རྩལ་ཁ་བྱེ། སྨྲ་བ་ངག་གི་ཀློང་རྡོལ་ལོ། །                               

༨   

འདིའི་ཡན་གྱི་ལོ་རྒྱུས་ནི་སློབ་དཔོན་ནག་མོ་ཁོལ་གྱི་སྐུ་ཚེ་སྟོད་ཀྱི་བྱུང་བ་ཡོངས་གྲགས་ལྟར་ཡིན་ཞིང་། ཁོང་ལྷ་མོ་ནག་མོ་ལས་མཆོག་གི་དངོས་གྲུབ་ཐོབ་པ་དེ་ནས་བཟུང་སྟེ་ཕྱིས་ཀྱི་བྱུང་བ་ནི་དུམ་བུ་ཐར་ཐོར་ཞིག་ལས་མེད་པས། གོང་གི་ལོ་རྒྱུས་ཚན་པ་དེ་དག་ལ་བརྟགས་ཏེ་ཁ་སྐོང་བ་ལ། དེ་ནས་ལྐུགས་པ་དེ་རིག་པ་འཕེལ་བས་དཔྱིད་ལྡན་མའང་རབ་ཏུ་དགའ་སྟེ་ཕོ་བྲང་དུ་བསུས། ཁོང་ལྷ་མོ་ནག་མོ་ལས་མཆོག་ཐོབ་པའི་གྲགས་པ་འབར་ཅིང་རྒྱལ་པོས་ཀྱང་གཙུག་ཏུ་བསྐུར་བའི་པནྜི་ཏའམ་སྙན་ངག་པ་ཆེན་པོར་གྱུར། མཚན་ལ་ཡང་ཀཱ་ལི་དཱ་ས་སྟེ་ནག་མོ་ཁོལ་ཞེས་གྲགས་སོ། །    དེ་སྐབས་ཤིག་ན་ནག་མོ་ཁོལ་གྱིས་ལག་པ་གཡས་ན་པདྨའི་མེ་ཏོག་གཅིག་དང་གཡོན་ན་ཨུཏྤལའི་མེ་ཏོག་གཅིག་བླངས་ཏེ། རང་གི་ཆུང་མ་དཔྱིད་ལྡན་མར། བདག་གི་ལག་པ་གཡས་ན་པདྨ་གཅིག །གཡོན་ན་དེ་བཞིན་ཨུཏྤལའི་མེ་ཏོག །འཇམ་པོའི་ཡུ་བའམ་རྩུབ་མོའི་ཡུ་བ་ཅན། །གང་འདོད་སྨྲོས་ཤིག་པདྨའི་མིག་ཅན་མ། །ཞེས་པའི་སྙན་ངག་ཚིགས་བཞི་མ་འདི་ཐོག་དང་པོར་དཔྱིད་ལྡན་མའི་འདོད་དོན་ལེགས་སྐྱེས་སུ་བཏེགས་པར་གྲགས།    དེ་ལྟར་སློབ་དཔོན་འདི་དབུལ་བོ་ནས་ཕྱུག་པོ། ལྐུགས་པ་ནས་མཁས་པ། ཁོལ་པོ་ནས་གཙོ་བོ། གཞན་གྱི་བརྙས་ཡུལ་ཞིག་ལས་གཙུག་ཏུ་བཀུར་ཡུལ་ཞིག་ཏུ་གྱུར་ཏེ། རིམ་གྱིས་རྗེ་བོའི་མཆོད་གནས་མཁས་པ་རིན་ཆེན་དགུའི་ཡ་གྱལ་ཞིག་ཏུ་གྱུར་ཅིང་། ཕོ་བྲང་ཕྱི་ནང་གི་སྙན་ངག་མཁན་དང་། རི་མོ་བ། རྒྱལ་པོའི་རྒྱལ་སྲིད་དང་དམག་ཇུས་སོགས་ལའང་བློ་འདོན་པའི་མདུན་ན་འདོན་དང་པཎྜི་ཏ་ཆེན་པོ་རུ་གྱུར། ལྷག་པར་སྙན་ངག་སྨྲ་བ་ལ་འགྲན་པའི་ཟླ་དང་བྲལ་བས་འཕགས་ཡུལ་སྙན་ངག་མཁན་གྱི་གཙུག་ཏུ་འགྱིངས་ཤིང་། ཁོང་གི་བརྩམས་ཆོས་ཕལ་ཆེ་བ་ཞིག་ཀྱང་སྐབས་དེ་དུས་ཙམ་ན་བྲིས་པ་ཡིན་ངེས་སྙམ།    དེ་ལྟ་ནའང་ནག་མོ་ཁོལ་གློ་བུར་སྟེས་དབང་གིས་ཐོབ་པའི་སྤྱོད་ཡུལ་བློ་ལས་འདས་པ་དེ་ནི། ཁོང་ཉིད་ཚེ་མཇུག་གི་ལས་དབང་སྒྱུར་བའི་རྐྱེན་དུ་གྱུར་པ་སྟེ། ཕྱུགས་ཀྱི་ཁ་ལོ་ཙམ་ལས་མི་ཤེས་པའི་རྫི་བོ་ཞིག་སྐབས་ཐོབ་ཀྱི་ཤེས་རབ་ཇི་ལྟར་ཆེ་ཡང་། འཚོ་བ་དངོས་ནི་རྣམ་རིག་ཁོ་ནའི་རྗེས་སུ་འཇུག་ལྡོག་མི་སྲིད་པ་ཡིན་པས། དེ་ལྟའི་སྐྱེ་བོ་ཞིག་སྟོབས་ཀྱི་འཁོར་ལོ་སྒྱུར་པའི་རྒྱལ་སྲིད་ཀྱི་ལོངས་སྤྱོད་ལ་རོལ་རྒྱུ་ནི་རྟག་བརྟན་ཅན་ཞིག་ཅི་ལ་ཡིན།    ལར་སློབ་དཔོན་འདི་གཟུགས་བྱད་བཟང་བ་དང་རྒྱལ་པོའི་བཙུན་མོའི་སྐྱེ་གནས་ཐད་ན་སྨེ་བ་ཡོད་པར་སྨྲས་པས་སྤྱུགས་པ་ཡིན་ཚུལ་སོགས་བརྟགས་ནའང་། འདི་བའི་ལོ་རྒྱུས་ཀྱི་གས་ཁ་ཞིག་མཐོང་དུ་འདུག་ཀྱང་། མཐའ་གཅིག་ཏུ་སློབ་དཔོན་འདི་ཕོ་བྲང་ནང་གནས་མ་ཐུབ་པའི་རྐྱེན་དེ་འདྲ་དངོས་སུ་བྱུང་ཡོད་མེད་ནི་སུ་གང་གིས་ཀྱང་ཁ་ཚོན་གཅོད་མི་ཤེས་སོ། །    རྒྱ་གར་མཁས་པ་དག་གི་དགོངས་པ་ལེན་ཕྱོགས་གཞིར་བཞག་ནའང་། སློབ་དཔོན་འདི་ཕྱོགས་གཅིག་ནས་རང་གི་ཆུང་མ་དང་འདོད་ཡོན་ལ་ཆེས་ཆགས་ཤིང་། གཉིས་ནས་རང་ལ་བབ་པའི་རྒྱལ་སྲིད་ཀྱི་བྱ་བ་སོགས་ལ་སྒྱིད་ལུག་པར་གྱུར་བའི་རྐྱེན་གྱིས། མཐར་རྒྱལ་བོ་མ་རངས་ནས་ཡུལ་གཞན་དུ་སྤྱུགས་པ་ཡིན་ཚུལ་འདིའང་རང་རེའི་བཤད་སྲོལ་དང་ཕལ་ཆེར་འདྲ་ཞིང་། གང་ལྟར་སློབ་དཔོན་འདི་གློ་བུར་བའི་རྟེན་འབྲེལ་དེ་ལ་བརྟེན་ནས་དུས་ཡུན་གང་ཙམ་རིང་རྒྱལ་བོའི་ཕོ་བྲང་གི་ལོངས་སྤྱོད་ལ་རོལ་པ་དང་། རྒྱས་སྤྲོས་ཅན་གྱི་འཚོ་བ་དེས་ད་གཟོད་ཁོང་སླར་ཡང་རྒྱལ་བོའི་ཁབ་དེ་ནས་ཞལ་གྱེས་དགོས་བྱུང་བ་ཡིན་ནོ། །                             

༩   

དེ་ལྟར། གོང་གི་ཡིག་ཆའི་བཤད་ཚུལ་དང་བསྡུར་ནས་ཡོང་ན། སློབ་དཔོན་འདིའི་སྐུ་ཚེའི་ཆེས་མཐའ་མཇུག་ནི་ཡུལ་གཞན་དང་གཞན་དུ་ལྡོམ་པའི་སྒོ་ནས་འཚོ་བ་རོལ་བ་ཡིན་འདུག་ཅིང་། དེའང་ཉེ་རབས་རྒྱ་གར་མཁས་པའི་གསུང་ཚན་དུ་སློབ་དཔོན་འདིས་གྲོང་ཁྱེར་དེ་ནས་ཞལ་གྱེས་ཚུལ་སྐོར་ལ། འཕགས་རྒྱལ་ནས་ཁ་ཆེའི་ཕྱོགས་སུ་བཞུད་པ་དང་། དེ་ནས་རི་བོ་གངས་ཅན་རྒྱུད་ཀྱི་འཆི་མེད་མགོན། གངས་ཏི་སེ། མ་ཕམ་གཡུ་མཚོ་སོགས་སུ་ཕྱིན། དེའི་རྗེས་སུ་ན་སིཀ་དང་། ལྔ་ཅན་མའི་ཕྱོགས་སུ་གཤེགས། དེ་དུས་སུ་ཟླ་བ་བརྒྱད་ཙམ་རྫོགས་པར་གྱུར་ཅིང་། དབྱར་ཡང་རྫོགས་ལ་ཉེ་བ་དང་། ཆུ་སྟོད་ཟླ་བའི་ཆར་དུས་མགོ་འཛུགས་ལ་ཁད་དུ་གྱུར་ཙ་ན། ཆུང་མ་དྲན་དྲགས་ཏེ«སྤྲིན་གྱི་ཕོ་ཉ»བརྩམས་པ་ཡིན་པ་སོགས་ཀྱི་གསུང་ཚུལ་དེའང་ཕལ་ཆེར་བདེན་ཤས་ཆེ་ལ། «གསེར་ཐང»ན་བྱུང་བའི་ལོ་རྒྱུས་ཐོར་བུ་དེ་ཚོར་བརྟགས་ན། དུས་ཕྱིས་སློབ་དཔོན་འདི་འཕགས་ཡུལ་གྱི་གནས་གཞན་དང་གཞན་དུའང་ལྡོམ་སྟེ་སིངྒ་ལའི་ཡུལ་དུ་འབྲེལ་བ་ཆགས། ཡུལ་དེའི་རྒྱལ་པོ་དང་ཕན་ཚུན་མཛའ་གྲོགས་སུ་སོང་། སྙན་ངག་གི་སྐྱེས་སྐུར་རེས་བྱེད་པ་སོགས་བྱུང་བ་ཨེ་ཡིན་སྙམ་པ་ཞིག་འདུག་ཀྱང་། གསལ་ཁ་དེ་ཙམ་མི་ཆེ་བས་ཡིན་ངེས་ངེས་ཤིག་ནི་ཇི་ལྟར་ཤེས།    གང་ལྟར་ཡིག་ཆ་ཕལ་མོ་ཆེ་རུ་སློབ་དཔོན་འདི་སླར་ཕོ་བྲང་དུ་ལོག་པའི་གཏམ་རྒྱུད་ཅི་ཡང་མཐོང་དུ་མེད་ཅིང་། ཡུལ་གཞན་དུ་སྤྱུགས་པ་ནས་ཕྱིས་ཀྱི་བྱུང་བ་འདི་ཡིན་ཞེས་པའི་བདེན་ཁ་ཅན་གང་ཡང་མེད་མོད། ང་ཚོས་ཡིག་ཆ་སྤྱི་འགྲོས་ཀྱི་གསུང་ཚུལ་དང་ཕོ་ཉའི་བརྗོད་བྱ་སོགས་གང་ལ་བརྟགས་ཀྱང་སློབ་དཔོན་འདིའི་ཚེ་མཇུག་ནི་ལྡོམ་པོའི་འཚོ་བ་རོལ་བ་མྱོང་བ་དང་། དེའང་སྐྱོ་སྡུག་འདྲེས་མས་ཆང་ཁང་དང་ཞབས་བྲོ་ཁང་སོགས་སུ་ཉུལ་ཏེ་ཉི་མ་འཁྱོལ་ཐབས་བྱས་ཡོད་པ་རྗེས་སུ་དཔོག་ཐུབ་བོ། །    དེ་ལྟ་དེ་ལྟར་། མགྲིན་པ་ནོར་བུས་བརྒྱན་པའི་སྟོབས་ཀྱི་གླང་པོ་ཞིག་མཐར་ན་ཆུང་མཛེས་མས་བསྐོར་བའི་ཆང་ཁང་ཞིག་ནས། ཉི་མ་ནུབ་ཚེ་བུང་བ་ཞུགས། །དེ་ནི་པད་མོ་འདར་བའི་རྒྱུ། །ཞེས་སྙན་ཚིགས་ཕྱེད་མ་གཅིག་གི་མཐུ་ལ་བརྟེན་ནས་རང་གི་སྐུ་ཚེའི་འདུ་བྱེད་གཏོང་དགོས་བྱུང་འདུག་པ་ནི། འཛམ་གླིང་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་སྐར་ཆེན་ཏེ། སྙན་ངག་དཔའ་བོ་སློབ་དཔོན་ནག་མོ་ཁོལ་གྱི་ཆེས་མཐའ་མཇུག་གི་བྱུང་བ་སྐྱོ་ལྷང་ངེ་བ་ཞིག་གོ ། །།

སྨྲས་པ།
ངག་རིག་བྱེད་པོ་དེ་ནི་དེ་ལྟར་སྐྱོ་སངས་ལྗོངས་རྒྱུའི་གོམ་སྟབས་རླུང་། །ངེས་མེད་རི་གྲོང་ལྡོམ་ཞིང་ལྡོམ་ཞིང་ལས་ཀྱི་གྲུ་བོར་འཕྱན་པ་ན། །གནམ་གྱི་ཉི་ཟླ་ས་ལ་བརྡབས་ཏེ་རང་གི་ཕྱི་ས་འཚོལ་བའི་མི། །བརྩེ་བྲལ་གཤེད་མའི་དཔུང་བ་ནག་པོར་སྐུ་ཡི་བཀོད་པ་ཟུམ་དེ་སྐྱོ། ། 

༢༠༡༨  ༡༢  ༧ ཉིན་འདམ་དབུ་མའི་ཏིང་འཛིན་བྲག་དཀར་གྱི་ཉེ་ཞོལ་དུ་སྦྱར་བ་དགེའོ། །