སྙན་ངག་གི་གཞུང་དུ།

        དོན་སྟོངས་པའི་དཔེར། མི་འདིས་རྒྱ་མཚོ་འཐུངས་སོ།། བྱིས་པ་དག་དེ་རིང་རྒས་སོ།།སྤྲིན་གྱིས་འབྲུག་སྒྲོག་གོ། འཕྲོག་བྱེད་དབང་ཕྱུག་ཆེན་པོ་གླང་ལ་དགའ་འོ།། ཞེས་དང་། དོན་འགལ་བའི་དཔེར།ཁྱོད་ཀྱིས་དགྲ་རིགས་འཇོམས་པ་གང་འདི་རྒྱལ་བར་གྱུར་ཅིག། བརྩེ་བ་ཅན་ཁྱེད་ལ་རྒོལ་བའི་དགྲ་མེད་དོ།། ཞེས་དང་། དོན་གཅིག་པའི་སྐྱོན་ལ། འདོད་པའི་སྲེད་པ་ལ་སྲེད་པར་བྱེད་པའི་བུ་མོ་རྣམས་ཀྱི་ཆགས་པའི་རྒྱུ་ནི། དེ་དག་གི་སྐྲའི་ལན་བུ་འོད་ནག་ཅན་གྱི་ཆུ་འཛིན། གློག་ལྡན། འབྲུག་སྒྲོག་འདི་དག་གོ། ཞེས་དོན་སྟོངས་པ་དང་། དོན་འགལ་བ་དོན་གཅིག་པའི་སྐྱོན་དང་དམིགས་བསལ་གྱི་སྦྱོར་ལུགས་གསལ་བར་བཀོད་ཡོད། སྙན་ངག་མེ་ལོང་མའི་གཞུང་གི་དོན་ལུས་དང་རྒྱན་དང་སྐྱོན་བསལ་བ་གསུམ་གྱིས་བསྡུས་པ་ནི། དེ་གསུམ་ག་གལ་ཆེས་པས་ཡིན།

        གཞན་སྙན་ངག་གི་ཉམས་དང་འགྱུར་བའི་ཁྱད་པར་དང་འབྲེལ་ནས། ཉམས་བརྒྱད་དམ་དགུ་སོགས་བསྟན་ཡོད། ཉམས་སོགས་ནང་ཕན་ཚུན་འདྲེས་རུང་བ་དང་མི་རུང་བའི་ཞིབ་ཆ་འང་ཡོད། དཔེར་ན། ས་པཎ་མཁས་མཇུག་ལས། ཉམས་ཕན་ཚུན་འདྲེས་རུང་བ་ནི། དཔའ་བའི་རྒྱན་ལ་དྲག་ཤུལ་དང་།། འཇིགས་རུང་ངམ་པའི་རྒྱན་མི་འགལ།། ཞེས་དང་། ཉམས་ཕན་ཚུན་འདྲེས་མི་རུང་བ་ནི། ཡང་དེ་ཉིད་ལས། སྙིང་རྗེ་ཞི་བ་རྣམ་གཉིས་ལ།། སྒེག་དང་དཔའ་དགོད་དྲག་ཤུལ་དང་།། འཇིགས་རུང་ངམ་པ་དྲུག་པོ་སྤང་།།  ཞེས་སོགས་རྒྱ་ཆེར་གསུངས་མོད་བསྐྱུང་བར་བྱ། དེ་དང་བསྟུན་ནས་ཡིད་འགྱུར་གྱི་ཁྱད་པར་ཐོན་པའི་སྙན་ངག་འབྲི་བ་འམ། ཡུལ་གཙོ་བོར་བཟུང་བའི་སྣང་བརྙན་འབྲི་བའི་ཚེ། མཚོན་ཐབས་ཀྱི་དཔེ་དང་གཏམ་རྒྱུད་ཀྱང་གང་བྱུང་བྱུང་དུ་དྲངས་ན་མི་ཆོག་པར། སྐབས་ཀྱི་དོན་སྟེང་དུ་འདྲིལ་བ་དང་། དེ་ཙམ་གྱིས་མི་ཆོག་པར་དོན་དེ་གསོན་ཉམས་ལྡན་པར་གཏོང་བྱེད་དུ་འགྲོ་དགོས་པར་གསུངས་ཡོད། ད་དུང་རྨང་གཞིར་འགྲོ་དགོས་པ་ནི་ཐ་སྙད་ཀྱི་སྡེབ་སྦྱོར་དང་དྲག་ཞན། བསྡུ་ལུགས་ལ་མཁས་དགོས་པར་གསུངས་ཡོད། གཞན་ཚིག་གི་གཅོད་མཚམས་དཔེར་ན།། དེ་ཡི་བསྟན་ལ་དགེ་ལེགས་དཔལ།། བཟང་པོ་བཞིན་དུ་ཁྱེད་ཉིད་བྱོན།། ཞེས་གཅོད་རིགས་པ་དང་། དམ་པ་ཁྱེད་ནི་བདག་གི་སློབ།། དཔོན་བཞིན་ཐུགས་རྗེ་བླ་ན་མེད།། ཅེས་བཅད་ན་མི་འོས་པ་ལྟར།། དབྱངས་ཅན་ཁྱེད་ཀྱི་སྤྱན་ཟུང་གི།། བུང་བ་རྣམ་པར་གཡོ་བ་མཛེས།། ཞེས་སྦྱར་ན་རིགས་ཀྱང་།། ཚངས་སྲས་བུ་མོའི་ཞལ་གྱི་སྤྱན།། ཟུང་གི་བུང་བ་རྣམ་པར་གཡོ།། ཞེ་ན་གཅོད་ལུགས་ཀྱིས་ཚིག་མི་སྙན་པ་སོགས་ལ་ཡང་གཟབ་དགོས། ཚུལ་འདི་དག་མ་ཤེས་ན། རྩ་བ་ལས། མཁས་པས་ཡང་དག་རབ་སྦྱར་བའི།། ངག་ནི་འདོད་འཇོའི་བ་རུ་བཤད།། དེ་ཉིད་ཉེས་པར་སྦྱར་ན་སླར།། སྦྱོར་བོ་བ་གླང་ཉིད་རྗོད་བྱེད།། དེ་ཕྱིར་སྙན་ངག་དག་ལ་སྐྱོན།། ཆུང་བར་གྱུར་ཀྱང་ཅི་ཞིག་ལྟར།། བཏང་སྙོམས་མི་བྱ་ལུས་མཛེས་ཀྱང་།། སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར།། གསུངས་པ་ལྟར་ལགས་ན། གནད་དེ་དག་ནི་དེབ་ཀྱི་སྟེང་ནས་ངོ་འཕྲོད་ཙམ་མ་ཡིན་པར་ལག་ལེན་ཐོག་ནས་ཁྱད་པར་ཐོན་དགོས་པར་གསུངས། འགའ་ཞིག་གིས་ཉམས་བརྒྱད་དམ་དགུ་ནི་ཟློས་གར་གྱི་ཆས་ཤིག་ཏུ་བཟུང་ནས། འདིར་སྐབས་སུ་མ་བབ་པར་སྙམ་པ་ནི་ཐོས་པ་ཆུང་བས་ལན། དོན་གྱི་སྣང་བརྙན་ཚིག་གིས་བཞེངས་པ་ལ། རྗེ་ས་པཎ་མཆོག་གིས། རང་བཞིན་ཡོན་ཏན་ལས་རྣམས་ལ།། ངོ་བོ་བསྟོད་སྨད་བརྗོད་པའི་ཚུལ།། དྲང་པོ་ཟུར་མིག་ཚིག་དང་དོན།། དངོས་ཤུགས་དཔེ་ཡི་སྒོ་ནས་དེ།། སྒྲོ་བཏགས་ནས་ནི་ཚིག་གི་རྒྱན།། ཉམས་དགུའི་རོ་དང་སྦྱར་ཏེ་སྤེལ།། ཞེས་གསུངས་པ་ལྟར་རོ།། གཞན། རྩོམ་གཤིས་ཀྱི་ཁྱད་པར་ནི་རྩོམ་པ་པོའི་ལྷན་སྐྱེས་ཀྱི་དགའ་ཕྱོགས་དང་སློབ་དཔོན་སོགས་ཀྱི་ཤུགས་རྐྱེན་ལས་ཐོན་པར་བཤད་པས་དཀྱུས་གཅིག་ཏུ་བཟང་ངན་བརྗོད་དཀའ་བར་གསུངས་སོ།།

      མཇུག་ཏུ་ངས་གོང་དུ་དྲངས་པའི་སྐྱོན་གྱི་རིགས་སུ་གཏོགས་པའི་དཔེར་བརྗོད་དག་ཅི་ལྟར་སྐྱོན་ཅན་དུ་མ་གོ་ན། རང་ཉིད་ཀྱིས་བྲིས་པའི་སྙན་ངག་གི་སྟེང་གི་གཡའ་སེལ་ཚུལ་མི་ཤེས་ལ། གཞན་གྱི་སྙན་ངག་གི་བཟང་ངན་ལ་དཔྱོད་པ་བྱེད་རྒྱུ་འང་དཀའ་མོར་སྣང་། འོན་ཀྱང་། སྙན་ངག་གསར་བའི་ལུགས་ལ་ཁྱད་པར་ཅུང་རེ་མཆིས་ཀྱང་། དེ་ལའང་དོན་སྟོངས་པ་དང་། དོན་འགལ་བ། དོན་གཅིག་པའི་གཡའ་ཅིས་ཀྱང་སེལ་དགོས། དེའི་ཕྱིར་རྩ་བའི་ཆ་ནས་དཔེ་བསྟན་བཤིགས་ཤིག་ལག་ཏུ་ཚུད་མིན་ལ་མ་བལྟས་པར། དེ་སྐབས་དོན་ལ་འདྲིལ་མིན་དང་། འཇའ་གཟུགས་ལྟ་བུ་ཚིག་སན་སུན་ཞིག་བསྒྲིགས་པ་ཙམ་མ་ཡིན་པར། དོན་དང་འགལ་མིན། ཡར་མར་གྱི་ཚིག་འཕྱོར་རོ་རེ་བཏུས་པ་ཙམ་མིན་པར་དོན་གཅིག་པའི་སྐྱོན་ཡོད་མེད་ལ་ཐུགས་སེམས་གཏོང་རྒྱུ་གལ་ཆེའོ།། ཞེས་ཞུ་འདོད་བྱུང་མོད། གུས་པོ་རང་ཡང་སྐྱོན་དེ་དག་གི་གཡང་ལས་ཐར་མེད་པར་བསམས་ཚེ། ངོ་གནོང་བ་ཞིག་ལགས་པས་དེ་ཙམ་གྱིས་འཐུས་པར་བྱའོ།།