རྩོམ་པ་པོ། ཞིས་མོ་རོང་། 

ཡུན་རིང་ཞིག་ལ་ཨ་ཁུ་བསྟན་འཛིན་གྱི་མི་ཚེའི་གཏམ་རྒྱུད་ཅིག་བྲི་བསམ་མོད། ཧ་ཅང་རྙོག་འཛིང་ཆེ་དྲགས་པས་གང་ཞིག་ནས་འགོ་བརྩམ་དགོས་པའང་ཤེས་དཀའ། ལོ་འདི་དག་གི་རིང་ལ་རྟག་པར་སྒྲོན་བརྙན་པར་ཤེལ་བཟུང་ནས་ཐེ་ཝན་གྱི་ཉན་མཁན་རྣམས་ལ་ངས་ཤེས་ཚོད་ཀྱིས་སོག་པོ་མཐོ་སྒང་ངོ་སྤྲོད་བྱེད་པའི་དུས་སུའང་སེམས་ལ་འདི་འདྲའི་དྲན་ཚུལ་ཞིག་ཡོད་མྱོང་། མཚམས་ལན་རེར་སྒྲོན་བརྙན་པར་ཤེལ་མུན་ནག་གི་ཁྲོད་དུ་འགུལ་མེད་དུ་གྱུར་ཀྱང་། ངས་མུ་མཐུད་དུ་མཚམས་མ་བཞག་པར་བཤད་པ་ཡིན། དེ་ནི་ཡུན་རིང་གི་དུས་ཚོད་དང་མཐའ་ཡས་པའི་བར་སྟོང་གི་ཁྲོད་ནས་དྲག་ཏུ་འཕྱུར་འོངས་བའི་སྣེ་མང་རྙོག་འཛིང་གི་གཏམ་རྒྱུད་མང་པོ་ཞིག་གིས་སྐར་མ་འགའི་རིང་ལ་གསལ་བསྒྲག་དང་གནས་ཚུལ་ཅི་བཞིན་དུ་བརྗོད་པར་རྩོད་པ་བྱས་པ་དང་གཉིས་སུ་མ་མཆིས་སོ།།

ངས་བསམ་ན་དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཐེ་ཝན་གྱི་སློབ་གསོའི་ཁྲོད་དུ་ཤར་ཕྱོགས་ཀྱི་མི་རིགས་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཡིག་ཆ་ཉུང་ཙམ་ཞིག་ཡོད་པ་ལས་གཞན་དག་ཡོད་ཚད་སྟོང་བ་ཡིན་པས་ངས་ངོ་སྤྲོད་བྱེད་པའི་སྐབས་སུའང་དཀའ་ཁག་ཧ་ཅང་ཆེན་པོ་བྱུང་།

སྤྱིར་བཏང་གཙོ་གནད་ཆེ་བའི་སྐོར་ཁོ་ན་བཤད་ནས་ངོ་མཚར་བ་དག་འབུར་དུ་དོད་བསམ་མོད། འོན་ཀྱང་ཉན་མཁན་རྣམས་ཀྱིས་རྒྱབ་ལྗོངས་ཀྱི་གནས་ཚུལ་ཅི་ཡང་མི་ཤེས་པའི་སྐབས་སུ།  གཙོ་གནད་དེའི་རྗེས་ཀྱི་དངོས་ཤུགས་གང་རུང་གི་རྒྱུ་རྐྱེན་མང་པོ་ཞིག་ཤེས་ཐབས་ག་ལ་ཡོད། དེ་བཞིན་དུ་ཨ་ཁུ་བསྟན་འཛིན་མི་ཚེ་བྲི་ནའང་དེ་ལས་མ་འདས་སོ།།

ཐོག་མར་༡༩༦༦ལོ་ནས་འགོ་བརྩམས་ཏེ་བྲི་ཆོག་སྟེ། ལོ་དེར་ང་རང་ཐེངས་དང་པོར་ཁོ་དང་མཇལ་བ་ཡིན། འོན་ཀྱང་། གལ་ཏེ་ཞིབ་ཕྲས་ངང་ནས་བརྗོད་དགོས་ན།  དེ་ཡང་ཐོག་མར་ངེས་པར་དུ་༡༩༣༠ལོ་ནས་འགོ་བརྩམས་ཏེ་བྲི་དགོས། དེ་བས་དུམ་ཚན་གཉིས་ལ་བགོ་དགོས་ཏེ། ཐོག་མར་༡༩༦༦ལོ་ནས་གླེང་བར་བྱའོ།།

ལོ་དེའི་དབྱར་ཁ་ཞིག་ལ་ང་རང་ཨ་ཕ་དང་མཉམ་དུ་ཨ་ཁུ་བསྟན་འཛིན་ཚང་ལ་སོང་། ཁོང་ལ་གཟའ་ཟླ་དང་བུ་ཕྲུག་ཡོད་ལ་བསྟན་འཛིན་ཞེས་པ་ནི་སོག་སྐད་ཀྱི་མིང་རྒྱ་སྐད་ལ་སྒྲ་བསྒྱུར་བྱས་པ་ཙམ་ལས་ཁོ་རང་གྲྭ་བ་ཞིག་མ་རེད། འོན་ཀྱང་ཁོང་ནི་ད་ལྟ་ཡང་ཧ་ཅང་སྙིང་ཉེ་བའི་མི་ཞིག་ཡིན་པའི་ཚོར་སྣང་འདུག

ཁོང་ནི་ཨ་ཕའི་གྲོགས་པོ་རེད་ལ་ཨ་ཕ་དང་བསྡུར་ན་ལོ་ན་གཞོན་པས་ངས་ཁོང་གི་མིང་ལ་དེ་ལྟར་བོས་པ་ཡིན། དེ་དུས་ཨ་ཕས་མོ་ནེ་ཧེ་སློབ་ཆེན་ནས་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་པ་དང་ངས་པོའུ་ལོས་སི་ཨར་ནས་སློབ་གྲྭ་འགྲིམ་བཞིན་ཡོད། ཨ་ཆེ་དང་ནུ་མོ་ཚང་མ་ཡོ་རོབ་ན་ཡོད། དེ་བས་ངལ་གསོའི་གུང་གསེང་ལ་སླེབས་མ་ཐག་ཏུ་ང་ཚོ་མེ་འཁོར་ལ་བསྡད་དེ་ལྷོ་ཤར་ནས་ཕན་ཚུན་ལ་འཚམ་འདྲི་རུ་འགྲོ་ངེས།  མོ་ནེ་ཧེ་ལ་འགྲོ་བའི་སྐབས་སུ་མཚམས་རེར་ཨ་ཕས་ང་ཚོ་ཁྲིད་དེ་གྲོང་ཁྱེར་འདབས་ཀྱི་སོག་པོའི་ཁྱིམ་ཚང་དག་ཏུ་མགྲོན་ལ་འགྲོ་ཞིང་། དེ་དུས་ཨ་ཁུ་བསྟན་འཛིན་ལ་ཆ་རྒྱུས་ཆེན་པོ་མེད་མོད། དྲན་འཛིན་དུ་གསལ་བ་ནི་གྲོང་ཁྱེར་གྱི་འདབས་ན་རིན་གོང་སླ་བའི་རྒྱལ་དམངས་སྡོད་ཁང་དུ་གཞིས་ཆགས་པའི་སོག་པོའི་དུད་ཁྱིམ་དེ་དག་རེད། ཁོང་ཚོས་མགྲོན་པོ་ལ་སྣེ་ལེན་བཟང་བོ་བྱེད་ལ་ཕྲད་ཐེངས་རེ་ལ་སྤྲོ་སེམས་འཁོར་བའི་ངང་ནས་བསུ་མ་བྱེད། ཆང་དང་ལུག་ཤ་བརྔོས་མའི་གསོལ་སྟོན་བཤམས་ཤིང་ང་ལའང་ཆང་བཏུང་བར་སྐུལ་མ་བྱེད་ལ། གླུ་དང་བྲོ་གར་འཁྲབ་ཞོར་ཧ་ཅང་སྤྲོ་སྐྱིད་ལྡན་པའི་མཚན་མོ་གཅིག་རོལ།

ཁྱིམ་ཚང་གཅིག་ལ་མགྲོན་དུ་སོང་རྗེས་ངེས་པར་དུ་གཞན་ཚང་ལའང་འགྲོ་དགོས། དེ་མིན་ཁྱིམ་ཚང་གཉིས་གསུམ་རེ་ལྷན་དུ་འཛོམས་ནས་གསོལ་སྟོན་བཤམས་པ་དང་། བྱིས་པ་དག་ཀྱང་རང་རང་གི་ཕ་མ་ཚོ་དང་འགྲོགས་ནས་འོངས་ཤིང་། རྒན་དར་གཞོན་གསུམ་གྱི་མི་མང་པོ་ཞིག་གིས་ཁང་བའི་ནང་དུ་འཚང་ཁ་ཤིག་ཤིག་བྱེད། དེ་འདྲའི་སྤྲོ་སེམས་དང་དགོད་སྒྲས་ང་ལ་བརྗེད་ཐབས་བྲལ་བའི་བག་ཆགས་ཤིག་བཞག་སོང་།

སྐབས་དེར་ཁོང་ཚོའི་ཁ་བརྡ་ལ་ཉན་དུས། ཚང་མ་རིགས་རྒྱུད་གཅིག་པའི་སོག་པོ་ཡིན་མོད། ཡིན་ཡང་ཨ་ཕ་དང་ཨ་ཁུ་དེ་ཚོས་རྒྱུན་པར་དབྱིན་སྐད་དང་སྦྲགས་ནས་གླེང་མོལ་བྱས་ཚེ་ད་གཟོད་ཕན་ཚུན་ལ་གོ་བརྡ་འཕྲོད་ཐུབ། ཐེངས་ཤིག་ལ་ཕྱིར་ཁྱིམ་དུ་ལོག་པའི་ལམ་བར་ནས་ངས་ཨ་ཕ་ལ་དེའི་རྒྱུ་མཚན་དྲིས་པ་ན། “ ཁོང་ཚོ་ནི་ཆེས་སྔ་མའི་དུས་སུ་ཞིན་ཅང་ནས་སོང་བའི་ཁཱ་ཨར་མེ་ཁིའི་སོག་པོ་ཡིན་པས། ཆ་ཧར་སོག་པོའི་སྐད་ལུགས་དང་ཁྱད་པར་ཆེན་པོ་འདུག་ཅིང་། ལྷག་པར་ཨ་ཁུ་བསྟན་འཛིན་ཁོང་ཚོ་ཆུང་དུས་སུ་ཨུ་རུ་སུ་ནས་འཚར་ལོངས་བྱུང་སྟབས། མིང་བརྡ་ལ་ལ་ཞིག་ཤིན་ཏུ་གོ་དཀའ་བས་དབྱིན་སྐད་ཀྱི་རམ་འདེགས་ལ་མི་བརྟེན་ཐབས་མེད་རེད།”ཟེར།  

ཉིན་དེར་ངས་ཐེངས་དང་པོར་ཁཱ་ཨར་མེ་ཁུ་ཞེས་པའི་མིང་དེ་ཐོས་པ་ཡིན། ཨ་ཕས་བཤད་ན་“མིང་འདིའི་གོ་དོན་ནི་ཤུལ་དུ་ལུས་པའི་དོན་རེད་ལ། ཡང་འགའ་རེས་“ཤུལ་ལུས་པ”་ཞེས་བསྒྱུར་བའང་ཡོད། ཁཱ་ཨར་མེ་ཁུའི་སོག་པོ་རྣམས་རང་གི་ཕ་ཡུལ་དང་ཁ་བྲལ་བའི་ཡུལ་གྱར་བ་ཞིག་ཡིན་ན་ཡང་།  སོག་པོའི་གནའ་བོའི་གོམས་གཤིས་དག་ཅུང་ཙམ་ཡང་འགྱུར་མེད་པ་འདི་དངོས་གནས་ལས་སླ་མོ་མ་རེད་ཨང་”ཟེར།

སོག་པོ་མཐོ་སྒང་གི་སོག་པོ་བ་དག་ཧ་ལམ་ཚོ་ཁག་གཙོ་བོ་འགའ་རུ་བཀར་ཆོག་སྟེ། ཡུལ་དབུས་སུ་བྱེ་ཐང་གི་ལྷོ་བྱང་དུ་ཆགས་པའི་ཁ་ཨར་ཁ་སོག་པོ་ཡོད་ཅིང་། དེ་ནི་ང་ཚོས་རྒྱུན་པར་གོ་ཐོས་སུ་གྱུར་བའི་ནང་སོག་དང་ཕྱི་སོག་ཟེར་བ་དེ་རེད། ཤར་ཕྱོགས་སུ་ནིན་ཅང་གཙང་ངོགས་ན་ཏ་ཧོས་ཨར་སོག་པོ་དང་བྱང་ངོས་ཀྱི་ཞིས་པོ་ལིས་ཡ་ས་ཁུལ་གྱི་པེ་ཅ་མཚོ་མགྲམ་ན་པོས་ལི་ཡ་ཐི་སོག་པོ་ཡོད།  ནུབ་ཕྱོགས་དང་ཐེན་ཧྲན་རི་རྒྱུད་ལྟེ་བ་བྱས་པའི་ས་ཁུལ་དུ་བེ་ལ་ཐི་སོག་པོ་ཡོད།

བེ་ལ་ཐི་སོག་པོ་མི་རབས་རིམ་བརྒྱུད་ཀྱིས་ཞིན་ཅང་གི་བྱང་ཁུལ་དུ་གཞིས་སྡོད་བྱས་ཤིང་ཐེན་ཧྲན་རི་བོའི་བྱང་ལམ་གྱི་ཅིན་གུར་གཤོང་སའི་ཉེ་འདབས་ནས་ཧོས་ལི་མོའུ་ཆི་དང་ཨ་ཨར་ཐེ་རི་བོའི་གཉིས་ཀྱི་བར་དུ་གཏུགས་ཡོད་ལ། ཐོས་ཨར་ཧོས་ཐི་དང་ཅིན་གུར་བ། ཧི་སྲོ་ཐི། ཏོ་ཨར་པོ་ཐི་སོགས་ཚོ་ཁག་བཞི་རུ་བཀར་ཡོད། དུས་རབས་བཅུ་དྲུག་པའི་དུས་མཇུག་ཏུ་ཅིན་གར་བའི་སྟོབས་ཤུགས་ཤིན་ཏུ་རྒྱས་པས། འཇིགས་སྣང་ཐེབས་པའི་ཉམ་ཆུང་གི་ཚོ་ཁག་གཞན་པ་དག་ཡུལ་གཞན་དུ་གནས་སྤོར་མི་བྱེད་ག་མེད་བྱུང་།

ཧི་སྲོ་ཐི་རྣམས་གུར་ཀི་ཧན་དང་འགྲོགས་ནས་མཚོ་སྔོན་དུ་སོང་ཞིང་། དེ་ཚོ་ནི་ད་སྐབས་ཀྱི་མཚོ་སྔོན་གྱི་སོག་པོའི་འབྱུང་ཁུངས་ཡིན།  ཐོས་ཨར་ཧོས་ཐི་བ་རྣམས་ཀྱིས་༡༥༧༤ལོར་ནུབ་ཁུལ་ནས་ཡེ་ཤ་ཡའི་དབུས་རྒྱུད་ཀྱི་རྩྭ་ཐང་དུ་གནས་སྤར་བའི་འཆར་གཞི་འཐེན་འགོ་བརྩམས།  སྐབས་དེར་ཡེ་ཤ་ཡའི་དབུས་རྒྱུད་ཀྱི་རྩྭ་ཐང་དུ་ཆབ་སྲིད་དང་དམག་དོན་གྱི་ཐེ་གཏོགས་བྱེད་མཁན་ཅི་ཡང་མེད་ལ། རི་སྡེ་ཉུང་ཞིང་རྩྭ་ཆུ་འཛོམས་ལ་མུ་མཐའ་དང་བྲལ།  སྔོན་དུ་སོང་ནས་ལམ་ལ་རྒྱུས་ལོན་བྱེད་མཁན་རྣམས་ཧྥོས་ཨར་ཅ་གཙང་བོའི་འགྲམ་རྒྱུད་བར་དུ་བསྐྱོད་ཅིང་། གནས་ཚུལ་ཡར་ཞུ་བྱས་རྗེས་༡༦༣༠ལོར་ཐུའུ་ཨར་ཧོས་ཐི་བ་རྣམས་ཧི་ཨི་ཨར་ལི་ཁིའི་སྣེ་ཁྲིད་འོག་ཏུ་གཞི་རྒྱ་ཆེ་བའི་གནས་སྤོར་བྱས།

རིམ་བཞིན་ལོ་དུ་མ་ཞིག་གི་རིང་ལ་རྒྱང་རིང་བའི་ལ་ལུང་མང་པོ་བརྒལ་རྗེས་གཞི་ནས་ལཱིས་ཧེ་རྒྱ་མཚོའི་བྱང་འགྲམ་གྱི་ཨ་སི་ཐ་ལ་ཧན་ས་ཁུལ་དུ་གཞིས་ཆགས་ཤིང་། སུན་སྣང་དང་འཇིགས་སྐུལ་བྲལ་བའི་གནས་དེ་ན་ཧན་གྱི་རྒྱལ་ཁབ་བཙུགས་ནས་ལོ་ངོ་བརྒྱ་ལྷག་གི་རིང་ལ་བདེ་སྐྱིད་ཀྱི་འཚོ་བའི་དཔལ་ལ་རོལ།  འོན་ཀྱང་དུས་རབས་བཅོ་བརྒྱད་པ་ནས་བཟུང་ཨུ་རུ་སུའི་སྟོབས་འབྱོར་རྗེས་ཏེ་བཙན་རྒྱལ་དུ་ཆགས་པས། ལྷོ་ཕྱོགས་ཀྱི་ཕྱུགས་འཚོའི་མི་རིགས་དག་གི་མངའ་ཁོངས་ལ་རིམ་གྱིས་འོས་མིན་གྱི་ཇུས་གཏོགས་དང་བཙན་འཛུལ་གྱི་འདོད་ཧམ་བསྐྱེད།  བཙན་གནོན་གྱི་དབང་བསྒྱུར་དང་ཆོས་ལུགས་ཀྱི་མནར་གཅོད་འོག་ནས་ཐུའུ་ཨར་ཧོས་ཐི་བ་རྣམས་ཀྱིས་ཐེན་ཧྲན་རི་བོའི་ཕ་རོལ་གྱི་རྒྱང་རིང་གི་ཕ་ཡུལ་དེ་དབང་མེད་དུ་དྲན་ཞིང་། སྐབས་དེར་ཏག་ཏག་ལོ་ངོ་དུ་མའི་རིང་ལ་ཟིང་འཁྲུག་བསླང་བའི་ཅིན་གར་བའི་ཚོ་ཁག་ཆིང་སྲིད་གཞུང་གིས་རྩ་མེད་དུ་བཏང་བའི་བའི་གནས་ཚུལ་འབྱོར་རྗེས་ཕྱིར་ཕ་ཡུལ་དུ་ལོག་པའི་འདུན་མ་སྔར་ལས་ཇེ་བརྟན་དུ་གྱུར། དེ་ལྟར་༡༧༧༠ལོའི་ལོ་མཇུག་ཏུ་ཨུ་རུ་སུའི་དཔོན་པོའི་བྱ་ར་ལས་གཡོལ་ཐུབ་སྟེ་བོ་པཱ་ཞི་ཧན་གྱིས་ཕོ་བྲང་གི་སྐུ་དྲག་དང་བླ་མ་རྣམས་བསྡུས་ནས་གསང་བའི་གྲོས་ཚོགས་འཚོགས་ཤིང་། སོག་པོའི་མི་རིགས་ཡོད་ཚད་ཤར་ཕྱོགས་ཀྱི་ཕ་ཡུལ་ཅིན་གར་ཨར་དུ་ཕྱིར་ལོག་རྒྱུ་ཐག་གིས་བཅད་ཅིང་།  དེ་མ་ཟད་ཧ་སག་ཁི་སི་ཐན་གྱིས་བཙན་འཛུལ་བྱེད་པའི་གནས་ལུགས་ལ་ངོ་རྒོལ་དང་ཐུའུ་ཨར་ཧོས་ཐིའི་དམག་དཔུང་རྣམས་བསྡུ་རུབ་བྱས།

ལོ་ངོ་དུ་མ་ཞིག་གི་རྗེས་སུ་ཐེན་ཧྲན་རི་བོའི་ཞོལ་གྱི་ངང་དཀར་མཚོ་ངོགས་ནས་ཐུའུ་ཨར་ཧོས་ཐིའི་མཁས་དབང་ཞིག་གིས་ང་ལ་འདི་ལྟར་བཤད་མྱོང་སྟེ།  གནའ་སྔ་མོའི་དུས་ནས་བཟུང་ཁོ་ཚོས་རང་གི་མིང་ལ་“ངང་བའི་རིགས་རྒྱུད”་ཅེས་པའི་འབོད་སྲོལ་ཡང་ཡོད་ཟེར། ཐུའུ་ཨར་ཧོས་ཐི་བ་རྣམས་ཀྱི་གཤིས་རྒྱུད་ངང་བ་དང་འདྲ་བས་ཁོང་ཚོ་དམག་འཁྲུག་ལ་མི་དགའ་ཞིང་། གལ་ཏེ་ཐལ་ཆེ་བའི་བཙན་གནོན་དང་ཕྲད་ཚེ་གཤོག་ཟུང་བརྐྱངས་ཏེ་ཡུལ་གཞན་དུ་འཕུར་འགྲོ་ལ་གནོད་འཚེ་ཞི་བར་བྱས་རྗེས་ད་གཟོད་ག་ལེར་ཕྱིར་རང་ཡུལ་དུ་ལོག་འོངས།

ཡིན་ཡང་ནམ་མཁའི་འདབ་ཆགས་ཀྱིས་བདེ་འཇགས་ངང་ཧ་ལམ་བསྒྲུབ་ཐུབ་པའི་བྱ་བཞག་དེ་ས་ཐོག་ན་ཡོད་པའི་ཐུའུ་ཨར་ཧོས་ཐིའི་འབངས་མི་རྣམས་ལ་མཚོན་ན་དེ་འདྲའི་ལས་སླ་མོ་ཞིག་མ་ཡིན་ནོ།། སྐབས་དེར་ཡོད་ཚད་ལ་བཀོད་སྒྲིག་བྱས་ཚར་ཞིང་ལམ་ལ་ཆས་དུས་ཀྱི་ཉིན་བཟང་སྐར་བཟང་གི་དུས་ཚོད་ཀྱང་བླ་མ་ལ་ཞུས་ནས་ཐག་གིས་བཅད་ཅིང་། དཔའ་མཛངས་ལྡན་པའི་བོ་པཱ་ཞིས་ཧན་གྱི་འགོ་ཁྲིད་འོག་ཏུ་ཧྥོས་ཨར་ཅ་གཙང་འགྲམ་གཡས་གཡོན་ཀྱི་ཐུའུ་ཨར་ཧོས་ཐི་འབུམ་གཉིས་ལྷག་གིས་ལམ་ལ་ཆས་པར་སྟ་གོན་བྱས་ཚར་མོད། འོན་ཀྱང་སྙིང་རྗེ་མེད་པའི་གནམ་གཤིས་ཀྱིས་ཁོང་ཚོ་ལ་བློ་ཡུལ་ལས་འདས་པའི་ཀུ་རེ་ཞིག་རྩེས་བྱུང་སྟེ། ལོ་དེའི་དགུན་ཁར་ཧྥོས་ཨར་ཅཱ་གཙང་བོ་ལ་དར་ཆགས་མ་ཐུབ་པས། ༡༧༧༡ལོའི་ཟླ་དང་པོའི་ཚེས་ལྔའི་ཉིན་སྐྱ་མདའ་བཏང་ཞིང་དེ་ཕོའི་འབོད་སྒྲ་བསྒྲགས་པ་བསྟུན་ནས་ལམ་ལ་ཆས་པའི་དུས་ཚོད་ལ་སླེབས་ནའང་། གཙང་བོའི་ཕ་རོལ་གྱི་ཐུའུ་ཨར་ཧོས་ཐི་ཁྲི་བདུན་ཙམ་ཞིག་གཙང་བོ་ལས་བརྒལ་ཐབས་བྲལ། ཡིན་ཡང་གལ་ཏེ་མྱུར་དུ་མ་སོང་ན་མི་རྟ་ཚང་མ་གཙང་བོའི་གཡས་གཡོན་དུ་བསྡུ་རུབ་བྱས་ནས་ཡོད་སྟབས་གནས་ཚུལ་འདི་ཕྱི་ལ་ཤོར་ཚེ་རིགས་རྒྱུད་ཡོངས་རྩ་མེད་དུ་འགྲོ་བའི་གོད་ཆགས་ཤིག་འོང་སྲིད་པས། བོ་པཱ་ཞིས་ཧན་གྱིས་མིག་མཐར་མཆི་མ་འཁོར་བཞིན་ལམ་ལ་ཆས་པའི་བཀའ་ཕབ་སྟེ་གཙང་བོའི་ཚུར་ངོགས་ཀྱི་ཐུའུ་ཨར་ཧོས་ཐིའི་དམག་དཔུང་དང་མི་སེར་འབུམ་གཅིག་དང་ཁྲི་དྲུག་ལྷག་གིས་ནུབ་ཕྱོགས་ཀྱི་ཡུལ་དེ་ལ་གྱེས་ཕྱག་ཕུལ་ནས་རྒྱང་རིང་གི་ཕ་ཡུལ་དུ་ལོག་པའི་ལམ་ལ་ཆས།

མཚམས་འདི་ནས་ཐོག་མར་ཐུའུ་ཨར་ཧོས་ཐི་འབུམ་གཅིག་དང་ཁྲི་བདུན་ལྷག་ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་བར་གྱི་དཀའ་སྡུག་དང་དགྲ་བོའི་ར་མདའ་བྱས་པའི་འཇིགས་སྣང་སོགས་གླེང་བར་མི་བྱའོ།། དེ་ནས་ཟླ་བརྒྱད་འགོར་རྗེས་ཁོང་ཚོ་དངོས་སུ་རང་གི་ཕ་ཡུལ་དུ་འབྱོར་དུས་ཤུལ་དུ་ལྷག་པ་ནི་ཧ་ཅང་ཉམས་དམས་སུ་གྱུར་བའི་མི་ཁྲི་དྲུག་ཙམ་ལས་མི་འདུག་ལ། དེ་ནི་ནུབ་ཕྱོགས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་བཤད་པའི་“ལོ་རྒྱུས་སྟེང་གི་ཆེས་དཀའ་སྡུག་ཆེ་བའི་གནས་སྤོར་”དེ་རེད།

ངས་འདི་ནས་གཙོ་བོར་བརྗོད་འདོད་པ་ནི་ཧྥོས་ཨར་ཅཱ་གཙང་བོའི་ཕ་རོལ་ན་ལུས་པའི་ཐུའུ་ཨར་ཧོས་ཐི་བ་ཁྲི་བདུན་ལྷག་གི་ཡ་ང་བའི་ལས་དབང་ཡིན། རྒྱུ་མཚན་ནི་ཁོང་ཚོ་ནི་ཨ་ཁུ་བསྟན་འཛིན་གྱི་མེས་པོ་ཡིན་པས་སོ།། ༡༧༧༡ལོའི་རྗེས་སུ་ཤུལ་དུ་ལུས་པའི་ཐུའུ་ཨར་་ཧོས་ཐི་རྣམས་ལ་“ཁཱ་ཨར་མེ་ཁི་”ཞེས་པའི་མིང་གསར་བ་ཞིག་བྱུང་ཞིང་། དེ་ནི་ཡེ་ཤ་ཡའི་དབུས་ཁུལ་དུ་འཚོ་བ་རོལ་བའི་གྲུ་གུ་བ་ཚོས་འཕྱ་མོད་དང་ཟུར་ཟ་འདྲེས་མར་བཏགས་པའི་མིང་ཞིག་རེད་ལ། དུས་དེ་ནས་བཟུང་“ཤུལ་དུ་ལུས་པའི་”ཐུའུ་ཨར་ཧས་ཐི་བ་རྣམས་སྐྱོ་སྡུག་གི་འཚོ་དང་ཁ་འབྲལ་མ་ཐུབ།

ང་རང་ཡོ་རོབ་ནས་ཕྱིར་འོངས་རྗེས་ང་དང་ཧེ་པེ་གཉིས་ལ་ལས་ཀའི་བྲེལ་འཚུབ་དང་བུ་ཕྲུག་ཚོའི་སློབ་གསོའི་བྱ་བའི་དབང་གིས་ཁོམ་ལུང་མེད་པ་དང་།  སྡོད་གནས་ཡང་ཞིན་ཀྲོའུ་དང་ལུང་ཐན་གྲོང་གསེབ་གྱི་ལུང་ཁུག་ཅིག་ཡིན་པས་རྒྱུན་པར་གྲོགས་པོ་ཚོ་ལའང་འབྲེལ་གཏུག་བྱེད་མི་ཐུབ་མོད། ཡིན་ཡང་ཐེ་ཝན་སོག་བོད་ཨུ་ཡོན་ལྷན་ཁང་གིས་ཐེངས་འགའ་ལ་སོག་པོའི་སྤུན་ཟླ་ཚོ་ཐེ་ཝན་དུ་ཕེབས་པར་དགའ་བསུ་ཞུས་པའི་ཚོགས་ཐོག་ནས་ཨ་ཁུ་བསྟན་འཛིན་དང་ཕྲད་བྱུང་ལ། དེ་དུས་ཡུད་ཙམ་ཞིག་ལས་མ་ཁོམ་ནའང་ཁོང་དང་ཕྲད་པས་སྔར་བཞིན་སྙིང་ཉེ་བའི་ཚོར་སྣང་ཞིག་འདུག 

༡༩༩༡ལོའི་དབྱར་ཁར་ཐེ་ཝན་ནས་རྒྱ་ཡིག་སློབ་བཞིན་པའི་ཁཱ་ཨར་མེ་ཁིའི་བུ་མོ་ནཱ་ཐ་ལཱ་ཡི་རེ་བཅོལ་ལྟར་ཨ་ཁུ་བསྟན་འཛིན་གྱིས་མོ་ནེ་ཧེ་ན་བཞེངས་བའི་བླ་མའི་དགོན་པ་དེ་རུ་འཚམས་འདྲི་ལ་ཕྱིན་ཞིང་། གལ་ཏེ་དེ་གའི་གནས་ཚུལ་དག་འདྲ་པར་དུ་བླངས་ནས་ཕྱིར་འོངས་ན་ཁོང་ལ་རོགས་དངུལ་ཞིག་རེ་ཞུ་བྱེད་པར་རོགས་རམ་བྱེད་ཐུབ་པས་ཡིན།  དེ་བས་༡༩༩༡ལོའི་ཟླ་༦པའི་ཚེས་བཅུ་བཞིའི་ཕྱི་དྲོར་ཨ་ཕ་དང་ངེད་གཉིས་ཡང་བསྐྱར་ཨ་ཁུ་བསྟན་འཛིན་ལ་འཚམས་འདྲི་རུ་ཕྱིན། ཡ་མཚན་པ་ཞིག་ལ་ཁོང་ཚོ་སྡོད་གནས་ཀྱི་ཁང་པ་སོགས་སྔོན་ཆད་ནང་བཞིན་ཡིན་ནའང་ང་ལ་སྦྱིན་པའི་མྱོང་ཚོར་ནི་མི་ལོ་ཉི་ཤུའི་སྔོན་དང་ཡེ་ནས་མི་འདྲ་དོན་ཅི་ཡིན་ནམ། ཉིན་དེའི་ཕྱི་དྲོར་ཉི་འོད་སྔར་བཞིན་འཇམ་ཞིང་གཞིས་ཁུལ་གྱི་ལྗོན་པ་དང་མེ་ཏོག་དག་ཀྱང་སྔར་བཞིན་རྣམ་པར་བཞད་ནས་ཡོད་མོད། འོན་ཀྱང་ང་ལ་དེ་དག་ཡོད་ཚད་སྐྱ་མདོག་དང་ཁུ་སིམ་གྱི་སྣང་བ་ཞིག་སྐྱེས་དོན་ཅི་ཡིན་ནམ།  ཁོང་ཚོའི་བུ་ཕྲུག་ཚོ་གཉོམ་ལག་རྒྱས་ཏེ་སྔ་མོ་ནས་ཁྱིམ་དང་བྲལ་ཟིན་ལ་རྒས་འཁོགས་སུ་གྱུར་བའི་ཕ་མ་གཉིས་སྟོང་ཤུར་ཤུར་གྱི་སྡོད་ཁང་དུ་གཅིག་པུར་ལུས་འདུག 

ཨ་ཁུ་བསྟན་འཛིན་གྱི་སྙིང་ཁམས་མི་བདེ་པས་ཁྱིམ་གྱི་སྐས་ལ་འཛེག་ནའང་ཐེངས་འགའ་ལ་ངལ་གསོ་བྱེད་དགོས་ཤིང་ལྷག་པར་དུ་ཆང་ལ་འཛེམ་དགོས། ཁོ་རང་མ་གཞི་ནས་གཟུགས་ཐུང་བའི་ཁར་ད་སྐབས་ཀྱི་ལུས་པོ་ལྷག་པར་ཇེ་ཆུང་ལྟ་བུ་ཞིག་ཏུ་གྱུར་འདུག་ལ། སྐྲ་དཀར་གྱི་ཉག་མ་ཡང་སྐྱེས་འདུག་པས་ངའི་ཨ་ཕ་ལས་ཀྱང་ལོ་ན་བགྲེས་པའི་རྟགས་ཤིག་མངོན་འདུག ཁོས་ང་ཚོ་ཁྲིད་དེ་བླ་མའི་དགོན་པ་རུ་ལྟ་སྐོར་དུ་སོང་ཞིང་། དོན་དངོས་སུ་དེ་ལ་ལྷ་ཁང་ཞིག་གི་གཞི་ཁྱོན་ལས་མེད་ནའང་། དེ་ནི་ལོ་ངོ་བཅུ་ཕྲག་འགའི་རིང་ལ་ཡོ་རོབ་ཏུ་འདུས་སྡོད་བྱས་པའི་ཁཱ་ཨར་མེ་ཁིའི་མི་རྣམས་ཀྱི་དད་འདུན་གྱི་སེམས་ཤུགས་འདེགས་པའི་ཀ་བ་ལྟ་བུ་ཞིག་རེད།

ལྷ་ཁང་དེ་ཨ་ཁུ་བསྟན་འཛིན་ཚང་གི་ཉེ་འདབས་ན་ཡོད་ཅིང་གཞིས་ཁུལ་གྱི་ཁང་བརྩེགས་ཤིག་གི་གཉིས་ཐོག་རེད། ཕྱི་ནས་བལྟས་ཚེ་ཁྱིམ་ཚང་ཕལ་བ་ཞིག་གི་སྡོད་ཁང་དང་ཁྱད་པར་མེད་ལ་སྒོ་འགོ་རུ་འཇར་མན་གྱི་ཡི་གེས་བྲིས་པའི་སྒོ་བྱང་ཆུང་ཆུང་ཞིག་འདུག “BUDDHISTISCHERTEMPEL”(ནང་བའི་དགོན་པ) ནང་དུ་མགྲོན་ཁང་དང་ཟ་ཁང་སོགས་ཡོད་ཅིང་གཡོན་ཕྱོགས་སུ་ཁང་བ་ཆེན་པོ་ཞིག་ཡོད་པ་དེ་ལྷ་ཁང་རེད། མཆོད་མཇལ་བྱེད་པའི་སྐབས་སུ་མ་གཏོགས་འདུ་འཛི་དང་ཉོག་དྲ་མེད་པའི་ཆེད་དུ་རྒྱུན་པར་སྒོ་མི་ཕྱེ། ལྷ་ཁང་འཛུགས་བསྐྲུན་གྱི་ཆ་རྐྱེན་ངན་ནའང་ནང་དུ་སོང་ཙ་ན་སེམས་སུ་སྔར་བཞིན་བརྗིད་ཉམས་ཀྱིས་ཁེངས་འདུག་པའི་ཚོར་སྣང་ཞིག་སྐྱེས་འོངས་ཤིང་། ཡུལ་གྱར་བ་ཞིག་གི་འགྱུར་མེད་ཀྱི་དད་པ་འདིས། མིག་མདུན་དུ་སྣང་བའི་སྐུ་འདྲ་དང་མཆོད་རྫས། མཆོད་མེ། དར་ལྕོག་སོགས་ཡོད་ཚད་ལ་སྔར་ལས་མཛེས་པའི་གཟི་མདངས་ཤིག་བསྣན་འདུག

ཨ་ཁུ་བསྟན་འཛིན་གྱིས་ང་ལ་ལྷ་ཁང་འདི་ཐོག་མར་ཁཱ་ཨར་མེ་ཁིའི་བླ་མ་ཡུལ་གྱར་བ་ཞིག་གིས་ཇི་ལྟར་བཞེངས་ཚུལ་དང་དམག་འཁྲུག་གི་རྗེས་སུ་འཇར་མན་གྱིས་གནས་སྤར་བ་དང་བསྟུན་ནས་མོ་ནེ་ཧེ་རུ་ཅི་ལྟར་བྱས་ཏེ་དངོས་སུ་གཞི་ཚུགས་ཚུལ་སོགས་ཕྲ་ཞིང་ཞིབ་པར་བཤད།  དེ་ཡང་༡༩༤༥ནས་༡༩༩༡བར་དུ་ཧ་ལམ་ལོ་ངོ་ལྔ་བཅུ་ལྷག་ཅིག་འགོར་ལ་ཉེ་ཞིང་། ཨ་ཁུ་བསྟན་འཛིན་གྱིས་༡༩༤༨ལོ་ནས་བཟུང་ལྷ་ཁང་བདག་གཉེར་གྱི་འོས་འགན་ཁུར་པ་དང་འཇར་མན་སྲིད་གཞུང་གི་ལོ་རེ་རེའི་འཚོ་བའི་ཁ་གསབ་ཀྱི་རོགས་དངུལ་ཡང་ཡོད་པས་ཁང་གླ་དང་ཆུ་གློག་གི་འགྲོ་སོང་ལ་བཏང་ཆོག

དང་ཐོག་ལྷ་ཁང་ནང་གི་སྐུ་འདྲ་དེ་༡༦༤༨ལོར་ཐུའུ་ཨར་ཧོས་ཐི་རྣམས་ཐོག་མར་ཡེ་ཤ་ཡའི་དབུས་ཁུལ་གྱི་རྩཱ་ཐང་དུ་གནས་སྤོར་བྱས་པའི་སྐབས་སུ་ཕ་ཡུལ་གྱི་དགོན་པའི་ནང་ནས་བསུས་འོངས་བ་རེད་ལ། མི་ལོ་སུམ་བརྒྱ་ལྷག་གི་རིང་ལ་ཁོ་རང་ཚོའི་རིགས་རྒྱུད་དང་འགྲོགས་ནས་ཞིན་ཅང་གི་རི་བོ་ཐེན་ཧྲན་ནས་ཡེ་ཤ་ཡའི་དབུས་ཁུལ་གྱི་རྩཱ་ཐང་དང་ཧྥོས་ཨར་ཅཱ་གཙང་བོའི་འགྲམ་ངོགས་སོགས་བརྒྱུད་དེ་ཡོ་རོབ་ཏུ་སླེབས་ཤིང་། འཇར་མན་ནས་ལོ་འགའ་ལ་མཆོད་འབུལ་བྱས་རྗེས་༡༩༥༡ལོར་སླར་ཡང་ཨ་མེ་རུ་ཁ་རུ་གནས་སྤོར་བྱས་ན་ཆོག་པའི་ཁཱ་ཨར་མེ་ཁི་བ་རྣམས་ཀྱིས་ཨ་མེ་རི་ཁ་རུ་སྤྱན་དྲངས།  ད་སྐབས་ལྷ་ཁང་ནང་དུ་མཆོད་འབུལ་བྱེད་བཞིན་པའི་སྐུ་འདྲ་དེ་ཤཱཀྱ་ཐུབ་པའི་སྐུ་འདྲ་ཞིག་རེད་ལ།  ཤུལ་དུ་དངུལ་གྱིས་བཟོས་པའི་མཆོད་ཏིང་བདུན་བཞག་ཡོད་ཅིང་དེ་དག་ཀྱང་སྔོན་ཆད་ཐུའུ་ཨར་ཧོས་ཐིའི་མེས་པོ་རྣམས་ཐེན་ཧྲན་རི་བོ་དང་ཁ་འབྲལ་པའི་སྐབས་སུ་ཁྱེར་འོངས་བ་རེད་ལ་ད་ལྟའི་བར་དུ་ལོ་སུམ་བརྒྱ་དང་ལྔ་བཅུ་ལྷག་གི་ལོ་རྒྱུས་ལྡན།

ཨ་ཁུ་བསྟན་འཛིན་གྱིས་མཆོད་ཏིང་བདུན་པོ་མཆོད་ཁྲིའི་སྟེང་དུ་བསྒྲིགས་ནས་ང་ལ་པར་ལེན་དུ་བཅུག ལོ་ངོ་སུམ་བརྒྱ་ལྷག་གི་རིང་ལ་བདག་སྐྱོང་བྱས་ནས་འོངས་པའི་དངུལ་གྱི་མཆོད་ཏིང་དེ་དག་གི་སྟེང་དུ་གས་ཆག་གི་རྨ་རྗེས་ཕྲ་མོ་ཙམ་ཡང་མི་འདུག་ལ་གློག་འོད་ཀྱི་འོག་ཏུ་ཞི་ཞིང་འཇམ་པའི་འོད་སྣང་ཞིག་ཕྲ་ལམ་མེར་འཚེར་གྱིན་གདའ།  དད་པ་ཟེར་བ་ནི་ཅི་འདྲའི་ངོ་མཚར་ཆེ་བ་ཞིག་རེད་ཨང་།  གཡུལ་ས་ནས་ལུས་ཧྲིལ་བོར་རྨ་ཁའི་ཁེངས་བའི་ཁཱ་ཨར་མེ་ཁིའི་སོག་པོ་རྣམས། སངས་རྒྱས་ཀྱི་མཆོད་ཁྲིའི་མདུན་དུ་སླེབས་ཚེ་ཆག་སྐྱོན་ཅུང་ཙམ་ཡང་མ་ཤོར་བའི་ཚེ་ནོམ་འདི་དག་གིས་ཁོ་ཚོའི་སེམས་ཀྱི་སྐྱོ་བ་སེལ་ཐུབ་པ་མ་ཡིན་ནམ།

༡༧༧༢ལོར་ཨུ་རུ་རུ་སའི་བཙན་གནོན་གྱི་དབང་བསྒྱུར་ལ་ངོ་རྒོལ་བྱེད་པའི་གསར་བརྗེ་ལ་ཕམ་ཁ་བྱུང་རྗེས། ཨུ་རུ་སུའི་གོང་མ་ཁེ་སི་ལི་སྐུ་ཕྲེང་གཉིས་པས་བཀའ་ཕབ་སྟེ། ཁཱ་ཨར་མེ་ཁི་བ་རྣམས་ཀྱི་“ཧན་”གྱི་གོ་གནས་མེད་པར་བཟོས་ཤིང་རང་བཙན་གྱི་རྒྱལ་ཁབ་ནས་ཨུ་རུ་སུ་བཙན་རྒྱལ་གྱི་མངའ་འོག་གི་འབངས་མི་ལ་བསྒྱུར། དེ་དང་བསྟུན་ནས་ཁོ་ཚོའི་ཆབ་སྲིད་གཅིག་གྱུར་དང་“ཨུ་རུ་སུ་ཅན་གྱི་ལས་འགུལ།” ཁ་ཐོར་དང་གནས་སྤོར་སོགས་ཀྱི་སྲིད་ཇུས་སྔར་བས་ཤུགས་དྲག་སྤེལ།  དང་ཐོག་ཐུའུ་ཨར་ཧོས་ཐི་བ་རྣམས་ཉེན་ཁ་ལས་གཡོལ་ཆེད་རིགས་རྒྱུད་ཡོངས་རྫོགས་གནས་སྤོ་བྱེད་མ་ཐུབ་པས། རྗེས་ནས་མངོན་སུམ་གྱི་གནོད་འཚེ་ཞིག་མགོ་ཐོག་ལ་བབས། ཧྥོས་ཨར་ཅ་གཙང་བོའི་ཕ་རོལ་གྱི་“ཤུལ་དུ་ལུས་པའི་”སོག་པོ་ཁྲི་བདུན་ལྷག་ཁེར་རྐྱང་དང་ཉམ་ཆག་ཏུ་གྱུར་ནའང་གཏན་དུ་རང་དབང་དུ་ཡོད་པ་ནི་འགྱུར་མེད་ཀྱི་བླ་སྲོག་དེ་ཁོ་ན་ཉིད། དེ་བས་ཁཱ་ཨར་མེ་ཁིའི་རྒན་རབས་པ་ཐམས་ཅད་ཀྱིས་ཕྱི་རབས་པ་རྣམས་ལ་ཧ་ཅང་ནན་ཏན་གྱིས་“ས་གནས་གང་དུ་ཕྱིན་ཀྱང་ང་ཚོ་ནི་བླ་མའི་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་ཁཱ་ཨར་མེ་ཁི་ཡིན་པ་བརྗེད་མི་རུང་”ཞེས་ཞལ་གདམས་གནང་ངེས་ལ། ཕྱི་རོལ་དུ་ཡུལ་གྱར་ལ་སོང་བའི་ཕྱི་རབས་པ་དག་གིས་ཀྱང་དེ་ལྟར་སྒྲུབ་བཞིན་ཡོད།

༡༩༡༧ལོར་ཨུ་རུ་སུའི་“ཟླ་གཉིས་པའི་གསར་བརྗེ་”དང“ཟླ་བཅུ་བའི་གསར་བརྗེ་”ཡི་སྐབས་སུ་ཁཱ་ཨར་མེ་ཁི་བ་རྣམས་དམག་འཁྲུག་ཏུ་མི་ཞུགས་ག་མེད་བྱུང་ཞིང་། ཕལ་ཆེ་བ་དཀར་དམག་དང་སུའུ་ཝེ་ཨེད་དམར་དམག་ཏུ་ཞུགས་ནས་ལོ་གཉིས་ལྷག་གི་རིང་ལ་གཡུལ་འགྱེད་བྱས་པས་ཚེ་སྲོག་དང་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་ཐེབས། དཀར་དམག་ཕམ་རྗེས་ལོ་ངོ་སུམ་བརྒྱ་ལྷག་ལ་ཨུ་རུ་སུ་ནས་འཚོ་བ་རོལ་བའི་ཐུའུ་ཨར་ཧོས་ཐི་བ་རྣམས་སླར་ཡང་ཡུལ་གྱར་ལ་མི་འགྲོ་ཐབས་མེད་བྱུང་། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་བྲོས་བྱོལ་ནས་ཐར་མཁན་གྱི་མི་སྟོང་གཉིས་ལྷག་ལས་མེད་ཅིང་ཁོ་ཚོ་རྒྱ་མཚོ་ནག་པོ་ནས་མཚོ་གྲུ་ལ་བསྡད་ནས་ཐོ་ཨར་ཆིས་དང་ནན་སི་ལ་ཧྥུ། པུར་ཀ་རི་ཡ་རུ་སོགས་སུ་སོང་ཞིང་། ཅེ་ཁི་དང་ཧྥ་རན་སེ་ལ་སོང་བའང་ཡོད། དེ་ནས་བཟུང་ཁོ་ཚོ་ནི་གཞི་ནས་ཅི་ཡང་མེད་པའི་ཡུལ་གྱར་བ་ཞིག་ཏུ་གྱུར་ཞིང་། ཁོ་ཚོ་ལ་སེམས་གྱི་རྟེན་གཞི་ཉག་གཅིག་ཡོད་པ་ནི་དད་པ་དང་རང་དབང་གི་བླ་སྲོག་དེ་ཡིན།

བྲོས་བྱོལ་ནས་ཐར་མ་ཐུབ་པའི་ཁཱ་ཨར་མེ་ཁི་བ་རྣམས་ཀྱི་ཁྲོད་ནས་འགའ་ཞིག་དམར་གསོད་བཏང་ཞིང་འགའ་ཞིག་བཙན་གྱིས་ཞི་པོ་ལི་ཡའི་ངལ་རྩོལ་རུ་ཁག་ཏུ་ཁྲིད་དེ་ཡང་དང་བསྐྱར་དུ་དག་ཐེར་དང་མནར་གཅོད་བཏང་། ༡༩༣༥ལོའི་ཟླ་༡༠བར་སི་ཏ་ལེན་གྱིས་མི་སེམས་བསླུ་བའི་ཆེད་དུ་“ཁཱ་ཨར་མེ་ཁི་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་”འཛུགས་པར་ཆོག་མཆན་བཀོད་ནའང་། ༡༩༣༦ལོ་དང་༡༩༣༧ལོའི་“དག་སེལ་ཆེན་པོའི་”ཁྲོད་དུ་ཁཱ་ཨར་མེ་ཁི་སྟོང་ཕྲག་མང་པོ་ཡང་བསྐྱར་གནས་དབྱུང་གཏོང་བ་དང་བཙོན་དུ་བཅུག་ནས་གཉའ་གནོན་བྱས་ཤིང་མང་ཆེ་བ་ཞིས་པོ་ལི་ཡ་རུ་རྒྱང་འཕུད་བཏང་།

༡༩༣༩ལོར་འཛམ་གླིང་དམག་འཁྲུག་ཐེངས་གཉིས་པ་ལངས་ཏེ་ཁཱ་ཨར་མེ་ཁི་བ་རྣམས་ཡང་བསྐྱར་དཀའ་ཁག་གི་ཁྲོད་དུ་ལྷུང་། ཁཱ་ཨར་མེ་ཁི་ཕྱོགས་ཁག་ཅིག་སུའུ་ལེན་གྱི་སྲིད་གཞུང་གི་ཕྱོགས་སུ་བུད་ནས་ཐེངས་འདིའི་དམག་འཁྲུག་ནི་རྒྱལ་ཁོངས་སྲུང་སྐྱོབ་ཀྱི་དམག་འཐབ་ཅིག་ཡིན་པར་ཡིད་ཆེས་བྱས་ཤིང་། ༡༩༤༡ལོའི་ཟླ་༦པར་འཇར་མན་གྱི་དམག་དཔུང་ཨུ་རུ་སུ་ལ་སླེབས་རྗེས་ཁཱ་ཨར་མེ་ཁི་བ་རྣམས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་ངོ་རྒོལ་བྱས་པ་དང་། རྗེས་ནས་མཁས་དབང་ཚོས་ཕྱོགས་བསྡོམས་བྱས་པ་ལྟར་ན་སུའུ་ལེན་གྱི་མཉམ་འབྲེལ་རྒྱལ་ཕྲན་ཆེ་ཆུང་ཚང་མའི་ཁྲོད་ནས་ཁཱ་ཨར་མེ་ཁི་བ་རྣམས་ནི་“མེས་རྒྱལ་”གྱི་ཆེད་དུ་བློས་བཏང་བའི་གྱོང་གུད་ཀྱི་བསྡུར་ཚད་ཆེས་མཐོ་ཤོས་ཀྱི་གྲས་ཤིག་རེད་ཅེས་བརྗོད་ཡོད། ཡིན་ཡང་ཁཱ་ཨར་མེ་ཁི་ཕྱོགས་ཁག་གཅིག་གིས་འཇར་མན་ལ་མགོ་བཏགས་ནས་མི་རབས་ནས་འཁོན་འགྲས་ཆེ་བའི་ཨུ་རུ་སུ་ལ་འབྲེལ་ཐག་བཅད།

ཨ་ཕ་དང་ངེད་གཉིས་ལྷ་ཁང་ཡོད་སའི་གཞིས་ཁུལ་དེ་རུ་ཉིན་ཞག་གཉིས་ལ་བསྡད་པ་དང་། ཨ་ཕ་ནི་རྒན་རབས་པ་ཡིན་ཞིང་རྟེན་ཡང་སྐྱེས་པ་ཡིན་པས་ལྷ་ཁང་དུ་ཉལ་ས་བཟོ་ཆོག་ཅིང་། ང་དང་འཇར་མན་ནས་འོངས་བའི་བུ་མོ་སློབ་གཉེར་བ་གཉིས་ཡོད་པ་དེ་ལྷ་ཁང་ཕྱི་རོལ་གྱི་མགྲོན་ཁང་ཆུང་ཆུང་དུ་ཉལ།

ཉིན་འདི་གཉིས་ཀྱི་རིང་ལ་ཨ་ཁུ་བསྟན་འཛིན་གྱིས་ང་ལ་གཏམ་གླེང་མང་པོ་མཛད་ཅིང་ཐེངས་ཤིག་ལ་ཁོས་རང་ཉིད་ཀྱི་བྱིས་དུས་ཀྱི་འཚོ་བ་གླེང་བྱུང་། “ང་རང་༡༩༢༢ལོའི་ཟླ༡༢ ཡ་ཚི་ཁུའུ་ཁི་རུ་སྐྱེས་ཤིང་ལོ་བདུན་གྱི་སྟེང་དུ་ཨ་མ་ཚེ་ལས་འདས། ཨ་ཕས་ང་རང་སློབ་གྲྭར་འགྲོ་བའི་ཆེད་དུ་ཕ་ཡུལ་དང་ཁ་བྲལ་ཏེ་བྱིས་པའི་འཚོ་ཕན་ཚོགས་པ་ཞིག་གི་རྩ་འཛུགས་བྱས་པའི་སློབ་གསོའི་འཆར་གཞི་རུ་ཞུགས་ཏེ། བུ་མོ་བཅུ་དང་ངེད་ཚོ་བུ་ཚ་ཉི་ཤུ་ལྷག་གྲོང་དཀྱིལ་གྱི་ཉེ་འདབས་ཀྱི་ཞག་སྡོད་སློབ་གྲྭ་ཞིག་ཏུ་སོང་ནས་ལོ་མང་པོ་ཞིག་ལ་དེ་ག་ནས་སློང་སྦྱོང་བྱས། ༡༩༣༣ལོ་སྟེ་མུ་གེ་བྱུང་བའི་ལོ་དེར་ཉི་མ་རེ་རེ་ལ་མི་བརྒྱ་ཕྲག་མང་པོ་སྲང་ལམ་དུ་ལྟོགས་གྲིར་འཆི་བ་དང་། སྐབས་དེར་ང་རང་ལོ་ན་ཆུང་ཞིང་གྲོད་ཁོག་ཀྱང་ཆུང་བས་རྣམ་རིག་མི་གསལ་བའི་ཚོར་སྣང་ཙམ་ལས་མེད་མོད། ཡིན་ཡང་ང་ཚོའི་སློབ་གྲྭ་ནས་བྱིས་པ་ལྔ་དྲུག་ཅིག་ལྟོགས་ནས་ཤི་སོང་ལ་ཤི་སོང་བའི་བེམ་པོ་དག་བྲེལ་འཚུབ་ངང་ཁང་བ་གཞན་ཞིག་གི་ནང་དུ་བསྐྱལ་འཇོག   ཐེངས་ཤིག་ལ་ང་ཡང་དྲན་པ་ཤོར་ནས་མ་སད་པས་ཁང་བ་དེའི་ནང་དུ་ཤི་སོང་བའི་བྱིས་པ་གཅེར་བུ་བཅུ་ལྷག་གི་བར་དུ་གཡུགས་འདུག སློབ་གྲྭ་དེ་ན་ལོ་བཅོ་བརྒྱད་ཅན་གྱི་ཨ་ཆེ་ཞིག་ལ་ལོ་བཅུ་གཅིག་ཅན་གྱི་ནུ་མོ་ཞིག་ཡོད་པ་དེ་རྒྱུན་པར་ང་དང་མཉམ་དུ་རྩེད་མོ་རྩེ་རྒྱུར་དགའ་ཞིང་། ཉིན་དེར་ང་ཡང་ལྟོགས་ནས་ཤི་སོང་ཟེར་བའི་གནས་ཚུལ་གོ་སྟེ། ཁ་རོག་གེར་ང་རང་གཡུག་སའི་ཁང་པ་དེའི་སྒོ་འགྲམ་དུ་འོངས་ཏེ་ང་ལ་ཐེངས་གཅིག་བལྟ་བསམ་པ་ན། བསམ་ཡུལ་ལས་འདས་པ་ཞིག་ལ་སྐབས་དེར་ངས་མིག་ཟུང་ཕྱེས་ཏེ་གཡས་གཡོན་ལ་ལྟ་ཙམ་བྱས་རྗེས་སླར་ཡང་དྲན་པ་ཤོར་ནས་གཉིད་དུ་ཡུར་སོང་ལ། བུ་མོ་ཆུང་ཆུང་དེ་མྱུར་དུ་ཁ་ཕྱིར་འཁོར་ནས་མོའི་ཨ་ཆེ་ལ་བསྟན་འཛིན་ཤི་མི་འདུག་ཅེས་བཤད། དེ་ལྟར་བཤད་པ་ལ་སྐབས་དེར་ཡིད་ཆེས་བྱེད་མཁན་གཅིག་ཀྱང་མ་བྱུང་ཞིང་ཁོ་མོས་ངུ་སྐད་འདོན་བཞིན་རང་གི་ཨ་ཆེ་ལ་ངེས་པར་དུ་འགྲོ་ནས་ཅིག་བལྟ་དགོས་ཟེར་བས། སོག་པོའི་སློབ་མ་བདག་གཉེར་བ་ཞིག་ཡོད་པ་དེས་ཁོ་མོས་ངུ་སྐད་ཐོས་ཏེ་དོན་དག་ཅི་ཡིན་གསལ་བོར་དྲིས་རྗེས་ལྟ་རུ་སོང་། ངའི་ལུས་ཡོངས་ལ་ཞིབ་མོར་བརྟག་དུས་ཧ་ལས་པ་ཞིག་ལ་ད་དུང་དབུགས་རྒྱུན་ཆད་མེད་པས། ང་རང་ཁང་བ་དེ་ནས་ཕྱིར་སྤར་ཏེ་ཉིན་འགའ་ལ་བདག་སྐྱོང་བཟང་པོ་བྱས་ཤིང་། དེ་ལྟར་ང་རང་སྒྱུ་འཕྲུལ་ལྟ་བུའི་ངོ་མཚར་ཞིག་གི་ཁྲོད་ནས་གསོན་ཐུབ་སོང་།  དོན་དངོས་ཐོག་དེ་འདྲའི་ལོ་རབས་ཤིག་གི་ཁྲོད་དུ་ཁཱ་ཨར་མེ་ཁི་བ་རྣམས་ཕལ་ཆེ་བ་དེ་ལྟ་བུའི་ངོ་མཚར་ཞིག་ལ་བརྟེན་ནས་གསོན་འོངས་བ་རེད་། ”

ཨ་ཁུ་བསྟན་འཛིན་གྱིས་བཤད་ནས་འདིའི་མཚམས་སུ་ཐོན་དུས་ཞལ་ནས་སྐྱོ་འཛུམ་ཞིག་མངོན་སོང་། ངས་ཁོ་ལ་བུ་མོ་དེའི་མིང་ཡིད་ལ་དྲན་ནམ་ཞེས་དྲིས་པ་ན། ཁོས་བཤད་རྒྱུར། “ད་བར་མོ་དང་འབྲེལ་ལམ་མེད་ལ། ང་ཚོས་མཉམ་དུ་ལོ་གསུམ་ལ་སློབ་གཉེར་བྱས་རྗེས།  ༡༩༣༦ལོར་སློབ་མཐར་ཕྱིན་པ་ནས་བཟུང་ཐེངས་གཅིག་ལའང་ནས་འཕྲད་མ་མྱོང་།  ཡིན་ཡང་ངས་ཁོ་མོ་ནམ་ཡང་བརྗེད་མེད། མོའི་མིང་ལ་པོ་ལོ་གཱ་ཨར་ཟེར་ཞིང་མཛུམ་དམུལ་དམུལ་གྱི་ངོ་གདོང་ལ་སྙིང་ཉེ་པའི་འཛུམ་ཀོང་ཆུང་ཆུང་གཉིས་ཡོད་ཅིང་། མིག་ཟུང་འོད་ཀྱིས་ཁེངས་བའི་སོག་པོའི་བུ་མོ་ཞིག་ཡིན་ཟེར། ”

མི་ལོ་ལྔ་བཅུ་ང་བརྒྱད་ཀྱི་རྗེས་སུ་བུ་མོ་དེ་ཨ་ཁུ་བསྟན་འཛིན་གྱི་སེམས་ན་ད་དུང་དྲན་གྱིན་འདུག་ལ། དེ་མིན་ན་ཁོ་མོའི་མིང་གླེང་བའི་སྐབས་སུ་ཨ་ཁུ་བསྟན་འཛིན་གྱི་མིག་ཟུང་ཁྲ་ཆི་ལེ་འགྲོ་དོན་ཅི་ཡིན་ནམ།

ཁོས་མུ་མཐུད་དུ་བཤད་རྒྱུར། “༡༩༣༦ལོར་ཞག་སྡོད་སློབ་གྲྭ་དང་ཁ་བྲལ་ཞིང་རྗེས་ཕྱོགས་ཀྱི་མདུན་ལམ་ནི་རབ་རིབ་ཅིག་ལས་མི་གསལ་ལ། ཨ་ཕ་༡༩༣༣ལོའི་མུ་གེའི་ཁྲོད་ནས་ཤི་སོང་བ་དང་ཕ་ཡུལ་དུ་ད་དུང་ཨ་ཆེ་དང་ནུ་མོ་གཉིས་ཡོད་པས། ང་རང་རྐང་ཐང་དུ་གྲོང་དང་གྲོང་ཚོ་མང་པོ་བརྒྱུད་ནས་ལས་ཀ་འཚོལ་དུ་སོང་། དཀའ་ལས་མང་པོ་བརྒྱབ་རྗེས་ཡིག་བསྒྱུར་གྱི་ལས་ཀ་ཞིག་རྙེད་མོད། འོན་ཀྱང་ལོ་འགའ་འགོར་བའི་རྗེས་ནས་ཏག་ཏག་ཁྱིམ་གཞི་ཞིག་ཚུགས་ཐུབ་པའི་སྐབས་སུ།   འཛམ་གླིང་དམག་འཁྲུག་ཐེངས་གཉིས་པ་ལངས་བྱུང་བས་འཇར་མན་དང་ཨུ་རུ་སུའི་གཡུལ་འཁྲུག་ཁྲོད་དུ་ཐེངས་འགའ་ལ་དོན་མེད་ངང་འཐབ་རར་བརྫངས།

༡༩༤༡ལོའི་ཟླ་༦པར་འཇར་མན་གྱིས་ཚུར་རྒོལ་བྱས་འོང་བའི་སྐབས་སུ་ཁཱ་ཨར་མེ་ཁིའི་མི་རེ་འགས་མེ་མདའ་བཟུང་ནས་འགོག་རྒོལ་བྱས་མྱོང་ནའང་།  ཨུ་རུ་སུའི་དམག་དཔུང་གིས་སླར་ཡང་གྲོང་བརྡལ་འདི་དག་མངའ་འོག་ཏུ་བསྡུས་རྗེས། ཁཱ་ཨར་མེ་ཁི་ཡོད་ཚད་ངོ་ལོག་པ་དང་ནང་རུལ་བ་ཡིན་པའི་དོགས་པ་སྐྱེས། ཡིན་ཡང་ངས་ཕྱོགས་ཁག་གང་ཡིན་ལ་ཁ་ཡ་མ་བྱས་ལ། སེམས་སུ་དྲན་ཚུལ་ཉག་གཅིག་ཡོད་པ་ནི་ཕ་ཡུལ་ཡ་ཚི་ཁོའུ་ལ་འགྲོ་བའི་འདུན་པ་ཁོ་ན་ཉིད་ཡིན་པས། རྔ་མོང་གི་ཤིང་རྟ་ཞིག་བཙལ་ཏེ་ཚ་གདུང་ཆེ་བའི་ལམ་ཐག་རིང་པོ་བརྒྱུད་མཐར་ཕ་ཡུལ་དུ་སླེབས་ཐུབ་སོང་མོད།  འོན་ཀྱང་ཡ་ཚི་ཁོས་འཇར་མན་གྱི་ལག་ཏུ་ཤོར་ཟིན་པས་ལུག་ཚེ་ཟད་སྦྱང་ཀིའི་སྒོ་ཁ་ཞེས་པ་ལྟ་བུ་ཞིག་ཏུ་གྱུར་སོང་།  ཡིན་ཡང་བསམ་ཡུལ་ལས་འདས་པ་ཞིག་ལ་འཇར་མན་གྱི་མི་རྣམས་ཧ་ཅང་བྱམས་བརྩེ་ཆེ་ཞིང་། ང་ཚོའི་ལུག་ཁྱུ་དང་རྟ་ཁྱུ་ཚང་མ་ཕྱིར་སྤྲད་པ་དང་། ད་དུང་ཁཱ་ཨར་མེ་ཁི་རྣམས་ད་ལྟ་ཨུ་རུ་སུའི་དབང་བསྒྱུར་དང་ཁ་བྲལ་ཟིན་པས་ཆོས་ལུགས་ཀྱི་དད་མོས་སླར་གསོ་བྱས་ཆོག་ཅེས་ཁྱབ་བསྒྲགས་བྱས། སྐབས་དེར་མང་ཚོགས་ཀྱི་ཁྲོད་དུ་བླ་མ་རྣམས་སྦ་སྐུང་བྱས་ནས་ཡོད་ཅིང་ཁོ་ཚོས་སྐད་ཆ་དེ་ཐོས་རྗེས་རང་གི་ཐོབ་ཐང་ཕྱིར་ཕུད་ནས་ང་ཚོ་ལ་སྣེ་ཁྲིད་བྱས་ཏེ་ཡ་ཚི་ཁོའུ་ན་ནང་བའི་ལྷ་ཁང་ཞིག་བཞེངས། དེའི་ཁྲོད་ཀྱི་བླ་མ་གཉིས་སྔོན་ཆད་ཟླ་བཅུ་བའི་གསར་བརྗེ་རྗེས་སུ་ཞི་པོ་ལི་ཡ་རུ་རྒྱང་འཕུད་བཏང་།

ཨ་ཁུ་སྒྲོལ་ལྷ་ཀླུ་སྐྱིད་ཟེར་བ་དེ་༡༨༩༡ཟླ་ལྔ་བའི་ཚེས་༡ཉིན་སྐྱེས་ཤིང་གནོད་འཚེ་རབ་དང་རིམ་པ་མང་པོ་ཞིག་བརྒྱུད་རྗེས་༡༩༤༡ལོར་ཕྱིར་ཕ་ཡུལ་ཡ་ཚི་ཁོའུ་ལ་འོངས་ནས་སླར་ཡང་ལྷ་ཁང་འཛུགས་བསྐྲུན་བྱེད་པའི་ཆེད་དུ་ནུས་པ་ཡོད་ཚད་བཏོན།  ༡༩༤༢ལོའི་ཟླ་༧པར་ང་ཚོས་ཉམས་དགའ་བའི་ལྷ་ཁང་ཆུང་ཆུང་དེའི་ནང་ནས་ཆོས་ཀྱི་ཆོ་ག་དང་པོ་དེ་སྤེལ་ཞིང་། དཀོན་མཆོག་ལ་གསོལ་འདེབས་དང་སྨོན་ལམ་བཏབ་ནས་བདེ་འཇགས་ཀྱི་འཚོ་བ་གསར་བ་ཞིག་རོལ་ཐུབ་པར་སྐྱབས་འཇུག་ཞུས།  ཡིན་ཡང་ཟླ་བ་གསུམ་ཙམ་འགོར་རྗེས་འཇར་མན་གྱི་དམག་ལ་ཕམ་ཁ་བྱུང་ནས་ང་ཚོའི་མཛེས་སྡུག་གི་རྨི་ལམ་དེ་སྟོང་བར་གྱུར་ཞིང་། 

ཨུ་རུ་སུ་དང་འཇར་མན་གཉིས་ཀྱི་བར་ལ་གདམས་གསེས་བྱེད་པའི་དགོས་པ་མེད་ཅིང་།  ཁཱ་ཨར་མེ་ཁི་ཚང་མ་སྔོན་ཆད་ལྷ་ཁང་འཛུགས་བསྐྲུན་བྱེད་པར་ནུས་པ་བཏོན་མྱོང་མཁན་རྐྱང་རྐྱང་ཡིན་པས། གལ་ཏེ་རང་ས་རུ་ཁ་མལ་དུ་བསྡད་ན་འཆི་ལམ་གཅིག་པུ་ལས་མེད་སྟབས་ཕམ་སོང་བའི་འཇར་མན་གྱི་དམག་དཔུང་དང་མཉམ་དུ་ཕྱི་ནུར་མི་བྱེད་ག་མེད་བྱུང་། ལོ་དེར་ང་རང་ལོ་ན་ཉི་ཤུ་ལ་བུད་ཡོད་ཅིང་དེའི་རྗེས་ནས་ཕ་ཡུལ་ཡ་ཚི་ཁོའུ་ལ་གཏན་ནས་ཡོང་མ་མྱོང་།

༡༩༤༢ལོའི་དགུན་ཁར་སི་ཏ་ལེན་གི་ལིའི་གཡུལ་འཁྲུག་ཁྲོད་དུ་འཇར་མན་གྱི་དམག་དཔུང་ལ་ཕམ་ཉེས་ཆེན་པོ་བྱུང་རྗེས། ཁཱ་ཨར་མེ་ཁིའི་ཕུ་ནུ་ལྔ་སྟོང་ལྷག་ཨུ་རུ་སུས་གདུག་རྩུབ་ཆེ་བའི་འཁོན་ལན་སློག་པར་འཇིགས་ཏེ་འཇར་མན་གྱི་དམག་དཔུང་དང་མཉམ་དུ་ཕྱི་ནུར་བྱས། ཡིན་ཡང་དེ་དག་ལས་ཕལ་ཆེ་བ་ཞིག་གིས་འཇར་མན་དང་འབྲེལ་བ་འཛུགས་མ་མྱོང་བས་རང་ཉིད་ལ་ནག་ཉེས་མེད་པར་འདོད་དེ་རང་གི་ཕ་ཡུལ་དུ་བསྡད་ཀྱང་། ཡང་བསྐྱར་ཐེངས་གཅིག་ལ“ཤུལ་དུ་ལུས་པའི་”ཁཱ་ཨར་མེ་ཁི་བ་འདི་ཚོ་ཁོ་ཚོའི་ཡབ་མེས་རྣམས་དང་འདྲ་བར་མ་ཉེས་ཁ་གཡོགས་ཀྱི་ཡ་ང་བའི་ལས་དབང་ཞིག་མགོ་ཐོག་ལ་བབས།

༡༩༤༣ལོར་སི་ཏ་ལིན་གྱིས་ཞེ་འཁོན་སློག་པའི་ལས་འགུལ་གྱི་འགོ་བརྩམས་ཏེ། ཁཱ་ཨར་མེ་ཁི་དང་ཏཱ་ཏན་སོགས་རྒྱལ་ཁབ་ཆུང་བ་ལྔ་ལ་ “དགྲ་བོ་ལ་མཉམ་འབྲེལ”དང“ངོ་ལོག་པའི་”ཉེས་མིང་བཏགས་ནས་ཟླ་༡༢པའི་ཚེས་༧ཉིན་ཁཱ་ཨར་མེ་ཁི་སྤྱི་མཐུན་རྒྱལ་ཁབ་ཁ་གཏོར་བ་ཁྱབ་བསྒྲགས་བྱས་ཤིང་མི་དམངས་ཚང་མ་ཞི་པོ་ལི་ཡའི་ངལ་རྩོལ་རུ་ཁག་ཏུ་མཐར་སྤྲོད་བཏང་། དེ་རུ་སོང་བ་ཙམ་གྱིས་ལོ་བཅུ་གསུམ་ཙམ་འགོར་ཞིང་ལོ་ངོ་བཅུ་གསུམ་པོ་དེ་རིང་ལ་སུའུ་ཝེ་ཨེད་རྒྱལ་ཕྲན་མཉམ་འབྲེལ་ཡོངས་ཀྱི་ནང་ནས་རྩད་ཞིབ་དང་འབོད་སྐུལ་གྱི་ལས་འགུལ་སློང་མཁན་གྱི་མི་གཅིག་ཀྱང་མ་བྱུང་།

༡༩༥༦ལོའི་ཟླ༢པར་ཧི་ལི་ཞོ་ཧྥོའུ་ཡི་སྐད་གྲགས་ཆེ་བའི་གཏམ་བཤད་ཀྱི་ཁྲོད་དུ་ཁཱ་ཨར་མེ་ཁི་བ་རྣམས་དང་མི་རིགས་གཞན་པ་དག་གི་གོ་གནས་ཕབ་པ་དང་རྒྱང་འཕུད་བཏང་བ་སོགས། སི་ཏ་ལེན་དུས་སྐབས་ཀྱི་ཡ་ང་བའི་བྱ་སྤྱོད་མང་པོ་ཞིག་ལ་ཐེངས་དང་པོར་སྐྱོན་བརྗོད་བྱས་ཤིང་།  ༡༩༥༦ལོར་ཆབ་སྲིད་སྟེང་གི་ཁེ་ཕན་གྱི་དབང་གིས་ཧི་ལི་ཞོ་ཧྥོའུ་ཡིས་བྱམས་སེམས་ཆེ་ཁུལ་གྱིས་ཁཱ་ཨར་མེ་ཁི་རྣམས་ཐེར་འདོན་བྱས་ཏེ་ཕྱིར་ཕ་ཡུལ་ལོག་པར་ཆོག་མཆན་སྦྱིན་ནའང་།  ཞི་པོ་ལི་ཡཱ་ནས་གསོན་ནས་ཕྱིར་ལོག་མཁན་ཁྲི་དྲུག་ཙམ་ལས་ལྷག་མེད་ཅིང་། ལོ་བཅུ་གསུམ་སྔོན་མཐར་སྤྲོད་གཏོང་དུས་ཀྱི་མི་གྲངས་གྱི་ཕྱེད་ཀ་ཙམ་ཡང་མི་འདུག  དེའི་ཁྲོད་ཀྱི་མི་གཅིག་གིས་ལོ་ཞིག་ལ་ཡོ་རོབ་ནས་ང་ལ་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་གྲངས་ལྔ་བཅུའི་ས་ཁུལ་ཞིག་ཏུ་འཚོ་བ་རོལ་བའི་ལོ་དེ་དག་གི་དཀའ་སྡུག་ཞིབ་བརྗོད་བྱས།“དེ་རུ་ཐོན་མ་ཐག་ཏུ་གྲང་ངར་གྱི་ན་ཟུག་བཟོད་དཀའ་ནའང་མུ་མཐུད་དུ་ལས་ཀ་ལས་དགོས་པ་དང་། དུས་ཡུན་རིང་པོ་ཞིག་འགོར་རྗེས་ལུས་ཧྲིལ་བོ་ལ་ཡོད་འོས་པའི་ལྕི་ཚད་དེ་ཡང་ཉམས་ནས་ཧ་ཅང་ཡང་མོ་ཞིག་ཡིན་པའི་སྣང་བ་སྐྱེས་འོངས།”ཟེར།

ལོ་ངོ་དུ་མའི་རྗེས་སུ་གནོད་འཚེ་མང་པོ་ལས་ཐར་བའི་ཁོང་གི་གདོང་ནས་བག་ཕེབས་པའི་འཛུམ་མདངས་ཤིག་མངོན་བཞིན་རང་ཉིད་ཀྱི་མི་ཚེའི་བྱུང་བ་ཞིབ་བརྗོད་བྱེད་པ་དང་འདྲ་ལ་སྐབས་དེར་དཀའ་སྡུག་ཅི་འདྲ་ཞིག་མྱངས་ཡོད་དམ།  སི་ཏ་ལིན་གྱིས་འཛེམ་བག་མེད་པར་ཁཱ་ཨར་མེ་ཁི་ཁྲི་ཕྲག་མང་པོ་ལ་མནར་གཅོད་བཏང་ཞིང་ཁོ་ནི་མ་གཞི་ནས་གདོན་འདྲེ་ཞིག་རེད་ཅེས་བཤད་ཆོག  དེ་བཞིན་དུ་རང་ཉིད་དཔའ་བོར་རློམ་ཞིང་། འཛམ་གླིང་དམག་འཁྲུག་ཐེངས་གཉིས་པའི་ཁྲོད་དུ་དྲང་བདེན་སྐྱོང་མཁན་དུ་འབོད་པའི་དབྱིན་ཇི་དང་ཨ་མེ་རུ་ཁ་སོགས་ལའང་ཡ་མཚན་རྒྱུ་ཅི་ཞིག་ཡོད།

དམག་འཁྲུག་མཇུག་རྫོགས་མ་ཐག་ཏུ་གནས་བབས་རྙོག་འཛིང་ཆེ་བས། ཁཱ་ཨར་མེ་ཁིའི་དམག་དཔུང་ཕྱོགས་ཁག་གཅིག་གིས་ཀྱང་འདི་ནི་རང་དབང་ལ་རྒྱབ་རྟེན་བཅོལ་བའི་གོ་སྐབས་བཟང་བོ་ཞིག་རེད་བསམ་ནས། ཁོ་ཚོའི་མགོ་ཁྲིད་ཀྱིས་མནའ་མཐུན་དམག་དཔུང་གི་འཐུས་མི་དང་གྲོས་མོལ་བྱས། སྐབས་དེར་མནའ་མཐུན་དམག་དཔུང་གིས་དགའ་སྤྲོས་ངང་བསུ་མ་བྱས་ཤིང་། ཁཱ་ཨར་མེ་ཁི་བ་རྣམས་ཀྱིས་མཚོན་ཆ་མི་འཛིན་པར་ཁག་ཐེག་བྱས་ན་ཁོ་ཚོ་རང་དབང་གི་ཡུལ་གྲུ་ཞིག་ཏུ་གཏོང་བར་ཁས་བླངས་པས། ཁཱ་ཨར་མེ་ཁིའི་དཔའ་རྟུལ་ལྔ་སྟོང་ལྷག་གིས་དེ་ལྟར་ལག་ཏུ་མཚོན་ཆ་ཅི་ཡང་མ་བཟུང་བར་རང་འགུལ་གྱིས་རང་ཉིད་མནའ་མཐུན་དམག་དཔུང་གི་ལག་ཏུ་བཞག་ཅིང་། སྔ་མོ་ནས་བཀོད་སྒྲིག་བྱས་ཟིན་པའི་མེ་འཁོར་དུ་བུད་ནས་དཀའ་སྡུག་གི་རྒྱ་མཚོ་ལས་ཐར་བར་འདོད་དེ་ཚང་མས་དགའ་སྤྲོའི་རྟེན་འབྲེལ་ཞུས། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་མེ་འཁོར་དེ་འབབ་ཚུགས་རྗེས་མའི་སྡིངས་ཆ་རུ་སླེབས་དུས་བསྐྱོད་མཚམས་བཞག་ཅིང་། དེ་རུ་མེ་མདའ་དང་འབར་མདེལ་ཐོགས་པའི་ཨུ་རུ་སུའི་དམག་མིས་བསྐོར་འདུག་ལ། ཁཱ་ཨར་མེ་ཁིའི་དམག་དཔོན་ཚང་མ་མེ་འཁོར་ནས་ཕྱིར་ཕྱུང་སྟེ་ཁ་མལ་ནས་མེ་མདས་བརྒྱབ་ནས་བསད་པ་དང་། ལོ་ན་བཅོ་བརྒྱད་བཅུ་དགུ་ཅན་གྱི་ན་གཞོན་དཔའ་རྟུལ་ལྔ་སྟོང་ལྷག་ཐད་ཀར་རྒྱང་རིང་བའི་མཐའ་འཁོབ་ཀྱི་ཡུལ་ཞི་པོ་ལི་ཡ་རུ་བསྐྱལ། དུས་དེ་ནས་བཟུང་ཁོ་ཚོའི་གནས་ཚུལ་ཅི་ཡང་ཡོད་མ་མྱོང་ལ།  མ་གཞི་དེ་ནི་སུའུ་ལེན་གྱིས་སྔ་མོ་ནས་དབྱིན་ཇི་དང་ཨ་རུ་གཉིས་ལ་གསང་བའི་གྲོས་མོལ་གྱིས་ཐག་བཅད་པ་ཞིག་ཡིན་འདུག་སྟེ།  ཨུ་རུ་སུའི་མངའ་ཁོངས་སུ་གཏོགས་པའི་སོག་པོའི་དམག་དཔུང་ཡོད་ཚད་ཨུ་རུ་སུའི་ལག་ཏུ་སྤྲད་ནས་ཐག་གཅོད་དུ་འཇུག་རྒྱུ་དེ་རེད།

འཆི་ལམ་དུ་བརྫངས་པ་ཤེས་བཞིན་དུ་དབྱིན་ཇི་དང་ཨ་རུ་གཉིས་ཀྱིས་ཀྱང་གྲོས་མོལ་དེ་ཁས་བླངས་ནས་ཁཱ་ཨར་མེ་ཁི་བ་རྣམས་གཡོ་བཙོང་བྱས་སོང་། འཛམ་གླིང་དམག་འཁྲུག་ཐེངས་གཉིས་པའི་རྗེས་ནས་ད་ལྟའི་བར་དུ་དུས་དང་རྣམ་པ་ཀུན་དུ་རང་ཉིད་དྲང་བདེན་སྐྱོང་མཁན་དུ་རློམ་པའི་དབྱིན་ཇི་དང་ཨ་རུ་གཉིས་ཀྱིས་ཀྱང་། དེ་དུས་ཀྱི་སྐྱུག་བྲོ་བའི་ལོ་རྒྱུས་དེ་དྲན་གྱིན་ཡོད་དམ། གང་ལྟར་འཇིག་རྟེན་འདི་ནས་ཅི་ཡང་བྱུང་མེད་ཁུལ་བྱས་ནའང་། ལུས་སེམས་ཡོངས་རྫོགས་རྨ་ཁས་ཁེངས་བའི་ཁཱ་ཨར་མེ་ཁི་རྣམས་ཀྱིས་ནམ་ཡང་བརྗེད་མི་སྲིད།”

ཨ་ཁུ་བསྟན་འཛིན་གྱིས་ལྷ་ཁང་གི་ཕྱི་རོལ་གྱི་ཟས་མགྲོན་ཁང་ནས་འཇར་མན་ནས་སློབ་གཉེར་ལ་འོངས་བའི་ཁཱ་ཨར་མེ་ཁི་འགའ་ལ་མགྲོན་བསུ་བྱས། ན་གཞོན་འདི་ཚོ་གུས་ཞབས་ལྡན་ལ་རྒན་རབས་པ་ལ་ཧ་ཅང་གུས་བཀུར་བྱེད། ཚང་མ་ལོ་ན་ཉི་ཤུ་ཡས་མས་ཅན་ཏག་ཏག་རེད། ཨ་ཁུ་བསྟན་འཛིན་གྱིས་“ཁོ་ཚོ་ནི་ཅི་འདྲའི་བསོད་ནམས་ཆེ་བ་ལ། ན་ཚོད་འདི་འདྲ་ཞིག་གི་སྐབས་ནས་སེམས་ལྷོད་ལ་བབས་ནས་སློབ་གཉེར་བྱས་ཆོག་པས་ཡིད་སྨོན་འཆོར་བ་ཞིག་རེད་”ཟེར།

དེས་ན་ཨ་ཁུ་བསྟན་འཛིན་ལོ་ན་ཉི་ཤུ་ཡིན་པའི་སྐབས་སུ་ཅི་འདྲ་ཞིག་ཡིན་ནམ།  ང་ཚོ་ཁོང་གི་གམ་དུ་ཙོག་ནས་ཡང་བསྐྱར་དམག་འཁྲུག་གི་དུས་སྐབས་སུ་དཀའ་ལས་མྱངས་བའི་ལོ་རྒྱུས་ལ་ཉན་པ་ཡིན། “ཁཱ་ཨར་མེ་ཁི་བ་རྣམས་ཀྱི་རྟ་རྩལ་ཧ་ཅང་བཟང་བས། དམག་འཁྲུག་གི་དུས་འགོར་གལ་ཏེ་ཉེན་བརྡ་བྱུང་ན་མྱུར་དུ་རྟ་ལ་བཞོན་ནས་གནས་ཚུལ་ཡར་ཞུ་བྱས་ཆོག་པས། འཇར་མན་གྱི་དམག་དཔུང་གིས་ཀྱང་ཁཱ་ཨར་མེ་ཁི་རྣམས་ཀྱིས་ལྕགས་ལམ་དང་གཞུང་ལམ་བསྐྲུན་དུས་སོ་ལྟ་བའི་འགན་འཁུར་བར་རེ་བ་ཞུས་ཤིང་། འོན་ཀྱང་ཕྱིར་འཐེན་གྱི་ལམ་ཐག་རིང་མོའི་ཁྲོད་དུ་དགུན་ཁའི་གྲང་ངར་གྱིས་ཡོད་ཚད་བཀག་སྡོམ་བྱས་པས། རྟ་མཆོག་ཅི་འདྲའི་བཟང་བོ་ཞིག་ཡིན་ནའང་དཔའ་རྩལ་འདོན་ཡུལ་གང་ཡང་མི་འདུག  ཆུ་བོ་དང་ས་གཞི་ཐམས་ཅད་དར་གྱིས་གཡོགས་ཤིང་། འཇར་མན་གྱི་དམག་དཔུང་གིས་ང་ཚོ་ལ་འགྲོས་ཚད་ཇེ་མགྱོགས་ལ་ཐོངས་ཞེས་སྐུལ་ནའང་། གོམ་པ་གང་ཙམ་ཡང་ཇེ་མགྱོགས་ལ་གཏོང་མི་ཐུབ།

ཉིན་ཞིག་ལ་དམག་དཔུང་དར་ཆགས་པའི་གཙང་བོ་ལ་བརྒལ་བཞིན་པའི་སྐབས་སུ། ཨུ་རུ་སུའི་མཁའ་དམག་གིས་ང་ཚོ་མཐོང་ནས་མདེའུ་ཆར་ལྟར་འཕངས་ནའང་། ང་ཚོས་སྲོག་དམར་པོ་འབེན་ལ་བཞག་སྟེ་གཙང་བའི་ཕ་རོལ་ཨེ་ཟིན་བལྟས་ནས་མི་འབྲོ་ག་མེད་བྱུང་། ཉིན་དེར་གནམ་གཤིས་ཤིན་དུ་དྭངས་བས་གཙང་བོའི་ཕར་ངོགས་ཀྱི་ནགས་ཚལ་ནང་གི་ཤིང་སྟག་པ་ཡང་ཧ་ཅང་གསལ་བོར་མཐོང་ཐུབ་མོད། འོན་ཀྱང་སྐད་ཅིག་མ་དེའི་ནང་དུ་ཅི་ཡང་མཐོང་མི་ཐུབ་ལ།  ཐོས་འཛིན་དུ་གསལ་བ་ནི་མགོ་ཐོག་གི་མཁའ་དམག་གི་འཕུར་སྒྲ་དང་མདེའུ་ཟིལ་སྒྲ། མི་རྣམས་ཀྱི་སྨྲེ་སྔགས་སོགས་རེད། འཇིགས་སྣང་དང་སྔངས་སྐྲག་ངང་ང་རང་སྟོབས་ཤུགས་གང་ཡོད་བསྐྱེད་ནས་མདུན་དུ་བྲོས་པདང་། དེ་དང་ལྷན་དུ་སྐད་གསེང་མཐོན་པོས་སྙིང་རྗེ་ཆེན་པོའི་གཟུངས་སྔགས་བཟླས། ཡང་ནང་ཡང་དུ་བཟླས། དེ་ནས་གནམ་གྲུ་དང་མེ་མདའི་སྒྲ་འཇགས་པ་ན། ད་གཟོད་ངའི་མིག་དབང་གཞི་ནས་སོས་ཤིང་གཡོན་ཕྱོགས་ཀྱི་ང་དང་མཉམ་དུ་བྲོས་པའི་སོག་པོའི་སྤུན་ཟླ་དེའི་རྐང་པ་གཉིས་ཁྲག་དམར་གྱིས་སྦངས་ནས་རྒྱབ་ཕྱོགས་ཀྱི་དར་ཐོག་ཏུ་ལོག་འདུག་ལ། གཡས་ཕྱོགས་ཀྱི་འཇར་མན་གྱི་དམག་མི་དེ་སྔ་མོ་ནས་ཤི་འདུག

སོག་པོའི་སྤུན་ཟླ་དེ་ལོ་ན་བཅོ་བརྒྱད་ཡས་མས་ཡིན་ཞིང་། ཤི་མ་ཐུབ་པས་ན་ཟུག་མ་བཟོད་པར་ང་ཚོ་ལ་ཁོ་རང་སོད་ཅིག་ཅེས་རེ་བ་བྱེད་ཀྱིན་འདུག ངས་ཁོ་རང་པང་སྟེ་རྟ་ཐོག་ལ་བསྐྱོན་ནས་སོང་མོད། འོན་ཀྱང་གཙང་བོའི་ཕར་ངོགས་སུ་སླེབས་རྗེས་དབུགས་ཀྱི་རྒྱུ་བ་ཆད་ཟིན། དེ་ནས་ངས་རང་གི་ལུས་ཡོངས་ལ་ཞིབ་ལྟ་ཞིག་བྱས་པ་ན། རྨ་ཁ་ཅུང་ཙམ་ཡང་བཟོས་མེད་པས་རང་དབང་མེད་པར་པུས་མོ་ས་ལ་བཙུགས་ཏེ་དཀོན་མཆོག་ལ་བཀའ་དྲིན་ཞུས་ཤིང་། སྐབས་དེར་ཐོན་དུས་ད་གཟོད་སྔངས་སྐྲག་གིས་ལུས་ཡོངས་དབང་མེད་དུ་འདར།

ང་རང་བྱིས་པའི་དུས་སུ་ཨ་ནེ་རྒན་མོ་ཞིག་གིས་གནོད་འཚེ་དང་ཉེན་ཁ་ལ་འཕྲད་པའི་ཚེ་སྙིང་རྗེ་ཆེན་པོའི་གཟུངས་སྔགས་བཏོན་ན་རྐྱེན་ངན་གྲོགས་སུ་འགྱུར་ཐུབ་ཞེས་གདམས་པའི་སྐད་ཆ་དེ་ལ། དུས་དེ་ནས་བཟུང་ང་རང་ལྷག་པར་ཡིད་ཆེས་ཟབ་མོ་སྐྱེས་བྱུང་། ”

འདི་ནི་སྲོག་ཉེན་ལས་ཐར་བའི་མི་ཞིག་གི་སྐད་ཆ་སྟེ་མི་རྣམས་ལ་ཁོ་རང་གི་དད་པའི་སྟོབས་ཤུགས་བདེན་དཔང་བྱས་པ་རེད་ལ། ཨ་ཁུ་བསྟན་འཛིན་ལ་མཚོན་ན། དོན་དངོས་སུའང་གསོན་རྐྱེན་ཉུང་ལ་འཆི་རྐྱེན་མང་བའི་ལོ་རྒྱུས་ཀྱི་དུས་སྐབས་དེ་འདྲའི་ནང་དུ།  གང་ས་གང་ན་ལྷ་ཞིག་གི་གདོང་གྲོགས་དང་དཀོན་མཆོག་གི་གཟིགས་སྐྱོང་ཡོད་པར་ཐེ་ཚོམ་ཡོད་མི་སྲིད་ལ།  ཡིན་ཡང་སྲོག་ཉེན་ལས་ཐར་མ་ཐུབ་པའི་མི་རྣམས་ལ་མཚོན་ན། ཅི་ལྟར་བཤད་དགོས་སམ།

༡༩༤༥ལོར་འཛམ་གླིང་དམག་འཁྲུག་ཐེངས་གཉིས་པ་མཇུག་རྫོགས་རྗེས་འཇར་མན་གྱི་མོ་ནེ་ཧེ་ཡི་ཉེ་འདབས་ཀྱི་ངལ་རྩོལ་བཟོ་བའི་རུ་ཤོག་ཏུ་ཁཱ་ཨར་མེ་ཁུ་བརྒྱད་བརྒྱ་དང་ལྔ་བཅུ་ལྷག་འདུ་འཛོམས་བྱས་པ་དང་། “འདུ་འཛོམས་”ཞེས་བཤད་པ་མ་གཏོགས་དེའི་ཁྲོད་དུ་ཨ་ཁུ་བསྟན་འཛིན་འདུས་པའི་འཇར་མན་གྱི་དམག་དཔུང་དང་མཉམ་དུ་ཕྱིར་འཐེན་བྱས་ནས་འོངས་བའི་ན་གཞོན་རྣམས་དང་། “ཐོབ་ཐང་རྒན་པ་”ཡིན་པའི་ཡུལ་གྱར་བ་གཞན་པ་ཚོ་རེད།  མི་འདི་དག་ང་ཚོས་གོང་ནས་ཀྱང་གླེང་ཡོད་དེ། ལོ་ཉི་ཤུའི་གོང་དུ་ཨུ་རུ་སུའི་གསར་བརྗེ་ཆེན་པོའི་རྗེས་སུ་བྲེལ་འཚུབ་ངང་མཚོ་གྲུ་ལ་ཞུགས་ཏེ་རྒྱ་མཚོ་ནག་པོ་བརྒལ་ནས་གུང་ཏང་གི་དམར་དམག་གི་ར་མདའ་ལས་ཐར་སོང་བའི་ཁཱ་ཨར་མེ་ཁི་བ་རྣམས་རེད་ལ། ༡༩༢༠ལོའི་རྗེས་སུ་འགའ་ཞིག་ཡོ་རོབ་ཤར་མའི་རྒྱལ་ཁབ་ཁག་ཏུ་ཡུལ་གྱར་བྱས་ཤིང་རང་རང་གི་གཞིས་ཁྱིམ་ཆུང་ཆུང་རེའང་བསྐྲུན། བསམ་ཡུལ་ལས་འདས་པ་ཞིག་ལ་སྐབས་དེར་འཇར་མན་གྱི་ཕམ་དམག་དང་འགྲོགས་ནས་ཕྱིར་འཐེན་བྱས་ཤིང་། གཟའ་ཟླ་བུ་ཕྲུག་དང་ཁ་བྲལ་ཏེ་ངལ་རྩོལ་བཟོ་བའི་རུ་ཁག་ཏུ་མི་འགྲོ་ག་མེད་བྱུང་དུས། ཕ་ཡུལ་ནས་བྲོས་བྱོལ་བྱས་ཏེ་འོངས་པའི་ན་གཞོན་ཚོ་དང་ཐུག་ཕྲད་བྱུང་སོང་།

ཡང་བསྐྱར་རིགས་རྒྱུད་གཅིག་པའི་སྤུན་ཟླ་དང་མཇལ་ཞིང་སླར་ཡང་ཕ་ཡུལ་གྱི་སྐད་ལུགས་ཐོས་པ་ནི། ལོ་ཉི་ཤུ་ལྷག་ལ་ཕ་ཡུལ་དང་ཁ་བྲལ་ཟིན་པའི་ཁཱ་ཨར་མེ་ཁི་བ་རྣམས་ལ་མཚོན་ན་དགའ་སྐྱོ་འདྲེས་མའི་མའི་མཉམ་འཛོམས་ཐེངས་གཅིག་བྱས་པ་དང་གཉིས་སུ་མ་མཆིས་མོད། ཡིན་ཡང་ཁཱ་ཨར་མེ་ཁི་ཡུལ་གྱུར་བ་བརྒྱད་བརྒྱ་དང་ལྔ་བཅུ་བོ་དུས་དེ་ནས་བཟུང་སྟེ་རྒྱལ་ཁབ་དང་ཁྱིམ་ཚང་སོགས་རྟེན་ས་དང་ཁེན་ས་ཅི་ཡང་མེད་པའི་ཡུལ་གྱར་བ་ཞིག་ཏུ་གྱུར།

སི་ཏ་ལིན་གྱིས་ཁཱ་ཨར་མེ་ཁི་སྤྱི་མཐུན་རྒྱལ་ཁབ་གཏོར་བ་ཁྱབ་བསྒྲགས་བྱས་རྗེས། སོག་པོའི་སྤུན་ཟླ་ཚང་མ་ཞི་པོ་ལི་ཡ་རུ་རྒྱང་འཕུད་བཏང་བས།  ཁོ་ཚོའི་གནས་ཚུལ་ཅི་ཡང་མི་གོ་ཞིང་ཡོ་རོབ་ཤར་མའི་གནས་ཚུལ་ཡང་བཀག་སྡོམ་བྱས། དེ་ལྟར་ལོ་ཉི་ཤུ་ལྷག་གི་རིང་ལ་གསར་དུ་བཟོས་པའི་ཁྱིམ་གཞི་ཆུང་ཆུང་དེ་སྟོང་བར་གྱུར་ཞིང་། འཇིག་རྟེན་འདི་ཅི་འདྲའི་རྒྱ་ཆེ་ནའང་རྒྱབ་རྟེན་བཅོལ་ནས་འགྲོ་ཆོག་ས་གཅིག་ཀྱང་མི་འདུག  དམག་འཁྲུག་མཇུག་རྫོགས་རྗེས་ངལ་རྩོལ་བཟོ་བའི་རུ་ཁག་ནས་ཕྱིར་འོངས་ནའང་། གནས་སྐབས་སུ་འཇར་མན་དུ་འདུག་དགོས་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཡུལ་འཁྱར་རྩ་འཛུགས་ཚོགས་པས་ཁོ་ཚོ་ལ་འཚོ་རྟེན་བྱེད་ས་ཞིག་འཚོལ་རོགས་བྱས་པ་དང་། ཐེངས་འགའ་ལ་འབྲེལ་གཏུག་བྱས་པ་བརྒྱུད་༡༩༥༡ལོར་གཞི་ནས་རྒྱལ་ཁབ་འགས་དང་ལེན་བྱས། དེ་དག་ལས་ཁཱ་ཨར་མེ་ཁི་ལྔ་བརྒྱ་དང་བདུན་ཅུ་དོན་གཅིག་ལྷག་༡༩༥༡ལོའི་ཟླ་བཅུ་གཉིས་པ་ནས་ལོ་ཕྱི་མའི་ཟླ་གསུམ་པའི་བར་དུ་ཨ་མེ་རུ་ཁ་རུ་གནས་སྤར་ནས་གཞིས་སྡོད་བྱས་ཤིང་།  ལྷག་མའི་མི་ཉིས་བརྒྱ་ལས་འགའ་ཞིག་ཧྥ་རན་སེ་ལ་སོང་པ་དང་། ཡང་འགའ་ཞིག་གིས་མུ་མཐུད་དུ་འཇར་མན་དུ་འདུག་རྒྱུ་ཐག་གིས་བཅད། ”

མི་ལོ་བཞི་བཅུ་ལྷག་དེ་ལྟར་འདས་སོང་། ད་སྐབས་ཨ་ཁུ་བསྟན་འཛིན་གྱིས་བཤད་པ་ལྟར་ན། ཡོ་རོབ་ཀྱི་ཁཱ་ཨར་མེ་ཁི་བ་རྣམས་ལ་ཁོང་ཚོའི་བུ་ཕྲུག་ཚོ་དང་། ༡༩༢༠ལོར་ཕྱིར་འོངས་པའི་ཁཱ་ཨར་མེ་ཁི་བ་རྣམས་ཀྱི་བུ་ཕྲུག་ཚོ་དང་མཉམ་དུ་བསྡོམས་ན། ཕལ་ཆེར་སྟོང་གཅིག་དང་ལྔ་བརྒྱ་ལྷག་ཡོད་ཅིང་། འཇར་མན་ནས་དང་ཧྥ་རན་སེ། པི་ལེ་ཧྲི། དབྱི་ཐ་ལི། སུའེ་ཙིར་སོགས་སུ་སོང་ཞིང་། ཤར་ཁུལ་གྱི་པུར་ཀ་རི་ཡ་དང་ཅེ་ཁེ། ཕོ་ལན། ནན་སི་ལ་ཧྥུ་སོགས་ཚང་མ་ལ་ཁཱ་ཨར་མེ་ཁིའི་རྐང་རྗེས་བཀོད་ཡོད། དེ་དག་ལས་ས་གནས་ལ་ལ་ན་མི་གྲངས་ཧ་ཅང་ཉུང་ཞིང་དུད་ཁྱིམ་གཉིས་གསུམ་ཙམ་ལས་མེད་སའང་ཡོད་ལ། སོག་པོའི་དུད་ཁྱིམ་ཆེས་མང་ས་ནི་འཇར་མན་དང་ཧྥ་རན་སེ་ཡིན་ཟེར།

༡༩༤༥ལོའི་རྗེས་སུ་འཇར་མན་སྲིད་གཞུང་གིས་འཇར་མན་ན་ཡོད་པའི་ཁཱ་ཨར་མེ་ཁི་བ་རྣམས་ལ་ལས་ཀ་འཚོལ་རོགས་དང་སྡོད་ཁང་མཁོ་སྤྲོད་བྱས་པ་སོགས་བདག་སྐྱོང་ལེགས་པོ་བྱས་ཤིང་། ཨ་ཁུ་བསྟན་འཛིན་ལ་ཡང་༡༩༥༢ལོར་སྡོད་ཁང་འདི་བགོས་སྤྲོད་བྱས་པ་དང་༡༩༥༤ལོར་གཉེན་སྒྲིག་བྱས་པ་ནས་ད་བར་དུ་གནས་སྤར་མྱོང་མེད།

ཨ་ཁུ་བསྟན་འཛིན་༡༩༥༣ལོའི་ལོ་མཇུག་ནས་ལོ་ན་སུམ་ཅུ་ལ་སླེབས་ཤིང་། ཕྱིར་ཕ་ཡུལ་དུ་ལོག་པའི་རེ་བ་མེད་པས་སྐབས་དེར་ཕོ་རྐྱང་རེ་འགས་བཟའ་ཟླ་འཚོལ་ཚུལ་ལྟར་ཚགས་པར་དུ་མིང་ཐོ་བཀོད་ནས་གཉེན་སྒྲིག་རེ་བ་ཞུས། ཐེངས་དང་པར་ཕྱིར་འཕྲིན་ལན་སློག་མཁན་གྱི་འཇར་མན་གྱི་བུད་མེད་དེའི་ཁྱོ་ག་ཚེ་ལས་འདས་ཤིང་བུ་མོ་ཆུང་ཆུང་ཞིག་འདུག མོ་ནི་དམག་འཁྲུག་གི་གནོད་འཚེའི་དབང་གིས་ཁྱོ་ག་རྐྱེན་ལམ་དུ་ཤོར་སོང་བའི་འཇར་མན་གྱི་ཡུགས་མོ་ཕལ་ཆེ་བ་དང་མི་འདྲ་ནའང་བུད་མེད་ལས་ངན་ཞིག་རེད། མོའི་མིང་ལ་ཨན་ནཱ་ཟེར།

ཁོ་གཉིས་ཀྱིས་མོ་ནེ་ཧེ་ཡི་མེ་འཁོར་ས་ཚུགས་ནས་ངོ་ཐུག་རྒྱུའི་དུས་ཆད་བཏང་ཞིང་། ཐེངས་དང་པོར་ཕྲད་དུས་དམིགས་གསལ་གྱི་ཁ་བརྡ་མེད་མོད། རྗེས་ནས་ཁོ་མོས་ཀྱང་ཨ་ཁུ་བསྟན་འཛིན་གྱི་ལྷག་བསམ་རྟོགས་སོང་བ་ཡིན་ལས་ཆེ།  རིམ་བཞིན་ཁོང་གཉིས་ཀྱི་འབྲེལ་བ་ཇེ་བཟང་ལ་སོང་སྟེ། ༡༩༥༤ལོའི་ཟླ་༣པའི་ཚེས་༡༥ཉིན་དངོས་སུ་བཟའ་ཟླ་རུ་གྱུར།  གཉེན་སྒྲིག་བྱས་རྗེས་ཁོང་གཉིས་ལ་བུ་ཕྲུག་གསུམ་ཡོད་ཅིང་། ད་ལྟ་བུ་ཕྲུག་བཞི་བོ་སློབ་མཐར་ཕྱིན་ཞིང་ལས་ཀའང་རྙེད་ནས་གཉེན་སྒྲིག་བྱས་ཏེ་ཁྱིམ་ནས་གནས་སྤར་ཟིན་ལ། ཤུལ་དུ་རྒས་འཁོགས་སུ་གྱུར་བའི་འགྲེས་སོང་གཉིས་ལས་མེད། ཨ་ཁུ་བསྟན་འཛིན་གྱིས་“བུ་ཕྲུག་རྣམས་ནར་སོན་ཏེ་ཁྱིམ་ནས་གནས་སྤར་བ་ནི་འཇིག་རྟེན་གྱི་འགྲོ་སྟངས་སྙོན་མེད་ཅིག་ཡིན་མོད། འོན་ཀྱང་སེམས་ཁུར་བྱེད་ཡུལ་ཉག་གཅིག་ཡོད་པ་ནི། ནམ་ཞིག་ང་རང་མེད་སོང་ཚེ་སུ་ཞིག་གིས་ལྷ་ཁང་འདི་བདག་གཉེར་བྱེད་དགོས་”ཞེས་བཤད།

ལྷ་ཁང་ཡོད་སའི་ཁང་པ་དེ་བོགས་གཡར་བྱས་པ་ལས་རྒྱལ་ཁབ་ཀྱིས་བགོས་སྤྲོད་བྱས་པ་མིན་པས་ཐེངས་འགའ་ལ་གནས་སྤོ་བྱས་ཤིང་།  སྲིད་གཞུང་གི་རོགས་དངུལ་ཡོད་པས་འགྲོ་གྲོན་གྱི་ཐད་ནས་དཀའ་ལས་ཆེར་མ་བྱུང་ལ།  ལྷ་ཁང་ནང་གི་སྒྲིག་ཆས་ཚང་མ་འཇར་མན་གྱི་གྲོགས་པོ་ཚོའི་རོགས་སྐྱོར་ཞལ་འདེབས་ལ་བརྟེན་ནས་བསྒྲིགས་པ་ཡིན།  ལྷ་ཁང་ནང་གི་སྔ་ཕྱི་དྲོའི་ཆུ་གཏོར་གད་བདར་གྱི་ལས་ཀ་ཙག་ཙིག་དང་བདག་གཉེར་གྱི་ལས་ཀ་དག་ཨ་ཁུ་བསྟན་འཛིན་གྱི་འབད་བརྩོན་ལ་བརྟེན་དགོས། ཁོང་གི་བུ་ཕྲུག་ཚོས་ཀྱང་རང་གི་དད་པ་བརྩི་སྲུང་བྱེད་ནའང་ཡབ་ཆེན་གྱི་གོམ་སྟབས་ལ་སྙེག་པའི་དེ་འདྲའི་སྤྲོ་སེམས་དང་སེམས་ཤུགས་ཤིག་མེད་དོན་ཅི་ཡིན་ནམ། ལྷ་ཁང་ཆུང་ཆུང་འདི་བླ་མ་མང་པོ་ཞིག་གི་སྣེ་ཁྲིད་དང་ཨ་ཁུ་བསྟན་འཛིན་གྱི་འབད་འབངས་ལ་བརྟེན་ནས་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་རིམ་གྱིས་ཡོ་རོབ་ཏུ་ཡུལ་གྱར་བྱས་པའི་ཁཱ་ཨར་མེ་ཁུ་བ་རྣམས་ཀྱི་དད་པའི་གཞི་རྟེན་དུ་གྱུར་ཡོད།  

ཨ་ཁུ་བསྟན་འཛིན་གྱིས་ལྷ་ཁང་ནང་གི་ཆེས་ཐོག་མའི་དུས་སུ་གཙོ་འགན་བཞེས་མཁན་གྱི་བླ་མ་ཞིག་གི་སྐུ་པར་ང་ལ་བསྟན། ཁོང་ནི་ངས་གོང་དུ་བཤད་པའི་མིང་ལ་ཨ་ཁུ་སྒྲོལ་ལྷ་ཀླུ་སྐྱིད་ཟེར་བའི་བླ་མ་དེ་རེད། ༡༩༤༢ལོར་ཨ་ཁུ་བསྟན་འཛིན་སོགས་ན་གཞོན་རྣམས་ལ་སྣེ་ཁྲིད་ནས་ཡ་ཚི་ཁོའུ་རུ་ལྷ་ཁང་བཞེངས་མཁན་གྱི་བླ་མ་ལྔ་ཡོད་པ་དེའི་ཁྲོད་ཀྱི་གཅིག་རེད།  འཇར་མན་གྱི་དམག་དཔུང་ཕམ་ནས་ཕྱིར་འཐེན་བྱས་དུས། བླ་མ་འདི་ལྔ་བོ་ཡང་ཁཱ་ཨར་མེ་ཁུ་རྣམས་དང་འགྲོགས་ནས་ཕྱིར་འཐེན་བྱས་ཤིང་ལམ་བར་ནས་ན་གཞོན་ཚོ་བདག་སྐྱོང་གནང་ཞིང་བར་ཆད་མི་འབྱུང་བའི་གསོལ་བ་བཏབ། འོན་ཀྱང་ལམ་བར་ནས་བླ་མ་གསུམ་ཨུ་རུ་སུའི་དམག་དཔུང་གིས་འཇུ་བཟུང་བྱས་ཏེ་ཕྱིར་ཁྲིད་ཅིང་འཇར་མན་དུ་བླ་མ་གཉིས་ལས་སླེབས་མ་ཐུབ། དེའི་ཁྲོད་ཀྱི་གཅིག་༡༩༥༡ལོར་ཁཱ་ཨར་མེ་ཁུ་ལྔ་བརྒྱ་ལྷག་དང་མཉམ་དུ་ཨ་མེ་རུ་ཁ་རུ་སོང་ནས་ནེའུ་ཙེ་ཞི་ན་བླ་མའི་དགོན་པ་ཐོག་མ་བཞེངས་བསྐྲུན་བྱས་ཤིང་། ཨ་ཁུ་སྒྲོལ་ལྷ་ཀླུ་སྐྱིད་ཟེར་བའི་བླ་མ་དེ་འཇར་མན་དུ་བསྡད་དོ།། ༡༩༧༣ལོའི་ཟླ་༡༠བའི་ཚེས་༩ཉིན་ཁོང་ཉིད་དགོངས་པ་རྫོགས་ཤིང་། དགུང་ལོ་བདུན་ཅུ་དོན་ལྔ་ལ་བཞུགས། སྐུ་གདུང་མེ་ལ་བཞུས། གདུང་ཐལ་རི་བོ་ཧི་མ་ལ་ཡའི་དྭངས་གཙང་གི་ཆུ་བོ་ཞིག་ཏུ་བཏབ་ནས་རྣམ་ཤེས་ཕ་ཡུལ་དུ་འཕོ་བའི་སྨོན་ལམ་བཏབ།

ཨ་ཁུ་བསྟན་འཛིན་གྱིས་བཤད་རྒྱུར་“ལོ་དེའི་དགུན་ཁར་འཇར་མན་གྱི་དམག་དཔུང་དང་མཉམ་དུ་ཕྱིར་འཐེན་བྱས་པའི་སྐབས་སུ་བླ་མ་ཡང་ང་ཚོ་དང་འདྲ་བར། ཚང་མས་སེམས་སུ་ལོ་བཞི་ལྔ་ཞིག་འགོར་རྗེས་ཕྱིར་ཕ་ཡུལ་དུ་ལོག་ཐུབ་སྙམ་ཡོད་མོད། ཡིན་ཡང་ཕ་ཡུལ་དང་བྲལ་ཐེངས་ཤིག་གིས་ལོ་འདི་འདྲ་མང་པོ་ཞོག་འགོར་འགྲོ་བ་སུ་ཞིག་གིས་ཤེས།  བླ་མའི་དགོངས་པ་རྫོགས་ཤིང་ད་ནི་ང་རང་ཡང་རྒས་སོང་”ཟེར། ཨ་ཁུ་བསྟན་འཛིན་གྱི་ལུས་ཕུང་བདེ་ཐང་གི་གནས་ཚུལ་བཟང་རྒྱུ་མེད་པ་ལས། ན་ཚོད་དེ་འདྲའི་བགྲེས་སོང་ཞིག་མིན་མོད། འོན་ཀྱང་ས་ཐག་རིང་བོར་འགྲོ་མི་འཚམ། ༡༩༨༩ལོར་ཕ་ཡུལ་གྱི་གནས་ཚུལ་འབྱོར་བ་ལྟར་ན་ཁྱིམ་གྱི་གཉེན་ཉེ་རྣམས་ལས་ནུ་མོ་གཉིས་ལས་ལུས་མེད་ཅིང་། ཁོང་ཅག་གི་བུ་རབས་ཚ་རྒྱུད་དག་ཡོད་ནའང་ཁོང་གི་དྲན་འཛིན་དུ་གསལ་བའི་ནང་མི་མང་པོ་ཞིག་ལས་ད་ལྟ་ནུ་མོ་གཉིས་ལས་འཇིག་རྟེན་དུ་ལྷག་མེད་པ་དང་། ཁོ་མོ་གཉིས་ཀྱི་ལུས་ཁམས་ཀྱང་ཧ་ཅང་མི་བཟང་བས་ཁོང་ལ་ཐུག་འཕྲད་དུ་ཡོང་ཐབས་མི་འདུག

“ ཁྱོད་ཀྱིས་ཤེས་སམ། སྔོན་ཆད་རྒྱུན་པར་རྨི་ལམ་དུ་ང་རང་ཕ་ཡུལ་དུ་སླེབས་པ་རྨིས་མྱོང་ལ། འོན་ཀྱང་ཕ་ཡུལ་གྱི་གནས་ཚུལ་དེ་འབྱོར་རྗེས་རྨི་ལམ་དེ་ཡང་ཆད་སོང་”ཟེར།

༡༩༩༣ལོའི་ཟླ་༩པོར་འཛམ་གླིང་གི་སོག་པོའི་ཚོགས་ཆེན་ཐེངས་དང་པོ་སོག་པོ་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་ལན་དཔའ་ཐུལ་དུ་འཚོགས་ཤིང་རྒྱལ་ཁབ་སོ་སོ་ནས་འོངས་བའི་སྐུ་ཚབ་ཉིས་བརྒྱ་ལྷག་ཚོགས་འདུ་ལ་ཞུགས་ཡོད།  ཚོགས་ཐོག་ནས་ང་རང་འཇར་མན་དང་ཧྥ་རན་སི་ནས་འོངས་བའི་ཁཱ་ཨར་མེ་ཁི་མང་པོ་དང་ཕྲད་ཅིང་། ཚང་མ་ངོ་ཤེས་རྙིང་པ་རེད་ལ་སོག་པོའི་རྒྱལ་ས་ནས་མཉམ་འཛོམས་བྱུང་བས་དགའ་སྤྲོ་ཚད་མེད་སྐྱེས།

འོན་ཀྱང་། ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡོད་པ་ནི།“སྐུ་ཞབས་བསྟན་འཛིན་ལགས་ཟླ་བ་བརྒྱད་པའི་ནང་ལ་ཚེ་ལས་འདས་སོང་། སང་ཉིན་ང་ཚོ་དགའ་ལྡན་དགོན་དུ་ཁོང་ལ་དགེ་སྨོན་སྒྲུབ་མཁན་གྱི་བླ་མ་གདན་ཞུ་བྱེད་དུ་འགྲོ་ཡི་ཡིན། ཁྱེད་རང་དེ་རུ་འགྲོའམ་”ཟེར།

ང་རང་དེ་རུ་ངེས་པར་དུ་འགྲོ་དགོས།

བླ་མས་གསུང་ཆོས་ཀྱི་དབྱངས་རྟ་བདག་གི་ཐོས་འཛིན་གྱི་བུ་ག་རུ་བརྒྱུད་ཡོང་དུས།  དྲན་འཛིན་གྱི་མེ་ལོང་དུ་འཆར་འོངས་བ་ནི་མི་ལོ་གཉིས་ཀྱི་ཡར་སྔོན་གྱི་དབྱར་ཁ་ཞིག་སྟེ། རི་ཆུ་སྟོང་ཕྲག་གི་ཕ་རོལ་ན་ཡོད་པའི་མོ་ནེ་ཧེའི་གཞིས་ཁུལ་གྱི་ལྷ་ཁང་ཆུང་ཆུང་དེའི་ནང་ནས་ཨ་ཁུ་བསྟན་འཛིན་གྱིས་ང་ལ་བརྗོད་པའི་སྐད་ཆ་དེ་དག་རེད།

མི་ཚེ་ཟེར་བ་འདི་འདྲ་ཞིག་ཡིན་ནམ།

ཨ་ཁུ་བསྟན་འཛིན་ངེད་གཉིས་ཕན་ཚུན་ངོ་ཤེས་པའི་དུས་ཡུན་རིང་པོ་མིན་ནའང་། ལོ་དེའི་དབྱར་ཁའི་ཉིན་གཉིས་ཀྱི་རིང་གི་འབྲེལ་འདྲེས་ཁྲོད་ནས་ལྷ་ཁང་དེའི་ལོ་རྒྱུས་གླེང་བའི་སྐབས་སུ་ཨ་ཁུ་བསྟན་འཛིན་གྱིས་ཁོ་རང་གི་མི་ཚེའི་ལོ་རྒྱུས་དང་རེ་སྨོན་ཡང་ང་ལ་གླེང་བྱུང་སྟེ། “ཁྱོད་ཀྱིས་ཤེས་སམ། ང་ལ་ཕ་ཡུལ་དུ་ལོག་པའི་ཕུགས་འདུན་ཞིག་ཡོད་པའི་མི་ཚད། དེ་ལས་གཞན་པའི་ཕུགས་འདུན་ཞིག་ཀྱང་ཡོད་པ་ནི། ནམ་ཞིག་གི་ཚེ་ན་དགའ་ལྡན་དགོན་པ་རུ་མཇལ་སྐོར་དུ་འགྲོ་རྒྱུ་དེ་ཡིན་ལ།  དེའི་འཕྲོར་བྱེ་ཐང་གི་འཆར་ཀའི་ཉི་འོད་ལ་བལྟ་དགོས། སོག་པོ་ཚོས་བཤད་ན་བྱེ་ཐང་གི་འཆར་ཀའི་ཉི་འོད་གྱི་མཛེས་སྡུག་ནི་མི་ཡུལ་གྱི་དག་ཞིང་དང་འདྲ་ཟེར།  སྤྱིར་ང་རང་ས་ཆ་འགའ་རེ་ལ་སོང་མྱོང་ཞིང་མཛེས་སྡུག་གི་ཡུལ་ལྗོངས་རེ་འགའ་ཡང་མཐོང་མོད། འོན་ཀྱང་ང་རང་བྱེ་ཐང་དུ་ཐེངས་གཅིག་ལའང་འགྲོ་མ་མྱོང་ལ། ཚེ་འདི་ལ་བྱེ་ཐང་གི་འཆར་ཀའི་ཉི་ཟེར་ལ་བལྟ་བཞིན་དག་ཞིང་དུ་སླེབས་པའི་ཚོར་སྣང་ལ་མྱོང་རོལ་ཞིག་བྱེད་ཐུབ་མིན་མི་ཤེས་ཤིང་། ངས་བསམ་ན་དེ་ནི་ཕལ་ཆེར་རྨི་ལམ་ཙམ་ཡིན་རྒྱུ་རེད།”

དགའ་ལྡན་དགོན་པ་རུ་སྤོས་ངད་ཀྱི་དྲི་བསུང་གིས་ཁྱབ་འདུག་ལ། སྐྱིད་སྡུག་གི་ལོ་རྒྱུས་བཏེགས་པའི་གནའ་བོའི་ཀ་འཕན་དེས་ལོ་ཟླའི་བཞུར་རྒྱུན་གྱི་གནོན་ཤུགས་འོག་ནས་བརྗོད་དཀའ་བའི་དགའ་སྐྱོ་འདྲེས་མའི་རང་མདངས་ཤིག་མངོན་འདུག  འདི་ནི་ཨ་ཁུ་བསྟན་འཛིན་གྱི་རེ་སྨོན་བྱེད་སའི་དད་པའི་གནས་མཆོག་སྟེ།  ཁོང་གིས་གཏན་དུ་མངོན་འགྱུར་བྱེད་ཐབས་བྲལ་བའི་རྨི་ལམ་དུ་ལྷག་སོང་། གནས་འདི་ནས་ངས་ཁ་རོག་གེར་ཨ་ཁུ་བསྟན་འཛིན་གྱིས་བཤད་པའི་གནས་ཚུལ་ཡོད་ཚད་ཅི་བཞིན་དུ་ཡི་གེར་འགོད་རྒྱུའི་དམ་བཅའ་ཞིག་བཞག་ཡོད།

 འདི་ནི་ཁཱ་ཨར་མེ་ཁིའི་སོག་པོ་ཞིག་མི་ཚེའི་གཏམ་རྒྱུད་རེད།