བྲེལ་བྲེལ་འཚབ་འཚུབ་ཀྱི་ཟླ་ངོགས་འདིའི་སློབ་སྦྱོང་གི་བར་གསེང་ནས།  སློབ་བུ་ངས་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་མཆོག་གིས་བརྩམས་གནང་མཛད་ཅིང་རོང་བོ་གངས་དཀར་ལགས་ཀྱིས་བསྒྱུར་བའི《ནང་པ་ཡིན་ནམ་མིན》ཞེས་པའི་ནང་ཆོས་ཀྱི་ལྟ་གྲུབ་སྐོར་གླེང་བའི་དཔེ་ཆ་འདི་ཐེངས་གཅིག་བཀླགས་པ་ཡིན།  ཏག་ཏག་དཔེ་ཆ་འདི་བཀླགས་གྲུབ་དུས་སྤྱི་ཟླ་བཞི་བའི་ཚེས་ཉེར་གསུམ་སྟེ་འཛམ་གླིང་དཔེ་ཀློག་ཉིན་མོར་ཁེལ་འདུག་པས།  ངའི་སེམས་ལ་དགའ་སྣང་ལྷག་མ་ཞིག་བྱུང་བ་དང་སྦྲགས་དཔེ་ཀློག་ཟིན་བྲིས་ཤིག་ཀྱང་འབྲི་འདོད་སྐྱེས་སོང་།   ཡང་གཅིག་ཞུས་ན་ཟིན་བྲིས་འདི་ནི་ངས་རང་གི་དགེ་བའི་བཤེས་གཉེན་དང་སློབ་གྲོགས་རྣམས་གཙོས་པའི་རྒྱལ་སྤྱིའི་སྨྱུག་ཐོགས་པ་ཀུན་ལ་ལེགས་སྐྱེས་ཆུང་ཆུང་ཞིག་གི་དོད་དུ་ཕུལ་བ་ལགས།

དཔེ་ཆའི་མིང་།《ནང་པ་ཡིན་ནམ་མིན།》
རྩོམ་པ་པོ།   རྫོང་སར་འཇམ་དབྱངས་མཁྱེན་བརྩེ།
འཁྲུངས་ཡུལ།  འབྲུག་པ།
འཁྲུངས་ལོ།1961/7/6
བརྩམས་ཆོས།  《དྲི་བ་བརྒྱད་ཁྲི་བཞི་སྟོང་མ།》《ནང་པའི་ལྟ་བ་དང་ས་ལམ》  《ནང་པ་ཡིན་ནམ་མིན།》
པར་སྐྲུན་ཁང་།    ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།
བརྩམས་ཆོས་འདིའི་མཚན་གནས།  མིག་སྔར་རྒྱལ་སྤྱིའི་སྟེང་གདེང་འཇོག་ཚད་མཐོ་བའི་དཔེ་དེབ་ཅིག་རེད་འདུག

ཐ་སྙད་གསར་བ།
སྤམ།   བྱབས།   རྩིང་བོ།   འདུས་གྲུབ།

ཚིག་དོན་ལེགས་པོ།
ཀྱང་རང་ཉིད་འཕུར་ནུས་སོ་སྙམ་ན།  ཁྱོད་ཉེན་ཁ་ལ་འཕྲད་ངེས་ཤིང་།  གཅིག་བྱས་ན་ཐང་ལ་ལྷུང་བ་འམ་ཡང་ན་འཕུར་མི་ནུས་པ་ལ་སྨེ་ངག་འདོན་ངེས་ཡིན།
འགྱུར་ལྡོག་རེ་རེ་ནི་དོན་དུ་འཆི་བའི་རྣམ་པ་མི་འདྲ་བ་རེ་རེ་ཡིན།

     
དཔེ་དེབ་ཀྱི་བརྗོད་བྱ།
《ནང་པ་ཡིན་ནམ་མིན》ཞེས་པའི་དཔེ་ཆ་འདི་ནི་འདུས་གྲུབ་དང་མི་རྟག་པ།   ཚོར་བ་དང་སྡུག་བསྔལ།  རང་བཞིན་གྱིས་སྟོང་བ།   རྟོག་སྣང་ལས་བརྒལ་བའི་མྱང་འདས།  མཐའ་སྡོམ་སོགས་ཚན་པ་ཆེ་ཁག་ལྔ་ཡིས་གྲུབ་པ་ཞིག་དང་།  དེའི་ནང་དུ་གཙོ་བོ་ཕྱག་རྒྱ་བཞི་སྲོག་སྙིང་དུ་བཟུང་ནས་ནང་པའི་ལྟ་གྲུབ་ལ་འགྲེལ་བརྗོད་དང་།  ཆོས་ལུགས་གཞན་དང་ནང་ཆོས་ཀྱི་དབྱེ་མཚམས་སོགས་གསལ་ཐིང་ཐིང་གིས་བྲིས་འདུག

ལར་དཔེ་དེབ་འདིའི་རིགས་ནི་ཀླད་རུས་ཀྱི་ཁོ་ལག་མ་རྫོགས་ཤིང་།  ལྷག་ཏུ་ནང་ཆོས་རིག་གནས་ཀྱི་རྒྱུན་ཤེས་ཙམ་ཡང་མེད་པའི་ཁོ་མོ་ལྟ་བུ་ཞིག་གིས་གོ་ཁག་པོ་ཡོད་ནའང་།  ཁོང་གིས་གཏིང་ཟབ་པའི་བདེན་པའི་གནས་ལུགས་རེ་རེ་ང་ཚོའི་ཁ་ཡོད་ལག་ཡོད་ཀྱི་འཚོ་བའི་བྱ་བཞག་རེ་རེའི་དཔེ་རུ་སྦྱར་ནས།   ཚིག་ལ་དག་བརྗིད་སྙན་གསུམ་དང་དོན་ལ་བདེན་དགེ་མཛེས་གསུམ་གྱིས་ཕྱུག་པར་བྱས་ཏེ་བྲིས་གནང་མཛད་འདུག   མ་ཟད་ཁོང་གིས་རང་ལྟ་མཆོག་འཛིན་གྱི་གོ་ཆ་ལུས་ལ་བགོས་ནས་ང་ཚོའི་ནང་ཆོས་ནི་ཆོས་ལུགས་གཞན་དང་བསྡུར་ཐབས་བྲལ་བ་དང་།  ང་ཚོའི་ནང་ཆོས་ཀྱིས་སུ་ཡང་སྐད་ཅིག་ཉིད་ལ་དག་པའི་ཞིང་དུ་འདྲེན་འགྲོ་སོགས་ཀྱི་འུད་བརྗོད་བྱས་མེད་པར།  ལྡོག་སྟེ་ཤིན་ཏུ་གཅོམ་བསྐྱུངས་དང་དཀྱེལ་ཡངས་ཀྱི་ངང་ནས་ལྟ་གྲུབ་འདིའི་རྒྱབ་ལྗོངས་ཀྱང་དོན་ཀུན་གྲུབ་པའམ་ཐུབ་པ་མཆོག་གིས་བདེན་པའི་ངོ་བོ་རྟོགས་ཚུལ་ལ་ཁུངས་བཅོལ་འདུག

དེ་ཡང“འདུས་གྲུབ”ཅེས་པའི་ཐ་སྙད་འདི་ནི་དེབ་འདིའི་ནང་གི་གནད་འགག་ཆེ་ཤོས་ཀྱི་མིང་ཚིག་གཅིག་ཏུ་མཐོང་སྟེ།  འདིས་ང་ཚོས་ནམ་རྒྱུན་ཞིབ་འདང་རྒྱག་གིན་མེད་པའི་དོན་དངོས་ཤིག་ར་སྤྲོད་བྱས་འདུག་སྙམ།   གོ་བ་སླ་བར་བླངས་ན།   འཇིག་རྟེན་འདི་ནི་མ་གཞི་ནས་རྩེར་སོན་ལྡོག་ངེས་ཀྱི་གོ་རིམ་ཞིག་གིས་ཡོངས་སུ་བཏུམས་ཤིང་། གོ་རིམ་དེ་ལ་ནི་འདུས་གྲུབ་ཅེས་གོ་བ་བླངས་ན་མི་འགྲིག་པ་ཆེར་མེད་པར་སེམས་ཏེ།  མདོར་ན།  བལྟས་ཚེ་བདེན་བདེན་འགྲིག་འགྲིག་གི་འཇིག་རྟེན་འདིར་དོན་དུ་རྟག་བརྟན་ཐེར་ཟུག་གི་ཆོས་ཤིག་ཁྱོན་ནས་མེད་ཅིང་།   སྔ་ཕྱི་གོ་རིམ་ཙམ་མ་གཏོགས་ཡོད་ཚད་འགྱུར་བའི་རང་བཞིན་དུ་གྲུབ་པ་དང་།  འགྱུར་བ་དེ་ནི་བདེན་པའི་ཆོས་ཉིད་ཅིག་ཡིན་པ་གང་ཞིག་ལ་ངོ་བོ་ནི་སྡུག་བསྔལ་བ་ཞིག་རེད་འདུག   འོན་ཏེ།   ང་ཚོར་ནམ་རྒྱུན་སྡུག་བསྔལ་སྡུག་བསྔལ་དུ་མཐོང་བའི་མིག་ཟུང་མེད་པར་མིག་མདུན་གྱི་བྱ་དངོས་མཐའ་དག་ལ་རྟག་བརྟན་གྱི་འདུ་ཤེས་འཛིན་ཞིང་། ཐ་ན་རང་ལ་མི་དབང་བའི་རང་ཉིད་ཀྱང་དེ་ཡི་བྲན་དུ་ཚུད་ནས་གླེན་ཞེད་ཆེ་བའི་འཁྲབ་སྟོན་དགོད་བྲོ་བ་མང་པོ་བྱེད་བཞིན་འདུག འཁྲབ་སྟོན་དེ་ལ་ནང་པས་མ་རིག་པ་ཟེར་གྱིན་འདུག་ཅིང་།  མ་རིག་པ་ནི་སྡུག་བསྔལ་གྱི་འབྱུང་ཁུངས་ལ་བསྟན་འདུག   མདོར་དྲིལ་ན།  མ་རིག་པ་འམ་གནས་ལུགས་མ་ཤེས་པའི་ཉེས་པ་འདིའི་དབང་གིས་ང་ཚོས་བདེན་གྲུབ་ཀྱི་ཆོས་ཉིད་གང་མང་ཞིག་ལ་རྒྱབ་འགལ་དང་བརྡབ་གསིག་གཏོང་བཞིན་འདུག་པ་སྟེ།   དཔེར་ན་རྨ་ཁ་ལ་ན་ཚ་མི་འདོད་བཞིན་དུ་ཚྭ་ཁུ་ལྡུད་ཀྱིན་ཡོད་པའི་ཟོལ་རེད།   འདི་ནི་ནང་པའི་གཞུང་དུ་བཤད་པའི་མ་རིག་པའི་སེམས་ཅན་ཞེས་པ་དེར་འཇོག་གིན་འདུག    

འདི་ལྟར་གསུངས་པར་བརྟེན།  ནམ་རྒྱུན་ང་ཚོ་ཕལ་མི་ཚོའི་སེམས་ནང་གི་ནང་པ་བ་སྟེ། ལག་ལ་ཕྲེང་བ་ཐོགས་ཤིང་ཕྱག་སྐོར་ཁ་འདོན་ལ་བྲེལ་བ། བསང་ཕུད་མཆོད་བཤམས་ལ་གོམས་པ་དག་ནི་དོན་ངོ་མར་ནང་པ་རྣལ་མ་ཞིག་རེད་ཅེས་སུས་ཀྱང་བཤད་ཁག་པོར་འདུག་ལ། དེབ་འདིའི་ནང་གི་“ལམ་ནས་སངས་རྒྱས་མཐོང་བ་ཡིན་ན།  དེ་གསོད་དགོས”ཞེས་པའི་ཚིག་འདིས་ཀྱང་ང་ཚོར་གནས་ལུགས་གྱ་ནོམ་པ་ཞིག་ར་སྤྲད་འདུག་སྙམ། མ་ཟད་ཕྱི་ནང་གྲུབ་མཐའི་དབྱེ་མཚམས་ཀྱང་འདུས་ནས་གྲུབ་པ་རྣམས་མི་རྟག་པ། ཚོར་བ་ཐམས་ཅད་སྡུག་བསྔལ་བ།   བྱ་དངོས་ཡོད་ཚད་རང་བཞིན་གྱིས་སྟོང་བ། རྟོག་སྣང་ལས་བརྒལ་བ་ནི་མྱང་འདས་ཞེས་པའི་ཕྱག་རྒྱ་བཞིའི་གོ་རྟོགས་དང་ཉམས་ལེན་ཚང་མིན་ལ་གཞིགས་དགོས་པ་ལས། ཕྱིའི་མཐོང་སྣང་གི་བཟོ་ལྟ་སྟེ།  སྐྲ་བཞར་ཡོད་མེད་ཙམ་དང་ངུར་སྨུག་གི་གོས་གྱོན་ཡོད་མེད་ཙམ་ལ་བལྟས་ན་ཤིན་ཏུ་ནོར་འཁྲུལ་གྱི་ལས་ཤིག་རེད་འདུག་ལ།   ཚིག་རྐང་འདི་བཞི་ནི་ནང་པའི་ལྟ་གྲུབ་ཀྱི་ངོ་བོ་མཐར་ཐུག་མཚོན་བྱེད་ཀྱང་རེད་འདུག་པས།  འདི་ལ་གོ་བ་རྒྱས་པར་བླངས་ན་སོ་སྐྱེས་ཕལ་བ་ཁོ་མོ་ལྟ་བུ་ཞིག་གིས་བློས་དཔོག་དཀའ་ནའང་། དོན་གོ་བདེར་བླངས་ན། ང་ཚོའི་ཞེ་ལ་ཐོགས་པའི་སྣང་སྲིད་ཀྱི་ཆོས་ཐམས་ཅད་ནི་མི་རྟག་པ་དང་སྡུག་བསྔལ་བའི་རང་བཞིན་དུ་གྲུབ་པ་དང་། མཐར་གཏུག་ན་དེ་ནི་དངོས་སུ་མི་གྲུབ་པའི་རྨི་ལམ་ཞིག་དང་། རྨི་ལམ་དེ་ལས་བརྒལ་ནུས་པ་ནི་མྱང་འདས་ཏེ་གནས་ལུགས་མ་ཤེས་པའི་རྒྱ་ལས་ཐར་བ་ཞེས་པའོ།། ཡང་ཐར་བ་ཐོབ་པ་ཡིན་ན་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ཀྱི་མཛེས་པ་མཐོང་བའི་མིག་ཟུང་ལྡོངས་འགྲོ་བ་དེ་འདྲ་མ་ཡིན་པར། སྔར་བཞིན་མཐོང་སྣང་དེ་དག་ལ་ལོངས་སྤྱོད་བྱས་ཆོག་ཀྱང་། དེ་ནི་འཁྲུལ་བའི་རང་བཞིན་ཅན་དུ་རྟོགས་པས་དེ་ལ་ཆགས་ཞེན་དང་རེ་ལྟོས་དམིགས་བསལ་མེད་པ་དང་། འཁྲུལ་སྣང་གི་རྒྱ་འདི་བརྟོལ་པས་ང་ཚོས་བྱ་དངོས་ལ་འཛིན་པའི་ལྟ་སྟངས་འགྱུར་འགྲོ་ཞིང་། དེར་བསྟུན་ཧམ་སེམས་དང་ཞེན་ཆགས་ཀྱང་ཆུང་དུ་འགྲོ་བ་སོགས་ཚད་མཐོ་བའི་བསམ་བློའི་རྒྱ་ཁྱོན་དེ་ནི་གུ་ཡངས་དང་ཤེས་རབ་ཀྱིས་རྣམ་པར་ཕྱུག་པའི་ནང་པའི་ལྟ་གྲུབ་ཡིན་པ་བསྟན་འདུག

བཀླགས་ཚོར།
དྲང་མོ་བཤད་ན། དེབ་འདི་མ་བཀླགས་པའི་སྔ་རོལ་དུ། ཁོ་མོ་རྩོམ་པ་པོ་ཁོང་ལ་རྒྱུས་མངའ་དང་དོ་སྣང་ཆེར་མེད་ལ། ལྷག་ཏུ་ཁོང་གི་སྐྱ་མིན་སེར་མིན་སྤྱོད་པ་དེར་དགའ་བོ་དེ་འདྲ་མེད། ཡིན་ནའང་ཁོང་གི་དེབ་འདིའི་ཚིག་དང་ཡི་གེའི་བར་ན་འཕྱོ་བའི་རྣམ་དཔྱོད་ཀྱི་ཟེགས་མ་རེ་རེས་ངའི་དད་མོས་ཀྱི་ཞིང་ས་བརླན་པར་བྱས་སོང་། 

དེབ་འདི་བཀླགས་རྗེས་ངའི་ཡིད་ལ་“ཁྲོའུ་མིན་གྱི་འཇིག་རྟེན”(楚门世界)ཞེས་པའི་གློག་བརྙན་དེ་ངང་གིས་འཁོར་ཞིང་།དངོས་གནས་དེབ་འདིའི་ནང་གི་བརྗོད་གཞི་དང་གློག་བརྙན་དེའི་བསྟན་བྱ་ནི་ཧ་ཅང་ཆ་མཚུངས་པོ་འདུག་སྟེ། གློག་བརྙན་དེའི་ནང་གི་ཁྲོའུ་མིན་ཞེས་པའི་མི་དེ་ནི་གདོད་ནས་ཁོའི་འཇིག་རྟེན་གྱི་གཡོ་འོག་ཏུ་ཚུད་འདུག་པ་སྟེ།  ཁོའི་ལས་གྲོགས་དང་ཁྱིམ་མཚེས། ཐ་ན་ཆུང་མ་སོགས་སྤྱི་ཚོགས་དེའི་མི་ཀུན་པོས་ཁོ་ལ་མགོ་སྐོར་གཏོང་གི་ཡོད་པ་རེད། མ་གཞི་དེ་དག་ཚང་མ་འཁྲབ་སྟོན་པ་འབའ་ཞིག་ཡིན་པ་རེད། ཆེས་མཇུག་མཐར་ཁོས་རང་ཉིད་འཁྲབ་སྟོན་མཁན་གྱི་འཇིག་རྟེན་ཞིག་ན་ཡོད་པ་ཧ་གོ་དུས། མ་གཞི་ཁོ་རང་ཁང་པ་ཞིག་གི་ནང་ན་མགོ་འཁོར་ཡོད་པ་ཙམ་རེད། བསམ་གཞིག་ཞིབ་མོ་བྱས་ན་དེ་ནི་དངོས་གནས་ཁོ་མོ་རང་ལ་མཚོན་ན་སློབ་གསོ་མི་དམན་པ་ཞིག་རེད།

ཚན་རྩལ་སློབ་གསོའི་གཟི་བྱིན་འབར་བའི་དུས་རབས་ཉེར་གཅིག་པ་ཞེས་ཇི་ལྟར་བསྔགས་ཀྱང་། དེབ་འདིས་བཀླགས་པས་ང་ལ་ད་དུང་སྟོང་སང་སང་གི་སྣང་བ་ཞིག་དང་། མ་གཞི་འཇིག་རྟེན་འདི་ནི་ཅི་འདྲའི་གོ་ལོག་ཅིག་རེད་ཨང་སྙམ་པའི་སེམས་ཚོར་བྱུང་ཞིང་། ངའི་སེམས་ལ་ད་ལྟའི་ཆར་རང་ནི་ཉིད་སྤྱིར་བཏང་གི་སློབ་མ་ཕལ་བ་ཞིག་ལས་ཅི་ཡང་མིན་ནའང་། དེབ་འདིའི་རིགས་ནི་ངེས་པར་དུ་བཀླག་རིན་འདུག་སྙམ་སྟེ།  འདི་འདྲ་བཀླགས་པས་འཇིག་རྟེན་ལ་ངེས་འབྱུང་དང་འཚོ་བ་ལ་ཞེད་སྣང་གིས་ཁེངས་འགྲོ་བ་དེ་འདྲ་མིན་ནའང་། བྱ་དངོས་ཅི་ལ་བལྟས་ཀྱང་།  གནད་དོན་གང་ལ་ཕྲད་ཀྱང་།  ཐུན་མིན་གྱི་གུ་ཡངས་པའི་སེམས་གཤིས་ཤིག་གིས་གདོང་ལེན་ཐུབ་པ་ངེས་གཏན་ཡིན་ན། དེ་ནི་དངོས་གནས་བླ་མེད་ཀྱི་བཟང་སྤྱོད་ཅིག་ཀྱང་ཅིས་མ་ཡིན།                        

—- ཁམས་སྐྱིད། 2020/4/23