འདི་ནས་ཡར་བརྩིས་པའི་མི་ལོ་གསུམ་གྱི་སྔ་རོལ་དུ་སྲིང་མོས་ཨ་ཕྱི་དང་ཨ་མ་གཉིས་ཁྲིད་དེ་དབུས་མཇལ་ལ་སོང་ཞིང་། དེ་དུས་བསམ་ཡས་དགོན་གྱི་ལྷ་ཁང་བཅུ་གྲངས་ལྷག་གིས་ཨ་མར་དཀའ་ལས་ལ་གཏད་ཡོད་ཚོད་རེད། བསམ་ཡས་གླེང་དུས་ཤིག་ལ་མོས་ང་ལ་“མཇལ་ནས་ཚར་རྒྱུ་མེད་པའི་དགོན་པ་དེ་ཨེ་རེད་”ཅེས་དྲིས་བྱུང་། རྒྱུས་ཡོད་ཀུན་ན་རེ། དབུས་མཇལ་བ་ཕལ་མོ་ཆེ་སུ་ཞིག་གི་ར་མདའ་ལ་སྐྲག་པ་བཞིན་བྲེལ་འཚུབ་ཀྱིས་དབུས་གཙང་གཉིས་ཀྱི་དགོན་སྡེ་གྲགས་ཅན་ཁག་ལ་མཇལ་བ་ན་རིམ་བཞིན་སུན་སྣང་དང་ངལ་དུབ་གཉིས་ཀ་སྟབས་གཅིག་ཏུ་སྐྱེས་པས་སྒོ་མོ་བརྒྱབ་པའི་ལྷ་ཁང་འདྲ་མཐོང་ན་བསམ་ཐོག་ལ་འཁེལ་བ་བཞིན་“ད་དགེ་བ་རེད་”ཅེས་ལོག་མཁན་ཡོད་ཅིང་། སྔོན་མར་དད་པ་དང་གུས་པ་རྩེ་གཅིག་ཏུ་ལྷ་ཁང་ཅི་འཕྲད་ལ་ཕྱག་འཚལ། ཐོད་པ་གཏུགས། སྐྱབས་འཇུག་ཞུས། སྐོར་ལམ་ཀུན་གྱི་མ་ཎི་འཁོར་ལོ་མཐའ་དག་ཀྱང་མ་ལུས་པར་བརྩོན་པ་ཆེན་པོས་བསྐོར་ཡང་ཕྱི་མའི་ཆ་ལ་གཙུག་ལག་ཁང་ཇི་འདྲའི་རྩ་ཆེ་ཡང་ཚོང་ཁང་ལ་ཉུལ་བ་བཞིན་ནང་གི་རྟེན་གསུམ་ལ་ལོ་ཆུང་རྣམས་ཕྱག་འཚལ་བ་ཕར་ཞོག་ཐ་ན་མགོ་བོ་དུད་རྒྱུར་ཡང་ཚེགས་ལངས། དེ་ཡང་ཅི་ཁག་སྟེ་ཁོ་ཚོ་དུས་ཡུན་ཐུང་ཐུང་ཞིག་ལ་དབུས་གཙང་ཡུལ་གྱི་དགོན་སྡེ་“མཐའ་དག་”ལ་ཤར་རྒྱུག་ལན་གཅིག་བྱས་པས་རེད། དེ་ནི་དབུས་མཇལ་ཐོག་མ་ལ་ཁོ་བོ་ནང་མི་དང་མཉམ་དུ་ཡུལ་དབུས་ལ་མ་ཆས་པའི་རྒྱུ་མཚན་ཞིག་ཀྱང་ཡིན། རང་གི་འཆར་གཞི་ལྟར་ཀུན་གྱི་ཁ་ལ་རླུང་ལྟར་གྲགས་པའི་གཙུག་ལག་ཁང་དང་ཕོ་བྲང་། དགོན་སྡེ་རྣམས་ལས་གཞན་སྔོན་བྱོན་ལོ་པཎ་རྣམས་ཀྱིས་ཆོས་འཁོར་བསྐོར་ཞིང་གཙུག་ལག་བསྒྱུར་མྱོང་བའི་གདན་ས་ཁག་ལ་ཆས་པར་མ་ཟད་དེ་དག་གི་རྒྱབ་རི་ལ་ཡང་འགོས་ནས་པར་དང་བརྙན་ཐུང་ལེན་འཆར་འཐེན་པ་ཡིན།

ཧས་པོ་རི་ནས་མཐོང་བའི་བསམ་ཡས།

དབུས་རོགས་མ་དང་ངེད་གཉིས་ཆོས་འཁོར་བསམ་ཡས་ལ་འབྱོར་བ་ན་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས་པའི་སྒྲུང་ལས་ཀྱང་།བདག་གི་སེམས་ལ་ཝ་ལེར་ཤར་འོང་བ་ནི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐྱངས་པའི་ལོ་པཎ་བརྒྱ་རྩ་བརྒྱད་ཀྱི་མཛད་པ་འཕྲིན་ལས་རེད། གུས་པར་མཚོན་ན་མཇལ་ནས་ཚར་རྒྱུ་མེད་པའི་བསམ་ཡས་ནས་དམིགས་བསལ་གྱིས་མཇལ་སྙིང་འདོད་པ་ཞིག་ནི་སྒྲ་བསྒྱུར་རྒྱ་གར་གླིང་རེད།དེར་བཞུགས་མྱོང་བའི་ལོ་པཎ་རྣམས་ཀྱི་ཞལ་རས་ལས་མངོན་པའི་ཤེས་རབ་དང་བློ་གྲོས་རེད།ཤེས་རབ་དང་བློ་གྲོས་དེ་དག་ལས་བསྐྱེད་པའི་བཙན་པོའི་སྐབས་ཀྱི་རིག་གནས་སྙིང་སྟོབས་རེད། དེ་ནི་དེང་སང་གི་བཤད་སྒྲོས་ལྟར་ན་རིག་གནས་གསར་པ་དང་བསམ་བློ་གསར་པ་སྟེ་གཞན་གྱི་ལེགས་ཆ་ལེན་པའི་སློབ་གཉེར་སྙིང་སྟོབས་སོ། །  ཡུལ་བྲག་དམར་ལྷ་སྡིངས། རི་ཧས་པོ་རིའི་རྩ། ཆུ་བོ་ལོ་ཧི་ཏའི་འགྲམ་ན་རུས་སྦལ་གྱི་གཟུགས་ལྟར་ཆགས་པའི་བོད་ཀྱི་སློབ་གྲྭ་ཐོག་མ་འདིའི་མཛེས་ལྗོངས་ནི་གླིང་ཀ་ཞིག་དང་ཀུན་ནས་མཚུངས་ཤིང་། ཆེད་དུ་བཏབ་ཅིང་བཅོས་པའི་རྩྭ་དང་རྩི་ཤིང་གི་ཚོགས། རྡོ་གཡའ་མ་ལེབ་མོ་བཏང་ནས་གྲ་དག་ཏུ་བཟོས་པའི་ལམ་ཕྲན། ལྕགས་རིའི་མཐའ་ལ་བསྐོར་བའི་མཆོད་རྟེན་དཀར་པོའི་ཕྲེང་བ། མཇལ་སྐོར་བ་རྣམས་སེམས་ངལ་གསོ་བའི་རྐྱེན་དུ་གྱུར་པའི་ལྷ་བསང་དང་མེ་ཏོག་གི་དྲི་བསུང་རྣམས་ཀྱིས་བརྒྱན་པའི་གནས་ཆེན་འདི་ནས་དབུས་རོགས་མ་པར་ལ་བྲེལ་ཞིང་མི་སྣ་པར་རྒྱག་ལ་ཤིན་ཏུ་མི་མཁས་པའི་ངས་ནི་སྔོན་གྱི་བྱུང་བ་རྣམས་ཕྱིར་དྲན་ལན་གཅིག་བྱས་པ་ཡིན།

ལོ་ཙཱ་བ་བཻ་རོ་ཙ་ན།

《ཆོས་འབྱུང་མཁས་པའི་དགའ་སྟོན་》གྱི་“ཤར་ཕྱོགས་རྒྱ་དང་མི་ཉག་ནས།། བཟོ་དང་རྩིས་ཀྱི་དཔེ་རྣམས་བླངས།། ལྷོ་ཕྱོགས་དཀར་པོའི་རྒྱ་གར་ནས།། དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར།། ནུབ་ཕྱོགས་སོག་པོ་བལ་པོ་ནས།། ཟས་ནོར་ལོངས་སྤྱོད་གཏེར་ཁ་ཕྱེ།། བྱང་ཕྱོགས་ཧོར་དང་ཡུ་གུར་ནས།། ཁྲིམས་དང་ལས་ཀྱི་དཔེ་རྣམས་བླངས།།”[1] ཞེས་པ་ལས་ཀློག་མཁན་ཁྱེད་ཀྱིས་བཙན་པོའི་དུས་ཀྱི་ཚུར་ལེན་སྙིང་སྟོབས་མཐོང་ནུས་ན། སྤྲུལ་པའི་བཟོ་བོ་རྣམས་ཀྱིས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་འདིའི་འོག་ཁང་བོད་ལུགས་དང་།བར་ཁང་རྒྱ་ནག་གི་ལུགས། སྟེང་ཁང་རྒྱ་གར་གྱི་ལུགས་ལྟར་བཞེངས་པ་ལས་སྙིང་སྟོབས་དེ་ཡི་སྲོལ་རྒྱུན་བཟང་པོ་ལ་གནས་མཇལ་བ་བདག་གིས་མཇལ་ཐུབ་བོ།།  《ཐང་ཡིག་རྙིང་མ་》རུ་བོད་བཙན་པོའི་ཕོ་ཉས་ཐང་གུར་ནས་རྒྱ་ནག་གི་གཙུག་ལག་གྲགས་ཅན་ལིས་ཅིས་(礼记)དང་ཙོ་ཀྲོན་(左传)སོགས་བསླངས་པར་བརྗོད་པ་[2]    དང་།“རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ།། ལོ་ཙཱ་པ་གོར་བཻ་རོ་ཙ་ན་བྱོན།། རྒྱ་གར་ཐེག་ཆེན་དམ་ཆོས་བོད་དུ་བསྒྱུར།། ཟ་ཧོར་ཡུལ་ན་མཁས་པར་གྲགས་པ་ཡི།། བོ་དྷི་སཏྭ་བོད་དུ་གདན་དྲངས་ནས།། ལོ་ཙཱ་མཁས་པ་སྐ་བ་དཔལ་བརྩེགས་ཀྱིས།། མཁན་པོ་བོ་དྷི་ས་ཏྭའི་གསུང་བགྲོས་བསྒྱུར།། རྒྱ་ནག་ཡུལ་ན་མཁས་པར་གྲགས་པ་ཡི།། ཧྭ་ཤང་མ་ཧཱ་ཡ་ན་གདན་དྲངས་ནས།། རྒྱ་ནག་སྨན་དང་འབྱུང་བའི་རྩིས་ལ་སོགས།། ལོ་ཙཱ་སྣ་ནམ་ས་ལ་བཙུན་གྱིས་བསྒྱུར།། ཨུ་རྒྱན་ཡུལ་དུ་མཁས་པར་གྲགས་པ་ཡི།། པདྨ་འབྱུང་གནས་བོད་དུ་གདན་དྲངས་ནས།། གསང་སྔགས་ཟབ་མོ་བདེ་གཤེགས་འདུས་པའི་ཆོས།། མན་ངག་ཟབ་མོ་དཔག་མེད་གསུངས་པ་རྣམས།། ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་དང་།། ལོ་ཙཱ་ཆེན་པོ་ལྡན་མ་རྩེ་མང་གིས།། སྒྲ་སྒྱུར་རྒྱ་གར་གླིང་དུ་བསྒྱུར་ཅིང་བཀོད།། རྒྱ་གར་ཡུལ་ན་ཆེ་ཞིང་མཁས་པ་ཡི།། པཎ་ཆེན་བི་མཱ་མི་ཏྲ་གདན་དྲངས་ནས།། ལོ་ཙཱ་ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་།། སྐད་སྣ་བདུན་ལ་མཁས་པར་སྦྱངས་པ་ནི།།གནུབས་ཀྱི་ལོ་ཙཱ་སངས་རྒྱས་ཡེ་ཤེས་ཀྱིས།། རྒྱ་གར་མཁས་པའི་དམ་ཆོས་བོད་དུ་བསྒྱུར།།”[3]  ཞེས་《བཀའ་ཐང་སྡེ་ལྔ》ལས་གསུངས་པ་སོགས་ལས་བཙན་པོའི་དུས་སུ་རྒྱ་གར་གྱི་དམ་ཆོས་གཅིག་པུ་ཙམ་མིན་པར་ཨུ་རྒྱན་དང་ཁ་ཆེ།བལ་པོ་དང་ལི་ཡུལ།ཡུ་གུར་དང་སོག་པོ། ཟ་ཧོར་དང་རྒྱ་ནག་སོགས་མཐའ་བཞི་རྒྱལ་ཁབ་དུ་མ་ལས་མཁས་པ་མང་པོ་གདན་དྲངས་ནས་བོད་ལ་རིག་གནས་སྣ་མང་སྤེལ་བ་དཔགས་ནུས་པ་དང་། དེ་ཉིད་ཀྱི་《ལོ་པཎ་བཀའི་ཐང་ཡིག་》ལས་“སཾ་སྐྲྀ་ཏ་ལྷའི་སྐད༔ བཻ་ཤ་འདྲེའི་སྐད༔ ཨ་བ་བྷ་ཏི་གནོད་སྦྱིན་སྐད༔ ནཱ་ག་ར་ཀླུའི་སྐད༔ འབའ་དུ་ལ་མིའི་སྐད༔ ཁ་དྷོ་ལ་སྲིན་པོའི་སྐད༔ ཨ་ཧ་ར་ཨུ་རྒྱན་གྱི་སྐད༔ བྷྱེ་ཀ་ར་མི་མ་ཡིན་གྱི་སྐད༔ པྲ་ཏི་ཤ་ཟའི་སྐད༔ ཀ་ལིང་ཀའི་སྐད༔ པ་ལི་ཏྲི་ཏའི་སྐད༔ ན་ག་སི་དྷིའི་སྐད། ཁང་བུ་གླིང་གི་སྐད༔ ཟངས་གླིང་གི་སྐད༔ ཀ་མཱ་ལ་རུ་པའི་སྐད༔ ཝཱ་རཱ་ཎ་སཱིའི་སྐད༔ མ་ག་དྷའི་སྐད༔ ནཱ་ལནྡའི་སྐད༔ བེ་ཏའི་སྐད༔ སིངྒ་ལའི་སྐད༔ མ་རུ་ཙེའི་སྐད༔ ཟ་ཧོར་གྱི་སྐད༔ ཤཾ་བྷ་ལའི་སྐད༔ ཁ་ཆེའི་སྐད༔ བྲུ་ཤའི་སྐད༔ རྒྱ་གར་གྱི་སྐད༔ རྒྱ་ནག་གི་སྐད༔ བལ་པོའི་སྐད༔ ལིའི་སྐད༔ སྲིན་པོའི་སྐད༔ དེ་ལ་སོགས་པ་སྐད་རིགས་ཐམས་ཅད་བོད་དུ་བསྒྱུར་ཤེས་པའི་”[4]ལོ་ཙཱ་མཁས་པ་བརྒྱ་རྩ་བརྒྱད་བྱོན་པར་གྲགས་པ་དང་ཞུས་ཆེན་གྱི་ལོ་ཙཱ་བ་བཻ་རོ་ཙ་ནས་སྐད་རིགས་མི་གཅིག་པ་སུམ་བརྒྱ་དང་ཡིག་རིགས་མི་གཅིག་པ་སུམ་བརྒྱ་མཁྱེན་པ་སོགས་ལ་དག་སྣང་བསྒོམས་ནས་གུས་པར་བྱ་བ་ལས་ཡིད་རྟོན་འཕེར་ཆོག་པའི་ལོ་རྒྱུས་དངོས་ཤིག་མིན་པར་སྙམ་ཡང་། འདི་ལས་བཙན་པོའི་སྐབས་སུ་རྒྱ་གར་ནག་གི་ཡི་གེ་ཁོ་ན་ཙམ་མ་ཡིན་པར་མཐའ་བཞིའི་རྒྱལ་ཁབ་ཀྱི་ཡིག་རིགས་དུ་མ་མཁྱེན་པའི་ལོ་ཙཱ་བ་མང་པོ་ཞིག་བསམ་ཡས་སྒྲ་བསྒྱུར་གླིང་དུ་འཛོམས་པ་ང་ཚོས་ཚོད་དཔག་བྱེད་ཆོག་སྟེ།བསྟན་པ་སྔ་དར་གྱི་ལོ་ཙཱ་བའི་ཁྲོད་དུ་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ལོ་ཙཱ་བ་ཡོད་པ་ཁ་ཆེ་ཨཱ་ནན་ཏ་དང་རྒྱའི་ལོ་ཙཱ་བ་བན་དེ་ཏོང་ཨཱ་ཙརྱ་སོགས་ཀྱི་མཚན་གསལ་བ་ལས་ཀྱང་ཤེས་ནུས་ལ།བཀའ་འགྱུར་གྱི་《མདོ་དགོངས་པ་འདུས་པ་》ནི་རྒྱ་གར་གྱི་མཁན་པོ་དྷརྨ་བོ་དྷི་དང་། རིང་ལུགས་ཆེན་པོ་དཱ་ན་རཀྵི་ཏ། ཞུ་ཆེན་གྱི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་ཡི་གེ་ལས་བྲུ་ཤའི་ཡུལ་དུ་བསྒྱུར་བ་ཆོས་ཚན་དེ་ཉིད་ཀྱི་འགྱུར་བྱང་དུ་གསལ་བའི་ཆེ་བཙན་སྐྱེས་ནི་བྲུ་ཤ་ནས་ཡིན་ཞེས་འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས་ལ་ལོ་ཙཱ་བ་གང་དེའི་སློབ་མ་སངས་རྒྱས་ཡེ་ཤེས་ཀྱང་བྲུ་ཤའི་སྐད་དང་ཡི་གེ་མཁྱེན་ཞེས་ཐང་ཡིག་ཏུ་འབྱུང་བ་ཡང་བདེན་པར་སྣང་།

གནོད་སྦྱིན་ར་མགོ་ཅན།

གནས་འདིའི་བཀོད་པ་ཕྱི་ལྟར་ན་མངོན་པ་མཛོད་ཀྱི་འཇིག་རྟེན་ཆགས་ལུགས་ལྟར་དབུ་རྩེ་རིགས་གསུམ་དབུས་ཀྱི་རིའི་རྒྱལ་པོ་རི་རབ་དང་། ཡཀྴ་གོང་ཉི་མ་ལྷ་ཁང་དང་ཡཀྴ་འོག་ཟླ་བ་ལྷ་ཁང་གཉིས་ཉི་ཟླ་ཟུང་གི་ཚུལ། བྱང་ཆུབ་སེམས་བསྐྱེད་གླིང་དང་རྣམ་དག་ཁྲིམས་ཁང་གླིང་སོགས་གླིང་བཞི་གླིང་ཕྲན་བརྒྱད་དང་བཅས་པའི་སྒོ་ནས་བཞེངས་པ་ལས།གླིང་ཕྲན་བརྒྱད་ཀྱི་ཡ་གྱལ་སྒྲ་བསྒྱུར་གླིང་ནི་གཙུག་ལག་ཁང་གི་ལྷོ་ནུབ་མཚམས་སུ་མཆིས་པ་དང་། ལྷ་ཁང་ཉིས་ཐོག་ཅན་ཞིག་ལ་གྱང་གི་ར་བས་བསྐོར་ཅིང་།སྟེང་ཁང་གི་རྒྱ་ཕིབས་ནི་གཡུ་མདོག་དང་ཕྱིའི་རྩིག་པའི་ཁ་དོག་ནི་སེར་པོ་རེད། སྔོན་བཙན་པོའི་སྐབས་ཁྱམས་ཀྱི་ལྡེབས་རིས་ལ་དགོངས་པ་ངེས་པར་འགྲེལ་པ་བྲིས་ཡོད་ཀྱང་། དེང་སང་ལོ་པཎ་བརྒྱ་རྩ་བརྒྱད་ཀྱི་སྣང་བརྙན་གསར་དུ་བཞེངས་འདུག ། ཕྱི་སྒོའི་གཡས་གཡོན་གྱི་ཁ་ནང་ལྟའི་ལྡེབས་རིས་ལ་སྐུ་མདོག་དམར་པོ་མི་ལུས་ར་མགོ་ཅན། ཕྱག་གཡས་པས་ཐོད་པས་བརྒྱན་པའི་དབྱུག་ཏོ་འཛིན་པ། གཡོན་པས་སྡིག་མཛུབ་ཀྱིས་རང་གི་ཐུགས་ཀར་གཏད་པ། མེ་དཔུང་དམར་པོའི་དཀྱིལ་དུ་བཞེངས་པའི་སྐུ་བརྙན་གཉིས་བྲིས་འདུག་པ་ཅི་ཡིན་ཆ་མ་འཚལ་མོད། རང་མལ་དུ་ལོག་ནས་《བཀའ་ཐང་སྡེ་ལྔ་》དང་《བསམ་ཡས་དཀར་ཆག་》གཉིས་སློག་པ་ན་གླིང་འདི་ཀའི་བཀའ་སྲུང་གནོད་སྦྱིན་ར་མགོ་ཅན་[5]ཡིན་པར་བརྗོད་ཅིང་།ས་སྐྱ་བསོད་ནམས་རྒྱལ་མཚན་དང་དཔའ་བོ་གཙུག་ལག་ཕྲེང་བ་གཉིས་ཀྱིས་བཀའ་སྲུང་གནོད་སྦྱིན་རཱ་ཧུ་ལ་དང་《ལྡེའུ་ཆོས་འབྱུང་》དུ་གནོད་སྦྱིན་གླང་མགོ་ཅན་ཡིན་པར་གསུངས་པ་ནི་མ་དག་པར་སྙམ།དེང་སང་འོག་ཁང་གི་དབུས་སུ་ཇོ་བོ་མི་བསྐྱོད་རྡོ་རྗེ། གཡས་སུ་ཕ་དམ་པ་སངས་རྒྱས་དང་། སྤྱན་རས་གཟིགས། ཁྲོ་བོ་རྟ་མགྲིན། གཡོན་དུ་རྒྱལ་པོ་ཨིནྡྲ་བོ་དྷི་དང་། བྱམས་པ་མགོན་པོ། ཕྱག་ན་རྡོ་རྗེ་བཅས་དང་། སྟེང་ཁང་དུ་ལོ་ཆེན་བཻ་རོ་ཙ་ན། སྐ་བ་དཔལ་བརྩེགས་དང་། འཁོན་ཀླུའི་དབང་པོ། གཉགས་ཛྙ་ན་ཀུ་མ་ར། ལྡན་མ་རྩེ་མངས། ཞང་ཡེ་ཤེས་སྡེ། ཅོག་རོ་ཀླུའི་རྒྱལ་མཚན། རྨ་རིན་ཆེན་མཆོག ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། གཞན་མཚན་བྱང་མེད་པའི་བླ་སྐུ་བདུན་བཞུགས་པ་ཡང་ལོ་ཙཱ་བ་ཁག་ཅིག་གི་སྣང་བརྙན་ཡིན་པ་གོར་མ་ཆག ། 

སྒྲ་བསྒྱུར་གླིང་གི་འོག་ཁང་།

ཆོས་འབྱུང་དེབ་ཐེར་སོགས་སུ་ཇོ་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་དང་ཕོ་ཡོང་བཟའ་རྒྱལ་མོ་བཙུན། འབྲོ་བཟའ་བྱང་ཆུབ་སྨན་སོ་སོས་ཁམས་གསུམ་ཟངས་ཁང་གླིང་དང་། དབུ་ཚལ་གསེར་ཁང་གླིང་། དགེ་རྒྱས་བྱེ་མ་གླིང་བཞེངས་པ་དང་། བསམ་ཡས་ཀྱི་མཆོད་རྟེན་དཀར་པོ་ནི་ཤུད་བུ་དཔལ་གྱི་སེང་གེ་དང་། མཆོད་རྟེན་དམར་པོ་ནི་རྒྱལ་ཚ་ལྷས་གནང་། མཆོད་རྟེན་ནག་པོ་ནི་ཏ་ར་ཀླུ་གོང་། སྔོན་པོ་ནི་རྡོ་རྗེ་སྤྲེ་ཆུང་བཅས་ཀྱིས་བཞེངས་པར་གསུངས་པ་ལ་གཞིགས་ན་སྒྲ་བསྒྱུར་རྒྱ་གར་གླིང་ནི་ཁྲི་སྲོང་ལྡེ་བཙན་གྱི་ལྷ་སྲས་སམ། བཙུན་མོའམ། བློན་པོ་ཞིག་གིས་སྦྱིན་བདག་བྱས་ནས་བཞེངས་པ་ཨེ་ཡིན་སྙམ་ཡང་། 《ལྡེའུ་ཆོས་འབྱུང་》དུ་“ཁྲི་སྲོང་ལྡེ་བཙན་གྱིས་དབུ་རྩེ་རིགས་གསུམ། གླིང་ཕྲན་བཅུ་གཉིས། དེར་མ་གཏོགས་པ་དག་བྱེད་ཁྲུས་ཁང་གླིང་། ཚང་རྨང་ཀེ་རུ་གླིང་། ཀླུ་སྒྲུབ་མཐུ་རྩལ་གླིང་། གཡག་ཤ་སྟག་འོག་གླིང་དང་བཅུ་བདུན་བཞེངས་”[6]   ཞེས་གསལ་བས་གླིང་འདི་ཡང་རྒྱལ་པོས་སྦྱིན་བདག་གནང་ནས་བཞེངས་པ་ཡིན་འདུག ། 《པདྨ་བཀའ་ཐང་》ལ་གཞིགས་ན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་གཉིས་ཀྱི་སྐུ་རིང་ལ་འདི་གར་རྒྱ་གར་གྱི་མཁན་པོ་བོ་དྷི་ས་ཏྭ་དང་། དཱ་ན་ཤཱི་ལ། ཛི་ན་མི་ཏྲ།ཤཱི་ལེནྡྲ་བོ་དྷི། པྲ་ཝརྟ། དྷརྨཱ་ཤྲཱི་ལ། སུ་རེནྡྲ་བོ་དྷི།དྷརྨཱ་ཤྲཱི་དང་། ཤཱཀྱ་ཤྲཱི། ས་མནྟ་ཤྲཱི།ཤྲཱི་བ་ལེ་དྷར། སརྦ་ཛྙཱ་དེ་བ། པདྨ་ཀ་ར་བྷ་དྲ། ཛྙཱ་ན་གརྦྷ། ཤཱཀྱ་སིངྷ་པྲ་ཛྙཱ་ཝརྨ། བལ་པོའི་པཎ་ཆེན་ཤཱི་ལ་མཉྫུ། བལ་པོ་བ་སུ་དྷ་ར། ཁ་ཆེའི་པཎ་ཆེན་བི་མ་མི་ཏྲ།འབྲུ་ཤའི་བྲམ་ཟེ་ཆེན་པོ་ཨཱ་ནནྡ། རྒྱ་ནག་ཧྭ་ཤང་མ་ཧཱ་སཱུ་ཏྲ། རྒྱ་ནག་མཁས་པ་སཾ་ཤི་ལ། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་འམ་ཞང་ཡེ་ཤེས་སྡེ་[7]   དང་། སྐ་བ་དཔལ་བརྩེགས་རཀྵི་ཏ། ཅོག་རོ་ཀླུའི་རྒྱལ་མཚན། རྒྱལ་མོ་གཡུ་སྒྲ་སྙིང་པོ། དཀོན་མཆོག་འབྱུང་གནས། རཀྵི་ཏ། ཤཱཀྱ་པྲ་བྷ་བ། ལྷ་ལུང་དཔལ་རྡོར། མཻ་ཏྲི་བྷ་དྲ། ལོ་ཀཱི་ཆུང་། རྨ་བན་རིན་ཆེན་མཆོག ། སྦ་ལོ་ཁྲི་གཞེར། སྦ་ལོ་ཡེ་ཤེས་དབང་པོ། སྦ་རཏྣ། སྦ་མོ་ཡེ་ཤེས་འཇམ་དབྱངས། གཉགས་ཛྙ་ན་ཀུ་མཱ་ར། ཡོན་ཏན་སྙིང་པོ་ལེགས་སྦྱིན་ཉི་མ། ཀླུའི་དབང་ཆོས་ཀྱི་ལྷུན་པོ། བསྒྲགས་པ་སངས་རྒྱས་ཡེ་ཤེས་བཅས་བྱོན་ནས་མདོ་སྔགས་གཉིས་ཀྱི་གཙུག་ལག་བསྒྱུར་བར་གྲགས། དེ་ཡང་“《བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་》ཞེས་བྱ་བའི་བཀའ་འགྱུར་གྱི་ཆོས་ཚན་འདི་ཉིད་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་།ལོཙྪ་བ་དགེ་སློང་རིན་ཆེན་སྡེས་བསྒྱུར་ཅིང་།ཞུ་ཆེན་གྱི་ལོཙྪ་བ་དགེ་བློ་དང་ནམ་མཁའ་ལ་སོགས་པས་ཞུས་ཏེ་གཏན་ལ་ཕབ།དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་དགེ་རྒྱས་བྱེ་མ་གླིང་གི་རྩིག་ངོས་ལ་བྲིས་པ་དང་ཞུ་དག་ལེགས་པར་བགྱིས།”[8]ཞེས་དང་། བསྟན་འགྱུར་ལས་“རྒྱ་གར་གྱི་སློབ་དཔོན་ཆེན་པོ་བཱི་མ་ལ་མི་ཏྲས་མཛད་པའི་《འབྲས་བུའི་མཆོག་གི་རྒྱུད་ཀྱི་དོན་བསྡུས་འགྲེལ་པ་པཎྜིར་ཐར་ཞེས་བྱ་བ་》ཡི་འགྱུར་བྱང་དུ་རྩོམ་མཁན་པཎྜི་ཏ་དེ་ཉིད་དང་། ཞུས་ཆེན་གྱི་ལོཙྪ་བ་ཆེན་པོ་ཨ་ཙརྱ་རྨཱ་རིན་ཆེན་མཆོག་དང་སྙཊ་ཛྙཱ་ན་ཀུ་མཱ་རས་དཔལ་བསམ་ཡས་དབུ་རྩེའི་པར་(བར)ཁང་དུ་བསྒྱུར་ཅིང་གཏན་ལ་ཕབ།”[9]ཅེས་གསལ་བས་སྒྲ་བསྒྱུར་རྒྱ་གར་གླིང་གཅིག་པུར་སྔོན་གྱི་ལོ་པཎ་རྣམས་ཀྱིས་ཆོས་བསྒྱུར་བ་ཞིག་མིན་པར་སེམས།

ལོ་པཎ་རྣམས་ལ་གསེར་གྱི་མཎྜལ་འབུལ་བ།

ཉང་ཉི་མ་འོད་ཟེར་[10]    གྱིས་“ལོ་པཎ་རྣམས་ཨརྱ་པ་ལོའི་གླིང་དུ་སྤྱན་དྲངས། སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར། རྣམ་པར་སྣང་མཛད་གླིང་དུ་ཆོས་བཤད།”[11] ཅེས་གསུངས་པས་སྒྲ་བསྒྱུར་རྒྱ་གར་གླིང་ནི་ལོ་པཎ་རྣམས་ཀྱིས་གཙུག་ལག་བསྒྱུར་ས་གཙོ་བོ་ཡིན་ན། ཁོང་རྣམས་བཞུགས་ཡུལ་གང་ཡིན་ནམ་ཞེས་པའི་དྲི་བ་དང་བཅས་ལོ་རྒྱུས་ཡིག་ཚང་འགའ་བཀླགས་པ་ན་མཁན་པོ་ཞི་བ་འཚོའི་གཟིམས་མལ་ནི་ཚང་མང་ཀེ་རུ་གླིང་གི་སྟེང་ཁང་དང་། སློབ་དཔོན་པད་མ་འབྱུང་གནས་ཀྱི་གཟིམ་ཁང་ནི་ཡཀྵ་ལྟག་འོག །  ཚང་མང་ཀེ་རུའི་གླིང་གི་འོག་ཁང་ནི་པཎྜི་ཏ་ཡི་གཡོས་ཁང་། ལོ་པཎ་རྣམས་ཀྱིས་ཆོས་གསུང་དུས་བསམ་ཡས་ལྷོ་ངོས་སུ་སྨྱུག་མའི་གཟེར་ཁང་སྐུ་མཁར་སུམ་ཐོག་ཅན་ཞིག་བརྩིགས་ཡོད་པ་རྟོགས།《ཉང་ཆོས་འབྱུང་》ལས་སློབ་དཔོན་པད་འབྱུང་གདན་སེང་གེའི་ཁྲི་གསུམ་བརྩེགས་དང་སློབ་དཔོན་བི་མ་ལ་མི་ཏྲ་གདན་སེང་གེ་ཁྲི་གཉིས་བརྩེགས་ལ་བཞུགས་ལ་“པཎ་ཌི་ཏ་གཞན་རྣམས་ནི་གདན་སེང་གེ་ཁྲི་རེ་རེ་ལ་བཞུགས་སོ། ལོ་ཙཱ་བ་རྣམས་ནི་ཁྲི་གབ་རྩེ་ལ་བཞུགས་སོ། རྒྱལ་པོས་གསེར་གྱི་མཎ་ཌལ་རེ་ཕུལ་ནས། རྒྱ་ནག་གི་ཇ། བལ་པོའི་གོ་ལ། བོད་ཀྱི་འབྲུ་ཆང་། རྒྱ་གར་གྱི་འབྲས་ཆང་། ཕྱག་འཚལ་སྐོར་བ་བྱས་ནས་ཞུས་པ་”[12]  དང་། དེ་ཉིད་དུ་“སྒྲ་སྒྱུར་གྱི་ལོ་ཙཱ་བ་དེ་ལ་གསོལ་ཐང་ནི། བློན་པོ་ཆེན་པོ་ཀུན་དང་མཉམ་མོ། བློན་པོ་ཆེན་པོའི་ཟ་ཐང་ནི། རྒྱལ་པོས་གསོལ་བའི་གསུམ་ཆ་གཅིག་ཡིན་ནོ། རྒྱལ་པོ་ཆེན་པོའི་གསོལ་ཐང་ནི། སྐུ་སྲུང་བརྒྱ་བརྒྱའི་ཆས་དང་བཅས་པ་ན་མ་རེ་རེ་ལ་ཡོད་དོ།”[13]  ཞེས་ཀྱང་གསལ་བས་སྐབས་དེར་ལོ་པཎ་རྣམས་དང་ཆོས་བསྒྱུར་བའི་ལས་ལ་བཙན་པོའི་གཞུང་གིས་མཐོང་ཆེན་པོ་གནང་བ་ང་ཚོས་དཔགས་ཐུབ། གཞན་ཡང་《བཀའ་ཐང་སྡེ་ལྔ་》ལས་“དེ་ནས་བསམ་ཡས་སྒྲ་བསྒྱུར་གླིང་ཉིད་དུ༔ མུ་སྟེགས་ཀྱིས་ནི་ཀཱ་མ་ཤཱི་ལ་བཀྲོངས་”[14]  ཞེས་དང་། 《ཉང་ཆོས་འབྱུང་》དུ་“ནུབ་མོ་སྒྲ་སྒྱུར་གྱི་ཁང་པར་ཀ་མ་ལ་ཤྲཱི་ལ་མུ་སྟེགས་ཀྱིས་གཤེད་མ་བཏང་བས་གཟིམ་མལ་དུ་མཁལ་མ་མཉེས་ནས་བཀྲོངས་ཀྱང་ཟེར་ཏེ། དེ་ནི་གཡོག་པོ་གསེར་གཉེར་བ་རྒྱ་གར་དྷ་ན་ཤྲཱི་བྱ་བས་བསད་པ་ཡིན་”[15]  ཞེས་གསལ་བས་རིམ་ཅར་གྱི་རིང་ལུགས་པ་མཁན་པོ་ཁོང་ལྟ་གྲུབ་ཀྱི་འགལ་བ་དང་སྲིད་ཀྱི་རྙོག་དྲའི་དབང་གིས་གནས་འདི་ནས་ཚེ་ཡི་འཕེན་པ་རྫོགས་པ་ཨེ་ཡིན། གླིང་དེ་ཉིད་དུ་མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་རིང་ལ་ཀ་ལྕོག་ཞང་གསུམ་གྱིས་“པཎྜི་ཏ་ཛི་ན་མི་ཏྲ་དང་། ཤྲི་ན་ལེན་ཏྲ་བོ་དྷི་དང་། དཱ་ན་ཤི་ལ་གསུམ་སྤྱན་དྲངས་ཏེ་སྒྲ་བསྒྱུར། རྒྱ་གར་གླིང་དུ་རྐྱེན་བླ་ནས་སྦྱར་ནས། མེས་ཀྱི་ལྷ་ཁང་(བསམ་ཡས)ན་བཞུགས་པ་དང་། བོད་ཀྱི་ཡུལ་ན་ཡོད་པའི་གསུངས་རབ་ཀྱི་དཔེ་མ་ལུས་པ་སྤྱན་དྲངས་ཏེ། སྒྲ་བསྒྱུར་ཏེ་སྒྲ་ཐམས་ཅད་རྒྱ་དཀར་པོའི་འགྱུར་དུ་བཅོས། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས་ཆོས་ལུགས་བཟང་པོར་མཛད།”[16]  ཅེས་གསལ་བ་གཞིགས་ན་བོད་ཀྱི་ལོ་རྒྱུས་སུ་སྐད་གྲགས་ཆེ་བའི་བཀས་བཅད་ཐེངས་གསུམ་ལས་ཁྲི་རལ་པ་ཅན་གྱི་སྐུ་རིང་ལ་མཛད་པའི་སྐད་གསར་བཅད་ནི་གླིང་འདི་ཉིད་ནས་མཛད་པ་ཞིག་མ་ཡིན་ནམ། སྒོས་སུ་བསྟན་པ་སྔ་དར་སྐབས་བསྒྱུར་བའི་ཆོས་ཚན་རྣམས་ཀྱི་འགྱུར་བྱང་མང་ཆེ་བར་ཀ་ལྕོག་ཞང་གསུམ་གྱི་མཚན་མང་དུ་འབྱུང་བ་ཡང་རྒྱལ་པོ་འདིས་བལ་པོའི་སྐད་དང་རྒྱ་ནག་གི་སྐད། ཨོ་རྒྱན་གྱི་སྐད་སོགས་བསྒྱུར་བའི་ཆོས་དཔེ་ཀུན་བསྐྱར་དུ་རྒྱ་གར་གྱི་སྐད་ཡིག་དང་བསྟུན་ནས་བསྒྱུར་དགོས་པར་བཀའ་བསྩལ་བ་ན་ལོ་པཎ་ཁོང་རྣམས་ཀྱིས་འགྱུར་ཞུས་གནང་བ་ཞིག་ཡིན་པར་སྙམ་མོ། །  ཁྲི་དར་མ་འུ་དུམ་བཙན་གྱིས་བསྟན་པ་ནུབ་དུས་ལོ་པཎ་རྣམས་ཀྱིས་ཆོས་བསྒྱུར་བའི་འཕྲོ་ལུས། སྒྱུར་གྲྭ་ཞིག་པས་སྒྲ་བསྒྱུར་རྒྱ་གར་གླིང་གི་གཟི་བྱིན་ཡང་རིམ་བཞིན་ཉམས་པ་དང་། བསྟན་པ་ཕྱི་དར་སྐབས་ལ་སྔོན་བཞིན་གླིང་འདི་ཉིད་དུ་ལོ་པཎ་གཉིས་ཀ་འཛོམས་ནས་གཙུག་ལག་བསྒྱུར་བ་ཞིག་ད་ཕན་མཐོང་བའི་ཡིག་ཚང་ཁག་ཏུ་མི་གསལ། བཙན་པོའི་དུས་ཀྱི་སྒྲ་བསྒྱུར་ལོ་རྒྱུས་སུ་སྒྲ་བསྒྱུར་རྒྱ་གར་གླིང་ནི་ངེས་པར་གླེང་འོས་པའི་རྡོ་རིང་ཞིག་རེད། ཕྱི་ནང་གི་རྒྱུ་རྐྱེན་དུ་མས་ཆོས་ཁྲིམས་དར་གྱི་ཡོལ་བ་ནི་རལ། རྗེའི་ནན་ཐག་ནི་ཆད། ཁྲིམས་ཀྱི་བོངས་རི་ཉིལ། གཙིགས་ཀྱི་རྡོ་རིངས་ནི་འགྱེལ། ཕྱི་ཡི་འོལ་ཀ་ཤོར། ནང་གི་སྲིད་འཁྲུགས་པས་ཆོལ་གསུམ་བོད་མི་ཐུན་མོང་གིས་དབྱངས་གསལ་སོ་བཞི་སྤྱོད་ཀྱང་བྱ་དངོས་གསར་པ་གཅིག་ལ་ཡུལ་ལུང་བྱེ་བྲག་གི་མིང་བརྡ་ཐ་དད་པ་སྣ་ཚོགས་འདོགས་སྲོལ་སྒོ་ཀུན་ནས་དར་བའི་དུས་དེང་སང་བསམ་ཡས་སྒྲ་བསྒྱུར་རྒྱ་གར་གླིང་ནས་མཆེད་པའི་ལོ་པཎ་རྣམས་ཀྱི་སྙིང་སྟོབས་དང་རྣམ་དཔྱོད་ལ་ང་ཚོས་རྟག་པར་གླེང་བར་བྱ། གུས་པར་བྱ། དེ་བཞིན་ལོ་ཙཱའི་ལག་ལེན་ཁྲོད་ཀྱང་ཉམས་སུ་ལེན་པར་བྱ་རྒྱུ་ནི་རྒྱ་དཔེ་ལས་བོད་སྐད་བཀླག་ནུས་ཤིང་བོད་དཔེ་ལས་རྒྱ་སྐད་བཀླག་ནུས་པའི་སྔོན་བྱོན་སྐད་གཉིས་སྨྲ་བ་རྣམས་རྗེས་སུ་དྲན་སྟངས་ལེགས་ཤོས་ཤིག་མ་ཡིན་ནམ། 

སྒྲ་བསྒྱུར་རྒྱ་གར་གླིང་།

ཞྭ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ་བསམ་ཡས་སུ་ཕེབས་ནས་དབུ་རྩེ་རིགས་གསུམ་གྱི་བཀོད་པ་དང་། བརྡ་སྦྱོར་ཚངས་པ་གླིང་དང་། སྒྲ་བསྒྱུར་རྒྱ་གར་གླིང་ལ་སོགས་སྤྱན་ལམ་དུ་བབས་པ་ན། རང་རེས་སྔར་མ་བསྒྱུར་བའི་བསྟན་བཅོས་མང་པོ་ཞིག་བསྒྱུར་བ་དང་། སྔར་བསྒྱུར་ཟིན་པ་རྣམས་ལའང་བརྡ་གསར་རྙིང་དང་སྐབས་སྟོབས་ཀྱིས་འགྱུར་མི་བདེ་བའི་ཆ་རྣམས་བསལ་ཏེ།འགྱུར་བཅོས་བྱེད་པ་སོགས་ཅི་ནས་ཀྱང་བསྟན་པ་རིན་པོ་ཆེའི་གསལ་བྱེད་དུ་འགྱུར་བ་ཞིག་བྱ་དགོས་ཞེས་དམ་བཅས་པར་གྲགས་ལ། གནས་མཇལ་བ་ཁོ་བོ་ཆ་འཕྲིན་ལོ་ཙཱའི་འགྱུར་ཡོན་ཞིག་གིས་འབྲལ་སྤངས་དགའ་མ་དང་འགྲོགས་ནས་བསམ་ཡས་གཙུག་ལག་ཁང་དང་རྡོ་རིང་པདྨ་ཅན་གྱི་བཀའ་གཙུགས་ཡི་གེ།སྒྲ་བསྒྱུར་རྒྱ་གར་གླིང་སོགས་ལ་མཇལ་བའི་རེག་ཟིག་ལ་སྔོན་གྱི་བྱུང་བ་དང་བསྟུན་ནས་འབྲི་སྐབས་“སྐད་གསར་གྱི་མིང་སྔོན་མ་ཐོགས་པ་དང་། གཏན་ལ་མ་ཕབ་པ་ལ། མཁས་པ་རྣམས་འཚོགས་ཏེ་མིང་དུ་བཏགས་ཤིང་གཏན་ལ་ཕབ་སྟེ། ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་(773-815)གྱིས་བསྐུལ་ནས་བཀས་བཅད་དེ་མི་བཅོས་པར་བཞག་”[17]   ཅེས་པའི་བཀའ་གཙིགས་དེ་ཡང་ཡང་དྲན། 

                                              སྤྱི་ལོ་2019ལོའི་སྤྱི་ཟླ་4པའི་ཚེས་9ནས་10བར་བྲིས།

                                              སྤྱི་ལོ་2020ལོའི་སྤྱི་ཟླ་3པའི་ཚེས་28ཉིན་བཅོས།  


[1]   《ཆོས་འབྱུང་མཁས་པའི་དགའ་སྟོན།》 དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། 2012ལོའི་ཟླ་3པར་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་གཉིས་པ་དཔར། ཤོག་གྲངས་100ན་གསལ།

[2]     《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས།》 དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། 1983ལོའི་ཟླ་6པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་དཔར། ཤོག་གྲངས་166ན་གསལ།

[3]   《པད་མ་བཀའ་ཐང་།》 གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན།  1997ལོའི་ཟླ་5པར་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་གསུམ་པ་དཔར། ཤོག་གྲངས་120ན་གསལ།

[4]  《བཀའ་ཐང་སྡེ་ལྔ་ཞེས་བྱ་བ་བཞུགས་སོ། །》ཨུ་རྒྱན་གླིང་པས་གཏེར་ནས་བཏོན། 2015ལོའི་ཟླ་3པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་ཐེངས་གསུམ་པ་དཔར། ཤོག་གྲངས་312ནས་313བར་གསལ།

[5]  《རྦ་བཞེད་ཕྱོགས་བསྒྲིགས་》སུ་གནོད་སྦྱིན་ར་ཐོད་དམ་ར་ཏོ་དང་《ཉང་ཆོས་འབྱུང་》དུ་གནོད་སྦྱིན་ར་གདོང་ཅན་ཞེས་ཀྱང་བྲིས་འདུག །

[6]  《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།》མཁས་པ་ལྡེའུ་ཡིས་བརྩམས། 2012ལོའི་ཟླ་12པར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་ཐེངས་གཉིས་པ་དཔར། ཤོག་གྲངས་281ན་གསལ།

[7]  《པདྨ་བཀའ་ཐང་》ལས་“བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར༔ མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས༔ སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས༔ བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིས༔ རྩིས་བསྒྱུར་ནང་དུ་ཨིནྡྲ་བཻ་རོ་བྲིས༔ སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག༔”ཞེས་བརྗོད་པ་ལ་གཞིགས་བཻ་རོ་ཙཱ་ན་དང་ཡེ་ཤེས་སྡེ་གཉིས་ལོ་ཙཱ་བ་གཅིག་ཡིན་པར་སྙམ་མོད། ལོ་ཙཱ་བ་རབ་དགུ་རུ་སོ་སོར་བྲིས་ཡོད་པ་ཀུན་ལ་རྒྱུས་ཡོད་པ་དང་སྒོས་སུ་དེང་སང་སྒྲ་བསྒྱུར་རྒྱ་གར་གླིང་གི་སྟེང་ཁང་དུ་ཁོང་རྣམ་གཉིས་ཀྱི་ལྡེར་སྐུ་སོ་སོ་བཞེངས་འདུག་གཅིག་མིན་པར་སྙམ་པས་བརྟག །

[8]   《བཀའ་འགྱུར་དཔེ་བསྡུར་མའི་དཀར་ཆག །》  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་རྩོམ་སྒྲིག་བྱས།  2008ལོའི་ཟླ་9པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་དཔར། ཤོག་གྲངས་228ན་གསལ།

[9] 《བསྟན་འགྱུར་དཔེ་བསྡུར་མའི་དཀར་ཆག །》  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་རྩོམ་སྒྲིག་བྱས།  2007ལོའི་ཟླ་12པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་དཔར། སྨད་ཆའི་ཤོག་གྲངས་62ན་གསལ།

[10]   ཁོང་གི་འཁྲུངས་འདས་ལོ་ཚིགས་ཐད་ལ་རིགས་གཉིས་མཆིས་ཏེ། 1124ནས་1192དང་། 1136ནས་1204རེད། སྨོན་ལམ་ཚིག་མཛོད་དུ་སྔ་མ་དང་དུང་དཀར་ཚིག་མཛོད་དུ་ཕྱི་མ་ལྟར་བྲིས་འདུག ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་《གཏེར་སྟོན་བརྒྱ་རྩའི་རྣམ་ཐར་》དུ་ཉང་ཉི་མ་འོད་ཟེར་རབ་བྱུང་གསུམ་པ་ཤིང་བྱི་སྤྱི་ལོ་1204ལོར་སྐུ་གཤེགས་ཤིང་གདུང་ཞུགས་ལ་ཆག་ལོ་ཙཱ་བ་དགྲ་བཅོམ་དང་དགོངས་རྫོགས་ཀྱི་དངོས་གཞི་ལ་པཎ་ཆེན་ཤཱཀྱ་ཤྲཱི་གདན་དྲངས་པར་གསུངས། གལ་ཏེ་ཁོང་ཉིད་སྤྱི་ལོ་1192ལོར་གཤེགས་པ་ཡིན་ན་ཁ་ཆེ་པཎ་ཆེན་ད་དུང་བོད་ཡུལ་དུ་ཕེབས་མེད་པས་གཏེར་སྟོན་པ་ཉང་གི་འཁྲུངས་འདས་ལོ་ཚིགས་དངོས་ནི་མཁས་དབང་དུང་དཀར་ཚང་གི་བཞེད་པ་ལྟར་ཡིན་དགོས།

[11]   《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།》ཉང་ཉི་མ་འོད་ཟེར་གྱིས་བརྩམས། 2012ལོའི་ཟླ་6པར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་ཐེངས་གཉིས་པ་དཔར། ཤོག་གྲངས་308ན་གསལ།

[12]   མཆན་བཅུ་གཅིག་པའི་ཤོག་གྲངས་308ན་གསལ།

[13]   མཆན་བཅུ་གཅིག་པའི་ཤོག་གྲངས་364ན་གསལ།

[14] མཆན་བཞི་པའི་ཤོག་གྲངས་233ན་གསལ། 

[15]  མཆན་བཅུ་གཅིག་པའི་ཤོག་གྲངས་378ན་གསལ། 

[16]  《རྦ་བཞེད་ཕྱོགས་བསྒྲིགས།》བདེ་སྐྱིད་ཀྱིས་བསྒྲིགས། 2013ལོའི་ཟླ་3པར་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་གསུམ་པ་དཔར། ཤོག་གྲངས་63ན་གསལ།

[17]  《དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་གཉིས།》བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གིས་བསྒྲིགས།  2003ལོའི་ཟླ་12པར་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་དང་པོ་དཔར། ཤོག་གྲངས་205ན་གསལ།