སུམ་པའི་མ་ཤགས་ཆེད་པོ་བྱ་བ་འདི་ནི་ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་དེབ་བཅུ་བའི་གྲས་སུ་བཞུགས་ཤིང་། བརྗོད་བྱ་ལ་དཔགས་ན་ལེགས་བཤད་ཀྱི་གྲས་སུ་བསྡུ་རུང་བར་སྙམ། སྐབས་འདིའི་སུམ་པ་ཞེས་པ་རྒྱལ་ཕྲན་སུམ་པ་དེ་ཡིན་ནམ་སྙམ་ལ། མ་ཤགས་ཞེས་པའི་དོན་ནི་ཁ་ཚོན་ཆོད་པས་སྨྲ་བར་རྔོ་མ་ཐོགས། སྤྱིར་ཤགས་བྱ་བ་འདི་ཟུར་ཟའི་ཉམས་དང་ལྡན་པའི་གཏམ་དང་། རྩོད་པའི་གཏམ་ལྟ་བུར་འཇུག་སྟེ། ཨ་མདོའི་གླུ་ཤགས་དང་ཤགས་འབྱེད་པ་ལྟ་བུ་ཡིན་མོད། འདིར་མ་ཤགས་ཞེས་སྦྱར་བས་ཨ་མས་བུ་ལ་གནང་བའི་བསླབ་བྱ་ལྟ་བུར་མིང་བཏགས་སམ་སྙམ། གང་ལྟར་ཀྱང་འདི་ཉིད་ཐེངས་གཅིག་བཀླགས་རི་བ་ཙམ་དུ་མ་ཟད། བཀླགས་དགོས་ངེས་ཤིག་ཏུ་ཡང་འདུག་སྟེ།  འདིར་འཇིག་རྟེན་མི་ཆོས་ཕྱོགས་ཀྱི་ལེགས་པར་བཤད་པ་མང་དུ་སྣང་ལ། ཚིག་ཙམ་ལ་ཡང་དཔྱད་རིན་ཆོག་པ་དུ་མ་སྣང་བས། འདིར་ཁོ་བོས་འདི་ཉིད་བཀླགས་པའི་ཤེས་བྱ་ཉུང་ངུ་ཙམ་ཟིན་བྲིས་སུ་འགོད་པར་འདོད་དོ།

གཅིག  མདོ་ཞེས་པའི་བརྡའི་དོན། 

སྤྱིར་མདོ་ཞེས་པ་ནི་《ལྡེའུ་ཆོས་འབྱུང》དུ། དེ་ཡང་ངོས་བཟུང་ན་མདོ་སྡེ་ཞེས་པ་ནི་འདི་སྐད་བདག་གི་ཐོས་པ་ནས་མངོན་པར་བསྟོད་དོའི་བར་དོན་སྡེར་ལོངས་པ་ལ་ཚིག་མདོར་བསྡུས་པའམ་ཚིག་སྡེར་ལོངས་པ་ལ་དོན་མདོར་བསྡུས་པའམ་དཔེར་ན་ས་ལུ་ལྗང་བའི་མདོ་ལྟ་བུའོ[1]ཞེས་གསུངས་པ་པོའི་ཆ་ནས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་མདོ་རྒྱུད་གཉིས་ལས་མདོ་ལ་འཇུག་ཅིང་། བརྗོད་བྱ་དང་བརྗོད་བྱེད་གང་རུང་མདོར་བསྡུས་པའི་ཆ་ནས་མདོ་ཞེས་ཐོགས་པ་ཡིན་ལ།  དེའི་བྱིངས་ཀྱི་མི་དཀྱུས་མ་དག་གིས་སྦྱར་བ་སོགས་ལ་ནི་མདོ་ཞེས་པའི་སྒྲ་དེ་འདོགས་མི་རིགས་པ་ལྟ་བུ་ཞིག་ཏུ་འདུག  འདིར་སུམ་པ་མ་ཤགས་ཆེད་པོ་ཞེས་བྱ་བ་།། ཕྱི་རབས་ཀྱི་དཔེར་བཞག་པའི་མདོ[2]ཞེས་མདོ་ཞེས་པའི་མིང་བྱུང་ལ། ཕུ་བོས་ནུ་བོར་གཏམས་ཤིང་བསྟན་པའི་མདོ་ཞེས་པར་ཡང་མདོ་ཞེས་པའི་མིང་འདོགས་མཛད་འདུག་པས། མདོ་ཞེས་པའི་བརྡ་འདི་ཡང་བཀའ་མདོ་རྒྱུད་ཀྱི་མདོ་ཙམ་གྱི་དོན་ལ་བྱས་པ་ནི་གོ་བ་ཆུང་བའི་སྐྱོན་ཞིག་ཡོང་འདུག་གོ  །

གཉིས། ཨ་ཅང་། 

བརྡ་འདི་ཡི་གེ་རྙིང་བ་དག་ཏུ་ལན་གཅིག་མ་ཡིན་པར་ཡང་ཡང་འབྱུང་སྟེ། དཔེར་ན། 《དཔེ་ཆོས་རིན་ཆེན་སྤུངས་པ》རུ་རང་ལ་ཆོས་དང་བླ་མའི་སྐྱོན་ལ་བརྟག་ཏུ་མི་རུང་བ་དག་ཨ་ཅང་ཆེས་ཏེ། གཞན་གྱིས་བླ་མའི་སྐྱོན་བརྗོད་པ་ལ་ཡང་། དེ་སྐད་མི་གསུང་བར་ཞུ། སངས་རྒྱས་དངོས་ལགས་བྱས་ལ་བཟློག། དེ་ལ་མི་ཉན་པར་ད་རུང་ཟེར་ན། རང་རེ་གཞན་དུ་ལངས་ལ་འགྲོ[3]ཞེས་པའི་སྐབས་ཀྱི་ཨ་ཅང་ཞེས་པ་ནི་ཆེས་དང་ལྷན་ཅིག་སྦྱོར་ཞིང་། སྨྲས་མ་དགོས་ཞེས་པའི་དོན་དུ་སྦྱར་ན་ཤིན་ཏུ་འཕྲོད། དམའ་འབྲིང་ལོ་རིམ་བདུན་པའི་སྐད་ཡིག་སློབ་དེབ་ཏུ་འདི་ལ་ཨ་ཅང་ནི་ཧ་ཅང་གི་དོན་ཞེས་ཨ་ཅང་དང་ཆེས་གཉིས་སོ་སོར་ཕྱེས་ཏེ[4]སྦྱར་བ་ཡང་ཐུགས་བསམ་ཞིབ་ཏུ་མ་བཏང་བའི་སྐྱོན་དུ་འདུག་སྟེ།《ལྡེའུ་ཆོས་འབྱུང་》དུ་ཡང་། དེ་ནས་སློབ་དཔོན་གྱིས་ཕྱག་གཡས་པའི་མཐེབ་ཆེན་གྱིས་སེན་མོ་ཕྱིས་ནས་རྒྱལ་པོ་ལ་བསྟན་པས། འཕྲུལ་གྱི་མེ་ལོང་ཕྱིས་ནས་བསྟན་པ་བཞིན་དུ། བོད་རུ་བཞི་ཨ་ཅང་ཆེ་སྟེ། རྒྱ་གར་རྒྱ་ནག་ཚུན་ཆད་བཀྲ་གསལ་ལ་འདུག་གོ[5]  ཞེས་འབྱུང་བ་ལས་ཀྱང་རྟོགས་ལ། དཔེ་འདི་ལྟ་བུ་གཞན་ཡང་སྣང་མོད་མངས་ཀྱིས་དོགས་ནས་རེ་ཞིག་བཞག་གོ ཀུན་ལ་ཆ་རྒྱུས་ཡོད་པ་ཞིག་ནི། ལྷ་ས་བའི་སྐད་དུ་ཡང་ཨ་ཅང་ཅང་ཞེས་པ་སྨྲས་མ་དགོས་པའི་དོན་དུ་སྤྱོད།  དེས་ན་འདིར་མྱི་ཕ་རོལ་ཕོ་གང་དང་ཕྲད་ཀྱང་རུང་སྟེ་། ཐོག་མ་ཨ་ཅང་གྱེང་བུ་དང་གྱོང་བུ་ཡང་མི་བྱ་།། ཕྱི་ནས་གཅམ་འབུ་དང་འཛངས་ཀྱིས་མྱི་བསུ[6]ཞེས་འབྱུང་བའི་ཁྲོད་ཀྱི་ཨ་ཅང་ནི་ཧ་ཅང་ཞེས་པའི་དོན་ཏེ། མི་གང་དང་ཐོག་མར་འཕྲད་དུས། ཧ་ཅང་གྱོང་བོ་མི་བྱ་ཞེས་པའི་དོན་དུ་འགྲེལ་ན་ལེགས་པ་འདྲ། གཞན་《ཧོར་གླིང་གཡུལ་འགྱེད》དུ་ཡང་། དེ་རུ་གླིང་པ་རྣམས་ཀྱི་ཐད་དུ་རེད་བསམ་པ་ཞིག་མ་བྱས་ན། སླད་ནས་ཚ་བོ་གེ་སར་དང་། ཞལ་དཀར། དར་འཕེན་གསུམ་པོ་ལ་གཏམ་ངན་ཨ་ཅང་ཆེ་འདུག་སྟབས[7]ཞེས་ཧ་ཅང་གི་ཚབ་ཏུ་ཨ་ཅང་བྲིས་ཡོད་པ་འདུག དེས་ན་ཨ་ཅང་ཆེས་ཞེས་པའི་ཨ་ཅང་ལ་ཧ་ཅང་གི་དོན་མེད་ལ། ཨ་ཅང་ཞེས་གཅིག་པུར་སྦྱར་བ་དག་ལ་ཧ་ཅང་གི་དོན་སྣང་བ་ཡང་ཤེས་དགོས་སོ།། 

གསུམ། ཆུ་གང་།

སྤྱིར་ཆུ་གང་བྱ་བའི་དོན་ནི་སྙིང་སྟོབས་ཞེས་《བརྡ་གསར་རྙིང་གི་དག་ཡིག་ལི་ཤིའི་གུར་ཁང་》དུ་འབྱུང་ལ། ཡང་དཔེ་དུ་མ་རུ་ཆུ་གང་ཞེས་བྱུང་བའི་ལུང་དང་སྦྲགས་ན། ཆུ་གང་བྱ་བར་སྙིང་སྟོབས་ཀྱི་དོན་ཡང་མེད་པ་འདྲ་སྟེ། འདིར་ཞ་འབྲིང་སྤྱན་ལམ་དུ་ཆུད་ན་།། ཆུ་གང་ལུགས་ཀྱིས་བསྲུང་ལ་།། འཕྲ་མ་དང་སྐྱེ་རེ་ཡང་མ་སྨྲ[8]ཞེས་འབྱུང་ཞིང་། ཚིག་ཕྱི་མར་འཕྲ་མ་དང་སྐྱེ་རེ་མ་སྨྲ་ཞེས་འབྱུང་བས། ཆུ་གང་སྙིང་སྟོབས་ཀྱི་དོན་དུ་མི་གོ་བ་རྟོགས་ནུས། ཡང་དེ་རུ། མནའ་མཐོ་ཤག་རག་ནི་། ཆུ་གང་ལུགས་ཀྱིས་བསྲུང་ལ[9]ཞེས་འབྱུང་བས། ཆུ་གང་གི་དོན་གསལ་བོར་བསྟན་ཡོད་དེ། མནའ་བཅད་སྤུན་གྲོགས་ནི་ཁྲེལ་དང་ཕྱི་ཐག་གིས་བསྲུང་ཞེས་པའི་དོན་དུ་འགྲོ་བས། ཆུ་གང་བྱ་བ་ཡང་ཁྲེལ་དང་ཕྱི་ཐག་གམ་སྙིང་ཉེ་བ་སོགས་ཀྱི་དོན་དུ་འགྲེལ་རིགས་པར་སྙམ་སྟེ།《མདོ་མཛངས་བླུན་》དུ། ཁྱོད་ཀྱིས་སྔ་ཕྱིར་ཁོ་བོ་ལ་ཆུ་གང་གིས་སྙིང་ཉེ་སྟེ་ཁྱོད་ཀྱི་དྲིན་རྟག་ཏུ་དྲན་པས[10]ཞེས་འབྱུང་བ་ལས་ཀྱང་ཆུ་གང་ཞེས་པ་ཁྲེལ་ཡོད་ཅིང་། ཕྱི་ཐག་རིང་བ། བསམ་པ་རྣམ་དག་སོགས་ཀྱི་དོན་ཞིག་འདུག་པ་རྟོགས་ནུས་སོ། དེས་ན་ཆུ་གང་ཞེས་པ་སྙིང་སྟོབས་ཀྱི་དོན་དུ་ཡེ་མི་འཇུག་གམ་སྙམ་ན། དེ་ཡང་མིན་པ་འདྲ་སྟེ། འདིར་དཔའ་བོའི་ཆུ་གང་ནི་ཤིས་མྱི་འཇིགས་ལ[11]ཞེས་འབྱུང་ཞིང་། སྐབས་འདིའི་ཆུ་གང་འདི་ཉིད་འཇིགས་དང་ལྷན་ཅིག་བྱུང་བས། སྙིང་སྟོབས་ཀྱི་དོན་ཞིག་ངེས་པར་འདུག་སྙམ་མོ།། 

བཞི། བརྩན།

འདིར་ནང་བྱམ་ཀྱིས་བློ་བྱས་ན་ནི་།། ཁང་པ་དགུ་རིམ་ཡང་མི་བརྩན་ནོ་།།[12]ཞེས་འབྱུང་བའི་བརྩན་ཞེས་པ་ནི་གནས་ཁང་དང་མཁར་སོགས་མཐོ་ཞིང་དམ་པས་གཞན་གྱིས་འཇབ་པ་དང་རྒོལ་མི་ནུས་པའི་དོན་ཏེ། ཨ་མདོའི་འབྲོག་པའི་སྐད་དུ་ད་ལྟའང་བརྡ་དེ་རང་སོར་གནས་ཡོད། དེ་བཞིན་དུ 《བཀའ་ཆེམས་ཀ་ཁོལ་མ》རུ། མཁར་དེ་བརྩན་པའི་དབང་དུ་བྱས་ན་མཐའ་བཞིའི་རྒྱལ་པོས་དམག་དྲངས་ཀྱང་། མཁར་དེ་མི་ལྔའི་ཐུབ་པ་ཡིན་ཏེ[13]ཞེས་འབྱུང་བའང་དེ་དང་འདྲའོ ། པར་མ་ཁ་ཤས་སུ་བརྩན་ཞེས་པ་བཙན་དུ་བསྒྱུར་བ་ནི་མི་ལེགས་པར་སྙམ་མོ།། 

ལྔ་བ། སྐྱེས་པ་དང་བུད་མེད་ཀྱི་གོ་བབས། 

འདིར་བུད་མྱེད་ལ་མདོ་མྱེད་དང་ལྕེ་མཆིལ་ལ་།། སྨྱ་ལོ་ལ་འབྲས་བུ་མྱེད་ཆད་མྱེན་ཏོག་སྡུག་།། རས་ལམ་དྲངས་དང་ལུག་ལྭབ་དུ་འགྲོ་། བུད་མྱེད་ཀྱིས་བློ་བྱས་དང་། སྐྱེས་པའི་སྲིད་བརླག[14]ཅེས་བུད་མེད་ལ་མདོ་མེད་པ་དང་བློ་གཏད་མེད་པའི་སྐོར་གྱི་ཚིག་ཅིག་བྱུང་།  འདིས་ནི་གནའ་རབས་བོད་མིས་བུད་མེད་ལ་བཟུང་བའི་ལྟ་ཚུལ་ཞིག་ཀྱང་མཚོན་ནམ་སྙམ་སྟེ།《བཀའ་ཆེམས་ཀ་ཁོལ་མ》རུ་ཡང་། ཉེད་རང་གཉིས་དུམ་ཅིག་སྟབས་སུ་ཉལ་ན་ཁྱེད་བུད་མེད་འདི་གྲུབ་ཆེ་བས། སང་ནང་བར་སྨན་པས་རྩ་ངོ་མི་ཤེས[15]ཞེས་དང་།《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ་ཡང་། མི་ཆོས་གཙང་མ་བཅུ་དྲུག་འདྲེན་སྐབས། བུད་མེད་ཀྱི་ཁ་ལ་མི་ཉན་པ[16]ཞེས་པ་ཞིག་བྱུང་བ་སོགས་ཀྱིས་ཀྱང་ཅུང་ཟད་རྟོགས་སོ། ཡང་འདིར་སྐྱེས་པ་འཛངས་པའི་མདུན་དུ་བུད་མྱེད་སྒྲིན་ཡང་མ་སྨྲ[17]ཞེས་དང་། ཕོ་འཛངས་པ་དང་རྟ་མགྱོགས་པ་ནི་ཕྱིར་བྱུང་དང་གྲགས་།། བུད་མྱེད་དང་གཡུ་རྙིང་ནི་ཕུགས་སུ་སྭས་དང་བཙུན་ནོ[18]ཞེས་ཀྱང་འབྱུང་བ་ནི་བུད་མེད་དང་སྐྱེས་པའི་གོ་བབས་སོགས་བསྟན་པ་ཡང་ཡིན་ནོ།། འོན་ཀྱང་ཁོ་བོས་ནི་གནའ་བོའི་གོམས་སྲོལ་ཙམ་གླེང་བ་ལས། བུད་མེད་དག་ལ་སྨད་པ་ནི་ག་ལ་ཡིན་ཏེ་མིན་ནོ།། 

དྲུག་པ། གསེར་ལ་གཡུ་སྤྲས་པ །

གནའ་དུས་སུ་གསེར་དང་གཡུ་གཉིས་ཆེས་རྩ་ཆེ་བར་བརྩི་ཞིང་། ཡིག་ཚང་དྲུག་གི་སྐབས་སུ་དང་པོ་ལ་གསེར་དང་གཡུ་འཇོག  《དབའ་བཞེད》དུ་བསམ་ཡས་ཀྱི་ཕྱིའི་རྣམ་པ་གླེང་སྐབས། གསེར་གྱི་གཞི་ལ་གཡུའི་འཕྲ་བཀོད་པ་ལྟ་བུ་དེ་ལུག་ལོ་ལ་གྲུབ་ནས་བོ་དྷི་ས་ཏྭས་རབ་གནས་ལན༣བྱས[19]ཞེས་འབྱུང་བ་ཡང་སྤུ་རྒྱལ་དུས་ཀྱི་དཔེ་བྱེད་སྟངས་དམིགས་བསལ་བ་ཞིག་སྟེ། དབུས་ལམ་བཙན་པོའི་བང་སོ་(酒泉一号墓)ཁྲོད་ཀྱི་ཤིང་སྒམ་ལས་དབུ་རྒྱན་དང་གསེར་སྐྱོགས་བྱུང་བ་དག་ཀྱང་གཞི་གསེར་གྱིས་བྱས་ཤིང་། སྟེང་དུ་གཡུས་བརྒྱན་པ་འབའ་ཞིག་གོ  ༢༠༡༩ལོར་ཏུན་ཧོང་གྲོང་ཁྱེར་དུ་འགྲེམས་སྟོན་བྱས་པའི་བཙན་པོའི་དུས་ཀྱི་བུམ་པ་དག་ཀྱང་གསེར་གྱིས་བྱས་ཤིང་། གཡུའི་ཕྲ་དང་ལྡན་པ་རྐྱང་ངོ་།  

བདུན་པ ། གནའ་མིའི་སློབ་སྦྱོང་ལ་བཟུང་བའི་ལྟ་བ།

གནའ་བོའི་བོད་མིས་ཤེས་ཡོན་ཅན་དང་སློབ་སྦྱོང་ལ་བཟུང་བའི་ལྟ་བ་ནི་ཅི་འདྲ་ཡིན་པ་ཡང་འདིར་གསལ་ཏེ། འདིར་བུ་ཚ་བསྐྱེད་དེ་སློབས་སྦྱོངས་མ་བྱས་ན་གཏི་མུག་གི་གཞི་སྟེ་།། བསྐྱེད་པའི་དོན་མྱེད་ལ་།། ལྟོ་རྒྱབ་ཀྱི་གྲོན་ཆེ་འོ[20]ཞེས་བུ་ཚ་བསྐྱེད་པ་ནི་སློབ་སྦྱོང་ལ་དགའ་ཞིང་མོས་པ། ཐོས་པ་ཆེ་བའི་མི་ཞིག་འབྱུང་བའི་དོན་དུ་ལགས་ཤིང་། གལ་སྲིད་སློབ་སྦྱོང་ལ་ཡེ་མི་དགའ་བའི་མི་ཞིག་བསྐྱེད་ན་ནི་ལྟོ་རྒྱབ་ཙམ་ཞིག་དོན་དུ་གཉེར་མཁན་ཡིན་པས། གྲོན་ཆེ་བ་སྟེ། མི་ལུས་བསྐྱེད་པ་ཆུད་གཟན་པ་ཙམ་དུ་སྨྲས་པས། འདིས་བོད་བཙན་པོའི་དུས་ཀྱི་ཁྱིམ་ཚང་གི་སློབ་གསོའི་ལྟ་ཚུལ་ཀྱང་ཅུང་ཟད་རྟོགས་སམ་སྙམ།  

བདུན་པ། ཕ་མ་ལ་བཟུང་བའི་ལྟ་བ།

འདིར་འགྲེང་མི་མང་ཡང་ཕ་མ་བཙལ་གྱིས་མི་རྙེད་དོ [21]ཞེས་དང་། ཕ་མ་གཉིས་ནི་བཙལ་གྱིས་མྱི་རྙེད་ལ[22]ཞེས་འབྱུང་བ་ལས། གནའ་མིའི་ཕ་མར་བཀུར་བའི་ཚད་སོགས་ཀྱང་ག་འདྲ་ཡིན་པ་རྟོགས། རྒྱལ་པོ་སྲོང་བཙན་སྒམ་པོས་མཛད་པའི་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལས་ཀྱང་། ཕ་མ་ལ་བཀུར་བ་ཞེས་འབྱུང་ལ། 《ཐང་ཡིག་གསར་མ་ལས་བྱུང་བའི་ཐུ་བྷོད་ཀྱི་གླེགས་བམ》ལས།  གུས་སྲོལ་མཆོག་དམན་ནི། མ་ཡིས་བུ་ལ་བརྩི། བུ་ཡིས་ཕ་ལ་བཀུར།། ལམ་དུ་འགྲོ་ཚེ་སྔོན་ལ་གཞོན་དང་རྒན་པ་རྗེས་སུ་བྱེད[23]ཅེས་འབྱུང་བ་ལས་ཀྱང་ཕ་མར་བཀུར་བའི་སྲོལ་ཅུང་ཟད་རྟོགས་སོ།།

བརྒྱད་པ། མཛའ་གཤིས་ལ་བཟུང་བའི་ལྟ་བ། 

གོང་དུ་བཤད་པའི་མནའ་མཐོ་ཤག་རག་ནི་། ཆུ་གང་ལུགས་ཀྱིས་བསྲུང་ལ་ཞེས་པའི་ལུང་དེས་གནའ་རབས་བོད་མིས་གྲོགས་པོ་ལ་བཟུང་བའི་བསམ་པ་ཅི་འདྲ་ཡིན་པ་རྟོགས་ལ། ཡང་འདིར་ཤེག་རག་གཞུང་ཆེན་ནི་ཕུ་ནུ་དགྲ་མ་ཟུན་བས་ཉེ་འོ[24]ཞེས་པས་མཛའ་གཤིས་ནི་ཕུ་ནུ་ལས་ཀྱང་རང་ལ་ཉེ་ཞེས་མཛའ་གཤིས་ལ་བློ་ཉེ་བ་བསྟན།

དགུ་པ། ཕོ་མོ་མཛངས་པའི་ཚད།

འདིར་སྐྱེས་པ་འཛངས་པ་ནི་ཚུལ་ལས་མངོན་ལ། བུས་མྱེད་མཛངས་སྨ་ནི་ཟས་ལས་སྣང་ངོ[25]ཞེས་སྐྱེས་པ་མཛངས་པ་ནི་ཚུལ་ལས་མངོན་ཞེས་པའི་ཚུལ་གྱི་དོན་གསལ་བོར་མི་རྟོགས་ཀྱང་། དགྲ་འདུལ་གཉེན་སྐྱོང་སོགས་ལ་གོའམ་སྙམ། བུད་མེད་མཛངས་མིན་གྱི་ཚད་ནི་ཁ་ཟས་ཏེ། ཟས་གཡོ་སྐོལ་ལས་མངོན་པར་བཤད་པས། འདིས་ཕོ་མོའི་ལས་སོ་སོར་གླེང་བ་སྟེ། ཕོ་ནི་འཇིག་རྟེན་གྱི་དོན་ཆེ་གྲའི་རིགས་སྒྲུབ་མཁན་དང་། བུད་མེད་ནི་ཁྱིམ་གྱི་ལས་ཀ་སྟེ། ཟས་གཡོ་སྐོལ་སོགས་ཀྱི་ལས་གཉེར་མཁན་ཡིན་པ་བསྟན། 

 བཅུ་པ། ཨ་མདོའི་གཏམ་དཔེ་དང་བསྡུར་བ། 

འཛངས་ཀྱིས་འཛངས་བསྟོད་ན་ནི།། གནམ་ཀྱི་ཕྲུ་ཀ་ལ་།། ངན་གྱིས་ངན་སྨད་ན་ནི་ས་དགུ་རིམ་གི་འོག་གོ[26]ཞེས་པ་འདི་ཨ་མདོའི་གཏམ་དཔེ་རུ། མི་ཡིས་མི་བཀུར་ན་བླ་མ་དང་དཔོན་པོ།། ཤིང་གིས་ཤིང་བཀུར་ན་ལྷ་ཁང་དང་གསེར་ཁང་ཞེས་བརྗོད་སྲོལ་ཡོད་པ་དང་མཐུན་ཏེ། སྔ་མ་དཔེ་ཅན་དང་ཕྱི་མ་དཔེ་ཅན་ལྟར་སྦྱར་ཡོད་ཅིང་། སྤྱིར་ཡང་སུམ་པའི་མ་ཤགས་ཞེས་པ་འདིར། དཔེར་ན། སྐྱེས་བུ་འཛངས་པའི་སེམས་ནི་ནམ་ཀ་ཡང་ཡི་གེར་སྣང་ལ་།། རྟ་མགྱོགས་པའི་བང་རླབས་ནི་།། ངམ་འགྲོག་ཀྱང་ཐང་བུར་འདུག་གོ[27]ཞེས་དང་། ཕོ་འཛངས་པ་ནི་རིང་དུ་འགྲོགས་ཤིང་མཛད་ལ་།། གསེར་གྱི་སྦྲམ་འབུ་ནི་སྲང་ལ་བཏབ་ཅིང་ལྕི་འོ[28]ཞེས་སྔ་མ་དཔེ་ཅན་དང་ཕྱི་མ་དཔེ་ལྟར་སྦྱར་ཡོད་པ་འདི་གནའ་བོའི་དུས་ཀྱི་གཏམ་བརྗོད་ལུགས་ཏེ། ཧ་ཅང་གོམས་འདྲིས་སུ་གྱུར་བའི་དཔེ་དང་དོན་གཉིས་སྦྲགས་ཏེ་དོན་ཆེ་ཕྲ་ཀུན་ཕ་རོལ་བོར་བརྡ་སྤྲོད་པར་བྱེད་པའི་ཨ་མདོའི་ཡུལ་གྱི་གཏམ་བཤད་སྟངས་དང་འདྲ་བའི་ཆ་དུ་མ་སྣང་བར་ཁོ་བོ་སེམས་སོ།།

བཅུ་གཅིག ཚེག་དང་ཙ་ལག་གི་སྐོར། 

འདིར་ང་མཐར་ཤད་གོང་ཕྱི་ཚེག་སོགས་ཀྱི་རྣམ་དབྱེ་མེད་པར་ཤད་དང་ཡི་གེ་ཐམས་ཅད་ཀྱི་བར་དུ་ཚེག་བཞག་ཡོད་ཅིང་།  དེ་ནི་གནའ་བོའི་དུས་ཀྱི་ཡིག་རྙིང་སྟེ། རྡོ་རིངས་ཡི་གེ་དང་ཏུན་ཧོང་ཡིག་རྙིང་སོགས་གང་ལ་ཡང་མངའ་བའི་ཁྱད་ཆོས་ཤིག་ལགས་སོ། ང་མཐར་ཤད་གོང་ཕྱི་ཚེག་འབྲི་བའི་སྲོལ་དེ་ནི་རྔོག་ལོ་ཆེན་མོའི་དུས་ཤིག་ལ་བྱུང་ངམ་སྙམ། དེ་མིན་འདིར་འ་ཡི་མགོར་ཙ་རྟགས་བྱུང་། སྤྱིར་ཙ་རྟགས་བྱ་བ་འདི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་གསར་དུ་བསྣན་པའི་རྟགས་སུ་ངེས་པར་བཤད་པ་ནི་དཔྱད་ཚུགས་པའི་གསུང་དུ་སྣང་སྟེ། ཏུན་ཧོང་ཡིག་རྙིང་དང་དགའ་ཐང་འབུམ་པའི་ཡིག་རྙིང་། རྡོ་རིངས་ཡི་གེ་སོགས་སུ་ཙ་ནས་འ་ཡི་བར་གྱི་ཡི་གེ་ཕལ་མོ་ཆེར་ཙ་རྟགས་ཏེ་སྡེ་སྲིད་སངས་རྒྱས་རྒྱས་རྒྱ་མཚོའི་གསུང་དུ་ཙ་ལག་དང་ཡི་གེ་སྟོང་ཐུན་དུ་འཛེ་རུར་འབོད་པ་དེ་སྣང་ངོ་།།  

བཅུ་གཉིས། དང་སྒྲའི་འཇུག་པ། 

འདིར་ཆང་ཞིམ་པོ་ཐུངས་དང་མྱི་ངན་པ་འཛངས་ལ་།། ཡུལ་གྲང་མོ་འགྲོད་དང་སྣ་སྐམ་པོ་གཤེར་།། ཁ་ཟས་བཟའ་ཉེས་དང་ནད་ཀྱི་གཞི་ལ་།། ཕུ་ནུ་དབབ་ཉེས་དང་དགྲའི་སྣོན་འབའ[29]ཞེས་འབྱུང་བའི་དང་སྒྲ་དག་ནི་ན་སྒྲ་དང་མཐུན་ལ། དེ་ལྟ་བུའི་དང་སྒྲ་ནི་རྒྱུ་མཚན་ལ་འཇུག་པར་ལྟ་བུར་འདུག དེས་ན་ན་སྒྲ་ནི་རྒྱུ་མཚན་ལ་འཇུག་གམ་སྙམ་ན། དེ་འཇུག་སྟེ། 《སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན》དུ། རྒྱུ་མཚན་ནི། བྱས་པ་ན། མི་རྟག་གོ་ཞེས་པ་ལྟ་བུ་བྱས་པའི་རྒྱུ་མཚན་གྱིས་མི་རྟག་པར་སྒྲུབ་པ་དང་དོན་གཅིག་གོ[30]ཞེས་འབྱུང་ཞིང་། དེར་དཔགས་ན་གོང་གི་དང་སྒྲ་ཡང་རྒྱུ་མཚན་ལ་འཇུག་པར་འདུག་སྟེ། སུམ་ཅུ་བའི་རྩ་བར། དང་ནི་སྡུད་འབྱེད་རྒྱུ་མཚན་དང་།། ཚེ་སྐབས་གདམས་ངག་ལྔ་ཞེས་དང་སྒྲ་རྒྱུ་མཚན་ལ་འཇུག་པར་གསུངས། འགྲེལ་བྱེད་དག་གིས་ཀྱང་འདི་ལ་དཔེ་བརྗོད་བཞག་ཡོད་དེ།《སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན》དུ། རྒྱུ་མཚན་ནི། གཏན་ཚིགས་སྟོན་པ་སྟེ། དཔེར་ན། ལེགས་པར་བསླབས་པ་དང་མཁས་པར་འགྱུར་རོ།། བྱས་པ་དང་མི་རྟག་ནད་འཚེ་མེད་པ་དང་སྐྱིད་པོ་འབྱུང་ལྟ་བུ་མཁས་པར་འགྱུར་རོ།། བྱས་པ་དང་མི་རྟག འཚེ་མེད་པ་དང་སྐྱིད་པོ་འབྱུང་ལྟ་བུ་མཁས་པར་འགྱུར་བ་དང་། མི་རྟག་པ་དང་སྐྱིད་པོ་འབྱུང་བའི་རྒྱུ་མཚན་དུ་ལེགས་པར་བསླབས་པ་དང་། བྱས་པ་དང་། ནད་འཚེ་མེད་པ་སོགས་འགོད་པ་ན། དང་གི་སྒྲ་སྦྱོར་བ་ཡུལ་སྐད་དོན་མཐུན་རྣམས་སུ་མ་འཆོལ་བར་ཡོད་ཀྱང་། མདོ་རྒྱུད་བསྟན་བཅོས་སུ་འབྱེད་སྡུད་སོགས་དང་ཤིན་ཏུ་དབྱེ་བར་དཀའ་བས་ཕལ་ཆེར་མ་སྦྱར་བའམ། སྦྱར་ཡང་མ་རྟོགས་པས་གྱ་ཚོམ་དུ་ལུས་པས། འགྲེལ་བྱེད་སོགས་ཀྱི་དཔེ་བརྗོད་དུ་མ་བཀོད་པ་གཞིག་གོ་སྙམ་མོ[31]ཞེས་དང་སྒྲ་རྒྱུ་མཚན་ལ་འཇུག་པའི་དཔེ་བརྗོད་བཀོད་ཅིང་། སྤྱིར་བཏང་དེ་ལྟ་བུའི་དཔེ་བརྗོད་ཅུང་དཀོན་པར་བཤད།  ཡང་དེ་རུ། རྒྱུ་མཚན་དང་ཚེ་སྐབས་ལ་འཇུག་པ་གཉིས་མི་འགལ་བར་མཐོང་སྟེ[32]ཞེས་དང་། འདིས་མཚོན་ནས། ཚེ་དང་དོན་གཅིག་པ། རྒྱུ་ཡོད་པ་ན་འབྲས་བུ་འབྱུང་། རྒྱུ་ཡོད་པ་ལ་འབྲས་བུ་འབྱུང་། རྒྱུ་ཡོད་པ་དང་འབྲས་བུ་འབྱུང་བ་ལྟ་བུ་རྒྱུ་ཡོད་པའི་ཚེ་འབྲས་བུ་འབྱུང་ཞེས་བྱ་བ་ཡིན་པས། དུས་དང་རྒྱུ་མཚན་ལྷན་ཅིག་སྟོན་པར་འགྱུར་རོ[33]ཞེས་སྐབས་རེར་ཚེ་སྐབས་དང་རྒྱུ་མཚན་གྱི་དཔེ་བརྗོད་འདྲ་བས་ནོར་འགྲོ་བ་ལྟ་བུ་ཡོད་ཀྱང་། སུམ་པའི་མ་ཤགས་ཆེད་པོར་འབྱུང་བའི་དང་སྒྲ་རྒྱུ་མཚན་ལ་འཇུག་པ་འདི་ནི། སུམ་ཅུ་བའི་རྩ་བར་དང་སྒྲ་རྒྱུ་མཚན་ལ་འཇུག་པར་གསུངས་པའི་སྒྲུབ་བྱེད་བཙན་པོ་ཞིག་ལགས་ཤིང་། འདིར་འབྱུང་བའི་དང་སྒྲ་རྒྱུ་མཚན་ལ་འཇུག་པའི་དཔེ་བརྗོད་དག་ནི་ཚེ་སྐབས་ལ་ནོར་ཉེན་ཅུང་ཟད་ཀྱང་མི་འདུག་གོ །  

ཞེས་པ་འདི་ནི་སྤྱི་ལོ༢༠༢༠ལོའི་ཟླ༤པའི་ཚེས་གཅིག་ཉིན་རྩེ་གཞུང་གདུགས་དཀར་སྐྱབས་སུ་འབོད་པའི་སློབ་གཉེར་བ་དེས་བྲིས་པ་ལགས་སོ། དགེ་ལེགས་འཕེལ་བར་གྱུར་ཅིག 


[1]ལྡེའུ་ཇོ་སྲས་ཀྱིས་བརྩམས་པའི《ཆོས་འབྱུང་བསྟན་པའི་རྒྱལ་མཚན》ངོས༤༢ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༡༩༨༧ལོའི་པར་མ། 

[2]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་དེབ་བཅུ་བ》ངོས༡༦ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ། 

[3]ལྕེ་སྒོམ་རྫོང་པ་ཤེས་རབ་རྡོ་རྗེས་མཛད་པའི《དཔེ་ཆོས་རིན་ཆེན་སྤུངས་པ》ངོས ༡༩ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་གི་པར་མ།

[4]《སྐད་ཡིག ལོ་རིམ་བདུན་པའི་སྟོད་ཆ》ངོས༣༩ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི༢༠༡༩ལོའི་པར་མ། 

[5]མཁས་པ་ལྡེའུས་མཛད་པའི《རྒྱ་བོད་ཆོས་འབྱུང་རྒྱས་པ》ངོས༣༢༨ བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་གི༢༠༡༠ལོའི་པར་མ།

[6]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༡༦ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ། 

[7]《ཧོར་གླིང་གཡུལ་འགྱེད》ངོས༥༤༩ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ།

[8]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༡༧ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[9]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༡༨ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[10]《མདོ་མཛངས་བླུན》ངོས༣༥༣མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[11]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《 ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༢༡  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[12]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《 ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༢༡ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[13]ཇོ་བོ་རྗེས་གཏེར་ནས་བཏོན་པའི《བཀའ་ཆེམས་ཀ་ཁོལ་མ》ངོས༡༤༥  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི༡༩༨༩ལོའི་པར་མ།

[14]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས》་དེབ་བཅུ་བ། ངོས༡༧ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[15]ཇོ་བོ་རྗེས་གཏེར་ནས་བཏོན་པའི《བཀའ་ཆེམས་ཀ་ཁོལ་མ》ངོས༡༨༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི༡༩༨༩ལོའི་པར་མ། 

[16]རྒྱལ་དབང་ལྔ་པ་ཆེན་མོས་བརྩམས་པའི《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ངོས༢༢ མི་རིགས་དཔེ་སྐྲུན་ཁང་གི༡༩༨༨ལོའི་པར་མ། 

[17]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《 ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་དེབ་བཅུ་བ》ངོས༡༨  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[18]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《  ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༡༨ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[19]དབའ་གསལ་སྣང་གིས་བརྩམས་པའི《དབའ་བཞེད་བཞུགས་སོ》ངོས༣༣བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི༢༠༡༢ལོའི་པར་མ། 

[20]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༡༦ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[21]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༡༨ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[22]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༢༢ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[23]བན་ཁོ་དང་བཀྲ་རྒྱལ་གྱིས་བསྒྲིགས་པའི《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ》བསྒྱུར་རྩོམ་ཕྱོགས་བསྒྲིགས། ངོས༢༧༥ ༢༧༦ མི་རིགས་དཔེ་སྐྲུན་ཁང་གི༢༠༡༤ལོའི་པར་མ། 

[24]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༢༠ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[25]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༡༩ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[26]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༡༩ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[27]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༡༦  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[28]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༡༦ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[29]སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱོགས་བསྒྲིགས་བྱས་པའི《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》དེབ་བཅུ་བ། ངོས༡༨ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི༢༠༡༧ལོའི་པར་མ།

[30]ཁྲོཾ་ཐར་འཇམ་བློས་གཙོ་སྒྲིག་གནང་བའི《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ》པོད་གཉིས་པ། ངོས༢༢ སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་པའི་པར་མ།

[31]ཁྲོཾ་ཐར་འཇམ་བློས་གཙོ་སྒྲིག་གནང་བའི《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ》པོད་གཉིས་པ། ངོས༣༦ སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་པའི་པར་མ། 

[32]ཁྲོཾ་ཐར་འཇམ་བློས་གཙོ་སྒྲིག་གནང་བའི《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ》པོད་གཉིས་པ། ངོས༣༧ སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་པའི་པར་མ། 

[33]ཁྲོཾ་ཐར་འཇམ་བློས་གཙོ་སྒྲིག་གནང་བའི《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ》པོད་གཉིས་པ། ངོས༣༧ སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་པའི་པར་མ།