ཤིས་ཚང་མཁྱེན་རབ་རྒྱ་མཚོ།

སྔ་ལོའི་ལོ་སྟོད་ཙམ་ལ་རྩོམ་པ་བོ་དྷཱིཿལྷ་ལྡན་ལགས་ཀྱིས་རང་གི་སྐད་འཕྲིན་གྲོགས་ཚོམས་སུ་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱི་འཁྲུངས་འདས་ལོ་ཚིགས་དང་འབྲེལ་བའི་རྩོམ་ཐུང་ཞིག་སྤེལ་སོང་།  སྐབས་དེའི་ཚིག་རིས་ཇི་བཞིན་མི་དྲན་མོད། ནང་དོན་ནི་ད་སྔར་ཀུན་གྱིས་མ་བརྟག་མ་དཔྱད་པར་སྤྱོད་ཀྱིན་པའི་རྣམ་གླིང་པཎ་ཆེན་གྱི་འཁྲུངས་འདས་ལོ་ཚིགས་(༡༦༤༦-༡༧༡༨)དེ་ནོར་ཡོད་ཚུལ་དང་།  ཁོང་གི་འཁྲུངས་འདས་ལོ་ཚིགས་དངོས་ནི་རྡོ་བྲག་རིག་འཛིན་ཆེན་པོའི་རང་རྣམ་ཤེལ་གྱི་མེ་ལོང་ཞེས་པར་གསལ་ཚུལ། ད་དུང་རྣམ་གླིང་བ་ནི་རྡོ་བྲག་རིག་འཛིན་གྱི་ནུ་བོ་ཡིན་ཚུལ་འཁོད་པ་སོགས་ད་ལྟར་དྲན་ཡུལ་དུ་རབ་རིབ་ཙམ་ཞིག་མཆིས།  རྩོམ་ཐུང་དེ་མཐོང་བ་དང་ཁོ་བོས་རྡོ་བྲག་རིག་འཛིན་ཆེན་པོའི་རང་རྣམ་དེ་དྲ་ལམ་ནས་རྩད་འཚོལ་ཅུང་ཙམ་བྱས་ཀྱང་རྡོ་བྲག་རིག་འཛིན་ཞེས་པ་སུ་ཡིན་གྱི་གསལ་ཁ་ཡེ་ནས་མ་རྙེད་པས་དོན་འབྲས་མ་བྱུང་ལ། སྐབས་དེར་དགོས་མཁོ་ཡང་དེ་ཙམ་མི་ཆེ་ཞིང་། ལས་ཀྱི་བགྱི་སྒོ་སྣ་ཚོགས་པའི་བྲེལ་བའི་ཁྲོད་རེ་ཞིག་བརྗེད་ངས་སུ་ལུས།

ཉེ་ལམ་ལོ་མཇུག་ལ་རྗེའི་རྣམ་ཐར་ཞུ་སྒྲིག་གི་ལས་དོན་ཞིག་དང་འབྲེལ་ཏེ་སླར་ཡང་རྣམ་གླིང་པཎ་ཆེན་གྱི་འཁྲུངས་འདས་ལོ་ཚིགས་ལ་དོ་སྣང་བྱེད་དགོས་བྱུང་བར་བརྟེན།  སྔར་གྱི་འདས་དོན་དེ་དྲན་གསོས་ཤིང་། བསྐྱར་དུ་རྣམ་གླིང་པཎ་ཆེན་གྱི་སྐུ་མཆེད་རྡོ་བྲག་རིག་འཛིན་ཞེས་པ་ཡང་སྙིང་སུ་ཡིན་དང་། དེའི་རང་རྣམ་ཤེལ་གྱི་མེ་ལོང་ཞེས་པ་རྩད་གཅོད་བྱས་པ་ཡིན།  སྟབས་ལེགས་པ་ཞིག་ལ་མཁྱེན་ལྡན་དྲ་གྲོགས་འོད་འཛིན་ལགས་ཀྱིས་ཁོ་བོར་རྡོ་བྲག་རིག་འཛིན་ཞེས་པ་ངོ་སྤྲོད་གནང་བ་བརྒྱུད་སྐབས་འདིའི་རྡོ་བྲག་རིག་འཛིན་ཞེས་པ་རྡོ་བྲག་པདྨ་འཕྲིན་ལས་ཡིན་པ་དང་།  ཁོང་གི་རང་རྣམ་དེའང་ནང་བསྟན་དཔེ་ཚོགས་ལྟེ་གནས་(TBRC)སུ་བཞུགས་ཡོད་པ་བཅས་གཞི་ནས་ངོ་འཕྲོད་པར་གྱུར།

རྡོ་བྲག་པདྨ་འཕྲིན་ལས་ནི་བྱང་པ་རིག་འཛིན་ངག་གི་དབང་པོའི་(༡༥༨༠-༡༦༣༩)མཆོག་སྤྲུལ་ཡིན་ལ། སྤྲུལ་སྐུ་ངོས་འཛིན་བྱུང་རྗེས་ཐོག་མར་༸གོང་ས་ལྔ་པ་ཆེན་པོས་གཙུག་ཕུད་བླངས་ཤིང་། མཚན་ལ་“བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེ་”ཞེས་མཚན་གསོལ་ཚུལ་སོགས་རྣམ་ཐར་དུ་ཀུ་ལའི་གོས་བཟང་དུ་གསལ། ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་བཞུགས་པའི་རྡོ་བྲག་པདྨ་འཕྲིན་ལས་ཀྱི་རང་རྣམ་དེར་དཔེ་མ་འདྲ་བ་གཉིས་མཆིས་ཤིང་། གཉི་ག་དབུ་མེད་ལག་བྲིས་ཡིན་པ་གཅིག་མཚུངས་ཡིན་ཡང་། གཅིག་ཤོས་ཀྱི་མཚན་བྱང་ལ་“དགེ་སློང་བྱ་བྲལ་བ་རང་ཉིད་ཀྱི་རྟོགས་པ་བརྗོད་པ་རབ་དཀར་ཤེལ་གྱི་མེ་ལོང་ཞེས་བྱ་བ་”དང་།  གཅིག་ཤོས་ཀྱི་མཚན་བྱང་ལ་“རིག་འཛིན་ཀུན་གྱི་གཙུག་བརྒྱན་བློ་བཟང་པདྨ་འཕྲིན་ལས་ཀྱི་རྣམ་པར་ཐར་པ་རབ་དཀར་ཤེལ་གྱི་མེ་ལོང་”ཞེས་གསལ། ཁོ་བོས་རྣམ་ཐར་འདིའི་ཁྲོད་ནས་རྣམ་གླིང་པཎ་ཆེན་གྱི་འཁྲུངས་འདས་འཚོལ་སྐབས་ཅུང་ཙམ་ཀློག་བདེ་ཁྱད་ལ་གོང་བརྗོད་དཔེ་གཉིས་པོ་ལས་ཕྱི་མ་དེ་བདམས་པ་ཡིན།

སྐབས་དོན་གླེང་བྱར་གྱུར་པའི་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ནི་༸གོང་ས་ལྔ་པ་ཆེན་པོ་(༡༦༡༧-༡༦༨༢)དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་(༡༦༥༣-༡༧༠༥)རྣམ་གཉིས་ཀྱི་གཙིགས་མཐོང་ཆེ་བའི་མཁས་པ་ཆེན་པོ་ཞིག་ཡིན་ལ། ལྷག་པར་བོད་ཀྱི་བརྡ་སྤྲོད་སུམ་རྟགས་གཉིས་ཀྱི་འཕེལ་རིམ་ཁྲོད་དུ་གོ་བབ་ངེས་ཅན་ཟིན་པའི་བརྡ་སྤྲོད་སྨྲ་བའི་དབང་པོ་ཞིག་ཀྱང་ཡིན། བརྡ་སྤྲོད་སུམ་རྟགས་ཀྱི་གཞུང་ལུགས་ལ་རྒྱུས་མངའ་ཡོད་པ་སྤྱི་དང་། བྱེ་བྲག་པྲ་སྟིའི་སུམ་ཅུ་བར་སློབ་སྦྱོང་བྱས་མྱོང་མཁན་ཞིག་ཡིན་ཕྱིན་ཁོང་གི་མཚན་དངོས་སུ་ཤེས་རྟོགས་ཡོད་མེད་ཅི་ཆ་སྟེ་“རྣམ་གླིང་པཎ་ཆེན་”ཞེས་གླེང་ཚེ་རྒྱུས་མེད་པ་ཞིག་ཕལ་ཆེར་ཡོད་མི་སྲིད། དེའི་ཕྱིར་ཁོང་གི་རྣམ་ཐར་ཞིབ་པར་མ་རྙེད་ནའང་འཁྲུངས་འདས་ལོ་ཚིགས་ཙམ་པོ་འཁྲུལ་ནོར་རྩོད་གཞི་མེད་པ་ཞིག་ཅིས་ཀྱང་ངེས་དགོས་པར་འདོད།

ད་སྔར་འོ་ཅག་གི་ཡི་གེ་བ་ཕལ་མོ་ཆེས་རྣམ་གླིང་པཎ་ཆེན་གྱི་འཁྲུངས་འདས་ལོ་ཚིགས་ནི་གཅིག་གྱུར་དུ་འཁྲུངས་ལོ་ ༡༦༤༦ དང་། འདས་ལོ་ ༡༧༡༨ ལ་ཨ་མ་ཡིན་ཤག་ལྟར་ངོས་འཛིན་བྱས་དང་བྱེད་ཀྱིན་འདུག་ལ།  དེའང་གཞི་འཛིན་ས་ནི་ <<གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད་>>ཅེས་པར་འཁོད་པ་དེ་ག་རང་མིན་ནམ་སྙམ།[1]  མིང་མཛོད་འདིས་གཞི་ཁུངས་གང་ལ་བརྟེན་པར་མ་ངེས།

གང་ལྟར་ཡང་རྡོ་བྲག་པདྨ་འཕྲིན་ལས་ཀྱི་རང་རྣམ་ལ་མཇལ་ན།  རྣམ་གླིང་པཎ་ཆེན་གྱི་འཁྲུངས་ལོ་ནི་རྡོ་བྲག་རང་ཉིད་དགུང་གྲངས་ལྔ་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ཤིང་བྱ་སྟེ་ཕྱི་ལོ་ ༡༦༤༥ དང་།  འདས་ལོ་ནི་རྡོ་བྲག་རང་ཉིད་དགུང་གྲངས་ང་བཞིར་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་ཕྱི་ལོ་ ༡༦༩༤ ལོ་ཡིན་པ་གསལ་བར་སྣང་ཞིང་། དེར་འཁྲུལ་གཞི་གཞན་ཡང་ཡོང་དོགས་མེད་པས་ན་འདི་ཁོ་ན་ཁུངས་སུ་བརྟེན་ཅིང་གཙིགས་སུ་བཟུང་ན་འོས་ཆེ་བར་འདོད། 

དེའང་དཔྱོད་ལྡན་རྣམས་ཡིད་རྟོན་ཕེར་བའི་ཕྱིར་དུ་འདིར་རང་རྣམ་དེའི་ཚིག་རིས་ཇི་བཞིན་འདྲེན་པ་ལ།  དེ་ཉིད་ལས། “ཤིང་བྱའི་ལོ་འདིར་ངེད་རང་གི་ནུ་བོ་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱང་བཙས། རིག་འཛིན་ཡོལ་མོ་པའི་གཟིགས་སྣང་ཟླ་དཀྱིལ་མའི་རྒྱལ་མཚན་ཆེ་ཆུང་ཡང་འདི་ལ་ལྟ་བར་མངོན་ཅིང་། ངེད་མིང་སྲིང་བདུན་ཙམ་ཡོད་པའི་ནང་ནས་ངེད་གཉིས་ཆུང་དུས་ནས་སྒེར་ཉེ་ལྟ་བུར་ཡོད་ཅིང་ཕྱིས་ངེད་གཉིས་ཀ་རབ་ཏུ་བྱུང་བ་ཐོབ་ཅིང་རྒྱལ་བའི་བསྟན་པ་ལ་བྱ་བ་ཅུང་ཟད་ཀྱང་བྱེད་རྒྱུ་བྱུང་བ་ཀུན་ལ་གསལ་བ་འདི་ལགས།”[2]ཞེས་གསུངས་ཤིང་།  འདིའི་ཤིང་བྱ་ཞེས་པའང་རབ་བྱུང་བཅུ་གཅིག་པའི་ཤིང་བྱ་ལས་གཞན་དུ་འོས་མེད་པས་སོམ་ཉི་ག་ལ་དགོས། 

ཡང་དེ་ཉིད་ལས།  “གཉིས་པའི་ཉེར་གསུམ་ལ་ཆུ་སྟོད་དཀར་པོ་བ་དང་བདེ་སྐྱིད་གླིང་པའི་བྲིས་ཐང་འགར་རབ་གནས་བྱས།  ཉེར་ལྔ་ལ་གཟིམས་ཆུང་དུ་རང་གི་བསག་སྦྱང་བཀའ་བརྒྱད་རྣམ་པ་གསུམ་དང་ཐུགས་སྒྲུབ་ཀྱི་ཆོ་ག་དང་བཅས་ཏེ་སྐོངས་བཤགས་རྒྱས་པར་བཏང་། འདིའི་ཉིན་ལྷ་སར་ངེད་རང་གི་ནུ་བོ་པཎ་ཆེན་ཆོས་ཀྱི་སྤྱན་ལྡན་དེ་ཉིད་གློ་བར་དུ་གཤེགས་པ་དང་སྟབས་འགྲིག་པ་བྱུང་འདུག་ཅིང་། ཉེར་དྲུག་ལ་མགྱོགས་བསྔོ་དང་བཅས་པའི་གཏམ་ངན་ཐོས།”[3]ཞེས་འདས་ལོ་ཟླ་ཚེས་དང་བཅས་པ་ཞིབ་པར་གསུངས་ཤིང་།  ལོ་དེའང་རྡོ་བྲག་རང་ཉིད་དགུང་གྲངས་ང་བཞིར་ཕེབས་པ་དངོས་པོ་ཞེས་པ་ཤིང་ཁྱི་སྟེ་ཕྱི་ལོ་ ༡༦༩༤ ལོ་ཡིན་པ་ཚིག་འདིའི་གོང་འོག་ལ་བལྟས་ན་གསལ་བར་སྣང་།

མདོར་ན།  རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ནི་རབ་བྱུང་བཅུ་གཅིག་པའི་ཤིང་བྱ་སྟེ་ཕྱི་ལོ་ ༡༦༤༥ ལོར་མོན་མཁར་རྣམ་སྲས་གླིང་དུ་ཡབ་ཀརྨ་ཕུན་ཚོགས་དབང་པོ་དང།  ཡུམ་རིག་འཛིན་བུ་ཁྲིད་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་།   རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་སྟེ་ཕྱི་ལོ་ ༡༦༩༤ དགུང་གྲངས་ཞེ་དགུའི་སྟེང་ལྷ་སར་སྐུ་གཤེགས་པ་བཅས་གོང་བརྗོད་རྣམ་ཐར་དེར་ཤིན་ཏུ་གསལ་བས།  ད་སྔར་གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་དང་དེ་ཁུངས་སུ་བརྟེན་པའམ་རྗེས་ཟློས་མཛད་དེ་འཁྲུངས་འདས་(༡༦༤༦-༡༧༡༨)ལ་འདོད་པ་དག་གིས་ལོ་ཚིགས་མ་དག་པ་དེ་ཉིད་སླད་ནས་འདི་ལྟར་དག་པར་འཆོས་རིགས་པར་འདོད།  རྣམ་གླིང་པཎ་ཆེན་གྱི་གསུང་རྩོམ་ལ།  རང་ལོ་སོ་བརྒྱད་པ་ཕྱི་ལོ་ ༡༦༨༣ ལོར་བརྩམས་པ་མཛད་བྱང་དུ་གསལ་བའི་<<སུམ་རྟགས་ཀྱི་འགྲེལ་བ་ལེགས་བཤད་སྣང་བྱེད་ནོར་བུ་>>དང་།  ཟུར་མཁར་བློ་གྲོས་རྒྱལ་བོའི་གསོ་རིག་ཕྱི་རྒྱུད་མེས་པོའི་ཞལ་ལུང་གི་ཟུར་འདེབས་སུ་དམིགས་ཏེ་མཛད་པ་<<གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་ཀྱི་གྲངས་ངེས་ཞལ་ལུང་མཛེས་རྒྱན་>>ཞེས་པ་གཉིས་ད་ལྟར་དངོས་སུ་མཇལ་བར་མཆིས་སོ།།

༢༠༢༠ ལོའི་ཟླ་ ༠༣ ཚེས་ ༢༣ ཉིན་རང་ཤག་ཏུ་སྦྱར།


[1] “རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས། ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ༡༦༤༦ ལོར་ལྷོ་ཁ་རྣམ་སྲས་གླིང་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ༡༧༡༨ ལོར་ཇུན་གར་དམག་གིས་བཀྲོངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྨིན་གྲོལ་གླིང་གི་ཆོས་སྒོར་ཞུགས་ཏེ་རབ་ཏུ་བྱུང་ཞིང་ཡི་གེ་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་པ་མཛད། དེ་ནས་གཞུང་ཆེན་བཀའ་པོད་ལྔ་དང་། གསང་ཆེན་རྒྱུད་སྡེ་བཞི། གསོ་རིག་ཆེན་མོའི་གཞུང་ལུགས་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་པཎྜི་ཏ་ཆེན་པོའི་མཚན་སྙན་ཐོབ། རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྣམ་པ་གཉིས་ཀྱིས་གཙིགས་སུ་འཛིན་པའི་སྐྱེས་ཆེན་དམ་པ་ཞིག་ཡིན། རབ་བྱུང་བཅུ་གཅིག་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་ ༡༦༧༩ ལོར་<<མེས་པོའི་ཞལ་ལུང་>>དཔར་དུ་བསྐྲུན་སྐབས་ཁོང་གིས་ཞུས་དག་མཛད། རབ་བྱུང་བཅུ་གཅིག་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་ ༡༦༨༣ ལོར་<<སུམ་རྟགས་འགྲེལ་པ་ལེགས་བཤད་སྣང་བྱེད་ནོར་བུ་>>ལྗགས་རྩོམ་གནང་། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ།།”  ཀོ་ཤུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟང་མཁས་གྲུབ་གཉིས་ཀྱིས་བརྩམས།  <<གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད།>>  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོའི་ཟླ་ ༡༢ པར་དཔར།  དཔར་ཐེངས་དང་བོ།  ཤ.༩༣༩ ན་གསལ།

[2] <<པདྨ་འཕྲིན་ལས་རང་ཉིད་ཀྱི་རྟོགས་བརྗོད་རབ་དཀར་ཤེལ་གྱི་མེ་ལོང་།>> (དབུ་མེད་ལག་བྲིས།)  ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དེབ་ཨང་། W23811  ལྡེབ།(༡༥བ༤)

[3] <<པདྨ་འཕྲིན་ལས་རང་ཉིད་ཀྱི་རྟོགས་བརྗོད་རབ་དཀར་ཤེལ་གྱི་མེ་ལོང་།>> (དབུ་མེད་ལག་བྲིས།)  ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དེབ་ཨང་། W23811  ལྡེབ།(༤༠༧ན༢)