གསུམ། གསུང་རྩོམ་གྱི་སྐོར་བཤད་པ།

དཔའ་བོ་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བས་ཁོང་གི་གསུང་རྩོམ་ཁག་གི་དཀར་ཆག་ཅིག་མཛད་དེ་སྡེ་ཚན་བཅུ་གསུམ་དུ་བསྡུས་པ་ཞིག་མཐོང་ཞིང་། དེ་དག་ནི་མཆོད་བསྟོད་སྣ་ཚོགས་ཀྱི་སྐོར་དང་། རྣམ་ཐར་ཆོས་འབྱུང་གི་སྐོར། སྒྲ་དང་སྨན་དཔྱད་ཀྱི་སྐོར། མདོ་རྒྱུད་ལུང་བསྡུས་ཀྱི་སྐོར། རྣམ་བཤད་ཟིན་བྲིས་ཀྱི་སྐོར། མངོན་དཀྱིལ་སྒྲུབ་ཐབས་ཀྱི་སྐོར། བྱ་བ་ཆོས་སྤྱོད་ཀྱི་སྐོར། རང་གི་རྟོགས་བརྗོད་ལ་སོགས་ཐུན་མོང་མ་ཡིན་པའི་སྐོར། ཉམས་ལེན་ཁྲིད་ཡིག་གི་སྐོར། གནད་དུ་ཕོག་པར་འདོམས་པ་ཞལ་འདམས་སུ་གྲགས་པའི་སྐོར། མན་ངག་སྣ་ཚོགས་པའི་སྐོར། དཀར་ཆག་བཀོད་ཡིག་གི་སྐོར། སྔོ་བ་བཀྲ་ཤིས་ཀྱི་སྐོར་བཅས་ཡིན་ལ། སྡེ་ཚན་རེ་རེའི་ནང་དུ་གསུང་རྩོམ་གང་དང་གང་བཞུགས་མིན་གྱི་གནས་ཚུལ་ཞུས་ན་ཡིག་ཚོགས་འཕེལ་ངེས་པས་འདིར་ཞུ་རྒྱུ་མིན།

དཔའ་བོ་གཙུག་ལག་ཕྲེང་བས“གླེགས་བམ་འདི་རྣམས་ཀྱི་ཐོ་ཡིག་རང་གིས་སྦྱར་བ་བཞུགས་སོ།། ཕན་བདེའི་འབྱུང་གནས་བླ་མ་ཡི་དམ་དང་།། མཁའ་འགྲོ་ཆོས་སྐྱོང་ཀུན་ལ་བཏུད་བྱས་ཏེ། དཔལ་ལྡན་གཙུག་ལག་ཕྲེང་བ་རང་ཉིད་ཀྱིས།། བརྩམས་པའི་ཆོས་ཀྱི་མིང་གི་ཕྲེང་བ་དགོད།།”[1]ཅེས་འགོ་བརྗོད་དུ་འདི་ལྟར་བརྩམས་གནང་མོད་མཇུག་བྱང་མེད་པས། དཔའ་བོ་གཙུག་ལག་ཕྲེང་བས་ཁོང་གི་གསུང་འབུམ་དཀར་ཆག་འདི་དུས་ཚོད་ག་དུས་ཤིག་ལ་མཛད་མིན་གྱི་ལོ་ཚིགས་ཏག་ཏག་ཅིག་ཞུ་ནུས་བྲལ་མོད། རྣམ་ཐར་ཆོས་འབྱུང་གི་སྐོར་ཞེས་པ་ན«ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་ལེའུ་ཆ་ཚང་བཞུགས་པར་བརྟགས་ན། ཕལ་ཆེར་ཁོང་སྐུ་མ་གཤེགས་པའི་ལོ་གཅིག་དང་ལོ་གཉིས་ཀྱི་ནང་དུ་མཛད་པ་ཞིག་རེད་སྙམ།

ཕྲན་གྱིས་གསུང་འབུམ་དཀར་ཆག་འདི་ནི་ཝཎ་བཛྲ་བིདྱ་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི«རྗེ་བཙུན་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བའི་རང་རྣམ་འཁྲུལ་པའི་བཞིན་རས་འཆར་བའི་མེ་ལོང»ཞེས་པའི་དེབ་ཏུ་མཐོང་བྱུང་ལ། ཝཎ་བཛྲ་བིདྱ་དཔེ་མཛོད་ཁང་གིས་དཔེ་མཛོད་ཁང་དེར་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་རྩོམ་མི་འདྲ་བ་སྐོར་ཞིག་གི་མིང་ཡང་དྲངས་འདུག་པས། དེ་དག་རགས་རྩིས་ཤིག་བྱེད་སྐབས་གསུང་རྩོམ་མི་འདྲ་བ་ཞེ་བདུན་གྱི་མིང་བཞུགས།

ལྷ་བཙུན་ནམ་མཁའ་འཇིགས་མེད(1597-1650)ཀྱི་གསུང་འབུམ་དུ་བཞུགས་པའི“རྫོགས་ཆེན་པ་ཀུན་བཟང་རྣམ་པར་རྒྱལ་བའི་ཐོབ་ཡིག་ལས། རྗེ་བཙུན་དམ་པ་གཙུག་ལག་འཕྲེང་བའི་བཀའ་འབུམ་གྱི་སྐོར་ཐོབ་ཚུལ”ཞེས་པ་ནའང་། ‘‘ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཙུག་ལག་རྒྱ་མཚོའི་ཕྲེང་བ་ཅན་ཞེས་མཚན་ཉི་ཟླ་ལྟར་གྲགས་པའི་རྗེ་བཙུན་དམ་པ་དེ་ཉིད་ཀྱི་གསུང་འབུམ་གྱི་སྐོར་གླེགས་བམ་བཅོ་ལྔ་པོའི་ཆོས་ཚན་གྱི་རྣམ་གྲངས་ནི། ཐོག་མར་བསྟོད་ཚོགས་ཀྱི་སྐོར་ལས། རྡོ་རྗེ་འཆང་། ཏལླི། ནཱ་རོ། མར་མི་དྭགས་གསུམ། བྱང་སེམས་བློ་གྲོས་རིན་ཆེན། ས་ར་ཧ། ཀླུ་སྒྲུབ། ཨཱརྱ་དེ་ཝ། ཟླ་གྲགས། ཤ་ཝ་ར།མཻ་ཏྲི་པ། རྟ་དབྱངས། ཞི་བ་ལྷ། ཇོ་བོ་རྗེ། ཁྲོ་ཕུ་ལོ་ཙ། ཞ་ལུ་ལོ་ཆེན། དྭགས་རམ་པ་རྣམས་ལ་བསྟོད་པ། རྗེ་ཞབས་ལ་བསྟོད་པ་ཚན་གཉིས”[2]ཞེས་སོགས་འབྱུང་ཞིང་། དེ་ན་གླེགས་བམ་བཅོ་ལྔའི་ཆོས་ཚན་ཀྱི་རྣམ་གྲངས་འཁོད་འདུག

དབུ་མེད་དུ་བཞུགས་པའི་མཁས་པའི་དགའ་སྟོན་གྱི་ལེའུ་ཞིག

དེ་ནས«མི་རིགས་དཔེ་མཛོད་ཁང་གི་དཔེ་ཐོ་ལས་གསུང་འབུམ་སྐོར་གྱི་དཀར་ཆག་ཤེས་བྱའི་གཏེར་མཛོད »དུ། དཔའ་བོ་གཙུག་ལག་ཕྲེང་བའི་གསུང་འབུམ་དཀར་ཆག་ཅིག་བཞུགས་པ་དེ་ན་གསུང་རྩོམ་མི་འདྲ་བ་ཉེར་དྲུག་གི་མིང་འཁོད་ཅིང་། ‘‘བསྟན་བཅོས་ཀྱང་ཕག་མོའི་རྣམ་བཤད་ཆེན་མོ། མཁས་པའི་དགའ་སྟོན། རྩིས་ཀུན་བསྡུས་པའི་འགྲེལ་བ་རིན་ཆེན་གཏེར་མཛོད་སོགས་པོད་མང་དུ་མཆིས་པ་ལས་ངེད་དཔེ་མཛོད་ཁང་དུ་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་པོད་གསུམ་བཞུགས་སོ།།’’[3]ཞེས་ཀྱང་འབྱུང་ངོ་།།

བོད་མིང་ལ་ཡེ་ཤེས་རྒྱ་མཚོ(Erwan Temple)ཞུ་བའི་བོད་རིག་པ་བ་ཞིག་གིས་ཀྱང་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་རྩོམ་བཞི་བཅུའི་མིང་ཝའི་ལིའི་ཡི་གེར་ཕབ་སྟེ་བོད་རིག་པའི་དཔྱད་རྩོམ་སྤེལ་སའི་དྲྭ་རྒྱ་ཞིག[4]ཏུ་སྤེལ་འདུག

དེ་བས། ཕྲན་གྱིས་དཔའ་བོ་གཙུག་ལག་ཕྲེང་བས་ཁོང་གི་གསུང་འབུམ་དཀར་ཆག་ཏུ་འཁོད་པའི་གསུང་རྩོམ་དེ་དག་ལས་བསྟན་བཅོས་གང་དང་གང་དེང་སང་མཇལ་རྒྱུ་ཡོད་མེད་ལ་དོ་སྣང་བྱས་པར། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲྭ་རྒྱ་ན་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་འབུམ་ཞེས་འཁོད་འདུག་པ་དེར་བལྟས་པར། གསུང་འབུམ་པོད་བཞི་བཞུགས། དེས་ན་འདིར་པོད་བཞིའི་ནང་དུ་གསུང་རྩོམ་གང་དང་གང་བཞུགས་པ་ཞུ་རྒྱུ་ཡིན།

གསུང་འབུམ་དང་པོར། 

  • དགེ་སློང་གཙུག་ལག་ཕྲེང་བ་རང་ཉིད་ཀྱི་རྟོགས་པ་བརྗོད་པ་འཁྲུལ་བའི་རང་བཞིན་གསལ་བའི་མེ་ལོང་། དབུ་ཅན། ཤོག་གྲངས་༤༥ཅན་ཞིག
  • བདག་གི་ཚུལ་ཡང་དག་པའི་ཡི་གེ་མཆིས། དབུ་མེད་བྲིས་མ། ཤོག་ལྡེབ་༥དང་ཕྱེད་ཅན་ཞིག
  • བདག་གི་རྟོགས་བརྗོད་ལས་བརྩམས་པ་མིག་འཕྲུལ་གྱི་རང་བཞིན་གསལ་བྱེད་བཞུགས་སོ།། དབུ་མེད་བྲིས་མ། ཤོག་གྲངས་༦དང་ཐིག་ཕྲེང་གཅིག་༡ཅན་ཞིག 
  • དཔལ་གཙུག་ལག་ཕྲེང་བའི་རང་ཚུལ་མདོར་བསྡུས་དོན་ཚན་དགུ་པའོ།། དབུ་མེད་བྲིས་མ། ཤོག་གྲངས་༡༧དང་ཐིག་ཕྲེང་༣ཅན་ཞིག 
  •  སངས་རྒྱས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཆེན་པོའི་བྱུང་བ་བཞུགས་སོ།། དབུ་མེད་བྲིས་མ། ཤོག་གྲངས་༤༠དང་ཐིག་ཕྲེང་༢ཅན་ཞིག 
  • ཆེད་དུ་བརྗོད་པ་རྡོ་རྗེ་གླུ་སྙིང་པོའི་གཏམ་གྱི་ཕྲེང་བ་མི་ཟད་པའི་བང་མཛོད་བཞུགས་སོ།། དབུ་མེད་བྲིས་མ། ཤོག་གྲངས་༦༥ཅན་ཞིག 
  • དཔལ་གཙུག་ལག་ཕྲེང་བའི་ཡང་དག་པའི་དོ་ཧ། དབུ་མེད་བྲིས་མ། ཤོག་གྲངས་༢དང་ཐིག་ཕྲེང་༢ཅན་ཞིག
  • སྐལ་ལྡན་བྱང་ཆུབ་ཏུ་བསྐུལ་བའི་ཕོ་ཉ་སྙིང་པོའི་སྐྱེས་ཀྱི་དམ་པ་ཕྲིན་ཡིག་ཚིགས་བཅད་ཀྱི་ཚོགས་བཞུགས་སོ།། དབུ་མེད་བྲིས་མ། ཤོག་གྲངས་༨༦ཅན་ཞིག
  • ཆེད་དུ་བརྗོད་པ་རྡོ་རྗེའི་གླུའི་བང་མཛོད་གསང་བའི་གཏེར་གྱི་ཕྲེང་བའོ།། དབུ་མེད་བྲིས་མ། ཤོག་གྲངས་༦༠ཅན་ཞིག 
  • གཞན་བསྐུལ་གྱི་ངོར་བརྗོད་པའི་གླུའི་བང་མཛོད་ཀྱི་ཚོགས་བཞུགས་སོ།། དབུ་མེད་བྲིས་མ། ཤོག་གྲངས་༡༤༢ཅན་ཞིག
  • བཀའ་སྲུང་གཞི་བདག་སོགས་ལ་གདམས་པའི་ཆབ་ཤོག དབུ་མེད་བྲིས་མ། ཤོག་གྲངས་༢ཅན་ཞིག
  • བཀའ་སྲུང་གཞི་བདག་རྣམས་གནང་ནས་བསྐུལ་བ་དྲག་པོའི་ཆབ་ཤོག་བསྟན་དགྲ་ཚར་གཅོད་བཞུགས། དབུ་མེད། ཤོག་གྲངས་༦ཅན་ཞིག
  • ངེས་གསང་གནད་ཀྱི་བང་མཛོད་འབྱེད་པའི་ལྡེ་མིག་ཞེས་བྱ་བའི་དྲིས་ལན་གྱི་ཚོགས་བཞུགས་སོ། དབུ་མེད་བྲིས་མ། ཤོག་གྲངས་༡༡༣ཅན་ཞིག
  • དགེ་བསྐུལ་གྱི་ཡི་གེ་ཚོགས་གཉིས་ཀྱི་ལྗོན་པ་བཞུགས་སོ།། དབུ་མེད་བྲིས་མ། ཤོག་གྲངས་༥ ཅན་ཞིག
  • མགོན་པོ་ཕྱག་བཞི་པའི་སྒྲུབ་སྐོར་ཐོབ་ཡིག་དང་པོ། དབུ་མེད་བྲིས་མ། ཤོག་གྲངས་ལྔ་དང་ཐིག་ཕྲེང་གཉིས་ཅན་ཞིག
  • ཐར་པ་རིན་པོ་ཆེ་རྒྱན་གྱི་གཏམ་རྒྱུད་བཞུགས་སོ།། དབུ་མེད་བྲིས་མ། ཤོག་གྲངས་༡༨ཅན་ཞིག

 གསུང་འབུམ་པོད་དང་པོའི་ནང་ན་ཁྱོན་བསྡོམས་གསུང་རྩོམ་མི་འདྲ་བ་བཅུ་དྲུག་བཞུགས་ཤིང་། གསུང་རྩོམ་རེ་རེར་མཇུག་བྱང་ཡོད་མེད་ཅི་རིགས་ཡོད་པས། དཔའ་བོ་གཙུག་ལག་ཕྲེང་བའི་མཚན་འབྱུང་དང་མི་འབྱུང་ཡང་ཅི་རིགས་འདུག་མོད། འདིར་རེ་རེ་བཞིན་མ་བྲིས།

གསུང་འབུམ་གཉིས་པར།

བདག་གི་ཚུལ་ཡང་དག་པའི་ཡི་གེ།

གསུང་འབུམ་གཉིས་པར་བཞུགས་པའི་ཤིང་སྤར་གྱི་དབུ་ཤོག་མི་གསལ་མོད། ཤོག་གྲངས་དང་པོའི་མགོ་ན‘‘བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་གྱི་སྒོ་ནས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བར་བྱེད་པའི་སྒྲུབ་ཐབས་དཀྱིལ་འཁོར་གྱི་ཆོ་ག་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བར་བྱེད་པ་ཞེས་བྱ་བ་ལས་ཆོ་ག་འབྲིང་པོ།’’[5]ཞེས་གསལ་ཞིང་། ཤོག་ངོས་རེ་རེ་ཕར་བསྒྱུར་སྐབས་ཚིག་དུམ་སྐོར་ཞིག་དང་དང་གཟུངས་རྣམས་དམར་མཆན་གྱི་འགྱུར་ཡིག་དང་།  མཚལ་མདོག་གི་རྟགས།  དབུ་ཅན་གྱི་འགྱུར་ཡིག་བཀོད་པའང་རེ་ཟུང་མཆིས་པར་མ་ཟད། ཤིང་སྤར་འདིའི་ཡིག་གཟིགས་ནི་དབུ་མེད་ཀྱི་ཡིག་གཟིགས་མི་འདྲ་བ་གཉིས་རེད། ཤོག་གྲངས་༡༣༢བཞུགས།

གསུང་འབུམ་གསུམ་པར།

  • ༡ དཔལ་ལྡན་རྣལ་འབྱོར་མའི་གསང་བའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ཟབ་མོ་རྣམ་འབྱེད་ཅེས་བྱ་བ་བཞུགས་སོ།། དབུ་མེད་བྲིས་མ།  ཤོག་གྲངས་༣༠༠ བཞུགས། ཤིར་སྤར་འདི་ནི་དབུ་བརྙན་གྱི་རི་མོ་ཡོད་པ་ཞིག་རེད།
  • ༢ སྤྱོད་པའི་རྣམ་བཤད་བཞུགས། དབུ་མེད་བྲིས་མ། ཤོག་གྲགས་༡༢༣ བཞུགས།
  • ༣ དམ་ཚིག་གི་རྣམ་བཤད་བཞུགས་སོ།། དབུ་མེད་བྲིས་མ། ཤོག་གྲངས་༢༧༥ བཞུགས། གསུང་རྩོམ་འདི་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་འབུམ་དཀར་ཆག་ཏུ་བམ་ཀློག་ཅིག་བྱེད་སྐབས་མ་རྙེད་མོད། མཇུག་རྩོམ་དུ‘‘དཔལ་ལྷན་ཅིག་སྐྱེས་མའི་གསང་བའི་སྒྲུབ་ཐབས་ཞལ་གདམས་དང་མན་ངག་གིས་བརྒྱན་སྟེ་གསལ་བར་ཕྱེ་བ་འདི་ནི་རྡོ་རྗེའི་སློབ་མའི་དོན་དུ་རྣལ་འབྱོར་གྱི་དབང་ཕྱུག་གཙུག་ལག་ཕྲེང་བས་གྲུབ་པའི་ཕོ་བྲང་རྦཱ་དྲུ་ཏྲ་སེམས་ཀྱི་འཁོར་ལོ་སྦྱར་བ་བདེ་ལེགས་སུ་གྲུབ་བོ།”[6]ཞེས་འབྱུང་།

གསུང་འབུམ་བཞི་པར།

  • ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལས་དགུ་པ་འབྲི་ཁུང་བཀའ་རྒྱུད་ཀྱི་རྣམ་ཐར་སྙིང་པོ་བཞུགས་སོ།། དབུ་མེད་བྲིས་མ། ཤོག་གྲངས་༣༦བཞུགས།
  • ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལས་ལེའུ་བཅུ་པ་ཆོས་རྒྱུད་སྣ་ཚོགས་པའི་ཆོས་བྱུང་བཞུགས་སོ།། དབུ་མེད་བྲིས་མ། ཤོག་གྲངས་༣༦བཞུགས།
  • ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ཡན་ལག་བཞི་པ་ལ་ལི་ཡུལ་རྒྱ་ནག་སྔ་མ་མི་ཉག་ཧོར་རྒྱ་ནག་ཕྱི་མ་རྣམས་སུ་རྒྱལ་པོ་དང་ཆོས་ཇི་ལྟར་བྱུང་བ་རྣམས་བཞུགས་སོ།། དབུ་མེད་བྲིས་མ། ཤོག་གྲངས་༨༨བཞུགས།
  • ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་ལྔ་པ་ཡུལ་སྤྱི་དང་བྱེ་བྲག་མ་ཕྱེ་བར་ཤེས་བྱའི་གཙོ་བོ་རིག་གནས་ལྔ་ཇི་ལྟར་བྱུང་ཚུལ་བཤད་པ་བཞུགས་སོ།།  དབུ་མེད་བྲིས་མ། ཤོག་གྲངས་༡༨༣བཞུགས།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་རྒྱ་ན་གོང་གི་གསུང་འབུམ་གྱི་གྲས་སུ་མ་ཚུད་པའི་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་རྩོམ་གཞན་ཡང་ཡོད་དེ། སྤྱོད་འཇུག་རྩ་བ་དང་ས་བཅད་སྦྱར་བ། དཔལ་གཙུག་ལག་ཕྲེང་བའི་རང་ཚུལ་མདོར་བསྡུས་པ་དོན་ཚན་དགུ་པ་དང་། རྗེ་བཙུན་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བའི་རང་རྣམ་འཁྲུལ་པའི་བཞིན་རས་འཆར་བའི་མེ་ལོང་། ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་གདམས་པ་དགོས་འདོད་སྩོལ་བ་མཆོག་གི་ནོར་བུའི་གཏེར། ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་པར་གཞི་མི་འདྲ་བ་སྐོར་ཞིག སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། རྩིས་ཀྱི་བསྟན་བཅོས་རིན་ཆེན་གཏེར་མཛོད། དུས་ཀྱི་འཁོར་ལོའི་མན་ངག་རྩིས་ཀྱི་བསྟན་བཅོས་རིན་ཆེན་བང་མཛོད། རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ། རྡོ་རྗེ་རྣལ་འབྱོར་མའི་གསང་བ་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ཟབ་མོ་རྣམ་འབྱེད། རྗེ་བཙུན་མའི་རྫོགས་རིམ་ཟབ་མོ་རླུང་སེམས་གཉིས་མེད་ཀྱི་ཟིན་བྲིས། འཕོ་བ་དང་བར་དོའི་གདམས་པ།  ལེགས་སྦྱར་བཀླགས་ཐབས་དང་སྡེབ་སྦྱོར་ལ་འཇུག་ཐབས་སོགས་བཞུགས་སོ།། རེ་ཞིག་ཟིན་བྲིས་འདིའི་མཇུག་གྲུབ་པར་བྱས་སོ། །

གསལ་བཤད། ཕྲན་གྱིས་རྩོམ་ཡིག་འདི་མ་བྲིས་པའི་སྔོན་ལ་དགེ་རྒན་ཆེན་མོ་ཞིག་དང་ཞིབ་འཇུག་པ་ཞིག་ལ་བོད་ཀྱི་དཔེ་སྐྲུན་ཁང་གང་རུང་ཞིག་གིས་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་འབུམ་ཁག་པར་སྐྲུན་བྱས་ཡོད་མེད་ཀྱི་སྐོར་ལ་བཀའ་འདྲི་ཞུས་པར། པར་སྐྲུན་བྱས་པའི་གནས་ཚུལ་མ་ཐོས་ཟེར། དེ་བས་རྩོམ་ཡིག་འདིའི་ཚན་པ་གསུམ་པའི་ནང་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་རྩོམ་གྱི་སྐོར་ཞུ་འདོད་བྱུང་བ་རེད། འོན་ཀྱང་རྩོམ་ཡིག་འདི་བྲིས་ནས་མཚམས་འདིར་ཐོན་སྐབས། རྩོམ་པ་པོ་ཤིས་ཚང་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་སྐད་འཕྲིན་བརྒྱུད་དེ་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་འབུམ་པར་སྐྲུན་བྱས་ཡོད་པའི་པར་ཞིག་བསྐུར་བྱུང་། དེ་ལ་ཞིབ་ལྟ་བྱེད་སྐབས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་ཤིང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པོད་བཅུ་བཞིའི་བདག་ཉིད་ཅན་གྱི་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་འབུམ་ཁག་གསར་དུ་པར་སྐྲུན་བྱས་པ་མཐོང་། དེ་མ་ཐག་སེམས་ལ་དགའ་སྤྲོ་ཞིག་འཕེལ་བྱུང་བ་དང་ཆབས་ཅིག ད་ནི་ཕྲན་གྱིས་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་རྩོམ་འཚོལ་ཞིབ་ཀྱི་ངལ་བ་ལྷུར་ལེན་བྱེད་དགོས་དོན་མི་འདུག་དྲན་པས་རྩོམ་ཡིག་འདི་རེ་ཞིག་མཇུག་གྲུབ་པར་བྱས་པ་ཡིན། རྗེས་སུ་ཁོང་གི་གསུང་འབུམ་ཁག་ལ་མཇལ་ནས་གནས་ཚུལ་གསར་པ་ཞུ་རྒྱུ་ཡོད་ཚེ་རྩོམ་ཡིག་འདིར་ཁ་གསབ་བྱེད་འདུན་ཡོད་ཅེས་ཞུ་བ་ཡིན། ཁ་བྲོ། བཀྲ་ཤིས་དང་བཅས། སྙན་བཟང་གཡུང་དྲུང་ཚེ་རིང་གིས། སྤྱི་ལོ་༢༠༢༡ལོའི་ཟླ་༤པའི་ཚེས་༢༤ཉིན་བྲིས།)

ཁུངས་ལུང་ཡིག་ཆ།

[1] རྗེ་བཙུན་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བའི་རང་རྣམ་འཁྲུལ་པའི་བཞིན་རས་འཆར་བའི་མེ་ལོང་། དཔའ་བོ་གཙུག་ལག་ཕྲེང་བ། ཝཎ་བཛྲ་བིདྱ་དཔེ་མཛོད་ཁང་། ༢༠༡༠ ཤོག་གྲངས་༢༧༢ན་གསལ།

[2] ལྷ་བཙུན་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ། ཤིང་སྤར། ལྡི་ལི། པོད་ང་པའི་རྗེ་བཙུན་དམ་པ་གཙུག་ལག་འཕྲེང་བའི་བཀའ་འབུམ་གྱི་སྐོར་ཐོབ་ཞེས་པའི་ཤོག་གྲངས་༡༢༢༢-༡༢༢༣བར་ན་གསལ།

[3] བོད་གངས་ཅན་གྱི་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་བརྒྱ་དང་བརྒྱད་ཅུ་ལྷག་གི་གསུང་འབུམ་སོ་སོའི་དཀར་ཆག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཤེས་བྱའི་གཏེར་མཛོད་ཞེས་བྱ་བ་བཞུགས་སོ། ། མི་རིགས་དཔེ་མཛོད་ཁང་གིས་བསྒྲིགས། ༡༩༨༤-༡༩༩༧ སྨད་ཆ། ཤོག་གྲངས་༡༧༤ན་གསལ།

4]  https://www.academia.edu/6654310/Index_of_the_Collected_Works_of_the_2nd_Pawo_Tsulag_Trengwa_dpa_bo_gtsug_lag_phreng_ba_by_Erwan_Temple?auto=download

[5] https://www.tbrc.org/?locale=bo#library_work_ViewInWIndow-W3CN17900%7CI3CN17903%7C2%7C1%7C1%7C136

[6] ཤིང་སྤར། དབུ་མེད་བྲིས་མ། ཤོག་གྲངས་མི་གསལ།  ནང་བསྟན་དཔེ་ཚོགས་ཀྱི་དྲྭ་རྒྱ་ན་བཞུགས།