སྔོན་གླེང་།

ཉིན་ཤས་ཀྱི་སྔོན་ལ་དཔའ་བོ་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བས(1504-1564/1566)མཛད་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་བམ་པོ་ཁག་ལས་དོན་ཚན་ཁ་ཤས་བསྐྱར་དུ་ཞིབ་ཀློག་བགྱིས་པར། ཆོས་འབྱུང་འདི་དང་འབྲེལ་བའི་གནས་ཚུལ་སྐོར་ཞིག་ལ་དོ་སྣང་འཕེལ་བྱུང་། དེ་དག་ནི་ཆོས་འབྱུང་འདིའི་གནས་ཚུལ་དང་། དཔའ་བོ་གཙུག་ལག་ཕྲེང་བའི་རྣམ་ཐར་གྱི་སྐོར། ཁོང་གི་གསུང་རྩོམ་བཅས་ཀྱི་སྐོར་ཡིན་ལ། དེ་དག་ལམ་ཙམ་མིན་པར་ཞིབ་ཕྲ་ཞིག་ཤེས་འདོད་པར་གྱུར་པས། འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ལ་གང་ནུས་གང་ལྕོགས་ཀྱིས་བལྟས་རྗེས། བརྗོད་གཞི་འདི་དག་ལས་འཕྲོས་པའི་གནས་ཚུལ་ཁག་ཅིག་རྙེད་པ་རྣམས་ཟིན་ཐོ་མདོར་ཙམ་བཀོད་པ་ཡིན། རྩོམ་ཡིག་འདིའི་དོན་ཚན་རེ་ཟུང་ལ་འབྲེལ་ཡོད་ཀྱི་ཡིག་ཆ་མི་འཛོམས་པའི་རྐྱེན་གྱིས་སྤྱི་བཤད་ཙམ་གྱིས་ཆོག་པར་བགྱིས་ཡོད་མོད། གནས་ཚུལ་རེ་ཟུང་ཇེ་གསལ་དུ་བཏང་བའི་རེ་བ་ཡོད་ཅེས་ཞུ་བ་ཡིན།

གཅིག «ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་སྐོར་བཤད་པ།

ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་པར་གཞི་ཤིང་སྤར་མ་ཞིག

«ཆོས་འབྱུང་མཁས་པའི་དགའ་སྟོན»འདི་ཉིད་མཛད་འགོ་བརྩམས་ཏེ་མཇུག་སྐྱོང་གནང་བའི་སྐོར་ལ་འདི་ལྟར། ‘‘དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ཞེས་བྱ་བའི་ལེགས་པར་བཤད་པ་རང་གི་དད་པའི་བློ་དང་། ས་སྐྱོང་པ་ཆེན་པོ་བསོད་ནམས་རབ་བརྟན་གྱིས་བསྐུལ་བའི་མཛད་པའི་རྐྱེན་ལས། ཤཱཀྱའི་དགེ་སློང་དུས་ཀྱི་དབང་གིས་ཆོས་སྨྲ་བའི་རེས་མོས་སུ་སོན་པ་མ་ཕམ་ཆོས་ཀྱི་རྒྱལ་པོ་དོན་ཡོངས་སུ་གྲུབ་པ་མིང་གཞན་གཙུག་ལག་གི་ཕྲེང་བ་འཛིན་པས་རང་ལོ་ཞེ་གཉིས་པ་ལ་སྐབས་དང་པོ་གསུམ་པ་བརྩམས་ཤིང་། ཕྱིས་རང་ལོ་དྲུག་ཅུ་པའི་སྐབས་ཅི་རིགས་པར་ལེའུ་ལྷག་མ་རྣམས་བྲིས་ཤིང་རེ་གཅིག་པ་ཤིང་ཕོ་བྱི་བའི་ལོ་ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་དཔལ་སངས་རྒྱས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཅིག་ལག་ཁང་ཆེན་པོར་གྲུབ་པར་བགྱིས’’ [1]ཞེས་གསལ་ལོ། ། དེ་ལྟར་ན། ཆོས་འབྱུང་འདི་ཉིད་སྤྱི་ལོ་ ༡༥༤༥ ལོར་འགོ་བཙུགས་ཤིང་སྤྱི་ལོ་༡༥༦༤ ལོར་མཇུག་རྫོགས་པར་མཛད་པ་ཞིག་རེད། ཆོས་འབྱུང་འདི་ཉིད་རྩོམ་སྐུལ་ཞུ་མཁན་ནི་ས་སྐྱོང་པ་ཆེན་པོ་བསོད་ནམས་རབ་བརྟན་ཡིན་པ་རེད།

དཔའ་བོ་གཙུག་ལག་ཕྲེང་བའི་རྣམ་ཐར་གཤམ་དུ་ཞུ་རྩིས་ཡོད་མོད། ས་སྐྱོང་པ་ཆེན་པོ་བསོད་ནམས་རབ་བརྟན་གྱི་ལོ་རྒྱུས་ནི«ལྷ་རྒྱ་རིའི་གདུང་རབས»ལས‘‘དེ་ནས་ལྷ་བསོད་ནམས་རབ་བརྟན་སྐུ་མཆེད་གསུམ་བྱུང་བ་ལས། ལྷ་བསོད་ནམས་རབ་བརྟན་ཁྲི་ཐོག་ཏུ་ཕེབས། ཆད་དཀར་རྫོང་གི་འདབས་སུ་དགེ་འདུན་གྱི་སྡེ་འཛུགས་པ་སོགས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས’’[2]ཞེས་དང་། ཡང་ཤོག་ངོས་དེའི་ཐིག་ཕྲེང་ཁ་ཤས་ཀྱི་རྗེས་སུ‘‘དེ་རྗེས་ཁྲི་ཐོག་ཏུ་ལྷ་བློ་བཟང་མཐུ་སྟོབས་ཆོས་རྒྱལ་བྱོན་ནས་“དེ་རྗེས་ཁྲི་ཐོག་ཏུ་ལྷ་བློ་བཟང་མཐུ་སྟོབས་ཆོས་རྒྱལ་བྱོན་ནས་སྙིང་རྗེ་ཆེན་པོའི་གཞན་དབང་གིས་སྡེ་འཁྲུགས་བསྙོལ་བ་གཙོ་བོ་མཛད། འོན་ཀྱང་ཚུར་རྒོལ་གྱི་སྡེ་གཟར་འགའ་ཞིག་བྱུང་བ་རྣམས་བཀའ་ཁྲིམས་སྒྱུར་བའི་བྱེད་པོ་བསོད་ནམས་རབ་བརྟན་སོགས་ཀྱི་ཞི་དྲག་གིས་སྦྱོར་བ་དུ་མས་བཟློག་པར་བྱས།  ཁྲི་ཆེན་དེ་ཉིད་ནི་རྣམ་དཀར་དགེ་བའི་ལས་ལ་མཆོག་ཏུ་བརྩོན་ཞིང་། ཁྱད་པར་དུ་གསང་སྔགས་ཟབ་མོའི་རྣམ་འབྱོར་ལྷུར་བཞེས་མཛད”[3]ཅེས་འབྱུང་ངོ་། ། འདི་ཙམ་ལས་ཁོང་གི་མཛད་འཕྲིན་གྱི་སྐོར་རེ་ཞིག་མ་རྙེད། སི་ཏུ་ཆོས་ཀྱི་འབྱུང་གནས(1699/1700-1717)ཀྱིས་བརྩམས་པའི་དཔའ་བོ་གཙུག་ལག་ཕྲེང་བའི་རྣམ་ཐར་དུའང‘‘རྒྱལ་བ་ཉིད་དང་དབྱེར་མེད་པའི་འཇམ་དབྱངས་དོན་གྲུབ་དཔལ་བཟང་པོ་དང་མཁན་ཆེན་ལེགས་པ་དོན་གྲུབ་དཔལ་བཟང་པོ་དང་གྲུབ་ཆེན་དངོས་གྲུབ་བཟང་པོ་སོགས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་དུ་མ་དང་། ཡར་འབྲོག་ཁྲི་དཔོན་གཡུ་ལོ་བ། སྐུ་རབས་ས་སྐྱོང་བསོད་ནམས་རབ་བརྟན། ལྷོ་སྟོད་ས་སྐྱོང་གསང་བདག་རྡོ་རྗེ་སོགས་ཞབས་ཏོག་ཤིན་ཏུ་ཆེ་བའི་སྟོབས་ཀྱི་ས་སྐྱོང་དུ་མ་དང་།’’[4]ཞེས་མིང་ཙམ་ལས་མི་འབྱུང་མོད། འོན་ཀྱང་ས་སྐྱོང་པ་ཆེན་པོ་བསོད་ནམས་རབ་བརྟན་ནི་བོད་བཙན་པའི་གདུང་རྒྱུད་ཡིན་ནོ། །

སྐབས་རེར«ཆོས་འབྱུང་མཁས་པའི་དགའ་སྟོན»ལ«ལྷོ་བྲག་ཆོས་འབྱུང»ཞེས་བྲིས་པ་མཐོང་ཞིང་། དེའི་རྒྱུ་མཚན་ནི་ཆོས་འབྱུང་འདིའི་པར་གཞི་ཐོག་མ་ལྷོ་བྲག་ནས་ཐོན་པའི་ཆ་ནས་དེ་ལྟར་གྲགས་པར་བཤད། མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་དཔེ་སྐྲུན་གསལ་བཤད་དུ། ‘‘«དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན»ཏེབསྡུས་མིང་ལ«ལྷོ་བྲག་ཆོས་འབྱུང»ཞེས་ཀྱང་གྲགས་པ་འདི་ནི་ཤཱཀྱའི་དགེ་སློང་མི་ཕམ་ཆོས་ཀྱི་རྒྱལ་པོ་དོན་ཡོངས་སུ་གྲུབ་པ་མཚན་གཞན་གཙུག་ལག་གི་ཕྲེང་བ་འཛིན་པ་ཞེས་ཡོངས་སུ་གྲགས་པ་དེས་མཛད་པ་ཞིག་ཡིན་ཞིང་།’’[5]ཞེས«ལྷོ་བྲག་ཆོས་འབྱུང»ནི་ཆོས་འབྱུང་འདིའི་བསྡུས་མིང་ཡིན་པར་བཤད་ཅིང་། ཁང་དཀར་སྐལ་བཟང་ཚུལ་ཁྲིམས་ཀྱིས“དཔའ་བོ་གཙུག་ལག་འཕྲེང་བས་(༡༥༠༤-༡༥༦༦)རབ་བྱུང་དགུ་པའི་ཤིང་མོ་སྦྲུལ་ཕྱི་ལོ་༡༥༤༥ལོར་བརྩམས་པའི”མཁས་པའི་དགའ་སྟོན་”ནམ་ཡང་ན་ལྷོ་བྲག་ཏུ་བརྩམས་ཤིང་དེ་རྗེས་པར་ཤིང་ལྡེའུ་རྫོང་ལྷ་ལུང་དགོན་དུ་བཞག་པས་ཕྱིས”ལྷོ་བྲག་ཆོས་འབྱུང་”ཞེས་ཡོངས་སུ་གྲགས་པའི་ཆོས་འབྱུང་འདི་བཞིན་དུས་རབས་ཆ་ནས་”བུ་སྟོན་ཆོས་འབྱུང་”སོགས་ལས་རྗེས་སུ་བྱུང་བ་ཡིན་རུང་རྡོ་རིང་སོགས་སྔ་རབས་ཀྱི་ཡིག་རྙིང་མང་པོ་ཁུངས་སུ་དྲངས་པའི་ཆ་ནས་བོད་ཀྱི་སྔ་དར་ལོ་རྒྱུས་ཞིབ་དཔྱོད་སྐབས་”བུ་སྟོན་ཆོས་འབྱུང”སོགས་ལས་ཀྱང་གལ་ཆེའོ’’[6]ཞེས་གསུངས།

དུང་དཀར་བློ་བཟང་འཕྲིན་ལས(1927-1997)ཀྱིས་‘‘བོད་ཀྱི་དཀར་ཆག་རིག་པ’’ཞེས་པའི་རྩོམ་ཡིག་ཏུ་བསྡུས་མིང་གི་སྐོར་འཆད་སྐབས། ‘‘དེ་བཞིན་དུ་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་ལ་འགའ་ཞིག་གིས«ཆོས་འབྱུང་མཁས་པའི་དགའ་སྟོན»ཞེས་དང་། འགའ་ཞིག་གིས«ལྷོ་བྲག་ཆོས་འབྱུང»དང«ལྷོ་བྲག་དཔའ་བོའི་ཆོས་འབྱུང»ཞེས་གསུང་རྒྱུན་སྣ་ཚོགས་ཡོད་པ་ལྟ་བུ་རེད’’ [7]ཅེས་གསུངས། ད་ཕན་ཕྲན་གྱིས་བོད་ཀྱི་མཁས་པའི་གསུང་རབ་ཁག་ཏུ«ལྷོ་བྲག་དཔའ་བོའི་ཆོས་འབྱུང»ཞེས་སྤྱད་པ་མ་མཐོང་མོད། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས(1667-1682) མཛད་པའི‘‘པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ལོ་རྒྱུས་རིགས་འཛིན་ཞལ་ལུང་ཞེས་བྱ་བ་བཞུགས་སོ’’ཞེས་པ་ན‘‘ལོ་རྒྱུས་ཀྱི་ཁོག་མི་གཅིག་པ་མ་གཏོགས། སྦ་བཞེད་དུ་ཡང་ཕྱག་ལ་མ་དན་ཚུལ་ཟུར་ཙམ་སྣང་བས། ལྷོ་བྲག་ཆོས་འབྱུང་བའི་དེ་བབ་ཆོལ་དུ་ཟད་དོ། །’’[8]ཞེས་འབྱུང་བར་དཔག་ན། དུས་རབས་བཅུ་བདུན་པའི་ནང་དུའང་ཆོས་འབྱུང་འདི་ལ«ལྷོ་བྲག་ཆོས་འབྱུང»ཞེས་སྤྱད་ཡོད་པ་རྟོགས་ནུས་ཤིང་།  མཁས་དབང་ལཱོ་ཀེཤ་ཅཎྡྲ་ལགས(Lokesh Chandra 1927- )ཀྱིས་ཀྱང‘‘«ཆོས་འབྱུང་མཁས་པའི་དགའ་སྟོན»ནམ« ལྷོ་བྲག་ཆོས་འབྱུང»ཁག་གཉིས་པ་པར་སྐྲུན་འགྲེམས་སྤེལ་བྱེད་ཐུབ་པ་དགའ་པོ་བྱུང’’[9]ཞེས་ཆོས་འབྱུང་འདིའི་སྔོན་གླེང་དུ་བྲིས་འདུག

ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་པར་གཞི་ཤིང་སྤར་མ་ཞིག

«ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་པར་སྐྲུན་གྱི་སྦྱིན་བདག་དང་། ཤིང་སྤར་་དུ་བརྐོ་མཁན་དང་། ཡི་གེ་པ་དང་། ཞུས་དག་པ་སོགས་ཆོས་འབྱུང་འདིའི་ལེའུ་རེ་རེའི་མཇུག་ཏུ་མདོར་བསྡུས་སུ་སྨྲས་འདུག འདིར་དཔེ་མཚོན་རེ་ཟུང་དྲངས་ན། ཆོས་འབྱུང་འདིའི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལས་གཉིས་པ་ར་ས་དང་བསམ་ཡས་སོགས་ཀྱི་སྐོར་ཞེས་པའི་མཇུག་ཏུ།  ‘‘ཨོཾ་སྭ་སྟི།། ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ།། ཇི་ལྟར་བྱོན་པའི་ལོ་རྒྱུས་ཆོས་ཀྱི་མཛོད།། དཔལ་ལྡན་གཙུག་ལག་ཕྲེང་བའི་གསུང་གི་རྒྱུན།། ཆོས་བྱུང་མཁས་པའི་དགའ་སྟོན་ཞེས་བྱ་བའི།། འཇིག་རྟེན་ཁམས་ཀྱི་རྣམ་བཞག་སྤྱིར་བསྟན་ནས།། བོད་ཡུལ་ཆོས་རྒྱལ་རྣམས་ཀྱི་མཛད་པའི་བར།། ཆོས་སྦྱིན་མི་ཐད་དཔལ་བའི་ཆུ་རྒྱུན་འདི།། བསྟན་པའི་སྦྱིན་བདག་ལྟོ་སྟོང་ཡར་ཕྱིན་ནས།། ཆོས་ཀྱི་རྒྱལ་པོ་ཁུ་དབོན་ཡབ་ཡུམ་གྱིས།། ཐུགས་བསམ་རྣམ་པར་དག་པས་སྒྲུབ་པར་མཛད།། རྐོས་ལ་མཁས་པ་རྒང་རྒྱུད་སྤྲུལ་སྐུ་བ།། ཚེ་དབང་དར་པོ་ལ་སོགས་རྣམས་ཀྱིས་བསྒྲུབས།། ཞུས་དག་བྱེད་པོ་བྱམས་པ་དོན་གྲུབ་ཡིན།། འདི་ཡི་དགེ་བ་རྣམ་དཀར་དྲི་མེད་དེས།། གནས་སྐབས་འགལ་རྐྱེན་བར་ཆད་ཀུན་ཞི་ནས།། མཐར་ཐུག་རྣམ་མཁྱེན་སངས་རྒྱས་འཐོབ་པར་ཤོག ། མངྒལ། ’’ [10]ཞེས་དང་། ཆོས་འབྱུང་འདིའི་ཡན་ལག་གསུམ་པའི་ལེའུ་གསུམ་པའི་འདུལ་བའི་ཆོས་ཀྱི་བྱུང་བ་བརྗོད་པའི་མཇུག་རྩོམ་དུ། ‘‘ནོར་འཛིན་དབང་མོ་ཚོགས་གཉིས་གྲུབ་མ་ཡིས།། པར་འདི་བྱར་གྱི་གཞག་ཡུལ་སྟག་རྩེར་བསྒྲུབས།།’’[11]ཞེས་འབྱུང་། གཞན་ཡང་། ཆོས་འབྱུང་འདིའི་ཡན་ལག་གསུམ་པའི་ལེའུ་ལྔ་པ་གསང་སྔགས་རྙིང་མའི་ཆོས་ཀྱི་བྱུང་བ་བརྗོད་པའི་མཇུག་ཏུ། ‘‘པར་འདིའི་སྦྱིན་བདག་ས་སྐྱོང་ནོར་འཛིན་དཔལ།། བྱ་ཡུལ་དཔོན་ས་ཚོགས་གཉིས་གྲིབ་མ་ཡིས།། དཔལ་ལྡན་བླ་མའི་གོ་འཕང་ཐོབ་ཕྱིར་བསྒྲུབས།། དགེ་བ་བྱུབ་མ་མཆོག་གི་རྒྱུ་རུ་སྔོ།། ཨེ་མ་ཧོ།། བཀའ་བརྒྱུད་གདན་ས་གནས་ཆེན་སྲས་ཁང་དུ།། དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་ཕྱིར་དང་། མཐའ་ཡས་འགྲོ་ལ་ཆོས་སྦྱིན་སྤེལ་སླད་དུ།། རྙིང་མའི་བརྒྱུད་ཀྱི་ཆོས་འབྱུང་པར་དུ་བསྒྲུབས།། བརྐོས་ཀྱི་བྱེད་པོ་གཉལ་གྱི་སྒངས་བརྒྱུད་ནས།། རིག་བྱེད་མཁས་པ་ཚེ་དབང་དར་པོ་དང་། ཚེ་དབང་དོན་གྲུབ་ཀུན་དགའ་བསམ་འགྲུབ་དང་། ། ཀུན་དགའ་རྒྱལ་མཚན་བཀྲ་ཤིས་ཚེ་དབང་དང་།། བསམ་འགྲུབ་མགོན་པོ་བཀྲ་ཤིས་དགོས་དར་སོགས།། དཔོན་སློབ་བདུན་གྱིས་སོར་མོའི་གར་སྟབས་བསྒྱུར།། འདིས་ཀྱང་བསྟན་པ་དར་ཞིང་རྒྱས་པ་དང་།མཁའ་མཉམ་འགྲོ་ལ་བདེ་སྐྱིད་འབྱུང་ཕྱིར་བསྔོ།། ཤུབྷཾམསྟུ་སརྦ་ཛ་ག་ཏཱམ།།’’ [12]ཞེས་འབྱུང་ཞིང་། ཚིགས་སུ་བཅད་པ་འདི་དག་ལ་བརྟག་ན་ཆོས་འབྱུང་འདིའི་པར་སྐྲུན་སྦྱིན་བདག་དང་། ཡི་གེ་པ་དང་། གང་དུ་དཔར་ཡུལ་སོགས་ཀྱང་གཅིག་མཚུངས་ཤིག་མིན་པར་སྣང་། དེ་བས་ཆོས་འབྱུང་འདིའི་པར་གཞི་རེ་ཟུང་ཁ་མ་ཚང་བའི་གནད་དོན་འདི་ལ་ཐུག་ཡོད་པར་སྙམ།

«བོད་ཀྱི་གནའ་རབས་ལོ་རྒྱུས་ཞིབ་བརྗོད་དང་ལོ་རྒྱུས་རིག་གཞུང་གི་ཤུལ་བཞག་ཡིག་ཆ་ཞིབ་འཇུག»ཅེས་པའི་ནང་དུ། ‘‘ལོ་རྒྱུས་བསྟན་བཅོས་འདི་བྱུང་མ་ཐག་པ་ནས་བོད་ཀྱི་ལོ་རྒྱུས་སྨྲ་བའི་སྡེ་རུ་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡིན་ལ། པར་གཞི་མི་འདྲ་བ་དུ་མ་བྱུང་། ད་ལྟ་རྙེད་དུ་ཡོད་པར་ཡང་ལྷོ་བྲག་པར་གཞི་དང་སྡེ་དགེ་པར་གཞི་ཕུད། ད་དུང་དམངས་ཁྲོད་དུ་ལག་བརྒྱུད་བྱུང་བའི་པར་གཞི་འགའ་ཡང་ཡོད་པར་བཤད” [13]ཅེས་གསལ་མོད། ཕྲན་གྱིས་ཆོས་འབྱུང་འདིའི་པར་གཞི་མ་འདྲ་བ་ཁག་རྩད་གཅོད་བྱས་པར། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲྭ་རྒྱ་ནས་ཆོས་འབྱུང་འདིའི་ཤིང་སྤར་འགའ་མཐོང་བ་འདི་ལྟར། སྤྱི་ལོ་༡༩༨༠ལོར་རྒྱ་གར་ནས་དཔར་བའི«ཆོས་འབྱུང་མཁས་པའི་དགའ་སྟོན»ཤིང་སྤར་སྤུས་ལེགས་ཅན་ཞིག་བཞུགས་པ་དེ་ལ་སྟོད་སྨད་གཉིས་མཆིས་ཤིང་། པར་གཞི་འདིའི་ཐོན་ཁུངས་ནི་ལྷོ་བྲག་གཞིས་ཁའི་པར་ཁང་ཡིན་ཤེས་འཁོད་འདུག ཤིང་སྤར་འདིའི་སྟོད་ཆ་ལ་ཤོག་ལྡེབ་༨༧༥ བཞུགས་ཤིང་། ཆོས་འབྱུང་འདིའི་ཡན་ལན་དང་པོ་དང་། ཡན་ལག་གཉིས་པ། ཡན་ལག་གསུམ་པའི་བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པའི་བར་བཞུགས། སྨད་ཆ་ལ་ཤོག་ལྡེབ་༧༡༡བཞུགས་ཤིང་། ཆོས་འབྱུང་འདིའི་ཡན་ལག་གསུམ་པའི་ཀརྨ་ཀམ་ཚང་གི་ཆོས་ཀྱི་བྱུང་བ་བརྗོད་ནས་ཡན་ལག་ལྔ་བ་ཆ་ཚང་བཅས་བཞུགས་སོ། །

མཁས་དབང་ལཱོ་ཀེཤ་ཅཎྡྲ་ལགས་ཀྱིས་པར་སྐྲུན་བྱས་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་དེབ་ཅིག

‘‘རིག་པའི་འབྱུང་གནས་གཉལ་གྱི་སླང་ཆུང་། ལྷུན་པོའི་སྤང’’ཞེས་པའི་མིང་ཐོག་ནས་དཔར་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་ཤིང་སྤར་ཞིག་བཞུགས་ཤིང་། ནང་བསྟན་དཔེ་མཛོད་ཁང་དེས‘‘མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་སོགས’’ཞེས་མཚན་བྱང་ཞིག་བཏགས་ཡོད་པ་ལྟར། པར་གཞི་དེ་ནི«ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་ཡན་ལག་ཆ་ཚང་གིས་གྲུབ་པ་ཞིག་མ་རེད།  པར་གཞི་འདིའི་ནང་ན‘‘ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལ་ལེའུ་བཅུ་ལས་དང་པོ་ཐུགས་རྗེ་ཆེན་པོ་བདག་གིར་མཛད་ཚུལ་བཞུགས’’ཞེས་པ་ཡོད་པ་དང་། དེ་ལ་ཤོག་ལྡེབ་༥༣ བཞུགས། བསྟན་བཅོས་འདིའི་མཇུག་ན། ‘‘ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལས་བརྒྱད་པ་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཆོས་བྱུང་རྒྱས་པ་བཞུགས’’ཞེས་པ་ཡོད་ཅིང་། དེ་ལ་ཤོག་ལྡེབ་༥༠༤བཞུགས། མཇུག་གི་ཚན་པ་ནི‘‘ཆོས་བྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལས་དགུ་བ་འབྲི་ཁུང་བཀའ་བརྒྱུད་ཀྱི་རྣམ་ཐར་སྙིང་བོ་བཞུགསོ།།’’ཞེས་པ་ཡིན་པ་དང་། དེ་ལ་ཤོག་ལྡེབ་༢༢བཞུགས།

ད་དུང་གང་དུ་བཀོད་པ་མི་ཤེས་ཤིང་ཆོས་འབྱུང་དེའི་ཡན་ལག་ལྔ་པ་ཆད་པའི་ཤིང་སྤར་ཞིག་དང་། དབུ་མེད་དུ་བཞུགས་པའི་མཁས་པའི་དགའ་སྟོན་གྱི་ལེའུ་འགའ་ཡོད་པའི་ཤིར་སྤར་ཞིག་ཀྱང་མཐོང་བ་འོག་ཏུ་ཟུར་ཙམ་ཞུ་རྒྱུ་ཡིན་མོད། ཤིང་སྤར་འདི་དག་གི་པར་ཤིང་མི་འདྲ་བས། ཆོས་འབྱུང་འདིའི་པར་གཞི་དག་ལ་གཤིབ་བསྡུར་ཞུ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བར་མངོན། ད་ཕན་ཕྲན་ལ་ཐོབ་པའི་པར་གཞི་དེ་དག་ནི་དག་ཆ་རེ་ཟུང་ཙམ་ལས་ཁྱད་པར་ཆེར་མ་མཐོང་།

 རྒྱ་གར་གྱི་མཁས་དབང་ལཱོ་ཀེཤ་ཅཎྡྲ་ལགས་ཀྱིས་སྤྱི་ལོ་༡༩༥༩ལོ་དང་སྤྱི་ལོ་༡༩༦༢ལོར«ཆོས་འབྱུང་མཁས་པའི་དགའ་སྟོན»ལག་བྲིས་ཅན་ཞིག་ཚན་པ་གསུམ་དུ་བགོས་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་དེབ་གཟུགས་སུ་པར་སྐྲུན་བྱས་པ་ཞིག་མཐོང་བྱུང་། ལྷ་སྡོད་ཨིན་གཞུང་སྐུ་ཚབ་རི་ཆར་སོན(H.E Richardson 1905-2000)ལགས་ཀྱིས་སྤྱི་ལོ་༡༩༥༩ལོར་པར་སྐྲུན་བྱས་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་དེབ་དེའི་སྔོན་གླེང་བྲིས་ཡོད་པའི་ནང་དུ། ཁོང་གིས་ཆོས་འབྱུང་འདིའི་ཡན་ལག་གཉིས་པ་རྒྱ་གར་གྱི་སྐབས་སུ་འབྱུང་བའི་སྟོན་པའི་མཛད་པ་བཤད་པ་དང་། ཡན་ལག་གསུམ་པའི་བོད་ཀྱི་སྐབས་སུ་འབྱུང་བའི་བོད་ཀྱི་རྒྱལ་རབས་ཀྱི་ལེའུ་གཉིས་ནི་ལྷ་སར་སྡོད་སྐབས་རག་སོན་བྱུང་བ་དང་། དེ་ནས་ཆོས་འབྱུང་འདི་ནི་ལོ་རྒྱུས་ཀྱི་དེབ་ཐེར་རྩ་ཆེན་ཞིག་ཡིན་པ་ཤེས་ཏེ་ལེའུ་གཞན་དག་འཚོལ་ཞིང་གནང་ཚུལ་གླེང་བར་མ་ཟད། ཁོང་ལ་ཐོབ་པའི་ཆོས་འབྱུང་གི་ལེའུ་རེ་ཟུང་གི་པར་གཞི་ནི་བཀའ་བརྒྱུད་པའི་དགོན་པ་གནས་བཞི་དང་། ལྷོ་བྲག་དགོན་པ་ཡིན་སྐོར་གླེང་སྟེ། མཁས་དབང་ལཱོ་ཀེཤ་ཅཎྡྲ་ལགས་ཀྱི་ཕྱག་ཏུ་ཐོབ་པའི་ཆོས་འབྱུང་གི་འབྱུང་ཁུངས་ཀྱང་གཅིག་པ་ཡིན་ཚུལ་གླེང་འདུག

འོན་ཀྱང་། བོད་རིག་པའི་མཁས་དབང་ལཱོ་ཀེཤ་ཅཎྡྲ་ལགས་ཀྱིས་སྤྱི་ལོ༡༩༦༢ལོར་པར་སྐྲུན་བྱས་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་ཚན་པ་གསུམ་པའི་དེབ་དེའི་སྔོན་གླེང་དུ། ཁོང་གིས་པར་གཞི་འདིའི་ཡི་གེ་པ་ནི་དཀར་མཛེས་ཀྱི་བསམ་འཕེལ་གླིང་དགོན་པའི་བླ་མ་བློ་བཟང་འཇམ་དབྱངས་ཞུ་བ་ཡིན་ལ། པར་གཞི་ངོ་མ་ནི་འབྲས་ལྗོངས་སྒང་ཐོག་གི་སྐུ་ཞབས་གདན་ས་པ(Mr. T. Densapa )པས་ཉར་ཚགས་བགྱིས་པའི་ཤིང་སྤར་ཞིག་ཡིན་ཅིང་། སྐུ་ཞབས་ལྷ་ལུང་བ་བློ་བཟང་ཕུན་ཚོགས་བརྒྱུད་དེ་ཐོབ་ཚུལ་གསུངས། དེ་བས། རྒྱ་གར་ནས་པར་སྐྲུན་བྱས་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་པར་གཞི་ངོ་མ་གང་ཡིན་རེ་ཞིག་མ་ངེས་མོད། མཁས་དབང་ལཱོ་ཀེཤ་ཅཎྡྲ་ལགས་ཀྱིས་སྤྱི་ལོ་༡༩༦༣ལོར«ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་ཡན་ལག་གསུམ་པའི་སྐབས་སུ་འབྱུང་བའི་བོད་ཀྱི་རྒྱལ་རབས་ཀྱི་ལེའུ་ཆ་ཚང་ཤིང་སྤར་དུ་བཞུགས་པ་བཤར་འབེབས་ཀྱིས་དེབ་གཟུགས་སུ་པར་སྐྲུན་བྱས་ཏེ། ཤིར་སྤར་དེ་ནི་སྐུ་ཞབས་གདན་ས་པའི་པར་གཞི་ཡིན་ཚུལ་གསུངས་པའི་གནས་ཚུལ་འཁོད་འདུག

གཞན་ཡང་། སྤྱི་ལོ་༡༩༨༦ལོར་མི་རིགས་དཔེ་སྐྲུན་ཁང་གིས་ལྷོ་བྲག་གི་པར་མ་ཞིག་གཞིར་བཟུང་སྟེ་པར་སྐྲུན་བྱས་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»ལ་བལྟས་པར། ཆོས་འབྱུང་དེའི་དཀར་ཆག་དང་། མཁས་དབང་ལཱོ་ཀེཤ་ཅཎྡྲ་ལགས་ཀྱིས་པར་སྐྲུན་བྱས་པའི་ཆོས་འབྱུང་གི་དཀར་ཆག་གཉིས་ཅུང་ཟད་མི་འདྲ། ཆོས་འབྱུང་འདི་ཤིང་སྤར་དུ་བརྐོས་པ་ཁག་ལ་བརྟགས་ན། དཔའ་བོ་གཙུག་ལག་ཕྲེང་བས་ཆོས་འབྱུང་འདིའི་པར་གཞི་ངོ་མའི་དཀར་ཆག་ཁག་ནི་ཀ་ཕྲེང་ལྟར་བསྒྲིགས་ཡོད་པར་སྣང་།

དེང་སང་དཔེ་སྐྲུན་ཁང་འདྲ་མིན་གྱིས«ཆོས་འབྱུང་མཁས་པའི་དགའ་སྟོན»པར་སྐྲུན་བྱེད་བཞིན་འདུག་མོད། དུས་རབས་བཅུ་དྲུག་པའི་ནང་དཔའ་བོ་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་གྲགས་ཅན་འདི་བོད་ཕྱི་ལོགས་སུ་པར་སྐྲུན་བྱེད་མཁན་ནི་མཁས་དབང་ལཱོ་ཀེཤ་ཅཎྡྲ་ལགས་ཡིན་མོད་དོ་སྣང་མཛད་མཁན་ཐོག་མ་མ་རེད་སྙམ། ཨེ་ཊ་ལའི་བོད་རིག་པའི་མཁས་པ་ཏུའུ་ཆུས(Giuseppe Tucci 1894-1984)ལགས་ཀྱིས་ཆོས་འབྱུང་འདི་བེད་སྤྱོད་གནང་ཡོད་པར་མ་ཟད། ཧྥ་རན་སིའི་བོད་རིག་པའི་མཁས་པ་རོལ སི་ཏེན(Rolf Stein 1911-1999)ལགས་ཀྱིས་ཀྱང་དོ་སྣང་མཛད་ཡོད།

བོད་ཕྱི་ནང་གཉིས་སུ«ཆོས་འབྱུང་མཁས་པའི་དགའ་སྟོན»དཔྱད་ཡིག་ཏུ་བེད་སྤྱོད་གནང་མཁན་མང་ཙམ་འདུག་མོད། དེ་དག་གི་ཁྲོད་དུ་ཆོས་འབྱུང་འདི་ལ་བསྐྱར་ཞིབ་ལྟ་བུའི་རྩོམ་ཡིག་རྒྱས་པ་བྲིས་པ་མ་མཐོང་། «བོད་ཀྱི་གནའ་རབས་ལོ་རྒྱུས་ཞིབ་བརྗོད་དང་ལོ་རྒྱུས་རིག་གཞུང་གི་ཤུལ་བཞག་ཡིག་ཆ་ཞིབ་འཇུག»ཅེས་པའི་དེབ་ཏུ། ཆོས་འབྱུང་འདི་ལས་མངོན་པའི་ལོ་རྒྱུས་རིག་པའི་ལྟ་བ་དང་ལོ་རྒྱུས་དོན་ཚན་དྲུག་གིས་བགོས་ཏེ་དཔྱད་བརྗོད་མདོར་བསྡུས་ཤིག་སྤེལ་ཡོད་པ་དང་།  དུང་དཀར་བ་ཚེ་དབང་རྡོ་རྗེས‘‘ལོ་རྒྱུས་ཡིག་ཚང་རིག་པའི་ཟུར་ནས་ཆོས་འབྱུང་མཁས་དགའ་ལས་བོད་ཀྱི་རྒྱལ་རབས་སྐོར་ལ་དཔྱད་པ’’ཞེས་པའི་རྩོམ་ཡིག་རེ་ཟུང་བྲིས་ཡོད་པ་ནི་ཧ་ཅང་ལེགས་པར་སྣང་ངོ་། །

«ཆོས་འབྱུང་མཁས་པའི་དགའ་སྟོན»ལས་འཕྲོས་པའི་གནས་ཚུལ་སྐོར་ཞིག་ངོ་སྤྲོད་བྱེད་བཞིན་འདིར་སླེབས་སྐབས། ཆོས་འབྱུང་འདིའི་ངོ་སྤྲོད་ཅིག་ཀྱང་ཡོད་ན་ཅི་མ་རུང་སྙམ། ངོ་སྤྲོད་རྒྱས་པ་ཞུ་བའི་ལོང་དེ་རིང་མེད་མོད། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཆོས་འབྱུང་འདི་ངོ་སྤྲོད་དང་། ཆོས་འབྱུང་འདིའི་ཁྱད་ཆོས་མདོར་བསྡུས་ཤིག་གླེང་ཡོད་པས་དེར་བལྟ་འཚོལ་ལ། རྙེད་དཀའ་བ་མ་ཡིན་ནོ། ། དེས་ན་འདིར་ཆོས་འབྱུང་འདིའི་སྐོར་གྱི་ཞུ་འདོད་པའི་གནས་ཚུལ་ཁག་ཞུས་ཟིན་པའི་ཁུལ་ཡིན་ནོ། །

ལུང་ཁུངས་ཡིག་ཆ།

[1] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ཤོག་གྲངས་༧༨༤-༧༨༥ན་གསལ།

[2] བོད་རྗེ་ཆོས་རྒྱལ་གྱི་གདུང་རྒྱུད་སྡེ་དཔོན་ལྷ་རྒྱ་རིའི་གདུང་རབས་རིན་ཆེན་ཕྲེང་བ་བཞུགས་སོ། ། ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོས་བརྩམས། དཔལ་འབྱོར་དཔར་བསྐྲུན་ཁང་། ༡༩༩༩ ཤོག་གྲངས་ ༢༢-༢༣ན་གསལ།

[3] བོད་རྗེ་ཆོས་རྒྱལ་གྱི་གདུང་རྒྱུད་སྡེ་དཔོན་ལྷ་རྒྱ་རིའི་གདུང་རབས་རིན་ཆེན་ཕྲེང་བ་བཞུགས་སོ། ། ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོས་བརྩམས། དཔལ་འབྱོར་དཔར་བསྐྲུན་ཁང་། ༡༩༩༩ ཤོག་གྲངས་༢༣ ན་གསལ།

[4] སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་བྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ། སི་ཏུ་ཆོས་ཀྱི་འབྱུང་གནས པོད། 2 ཤིང་སྤར། ཤོག་གྲངས་༦༢-༦༣ན་གསལ།

[5]ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ཤོག་གྲངས་༡ན་གསལ།

[6] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ་པོད་བཅུ་པ་བཞུགས་སོ། ། སི་ཁྲོན་ཏབ་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོར་དཔར། ཤོག་གྲངས་༤༤༩-༤༥༠ན་གསལ།

[7] དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༧༧ ཤོག་གྲངས་༣༧༤ན་གསལ།

[8] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ངག་དབང་བློ་བཟང་རྒྱ་མཚོ། པོད་༢༧ ནང་མ་ག (ཤ) ཤོག་གྲངས་ ༡༣༡ ན་གསལ།

[9]  MKHAS-PAHI-DGAH-STON Of DPah-bo-gtsang-lag (also known as Lho-brag-echos-hhyun) Part 2 . By Dr Lokesh Chandra , M.A. D. litt . International academy of Indian culture. 1961. Page 1

[10] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ཤོག་གྲངས་༢༤༡ན་གསལ།

[11] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ཤོག་གྲངས་༢༧༥ན་གསལ།

[12] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ཤོག་གྲངས་༣༣༣-༣༣༤ན་གསལ།

[13] བོད་ཀྱི་གནའ་རབས་ལོ་རྒྱུས་ཞིབ་བརྗོད་དང་ལོ་རྒྱུས་རིག་གཞུང་གི་ཤུལ་བཞག་ཡིག་ཆ་ཞིབ་འཇུག རྨེ་རུ་ཡུལ་ལྷ་ཐར། བོད་ལྗོངས་མི་དམས་དཔེ་སྐྲུན་ཁང་། ༢༠༡༥ ཤོག་གྲངས་༥༡༣ན་གསལ།